མད་ཐཱ། – Gospel of Matthew

མད་ཐཱ།(1) – Matthew (1)

1 མེས་པོ་ཨབ་ར་ཧམ་གྱི་སྲས་རྒྱལ་པོ་དཱ་བིད་ཀྱི་སྲས་ཡེ་ཤུ་མཱ་ཤི་ཀའི་གདུང་རྒྱུད་ནི།

2 ཨབ་ར་ཧམ་ནི་ཨི་སཱག་ཅེས་བྱ་བའི་ཕ་དང༌། ཨི་སཱག་ནི་ཡ་ཀོབ་ཅེས་བྱ་བའི་ཕ། ཡ་ཀོབ་ནི་ཡུ་དཱ་དང་ཁོའི་ཕུ་ནུའི་ཕ་ཡིན།

3 ཡུ་དཱ་དང་ཁོའི་ཟླ་བོ་ཐཱ་མཱར་ནི་པེ་རེ་ཟི་དང་ཟཱ་རཱ་ཞེས་བྱ་བའི་ཕ་མ་དང༌། པེ་རེ་ཟི་ནི་ཧེ་ཟི་རོན་ཞེས་བྱ་བའི་ཕ། ཧེ་ཟི་རོན་ནི་རམ་ཞེས་བྱ་བའི་ཕ་ཡིན།

4 རམ་ནི་ཨ་མི་ན་དབ་ཅེས་བྱ་བའི་ཕ་དང༌། ཨ་མི་ན་དབ་ནི་ནཱ་སོན་ཞེས་བྱ་བའི་ཕ། ནཱ་སོན་ནི་སལ་མོན་ཞེས་བྱ་བའི་ཕ་ཡིན།

5 སལ་མོན་དང་ཁོའི་ཟླ་བོ་ར་ཧབ་ནི་པོ་ཨ་ཟི་ཞེས་བྱ་བའི་ཕ་མ་ཡིན། པོ་ཨ་ཟི་དང་ཁོའི་ཟླ་བོ་རུད་ནི་ཨོ་པེད་ཀྱི་ཕ་མ་ཡིན་ཞིང༌། ཨོ་པེད་ནི་ཡེ་སེ་ཞེས་བྱ་བའི་ཕ་དང༌།

6 ཡེ་སེ་ནི་རྒྱལ་པོ་དཱ་བིད་ཀྱི་ཕ་ཡིན། དཱ་བིད་དང་ཨུ་རི་ཡཱ་ཡི་ཟླ་བོ་ནི་རྒྱལ་པོ་སོ་ལོ་མོན་གྱི་ཕ་མ་ཡིན་ཞིང༌།

7 སོ་ལོ་མོན་ནི་རེ་ཧབ་ཨམ་ཞེས་བྱ་བའི་ཕ་ཡིན་པ་དང༌། རེ་ཧབ་ཨམ་ནི་ཨ་བི་ཡཱ་ཞེས་བྱ་བའི་ཕ་ཡིན། ཨ་བི་ཡཱ་ནི་ཨ་སཱ་ཞེས་བྱ་བའི་ཕ་དང༌།

8 ཨ་སཱ་ནི་ཡེ་ཧོ་ཤ་ཕད་ཅེས་བྱ་བའི་ཕ། ཡེ་ཧོ་ཤ་ཕད་ནི་ཡོ་རཱམ་ཞེས་བྱ་བའི་ཕ་ཡིན་ཞིང༌། ཡོ་རཱམ་ནི་ཨུ་ཟི་ཡཱ་ཞེས་བྱ་བའི་ཕ་ཡིན།

9 ཨུ་ཟི་ཡཱ་ནི་ཡོ་ཐམ་ཞེས་བྱ་བའི་ཕ་ཡིན་པ་དང༌། ཡོ་ཐམ་ནི་ཨ་ཧ་ཟི་ཞེས་བྱ་བའི་ཕ་ཡིན། ཨ་ཧ་ཟི་ནི་ཧེ་ཟེ་ཀི་ཡཱ་ཞེས་བྱ་བའི་ཕ་ཡིན་པ་དང༌།

10 ཧེ་ཟེ་ཀི་ཡཱ་ནི་མཱ་ན་ཟེ་ཞེས་བྱ་བའི་ཕ་ཡིན། མཱ་ན་ཟེ་ནི་ཨ་མོ་ཟི་ཞེས་བྱ་བའི་ཕ་ཡིན་པ་དང༌། ཨ་མོ་ཟི་ནི་ཡོ་ཟི་ཡཱ་ཞེས་བྱ་བའི་ཕ་ཡིན།

11 ཡ་ཧུ་དཱ་པའི་མི་རིགས་སྦ་བི་ལོན་ཞེས་པའི་ཡུལ་ལ་རྒྱང་འབུད་གཏོང་བའི་སྐབས་སུ་ཡོ་ཟི་ཡཱ་ནི་ཡེ་ཀོ་ནི་ཡཱ་དང་ཁོའི་གཅེན་གཅུང་གི་ཕ་ཡིན།

12 དེའི་རྗེས་སུ་ཡེ་ཀོ་ནི་ཡཱ་ནི་ཤེ་ཨལ་ཐི་ཨེལ་ཞེས་བྱ་བའི་ཕ་ཡིན་ཞིང༌། ཤེ་ཨལ་ཐི་ཨེལ་ནི་བཟེ་རུ་པ་པེལ་ཞེས་བྱ་བའི་ཕ་ཡིན་པ་དང༌།

13 བཟེ་རུ་པ་པེལ་ནི་ཨ་སྦི་ཧུད་ཅེས་བྱ་བའི་ཕ། ཨ་སྦི་ཧུད་ནི་ཨེལ་ཡ་ཀིམ་ཞེས་བྱ་བའི་ཕ་ཡིན། ཨེལ་ཡ་ཀིམ་ནི་ཨ་ཟོར་ཞེས་བྱ་བའི་ཕ་ཡིན་པ་དང༌།

14 ཨ་ཟོར་ནི་ཟཱ་དོག་ཅེས་བྱ་བའི་ཕ་ཡིན། ཟཱ་དོག་ནི་ཨ་ཀིམ་ཞེས་བྱ་བའི་ཕ་ཡིན་པ་དང༌། ཨ་ཀིམ་ནི་ཨེ་ལི་ཧུད་ཅེས་བྱ་བའི་ཕ་ཡིན།

15 ཨེ་ལི་ཧུད་ནི་ཨེ་ལི་ཨ་ཟར་ཞེས་བྱ་བའི་ཕ་ཡིན་ཞིང༌། ཨེ་ལི་ཨ་ཟར་ནི་མཱ་ཐན་ཞེས་བྱ་བའི་ཕ་ཡིན་པ་དང༌། མཱ་ཐན་ནི་ཡ་ཀོབ་ཅེས་བྱ་བའི་ཕ་ཡིན།

16 ཡ་ཀོབ་ནི་མིར་ཡམ་གྱི་ཟླ་བོ་ཡོ་སེབ་ཀྱི་ཕ་ཡིན་ཞིང༌། མིར་ཡམ་ནི་མཱ་ཤི་ཀ་ཞེས་ཟེར་བའི་ཡེ་ཤུའི་ཡུམ་ཡིན་ནོ།

17 དེ་བས་ན་མེས་པོ་ཨབ་ར་ཧམ་ནས་རྒྱལ་པོ་དཱ་བིད་བར་དུ་མི་རབས་བཅུ་བཞི་ཡིན་ཞིང༌། རྒྱལ་པོ་དཱ་བིད་ནས་ཡ་ཧུ་དཱ་པའི་མི་རིགས་སྦ་བི་ལོན་ཡུལ་ལ་རྒྱང་འབུད་བཏང་བའི་བར་དུ་མི་རབས་བཅུ་བཞི་ཡིན། དུས་དེ་ནས་མཱ་ཤི་ཀ་འཁྲུང་བའི་བར་དུ་མི་རབས་བཅུ་བཞི་ཡིན་ནོ།།

སྟོན་པ་ཡེ་ཤུ་མཱ་ཤི་ཀ་འཁྲུངས་པའི་སྐོར།

18 ཡེ་ཤུ་མཱ་ཤི་ཀ་འཁྲུངས་པའི་ལོ་རྒྱུས་འདི་ལྟར་ཡིན་ཏེ། ཁོང་གི་ཡུམ་མིར་ཡམ་དང་ཡོ་སེབ་གཉེན་སྒྲིག་བྱེད་རྒྱུའི་ཐག་བཅད་ཟིན་ཡང༌། ཁོ་གཉིས་མཉམ་དུ་མ་འདུས་པའི་གོང་དུ་མིར་ཡམ་གྱིས་རང་ཉིད་ལ་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་ཡིས་མངལ་དང་ལྡན་པར་གྱུར་བར་ཤེས།

19 རང་གི་ཁྱོ་བོ་ཡོ་སེབ་ནི་མི་དྲང་ལྡན་ཞིག་ཡིན་པས། ཁོང་གིས་མིར་ཡམ་ལ་མིང་གྲགས་ངན་པ་བཟོ་མ་འདོད་པར་ཁ་ཁུ་སིམ་མེས་ལྐོག་ཏུ་ཁ་འབྲལ་བར་ཐག་གཅོད་བྱས།

20 དེ་ལྟར་བསམ་བཞིན་པའི་སྐབས། གཙོ་བོའི་ཕོ་ཉ་ཞིག་གིས་ཁོང་གི་རྨི་ལམ་ནང་མངོན་པར་གྱུར་ཏེ་ “ཀྱེ་དཱ་བིད་ཀྱི་བུ་ཡོ་སེབ། མིར་ཡམ་རང་གི་ཟླ་བོར་ལེན་རྒྱུར་མ་འཇིགས་ཤིག ཁོ་མོའི་ལྷུམས་སུ་བཞུགས་པ་ནི་དམ་པའི་ཐུགས་ཉིད་ལས་ཆགས་པ་ཡིན།

21 ཁོ་མོ་ལ་སྲས་ཤིག་འཁྲུང་ཡོང༌། ཁྱེད་ཀྱིས་དེ་ལ་ཡེ་ཤུ་ཞེས་པའི་མཚན་གསོལ་དགོས། གང་ཡིན་ཟེར་ན། ཁོང་གིས་རང་གི་མི་རྣམས་ཁོ་ཚོའི་སྡིག་ཉེས་ལས་ཐར་བར་མཛད་པར་འགྱུར་” ཞེས་གསུངས།

22 དེ་ཐམས་ཅད་ནི་གཙོ་བོས་ལུང་སྟོན་པ་བརྒྱུད་ནས་གསུངས་པ་དེ་སྒྲུབ་པའི་ཕྱིར་ཡིན།

23 འདི་ལྟར་ཏེ།

ལྟོས་དང་ན་ཆུང་མངལ་བཅས་སྲས་ཤིག་འོང༌།།

མཚན་ཡང་ཨིམ་མ་ནུ་ཨེལ་ཞེས་སུ་གསོལ།།

ཞེས་འཁོད་ཡོད། ཨིམ་མ་ནུ་ཨེལ་ནི་དཀོན་མཆོག་དང་ང་ཚོ་མཉམ་དུ་གནས་ཞེས་པའི་དོན་ཡིན།

24 ཡོ་སེབ་གཉིད་ལས་སད་རྗེས་གཙོ་བོའི་ཕོ་ཉས་གནང་བའི་བཀའ་བཞིན་དུ་མིར་ཡམ་རང་གི་ཟླ་བོར་བླངས་ཀྱང༌།

25 སྲས་མ་འཁྲུངས་པའི་བར་དུ་མིར་ཡམ་དང་མཉམ་དུ་མ་འདུས། སྲས་དེའི་མཚན་ལ་ཡེ་ཤུ་ཞེས་བཏགས་སོ།།

མད་ཐཱ། (2) – Matthew (2)

1 རྒྱལ་པོ་ཧེ་རོ་དཱེའི་དུས་སྐབས་སུ་ཡ་ཧུ་དཱ་ཡུལ་གྱི་གྲོང་ཁྱེར་བེད་ལེ་ཧེམ་དུ་ཡེ་ཤུ་འཁྲུངས་པའི་རྗེས། ཤར་ཕྱོགས་ནས་ཡིན་པའི་སྐར་རྩིས་མཁས་ཅན་འགའ་ཤས་རྒྱལ་ས་ཡེ་རུ་ཤ་ལེམ་དུ་ཡོང་སྟེ་

2 “ཡ་ཧུ་དཱ་པའི་མི་རིགས་ཀྱི་རྒྱལ་པོ་འཁྲུངས་པ་དེ་གང་དུ་བཞུགས། ཁོང་གི་སྐར་མ་ཤར་དུས་ང་ཚོས་མཐོང་སྟེ་ཁོང་ལ་བཀུར་སྟི་ཞུ་བར་འོངས་པ་ཡིན་” ཞེས་སྨྲས།

3 རྒྱལ་པོ་ཧེ་རོ་དཱེ་ཡིས་དེ་ཐོས་ནས་སེམས་འཁྲུགས་པར་གྱུར་བ་དང་ཡེ་རུ་ཤ་ལེམ་གྱི་མི་ཐམས་ཅད་ཀྱང་སེམས་འཁྲུགས་པར་གྱུར།

4 ཁོང་གིས་ཡ་ཧུ་དཱ་པའི་བླ་ཆེན་དང་ཆོས་ཁྲིམས་ལ་མཁས་པའི་མི་ཐམས་ཅད་བསྐོངས་ནས། མཱ་ཤི་ཀ་ནི་གང་དུ་འཁྲུང་བར་འགྱུར་ཞེས་དྲིས་པ་དང༌།

5 ཁོ་ཚོས་ “ཡ་ཧུ་དཱ་ཡུལ་གྱི་བེད་ལེ་ཧེམ་དུ་འཁྲུངས་ཡོང༌། རྒྱུ་མཚན་ནི་ལུང་སྟོན་པས་བཀོད་པ་ལྟར།

6 ཡ་ཧུ་དཱ་ཡི་བེད་ལེ་ཧེམ་མི་རྣམས།།

ཁྱེད་ཚོ་དཔོན་ལས་ཆུང་བ་མ་ཡིན་ཏེ།།

ཁྱེད་ཚོའི་ནང་ནས་དབང་སྒྱུར་མཁན་ཞིག་འོང༌།།

དབང་སྒྱུར་མཁན་དེས་ང་ཡི་མི་རིགས་ཏེ།།

ཡི་སི་ར་ཨེལ་པ་ཡི་རྫི་བོར་འགྱུར།།

ཞེས་འཁོད་ཡོད་” ཅེས་གསུངས།

7 དེ་ནས་རྒྱལ་པོ་ཧེ་རོ་དཱེ་ཡིས་སྐར་རྩིས་མཁས་ཅན་དེ་རྣམས་ལྐོག་ཏུ་བོས་ནས། སྐར་མ་དེ་ཤར་བའི་ནམ་དུས་ཞིབ་ཏུ་དྲིས།

8 ཁོ་ཚོ་བེད་ལེ་ཧེམ་དུ་བཏང་སྟེ་རྒྱལ་པོས་ “ད་ཁྱེད་ཚོ་སོང་ལ་ཕྲུ་གུ་ཆུང་ངུ་དེའི་སྐོར་ཞིབ་ཕྲ་རྩད་གཅོད་གྱིས་ཤིག ང་ཡང་ཁོ་ལ་བཀུར་བསྟི་ཞུ་བར་ཡོང་བའི་ཕྱིར་ཁོ་བརྙེད་ན་ང་ལ་འཕྲིན་གཏོང་” ཞེས་བརྗོད།

9 རྒྱལ་པོའི་བཀའ་ཐོས་ནས་ཁོ་རྣམས་སོང་ཞིང༌། ཤར་སྐབས་སུ་མཐོང་བའི་སྐར་མ་དེ་ཁོ་ཚོའི་སྔོན་དུ་རྒྱུ་སྟེ་ཕྲུ་གུ་ཆུང་ངུ་དེ་བཞུགས་སའི་མཚམས་སུ་བསྡད།

10 ཁོ་ཚོས་སྐར་མ་དེ་མཐོང་བས་དགའ་སྤྲོ་རབ་ཏུ་འཕེལ།

11 ཁང་པའི་ནང་དུ་འཛུལ་ནས་ཕྲུ་གུ་ཆུང་ངུ་དེ་དང་དེའི་ཡུམ་མིར་ཡམ་མཇལ་ཏེ་པུས་མོ་སར་བཙུགས་ནས་བསྙེན་བཀུར་ཞུས་ཤིང༌། རྟེན་སྒམ་ཁ་ཕྱེ་སྟེ་གསེར་དང༌། སྤོས་དཀར། དྲི་ཞིམ་བྱུགས་རྫས་རྣམས་ཀྱི་ལེགས་སྐྱེས་ཁོང་ལ་ཕུལ་ལོ།

12 དེ་རྣམས་རྨི་ལམ་ནང་ནས་རྒྱལ་པོ་ཧེ་རོ་དེའི་དྲུང་དུ་མ་ལོག་པའི་ཉེན་བརྡ་བྱུང་བ་བཞིན་དུ་ལམ་གཞན་ཞིག་བརྒྱུད་ནས་རང་ཡུལ་དུ་ལོག

ཨེ་ཇེབ་ཡུལ་དུ་བྲོས་བྱོལ་དུ་ཕེབས་པ།

13 ཁོ་རྣམས་སོང་བའི་རྗེས་སུ་གཙོ་བོའི་ཕོ་ཉ་ཞིག་ཡོ་སེབ་ཀྱི་རྨི་ལམ་ནང་ལ་མངོན་པར་གྱུར་ནས་ཁོང་ལ་ “རྒྱལ་པོ་ཧེ་རོ་དཱེས་ཕྲུ་གུ་དེ་གསོད་པའི་ཕྱིར་འཚོལ་གྲབས་འདུག་པས། ལོངས་ལ་ཕྲུ་གུ་དེ་དང་ཁོང་གི་མ་འཁྲིད་དེ་ཨེ་ཇེབ་ཡུལ་ལ་འབྲོས་ཏེ། ངས་ཁྱོད་ལ་བཀའ་མ་བཏང་བའི་བར་དུ་ཡུལ་དེར་སྡོད་ཅིག་” ཅེས་གསུངས།

14 དེའི་ཕྱིར་ཡོ་སེབ་ལངས་ནས་མཚན་ལ་ཕྲུ་གུ་དང་ཁོང་གི་ཡུམ་འཁྲིད་དེ་ཨེ་ཇེབ་ཡུལ་དུ་སོང༌།

15 གཙོ་བོས་ལུང་སྟོན་པ་བརྒྱུད་ནས་ཨེ་ཇེབ་ཡུལ་ནས་ངའི་སྲས་བོས་པ་ཡིན་ཞེས་གསུངས་པ་དེ་སྒྲུབ་པའི་ཕྱིར། རྒྱལ་པོ་ཧེ་རོ་དཱེ་མ་ཤི་བའི་བར་དུ་ཁོང་རྣམས་ཡུལ་དེར་གནས།

བྱིས་པ་རྣམས་བསད་པ།

16 དེ་ནས་སྐར་རྩིས་མཁས་ཅན་རྣམས་ཀྱིས་ཁོ་ལ་མགོ་སྐོར་བཏང་བ་ཧེ་རོ་དཱེ་ཡིས་ཤེས་ནས་ཤིན་ཏུ་ཁྲོས། སྐར་རྩིས་པས་ཁོ་ལ་སྨྲས་པའི་ཚེས་གྲངས་ལ་བརྟེན་ནས་དམག་མི་བཏང་ཞིང༌། བེད་ལེ་ཧེམ་དང་མཐའ་སྐོར་གྱི་ས་ཆར་ཡོད་པའི་ལོ་གཉིས་དང་དེ་ལས་ཆུང་བའི་བུ་ཐམས་ཅད་བསད།

17 དེ་ནས་ལུང་སྟོན་པ་ཡེ་རེམ་ཡཱ་ཡིས།

18 ར་མཱའི་གྲོང་དུ་མི་རྣམས་ལ།།

སྒྲ་ཞིག་ཐོས་པ་གང་དེ་ནི།།

བུ་ཕྲུག་ཆེད་དུ་རཱ་ཧེལ་གྱིས།།

སྨྲེ་སྔགས་འདོན་པའི་སྒྲ་ཡིན་ནོ།།

གཞན་གྱི་སེམས་གསོ་དགོས་འདོད་མེད།།

ཁོང་གི་ཕྲུ་གུ་འདས་པས་སོ།།

ཞེས་གསུངས་པ་དེ་བསྒྲུབས།

ཨེ་ཇེབ་ཡུལ་ནས་ཕྱིར་ལོག་ཕེབས་པ།

19 ཧེ་རོ་དཱེ་ཤི་བའི་རྗེས་སུ་ཨེ་ཇེབ་ཡུལ་ལ་ཡོ་སེབ་ཀྱི་རྨི་ལམ་ནང་གཙོ་བོའི་ཕོ་ཉ་ཞིག་མངོན་པར་གྱུར་ནས།

20 “ཕྲུ་གུ་དེ་གསོད་འདོད་མཁན་རྣམས་ཤི་བས། ལོངས་ལ་ཁོང་དང་ཁོང་གི་མ་འཁྲིད་དེ་ཡི་སི་ར་ཨེལ་ཡུལ་ལ་སོང་” ཞེས་གསུངས།

21 དེའི་ཕྱིར་ཡོ་སེབ་ལངས་ནས་ཕྲུ་གུ་དང་ཁོང་གི་ཡུམ་འཁྲིད་དེ་ཡི་སི་ར་ཨེལ་ཡུལ་དུ་སོང༌།

22 འོན་ཀྱང་རྒྱལ་པོ་ཧེ་རོ་དཱེའི་ཤུལ་དུ་ཁོའི་བུ་ཨར་ཀེ་ལཱ་ཡིས་ཡ་ཧུ་དཱ་ཡུལ་དུ་དབང་སྒྱུར་བྱེད་པར་ཐོས་པས། ཡོ་སེབ་དེར་འགྲོ་བར་འཇིགས་ཤིང༌། ཡང་བསྐྱར་རྨི་ལམ་དུ་ཉེན་བརྡ་བྱུང་ནས་ག་ལིལ་ཡུལ་དུ་སོང༌།

23 གྲོང་ཁྱེར་ན་ཙ་རེལ་ཞེས་བྱ་བ་ཞིག་ཏུ་སླེབས་ཏེ་དེར་བཞུགས། དེ་ནི་ལུང་སྟོན་པ་རྣམས་བརྒྱུད་ནས་ཁོང་ལ་ན་ཙ་རེལ་པ་ཞིག་ཞུ་བར་འགྱུར་ཞེས་གསུངས་པ་དེ་སྒྲུབ་པའི་ཕྱིར་རོ།།

མད་ཐཱ། (3) – Matthew (3)

1 དེའི་དུས་སུ་ཁྲུས་གསོལ་མཁན་ཡོ་ཧ་ནན་ཡ་ཧུ་དཱ་ཡུལ་གྱི་དབེན་སྟོང་ལ་ཕེབས་ཏེ་

2 “དཀོན་མཆོག་གི་རྒྱལ་སྲིད་ཉེ་བར་འོངས་པས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་སྒྱུར་ཞིག་” ཅེས་བསྒྲགས།

3 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས།

དབེན་སྟོང་ཡུལ་ནང་གྲགས་པའི་འབོད་སྒྲ་ཡིས།།

གཙོ་བོའི་ཆེད་དུ་ཕེབས་ལམ་གྲ་སྒྲིག་བྱོས།།

ལམ་བུ་དེ་ནི་བདེ་བར་བཟོས་ཤིག་ཨང༌།།

ཞེས་གསུངས་པ་འདི་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སྐོར་ཡིན།

4 ཡོ་ཧ་ནན་གྱིས་རྔ་མོང་གི་སྤུ་ཡི་གོས་གྱོན་པ་དང་རྐེད་པ་ལ་ཀོ་བའི་སྐེ་རགས་བཅིངས་ཤིང༌། ཟས་ལ་འབུ་ཆ་ག་པ་དང་ཤིང་ནགས་ཀྱི་སྦྲང་རྩི་བཟས།

5 ཡེ་རུ་ཤ་ལེམ་གྲོང་ཁྱེར་དང༌། ཡ་ཧུ་དཱ་ཡུལ། ཡོར་དན་གཙང་པོའི་མཐའ་སྐོར་གྱི་ཡུལ་ལ་བཞུགས་མཁན་ཤིན་ཏུ་མང་པོ་ཁོང་གི་དྲུང་དུ་འགྲོ་བཞིན་ཡོད་པས།

6 ཁོ་ཚོས་རང་གི་སྡིག་ཉེས་ཁས་བླངས་ཏེ་ཁོང་གིས་ཁོ་ཚོར་ཡོར་དན་གཙང་པོར་ཁྲུས་གསོལ་གནང༌།

7 ཕཱ་རུ་ཤི་དང་སཱ་ཅུ་སེ་ཞེས་ཟེར་བའི་ཕྱོགས་རིས་ལ་གཏོགས་པའི་མི་མང་པོ་ཁྲུས་གསོལ་ལེན་པའི་ཕྱིར་ཁོང་གི་དྲུང་དུ་འོང་བར་མཐོང་ནས་ཁོང་གིས་ཁོ་ཚོར་ “དུག་སྦྲུལ་གྱི་རིགས་ཁྱོད་ཚོ། སྡིག་པའི་ཉེས་ཆད་ཡིན་ཏེ་མ་འོངས་པའི་ཐུགས་ཁྲོ་ལས་འབྲོས་པ་ཁྱོད་ཚོར་སུས་བསྟན།

8 སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་བའི་འབྲས་བུ་ལེགས་པ་སྐྱེད་ཅིག

9 ཡང་ཨབ་ར་ཧམ་ང་ཚོའི་མེས་པོ་ཡིན་ཞེས་མ་སོམས། ངས་ཁྱོད་ཚོར་ཟེར་རྒྱུར། དཀོན་མཆོག་གིས་རྡོ་འདི་ཚོ་ལས་ཀྱང་ཨབ་ར་ཧམ་ལ་བུ་རྒྱུད་འབྱུང་བར་མཛད་ཐུབ་པའི་ཕྱིར་རོ།

10 ད་ལྟ་སྟ་རེ་ཞིག་ཤིང་སྡོང་གི་རྩ་ལ་བཞག་ཡོད་པས་འབྲས་བུ་བཟང་པོ་མི་སྐྱེས་པའི་ཤིང་སྡོང་རེ་རེ་བཞིན་བཅད་ནས་མེ་ལ་གཡུག་པར་འགྱུར།

11 ཁྱོད་ཀྱིས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་བའི་ཕྱིར་ངས་ནི་ཆུ་ཡིས་ཁྲུས་གསོལ་བྱེད། འོན་ཀྱང་ངའི་རྗེས་ལ་ང་ལས་དབང་ཆེ་བ་ཞིག་ཕེབས་ཡོང་བར་ངེས་ཏེ། ངས་ཁོང་གི་ཞབས་ལྷམ་ཡང་འཁྱེར་བར་མི་འོས། ཁོང་གིས་ཁྱོད་ཚོར་དཀོན་མཆོག་གི་དམ་པའི་ཐུགས་ཉིད་དང་མེ་ཡི་ཐོག་ནས་ཁྲུས་གསོལ་གནང་བར་འགྱུར།

12 ཁོང་གི་གཡུལ་ཁ་ལེགས་པོར་གཙང་མ་བཟོ་བའི་ཆེད་དང༌། མཛོད་ཁང་ལ་གྲོ་སྡུད་པའི་ཕྱིར་སྦར་མོ་ཕྱག་ལ་ཡོད། འོན་ཀྱང་རྩྭ་རྣམས་ཁོང་གིས་གསོད་མི་སྲིད་པའི་མེ་ཡིས་སྲེག་པར་བྱ་” ཞེས་གསུངས།

སྟོན་པ་ཡེ་ཤུས་ཁྲུས་གསོལ་བཞེས་པ།

13 དེ་ནས་ཡེ་ཤུ་ཁྲུས་གསོལ་འཐོབ་བའི་ཕྱིར་ག་ལིལ་ཡུལ་ནས་ཡོར་དན་གཙང་པོའི་འགྲམ་ལ་ཡོ་ཧ་ནན་གྱི་དྲུང་དུ་ཕེབས།

14 ཡོ་ཧ་ནན་གྱིས་ཁོང་འགོག་པར་འདོད་དེ་ “ང་ལ་ཁྱེད་ཀྱིས་ཁྲུས་གསོལ་གནང་བའི་དགོས་པ་ཡོད་ཀྱི། ཁྱེད་ངའི་རྩར་ཕེབས་སམ་” ཞེས་གསུངས་པས།

15 ཡེ་ཤུས་ཁོང་ལ་ “འདི་ལྟར་ངེད་རྣམས་ཀྱིས་དཀོན་མཆོག་གི་བཀའ་ཐམས་ཅད་སྒྲུབ་དགོས་པས་ད་ལྟ་འདི་ལྟར་བྱེད་དུ་ཆུག་” ཅེས་གསུངས་པ་ན། ཡོ་ཧ་ནན་གྱིས་དེ་ལྟར་བྱས།

16 ཡེ་ཤུས་ཁྲུས་གསོལ་བཞེས་ཏེ་ཆུ་ནས་ཡར་བཞེངས་མ་ཐག ནམ་མཁའ་ཕྱེ་སྟེ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཕུག་རོན་ལྟར་རང་གི་སྟེང་ལ་བབས་པ་གཟིགས།

17 ཡང་དཀོན་མཆོག་གི་ཞིང་ཁམས་ནས་ “འདི་ནི་ངའི་གཅེས་པའི་སྲས་ཡིན་ཞིང་ང་རང་ཁོང་ལ་ཤིན་ཏུ་དགའོ་” ཞེས་པའི་གསུང་སྐད་ཅིག་བྱུང་ངོ༌།།

མད་ཐཱ། (4) – Matthew (4)

1 དེ་ནས་བདུད་སཱ་ཏན་གྱིས་ཁོང་ལ་ཉམས་ཚོད་ལེན་པའི་ཕྱིར་དམ་པའི་ཐུགས་ཉིད་ཀྱིས་ཡེ་ཤུ་དབེན་སྟོང་ལ་ཁྲིད།

2 ཉིན་མཚན་བཞི་བཅུའི་རིང་ཁོང་གིས་ཞལ་ཟས་ཅི་ཡང་མ་བཞེས་པས་བཀྲེས་པར་གྱུར།

3 ཉམས་ཚོད་ལེན་མཁན་ཁོང་གི་དྲུང་དུ་ཡོང་ནས་ཁོང་ལ་ “ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན་རྡོ་འདི་བག་ལེབ་ཏུ་འགྱུར་བའི་བཀའ་གཏོང་ཞིག་” ཅེས་སྨྲས་པ་ན།

4 ལན་དུ་ཁོང་གིས་ “གསུང་རབ་ནང་མི་ནི་བག་ལེབ་ཁོ་ནས་མ་ཡིན་ཏེ་དཀོན་མཆོག་གི་ཞལ་ནས་འབྱུང་བའི་བཀའ་རེ་རེར་བརྟེན་ནས་འཚོ་བར་འགྱུར་ཞེས་བྲིས་འདུག་” ཅེས་གསུངས།

5 དེ་ནས་བདུད་ཀྱིས་གནས་མཆོག་ཡེ་རུ་ཤ་ལེམ་དུ་ཁྲིད་དེ་མཆོད་ཁང་ཆེན་མོའི་རྩེ་མོར་ལང་དུ་བཅུག་ནས་ཁོང་ལ་

6 “གལ་ཏེ་ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན་མར་མཆོངས་ཤིག གང་ལགས་ཟེར་ན། གསུང་རབ་ཀྱི་མདོ་ལས།

ཁོང་གིས་ཁྱེད་ཕྱིར་ཕོ་ཉ་རྣམས་ལ་ནི།།

ཁྱེད་ཉིད་སྐྱོབ་པའི་བཀའ་ཡང་གནང་བར་འགྱུར།།

རྡོ་ལ་ཁྱེད་ཀྱི་ཞབས་ནི་མི་ཕོག་ཕྱིར།།

དེ་ཚོའི་ལག་པས་ཁྱེད་ནི་འདེགས་པར་འགྱུར།།”

ཅེས་བྲིས་འདུག

7 ལན་དུ་ཡེ་ཤུས་ “གཙོ་བོ་ཁྱེད་ཀྱི་དཀོན་མཆོག་ལ་ཉམས་ཚོད་མ་བྱོས་ཤིག་ཅེས་བྲིས་འདུག་” ཅེས་གསུངས།

8 དེ་ནས་བདུད་ཀྱིས་ཁོང་རི་ཤིན་ཏུ་མཐོ་པོ་ཞིག་ལ་ཡར་ཁྲིད་ནས་འཇིག་རྟེན་གྱི་རྒྱལ་ཁམས་ཚང་མ་དང་དེའི་དཔལ་བསྟན་ནས་ཁོང་ལ་

9 “ང་ལ་ཕྱག་འཚལ་ན་འདི་ཚོ་ཐམས་ཅད་ཁྱེད་ལ་འབུལ་བར་བྱའོ་” ཞེས་ཟེར།

10 ཡེ་ཤུས་ཁོ་ལ་ “སཱ་ཏན། ཕར་རྒྱུགས་ཤིག གསུང་རབ་ནང་ཁྱེད་ཀྱིས་རང་གི་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་དང་ཁོང་ཁོ་ནར་ཞབས་ཕྱི་བྱེད་དགོས་ཞེས་བྲིས་འདུག་” ཅེས་གསུངས།

11 དེ་ནས་བདུད་དེ་ཁོང་དང་བྲལ་ནས་དཀོན་མཆོག་གི་ཕོ་ཉ་རྣམས་ཡོང་ཞིང་ཁོང་ལ་ཞབས་ཕྱི་ཞུས།

སྟོན་པ་ཡེ་ཤུས་ཆོས་བསྟན་འགོ་ཚུགས་པ།

12 ཡེ་ཤུས་ཁྲུས་གསོལ་མཁན་ཡོ་ཧ་ནན་འཛིན་བཟུང་བྱས་པའི་གཏམ་གསན་ནས་ག་ལིལ་ཡུལ་དུ་ཕེབས་པ་དང༌།

13 ན་ཙ་རེལ་གྲོང་སྡེ་དང་བྲལ་ནས་ཟ་བུ་ལུན་དང་ནབ་ཐ་ལིའི་ཡུལ་གྱི་མཚོ་འགྲམ་དུ་ཡོད་པའི་ཀ་ཕར་ན་ཧུམ་གྲོང་ཁྱེར་དུ་གཞིས་ཆགས།

14 དེ་ལྟར་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས།

15 ཟ་བུ་ལུན་དང་ནབ་ཐ་ལི་ཡུལ་གཉིས།།

མཚོ་འགྲམ་དང་ནི་ཡོར་དན་ཕ་རོལ་ན།།

ཕྱི་པ་གནས་པའི་ག་ལིལ་ཡུལ་དེ་ལ།།

16 མུན་པའི་ཁྲོད་དུ་གོམ་བགྲོད་བྱེད་བཞིན་པའི།།

མི་རྣམས་ཀྱིས་ནི་འོད་ཆེན་ཞིག་མཐོང་ཞིང༌།།

སྨག་རུམ་མུན་པའི་ཁྲོད་དུ་གནས་པ་ཡི།།

མི་རྣམས་ལ་ནི་འོད་ཟེར་འཕྲོས་པར་གྱུར།།

ཞེས་གསུངས་པ་སྒྲུབ་པའི་ཕྱིར་རོ།

17 དེ་ནས་བཟུང་ཡེ་ཤུས་ཆོས་བསྟན་འགོ་ཚུགས་གནང་སྟེ་ “དཀོན་མཆོག་གི་རྒྱལ་སྲིད་འཐོན་ལ་ཉེ་བར་སླེབས་པས། ཁྱེད་ཚོས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་དགོས་” ཞེས་གསུངས།

ཉེ་གནས་ཐོག་མ།

18 དེ་ནས་ཡེ་ཤུ་ག་ལིལ་ཡུལ་གྱི་མཚོ་འགྲམ་བརྒྱུད་ནས་ཕེབས་དུས། སི་མོན་ཞེས་ཟེར་བའི་པེ་ཏྲོ་དང་ཁོང་གི་གཅུང་པོ་ཨན་དྲི་ཡཱ་ཞེས་བྱ་བའི་ཉ་པ་གཉིས་ཀྱིས་མཚོ་ནང་དུ་དྲ་རྒྱ་འཕེན་བཞིན་པ་གཟིགས་ཤིང༌།

19 ཁོང་གིས་ཁོ་ཚོ་ལ་ “ངའི་རྗེས་སུ་ཤོག ཁྱེད་ཀྱིས་ད་ལྟ་ཉ་འཚོལ་བ་ལྟར་རྗེས་མ་ངས་ཁྱེད་ཚོ་མི་རྣམས་འཚོལ་དུ་འཇུག་” ཅེས་གསུངས་མ་ཐག

20 ཁོ་གཉིས་ཀྱིས་རང་གི་དྲ་རྒྱ་སྤངས་ནས་ཁོང་གི་རྗེས་སུ་འབྲངས།

21 ཡེ་ཤུ་ཕར་ཙམ་ཕེབས་སྐབས། ཡ་ཀོབ་དང་ཡོ་ཧ་ནན་ཞེས་ཟེར་བའི་སྤུན་གཞན་གཉིས་ཁོ་ཚོའི་ཕ་ཟེ་བད་ཡཱ་དང་མཉམ་དུ་གྲུའི་ནང་ལ་དྲ་རྒྱ་བཟོ་བཅོས་རྒྱག་བཞིན་པ་གཟིགས་ནས། དེ་གཉིས་བོས་པ་དང༌།

22 དེ་མ་ཐག་ཏུ་ཁོ་གཉིས་གྲུ་དང་ཕ་བཞག་ནས་ཁོང་གི་རྗེས་སུ་འབྲངས།

སྟོན་པ་ཡེ་ཤུས་ནད་རིགས་མི་འདྲ་བ་སེལ་བར་མཛད་པ།

23 ག་ལིལ་ཡུལ་ཡོངས་བརྒྱུད་ནས་ཕེབས་ཏེ་ཡེ་ཤུས་ཡ་ཧུ་དཱ་པའི་འདུ་ཁང་ནང་དུ་ཆོས་གསུངས་ཏེ། དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་བསྒྲགས་པ་དང༌། མི་རྣམས་ཀྱི་ནད་རིགས་ཀུན་སེལ་བར་མཛད།

24 ཁོང་གི་སྙན་གྲགས་སི་རི་ཡཱ་ཡུལ་ཀུན་ཏུ་ཁྱབ། མི་རྣམས་ཀྱིས་ནད་དང་ན་ཟུག་སྣ་ཚོགས་ཀྱིས་བཏབ་པ་ཐམས་ཅད་དང༌། གདོན་འདྲེས་བཟུང་བའི་མི་དང༌། གཟའ་ཕོག་པ། གོམ་པ་སྤོ་མི་ཐུབ་པ་ལ་སོགས་པའི་མི་རྣམས་ཁོང་གི་མདུན་དུ་ཁྲིད་པ་དང་ཁོང་གིས་དེ་ཚོ་སེལ་བར་མཛད།

25 ག་ལིལ་ཡུལ་དང༌། དེ་ཁ་པོ་ལེ་ཞེས་བྱ་བའི་ཡུལ། རྒྱལ་ས་ཡེ་རུ་ཤ་ལེམ་དང༌། ཡ་ཧུ་དཱ་ཡུལ། ཡོར་དན་གཙང་པོའི་ཕ་རོལ་ནས་འོངས་པའི་མི་ཚོགས་མང་པོ་ཞིག་ཁོང་གི་རྗེས་སུ་འབྲངས་སོ།།

མད་ཐཱ། (5) – Matthew (5)

1 མི་ཚོགས་གཟིགས་ནས་ཡེ་ཤུ་རི་ཞིག་གི་སྟེང་ལ་ཡར་ཕེབས་ཏེ། དེར་བཞུགས་པ་དང་ཁོང་གི་ཉེ་གནས་རྣམས་སྐུ་མདུན་དུ་ཡོང༌།

2 ཡང་ཁོང་གིས་ཁོ་རྣམས་ལ་ཆོས་བསྟན་ཏེ་གསུངས་པ།

3 “སེམས་རྒྱུད་དབུལ་རྣམས་བདེ་བ་དང་ལྡན་ཏེ།།

དཀོན་མཆོག་རྒྱལ་སྲིད་ཁོང་ཚོའི་ཡིན་པས་སོ།།

4 མྱ་ངན་ཅན་རྣམས་བདེ་བ་དང་ལྡན་ཏེ།།

ཁོ་ཚོར་སེམས་གསོ་འཐོབ་ངེས་ཡིན་པས་སོ།།

5 སྙེམས་ཆུང་བ་རྣམས་བདེ་བ་དང་ལྡན་ཏེ།།

ཁོ་ཚོ་ས་གཞིའི་བདག་པོར་འགྱུར་བས་སོ།།

6 བཀྲེས་སྐོམ་ཅན་གྱི་དྲང་བདེན་མི་དེ་རྣམས།།

བདེ་བ་ཡིན་ཏེ་བློ་ཡིད་ཚིམ་པས་སོ།།

7 སྙིང་རྗེ་ཅན་གྱི་མི་རྣམས་བདེ་བ་སྟེ།།

ཁོ་ཚོར་སྙིང་རྗེ་ངེས་པར་འཐོབ་པས་སོ།།

8 ལྷད་མེད་སེམས་བཟང་ཅན་དག་བདེ་བ་སྟེ།།

ཁོ་ཚོས་དཀོན་མཆོག་མཇལ་བར་འགྱུར་བས་སོ།།

9 འདུམ་སྒྲིག་མཁན་རྣམས་བདེ་བ་དང་ལྡན་ཏེ།།

ཁོ་ཚོར་དཀོན་མཆོག་སྲས་ཞེས་འབོད་པས་སོ།།

10 དྲང་བདེན་ཉིད་ཕྱིར་འཚེ་བ་ཕོག་པ་རྣམས།།

དཀོན་མཆོག་རྒྱལ་སྲིད་ཁོ་ཚོའི་ཡིན་པས་བདེའོ།།

11 ངའི་དོན་དུ་མི་རྣམས་ཀྱིས་ཁྱེད་ཚོར་དམའ་བེབས་གཏོང་ཞིང༌། གནོད་སྐྱེལ་བ་དང༌། རྫུན་ཤོད་དེ་ཚིག་ངན་སྣ་ཚོགས་སྨྲ་བའི་སྐབས་སུ་ཁྱེད་རྣམས་བདེ་བ་ཡིན།

12 དཀོན་མཆོག་གི་ཞིང་ཁམས་སུ་ཁྱེད་ལ་བྱ་དགའ་ཆེན་པོ་ཡོད་པས་དགའ་བ་སྐྱེད་པར་གྱུར་ཅིག གང་ཡིན་ཟེར་ན། ཁྱེད་ཚོའི་སྔོན་ལ་ཡོད་པའི་ལུང་སྟོན་པ་ལའང་དེ་ལྟར་གནོད་བསྐྱལ་བ་ཡིན།”

ཚྭ་དང་འོད་ཀྱི་དཔེ།

13 “ཁྱེད་རྣམས་འཇིག་རྟེན་གྱི་ཚྭ་ཡིན། འོན་ཀྱང་ཚྭའི་བྲོ་བ་ཡལ་ན། དེའི་བྲོ་བ་སླར་གང་གིས་གསོ་བར་བྱེད་དམ། དེ་ཕན་མེད་དུ་གྱུར་བས་ཕྱི་ལ་གཡུགས་ནས་མིའི་རྐང་པས་རྫི་བར་འགྱུར།

14 ཁྱེད་ཚོ་ནི་འཇིག་རྟེན་གྱི་འོད་ཡིན། རི་ལ་ཆགས་པའི་གྲོང་ཁྱེར་བཀབ་མི་སྲིད།

15 མི་སུས་ཀྱང་སྒྲོན་མེ་ཞིག་སྤར་ནས་བྲེའི་འོག་ཏུ་མི་འཇོག སྟེགས་བུའི་སྟེང་དུ་བཞག་ནས་ཁང་པའི་ནང་གི་མི་ཐམས་ཅད་ལ་འོད་སྤྲོ།

16 དེ་ལྟར་ཁྱེད་ཚོའི་འོད་ཀྱང་མི་རྣམས་ཀྱི་མདུན་དུ་འོད་སྤྲོ་བར་འཇུག་དགོས། དེ་ནས་ཁྱེད་ཚོས་བྱེད་པའི་བྱ་བ་བཟང་པོ་ཁོ་ཚོས་མཐོང་ནས་ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་ལ་བསྟོད་བསྔགས་བྱེད་པར་འགྱུར།”

ལུང་སྟོན་པ་རྣམས་དང་ཆོས་ཁྲིམས་ཀྱི་སྐོར།

17 “ང་ཡོང་བ་ནི་ཆོས་ཁྲིམས་སམ་ལུང་སྟོན་པའི་བསྟན་པ་མེད་པར་བྱེད་པར་མ་སོམས་ཤིག ང་མེད་པར་བྱེད་དུ་མིན་ཏེ་དེ་ཚོ་སྒྲུབ་པའི་ཆེད་དུ་ཡོང་བ་ཡིན།

18 ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། གནམ་ས་གཉིས་མ་འདའ་བའི་བར་དུ་ཆོས་ཁྲིམས་ཀྱི་ཚེག་གམ་ཡིག་འབྲུ་གཅིག་ཀྱང་མེད་པར་མི་འགྱུར་གྱི། ཐམས་ཅད་འགྲུབ་པར་འགྱུར་ངེས་ཡིན།

19 དེའི་ཕྱིར་མི་སུ་འདྲ་ཞིག་གིས་བཀའ་ཁྲིམས་འདི་རྣམས་ལས་ཆུང་ཤོས་ཤིག་དང༌། ཡང་འགལ་ནས་མི་གཞན་རྣམས་ལའང་དེ་ལྟར་བྱེད་པར་སློབ་མཁན་ནི་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་ཆུང་ཤོས་ཟེར་བར་འགྱུར། འོན་ཀྱང་བཀའ་ཁྲིམས་དེ་ཚོ་སྲུང་ཞིང་སློབ་མཁན་ནི་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་ཆེན་པོ་ཟེར་བར་འགྱུར།

20 ངས་ཁྱེད་ཚོ་ལ་ཟེར་རྒྱུར། གལ་ཏེ་ཁྱེད་ཚོས་ཆོས་ཁྲིམས་ལ་མཁས་པའི་མི་དང༌། ཕཱ་རུ་ཤི་པ་རྣམས་ལས་དཀོན་མཆོག་གི་བཀའ་ཁྲིམས་ལེགས་པར་མ་མཉན་ན། ཁྱེད་ཚོ་དཀོན་མཆོག་གི་རྒྱལ་སྲིད་དུ་འཛུལ་བར་མི་སྲིད།

21 གནའ་བོའི་དུས་ཀྱི་མི་རྣམས་ལ་མིའི་སྲོག་མ་གཅོད་ཅིག་ཅེས་དང༌། མིའི་སྲོག་གཅོད་མཁན་ལ་ཁྲིམས་གཅོད་འཕོག་ཉེན་ཡོད་ཅེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

22 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། མི་སུས་ཀྱང་རང་གི་སྤུན་ཟླ་ལ་ཁྲོ་མཁན་དེ་རྣམས་ལ་ཡང་ཁྲིམས་གཅོད་འཕོག་ཉེན་ཡོད་ཅིང༌། རང་གི་སྤུན་ཟླ་ལ་ཁ་ངན་ཤོད་མཁན་ལ་རྒྱལ་ཚོགས་ཀྱི་མདུན་དུ་ཁྲིམས་གཅོད་འཕོག་ཉེན་ཡོད། གཞན་ལ་བླུན་པོ་ཁྱོད་ཅེས་ཟེར་མཁན་རྣམས་ལ་མེ་དང་ལྡན་པའི་དམྱལ་ཁམས་ལ་འགྲོ་ཉེན་ཡོད།

23 དེའི་ཕྱིར་མཆོད་ཁྲིའི་མདུན་དུ་མཆོད་པ་ཞིག་ཕུལ་བའི་སྐབས་སུ་དེར་ཁྱེད་ཀྱི་སྤུན་ཟླ་ཁྱེད་དང་མ་མཐུན་པ་ཞིག་ཡོད་པར་དྲན་ན།

24 ཁྱེད་ཀྱི་མཆོད་པ་དེ་མཆོད་ཁྲིའི་མདུན་དུ་བཞག་ནས་སོང་ལ། སྔོན་དུ་ཁྱེད་ཀྱི་སྤུན་ཟླ་དང་སྡུམ་པར་གྱུར་ཅིག དེ་ནས་ཤོག་ལ་ཁྱེད་ཀྱི་མཆོད་པ་ཕུལ།

25 ཁྱེད་དང་ཁྱེད་ཀྱི་ཁ་གཏད་གཉིས་ཁྲིམས་རར་འགྲོ་དུས་ལམ་བར་དུ་ཁོ་དང་མགྱོགས་པོར་མཐུན་འགྲིག་བྱོས་ཤིག དེ་མིན་ན་ཁ་གཏད་དེས་ཁྱོད་ཁྲིམས་དཔོན་ལ་གཏོད་པ་དང༌། ཁྲིམས་དཔོན་གྱིས་བཙོན་སྲུང་པར་གཏད་ནས་ཁྱེད་བཙོན་ཁང་དུ་འཇུག་ཉེན་ཡོད།

26 དེ་ལྟར་ན་ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། མཐའ་མའི་སྒོར་མོ་གཅིག་དེ་ཡང་འཇལ་མ་ཚར་བའི་བར་དུ་ཁྱོད་དེ་ལས་ཐར་མི་སྲིད།”

ལོག་གཡེམ་དང་བཟའ་ཚང་ཁ་བྲལ་བའི་སྐོར།

27 “ལོག་གཡེམ་མ་བྱོས་ཤིག་ཅེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

28 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། སུས་ཀྱང་འདོད་ཆགས་ཀྱི་སེམས་ཀྱིས་བུད་མེད་ཅིག་ལ་བལྟས་ན་ཡང་རང་གི་སེམས་ལ་ཁོ་མོ་མཉམ་དུ་ལོག་གཡེམ་བྱས་ཟིན་ནོ།

29 གལ་ཏེ་ཁྱེད་ཀྱི་མིག་གཡས་པས་ཁྱེད་སླུ་བར་བྱས་ན། མིག་དེ་བཏོན་ནས་དབྱུག་ཅིག ལུས་ཧྲིལ་པོ་དམྱལ་ཁམས་སུ་གཡུག་པ་ལས་ཁྱེད་ཀྱི་ལུས་ཀྱི་ཡན་ལག་གཅིག་བརླག་པ་དེ་ལེགས།

30 ཡང་གལ་ཏེ་ཁྱེད་ཀྱི་ལག་གཡས་པ་ཡིས་ཁྱེད་སླུ་བར་བྱས་ན། ལག་པ་དེ་བཅད་ནས་དབྱུག་ཅིག ལུས་ཧྲིལ་པོ་དམྱལ་ཁམས་སུ་འགྲོ་བ་ལས་ཁྱེད་ཀྱི་ལུས་ཀྱི་ཡན་ལག་གཅིག་བརླག་པ་དེ་ལེགས།

31 རང་གི་བཟའ་ཟླ་བཞག་པ་དེས་ཁོ་མོ་ལ་བཟའ་ཚང་ཁ་བྲལ་བའི་ཡི་གེ་སྤྲོད་དགོས་ཞེས་གསུངས་ཡོད།

32 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། ལོག་གཡེམ་གྱི་རྒྱུ་ཡིས་མ་གཏོགས་པར། རང་གི་བཟའ་ཟླ་བཞག་པ་དེས་ཁོ་མོ་ལ་ལོག་གཡེམ་བྱེད་དུ་འཇུག བཟའ་ཚང་ཁ་བྲལ་མྱོང་བའི་བུད་མེད་གཅིག་བཟའ་ཟླར་ལེན་མཁན་དེས་ལོག་གཡེམ་བྱེད།”

མནའ་སྐྱེལ་བའི་སྐོར།

33 “ཡང་གནའ་བོའི་དུས་ཀྱི་མི་རྣམས་ལ་རྫུན་གྱི་དམ་བཅའ་མ་འཇོག་ཅིག གཙོ་བོ་དཀོན་མཆོག་ལ་དམ་བཅའ་སྒྲུབ་པར་བྱོས་ཤིག་ཅེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

34 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། མནའ་ནམ་ཡང་མ་སྐྱེལ་ཞིག ཞིང་ཁམས་ནི་དཀོན་མཆོག་གི་བཞུགས་ཁྲི་ཡིན་པས། དཀོན་མཆོག་གི་ཞིང་ཁམས་དཔང་དུ་འཛུགས་ཏེ་མནའ་མ་སྐྱེལ།

35 ས་གཞི་ནི་ཁོང་གི་ཞབས་སྟེགས་ཡིན་པས། ས་གཞི་དཔང་དུ་འཛུགས་ཏེ་མནའ་མ་སྐྱེལ། ཡེ་རུ་ཤ་ལེམ་ནི་རྒྱལ་པོ་ཆེན་པོའི་གྲོང་ཁྱེར་ཡིན་པས་དེ་དཔང་དུ་འཛུགས་ཏེ་མནའ་མ་སྐྱེལ།

36 ཡང་ཁྱེད་ཀྱིས་རང་གི་མགོའི་སྐྲ་གཅིག་ཀྱང་དཀར་པོའམ་ནག་པོར་བྱེད་མི་ཐུབ་པས་རང་གི་མགོ་དཔང་དུ་འཛུགས་ཏེ་མནའ་མ་སྐྱེལ་བར།

37 ཡིན་ན་ཡིན་དང་མིན་ན་མིན་གྱི་གཏམ་དྲང་པོ་ཤོད་ཅིག དེ་ལས་ལྷག་པ་ཇི་ཡོད་ངན་པ་ལས་འབྱུང༌།”

དགྲ་ཤ་ལེན་པའི་སྐོར།

38 “མིག་གི་ལན་ལ་མིག་དང་སོ་ཡི་ལན་ལ་སོ་ཞེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

39 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། མི་ངན་པ་ལ་མ་རྒོལ་ཞིག སུས་ཀྱང་ཁྱེད་ལ་འགྲམ་པ་གཡས་པ་ལ་འགྲམ་ལྕག་བཞུས་ན། དེ་ལ་འགྲམ་པ་གཞན་ཡང་སྟོན།

40 སུ་ཞིག་གིས་ཁྱེད་ཁྲིམས་རར་འཁྲིད་ནས་ནང་གོས་འཁྱེར་འདོད་ན། ཁོ་ལ་ཕྱི་གོས་ཀྱང་འཁྱེར་དུ་ཆུག་ཅིག

41 ཡང་སུ་ཞིག་གིས་ཁྱེད་ལ་སྤྱི་ལེ་གཅིག་དབང་གིས་འགྲོ་རུ་བཅུག་ན། ཁོ་དང་སྤྱི་ལེ་གཉིས་སོང༌།

42 ཁྱེད་ལ་གང་ཞིག་ཞུས་མཁན་ལ་སྦྱིན། གཡར་འདོད་མཁན་ལ་རྒྱབ་སྟོན་མ་བྱེད་ཅིག”

དགྲ་བོ་ལ་བྱམས་པའི་སྐོར།

43 “ཁྱིམ་མཚེས་ལ་བྱམས་ཤིང་དགྲ་བོ་ལ་སྡང་ཞེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

44 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། ཁྱེད་ཀྱི་དགྲ་བོ་རྣམས་ལ་བྱམས་པ་གྱིས་ཤིག ཁྱེད་ལ་གནོད་འཚེ་བྱེད་མཁན་རྣམས་ཀྱི་དོན་དུ་གསོལ་སྨོན་འདེབས་ཤིག 45 དེ་ལྟར་བྱས་ན་ཁྱེད་ཚོ་ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་ཀྱི་སྲས་སུ་འགྱུར། གང་ཡིན་ཟེར་ན། ཁོང་གིས་མི་ངན་པ་དང་བཟང་པོ་གཉིས་ཀར་རང་གི་ཉི་མ་ཤར་དུ་འཇུག་ཅིང༌། རང་གཤིས་དྲང་པོ་དང་དྲང་པོ་མིན་པ་གཉིས་ཀར་ཆར་པ་འབེབས་པར་མཛད་པས་སོ།

46 ཡང་ཁྱེད་ལ་བྱམས་པ་བྱེད་མཁན་ལ་བྱམས་ན་ཁྱེད་ལ་བྱ་དགའ་གང་འཐོབ་ཡོང༌། ཁྲལ་སྡུད་མཁན་གྱིས་ཀྱང་དེ་ལྟར་མི་བྱེད་དམ།

47 ཁྱེད་ཀྱི་སྤུན་ཟླ་ཁོ་ནར་འཚམས་འདྲི་ཞུས་ན། མི་གཞན་ལས་ལྷག་པར་གང་བྱེད། ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་ཀྱང་དེ་ལྟར་མི་བྱེད་དམ།

48 དེའི་ཕྱིར་ཞིང་ཁམས་སུ་བཞུགས་ཏེ་ཁྱེད་ཀྱི་ཡབ་མ་ཚང་བ་མེད་པ་ཡིན་པ་ལྟར། ཁྱེད་ཀྱང་མ་ཚང་བ་མེད་པ་ཡིན་པར་དགོས་སོ།།”

མད་ཐཱ། (6) – Matthew (6)

1 “ཁྱེད་ཚོས་མི་གཞན་གྱིས་མཐོང་བའི་ཕྱིར་ཁོ་ཚོའི་མདུན་དུ་ལས་བཟང་པོ་བྱེད་པར་དོགས་ཟོན་གྱིས་ཤིག དེ་ལྟར་བྱས་ན་ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ལ་བྱ་དགའ་མི་གནང༌།

2 དེའི་ཕྱིར་ཁྱེད་ཚོས་དབུལ་པོ་རྣམས་ལ་སྦྱིན་པ་གཏོང་བའི་སྐབས་སུ་དུང་ཆེན་གཏོང་དུ་མ་འཇུག་ཅིག ཁ་བཤད་དོན་ལ་མི་གནས་པ་རྣམས་ཀྱིས་མི་རྣམས་ཀྱི་བསྟོད་པ་འཐོབ་པའི་ཆེད་དུ་གཞུང་ལམ་དང་འདུ་ཁང་ལ་དེ་ལྟར་བྱེད། ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར་ཁོ་ཚོར་བྱ་དགའ་ཐོབ་ཚར་རོ།

3 འོན་ཀྱང་ཁྱེད་ཀྱིས་དབུལ་པོ་རྣམས་ལ་སྦྱིན་པ་གཏོང་བའི་སྐབས་སུ་ཁྱེད་ཀྱི་ལག་པ་གཡས་པས་གང་བྱེད་པ་དེ་ལག་པ་གཡོན་པས་ཀྱང་ཤེས་པར་མ་འཇུག་ཅིག

4 དེ་ལྟར་བྱས་ན་ཁྱེད་ཀྱིས་སྦྱིན་པ་ནི་གསང་བའི་ཐོག་ནས་ཡིན་པ་དང༌། ཁྱེད་ཀྱི་ཡབ་གསང་བ་གཟིགས་མཁན་གྱིས་ཁྱེད་ལ་བྱ་དགའ་གནང་ངེས་ཡིན།”

སྨོན་ལམ་གྱི་སྐོར།

5 “ཡང་ཁྱེད་ཚོས་སྨོན་ལམ་འདེབས་པའི་སྐབས་སུ་ཁ་བཤད་དོན་ལ་མི་གནས་པ་རྣམས་ཀྱི་དཔེ་ལྟར་མ་བྱེད་ཅིག མི་རྣམས་ཀྱིས་མཐོང་བའི་ཆེད་དུ་ཁོ་ཚོས་འདུ་ཁང་དང་མདོ་ཁར་སྨོན་ལམ་འདེབས་པར་དགའ། ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར་ཁོ་ཚོར་རང་གི་བྱ་དགའ་ཐོབ་ཚར་རོ།

6 དེ་ལས་ལྡོག་སྟེ་སྨོན་ལམ་འདེབས་པའི་སྐབས་སུ་ཁང་པའི་ཕུག་ནང་དུ་སོང་ལ་སྒོ་བརྒྱབ་ནས་གསང་བར་བཞུགས་པའི་ཁྱེད་ཀྱི་ཡབ་ལ་སྨོན་ལམ་འདེབས། དེ་ནས་ཁྱེད་ཀྱི་ཡབ་གསང་བ་གཟིགས་མཁན་གྱིས་ཁྱེད་ལ་བྱ་དགའ་གནང་ངེས་ཡིན།

7 ཡང་སྨོན་ལམ་འདེབས་པའི་སྐབས་སུ་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་བྱེད་པ་ལྟར་དོན་མེད་པའི་གཏམ་མ་ཤོད་ཅིག ཁོ་ཚོས་ཚིག་མང་བས་སྨོན་ལམ་གསན་པར་འགྱུར་སྙམ།

8 དེའི་ཕྱིར་ཁོ་ཚོར་མིག་དཔེ་མ་བྱེད་ཅིག གང་ཡིན་ཞེ་ན། ཁྱེད་ཚོས་མ་ཞུས་པའི་སྔོན་ལ་ཁྱེད་ཀྱི་ཡབ་ཀྱིས་ཁྱེད་ལ་གང་དགོས་པ་མཁྱེན་པས་སོ།

9 དེ་བས་ན་ཁྱེད་ཀྱིས་འདི་ལྟར་སྨོན་ལམ་ཞུས་ཤིག

ནམ་མཁར་བཞུགས་པའི་ངེད་ཀྱི་ཡབ།།

ཁྱེད་མཚན་དམ་པར་སྲུང་བར་ཤོག།

10 ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག།

ཁྱེད་ཀྱི་དགོངས་པ་ནམ་མཁའ་ལ།།

སྒྲུབ་ལྟར་ས་ལའང་སྒྲུབ་པར་ཤོག།

11 ངེད་ཀྱི་ཉིན་ཞག་རེའི་ཁ་ཟས།།

དེ་རིང་ཡང་ནི་གནང་བར་མཛོད།།

12 ངེད་ཚོས་གཞན་གྱི་ཉེས་པ་དག།

གུ་ཡངས་གཏོང་བ་ཇི་བཞིན་དུ།།

ངེད་ཀྱི་སྡིག་བུན་སེལ་བར་མཛོད།།

13 ཉམས་ཚོད་ནང་དུ་མ་འཁྲིད་པར།།

ངན་པ་ལས་ངེད་ཐར་བར་མཛོད།།

14 གལ་ཏེ་ཁྱེད་ཚོས་མི་གཞན་ལ་གུ་ཡངས་བཏང་ན། ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་ཀྱིས་ཀྱང་ཁྱེད་ཀྱི་སྡིག་ཉེས་སེལ་བར་འགྱུར་ངེས་ཡིན།

15 འོན་ཀྱང་གཞན་ལ་གུ་ཡངས་མ་བཏང་ན། ཁྱེད་ཀྱི་ཡབ་ཀྱིས་ཀྱང་ཁྱེད་ཀྱི་སྡིག་ཉེས་སེལ་བར་མི་འགྱུར།”

སྨྱུང་གནས་ཀྱི་སྐོར།

16 “ཁྱེད་ཚོས་སྨྱུང་གནས་སྲུང་བའི་ཚེ་ཁ་བཤད་དོན་ལ་མི་གནས་པ་རྣམས་ཀྱིས་བྱེད་པ་ལྟར་རྣམ་འགྱུར་མ་སྟོན་ཅིག མི་གཞན་ལ་སྨྱུང་གནས་སྲུང་བཞིན་པར་སྟོན་པའི་ཕྱིར་ཁོ་ཚོས་རང་གི་ངོ་གདོང་ནག་པོ་བཟོ། ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར་ཁོ་ཚོར་རང་གི་བྱ་དགའ་ཐོབ་ཚར་རོ།

17 འོན་ཀྱང་སྨྱུང་གནས་སྲུང་བའི་ཚེ་རང་གི་མགོ་ལ་སྣུམ་འབྱུག་ཅིང་ངོ་གདོང་ཁྲུས།

18 དེ་ནས་མི་རྣམས་ཀྱིས་ཁྱེད་སྨྱུང་གནས་སྲུང་བཞིན་པར་མི་མཐོང་ཡང༌། གསང་བར་བཞུགས་པའི་ཡབ་ཀྱིས་གཟིགས་ཤིང༌། གསང་བ་གཟིགས་མཁན་ཡབ་ཀྱིས་ཁྱེད་ལ་བྱ་དགའ་གནང་ངེས་ཡིན།”

བརླག་མེད་པའི་རྒྱུ་ནོར།

19 “མུག་པ་དང་བཙའ་ཡིས་ཟ་ཞིང༌། ཁང་པར་འཛུལ་ནས་རྐུན་མས་རྐུ་ས་འཇིག་རྟེན་འདི་ལ་ནོར་མ་གསོག་པར།

20 མུག་པ་དང་བཙའ་ཡིས་མི་ཟ་ཞིང༌། ཁང་པར་འཛུལ་ནས་རྐུན་མས་མི་རྐུ་ས་དཀོན་མཆོག་གི་ཞིང་ཁམས་སུ་ནོར་གསོག

21 གང་ལགས་ཟེར་ན། གང་ཁྱེད་ཀྱི་རྒྱུ་ནོར་ཡོད་ས་དེར་ཁྱེད་ཀྱི་སེམས་ཀྱང་ཡོད།

22 མིག་ནི་ལུས་ཀྱི་སྒྲོན་མེ་ལྟར་ཡིན། མིག་བཟང་པོ་ཡོད་ན་ལུས་ཧྲིལ་པོ་འོད་ཀྱིས་གང༌།

23 འོན་ཀྱང་མིག་བཟང་པོ་མེད་ན་ལུས་ཧྲིལ་པོ་མུན་ནག་གིས་གང༌། གལ་ཏེ་ཁྱེད་ཀྱི་སེམས་ནང་ལ་འོད་དེ་མུན་པ་ཡིན་ན་མུན་པ་དེ་ཅི་ལྟར་ཆེ།

24 སུ་ཞིག་གིས་བདག་པོ་གཉིས་ལ་གཡོག་བྱེད་མི་སྲིད། གང་ལགས་ཤེ་ན། ཁོས་གཅིག་ལ་སྡང་ཞིང་གཅིག་ལ་གཅེས་པའམ། གཅིག་ལ་མོས་ཤིང་གཅིག་ལ་སྨད་པར་བྱེད། ཁྱེད་ཚོས་དཀོན་མཆོག་དང་རྒྱུ་ནོར་གཉིས་ཀའི་གཡོག་བྱེད་མི་སྲིད།”

སེམས་ཁྲལ་བྱེད་མི་དགོས་པའི་སྐོར།

25 “དེའི་ཕྱིར་ངས་ཁྱེད་རྣམས་ལ་ཟེར་རྒྱུར། ཚེ་སྲོག་གི་ཕྱིར་ཟས་གང་ཞིག་ཟ་རྒྱུ་དང་འཐུང་རྒྱུ། ལུས་ཀྱི་ཕྱིར་གོས་གང་ཞིག་གྱོན་པ་སེམས་ཁྲལ་མ་བྱོས་ཤིག གང་ལགས་ཤེ་ན། ཚེ་སྲོག་དང་ལུས་པོ་གཉིས་ཟས་དང་གྱོན་ཆས་ལས་ལྷག་པ་མེད་དམ།

26 ནམ་མཁའི་བྱ་བྱིའུ་ལ་ལྟོས་ཤིག དེ་ཚོས་ས་བོན་མི་འདེབས་ལ། ལོ་ཏོག་མི་རྔ༌། མཛོད་ཁང་ལ་མི་གསོག་ཀྱང༌། ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་ཀྱིས་དེ་ཚོར་ཟས་གནང༌། ཁྱེད་ཚོ་དེ་རྣམས་ལས་གལ་ཆེ་བ་མ་ཡིན་ནམ།

27 ཁྱེད་ཚོའི་ནང་ནས་སུ་ཞིག་གིས་སེམས་ཁྲལ་བྱེད་པའི་ངང་ནས་མི་ཚེ་འདི་ཆུ་ཚོད་གཅིག་ཙམ་གྱི་རིང་དུ་གཏོང་ཐུབ་བམ།

28 ཡང་གྱོན་ཆས་ཀྱི་ཕྱིར་ཅི་ལ་སེམས་ཁྲལ་བྱེད། རྩྭ་ཐང་སྟེང་གི་སྟག་གཟིག་མེ་ཏོག་ཇི་ལྟར་སྐྱེ་བར་ལྟོས་ཤིག དེ་ཚོས་ལས་ཀ་མི་བྱེད་ལ་བལ་ཡང་མི་འཁལ།

29 ངས་ཁྱེད་ཚོ་ལ་ཟེར་རྒྱུར། རྒྱལ་པོ་སོ་ལོ་མོན་གཟི་བརྗིད་ཆེན་པོ་དང་ལྡན་པ་ཞིག་ཡིན་ཡང༌། ཁོང་གི་རྒྱན་གོས་དེ་ཚོའི་ནང་གི་གཅིག་ལའང་འགྲན་མི་ཐུབ།

30 གལ་ཏེ་དཀོན་མཆོག་གིས་ཞིང་སྟེང་གི་རྩྭ་དེ་རིང་སྐྱེ་སྟེ་སང་ཉིན་ཐབ་ལ་འཕེན་རྒྱུ་ཡིན་པར་དེ་ལྟར་གཡོག་པར་མཛད་ན། ཁོང་གིས་དེ་བས་ཀྱང་ཁྱོད་དད་ཆུང་བ་རྣམས་ལ་གཡོག་པ་གནང་བར་མི་བྱའམ།

31 དེའི་ཕྱིར་ང་ཚོས་ཅི་ཟ། ཅི་འཐུང༌། ཅི་གྱོན་ཞེས་ཟེར་ཏེ་སེམས་ཁྲལ་མ་བྱེད་ཅིག

32 ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་དེ་ཚོ་ཚང་མ་འཚོལ། ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་ཀྱིས་ཁྱོད་ཚོ་ལ་དེ་ཐམས་ཅད་དགོས་པ་མཁྱེན།

33 ཐོག་མར་དཀོན་མཆོག་གི་རྒྱལ་སྲིད་དང་ཁོང་གི་དྲང་བདེན་ལ་འབད་བརྩོན་བྱོས། དེ་ནས་དེ་ཚོ་ཐམས་ཅད་ཁྱེད་ཚོ་ལ་གནང་བར་འགྱུར།

34 དེའི་ཕྱིར་སང་ཉིན་གྱི་དོན་ལ་སེམས་ཁྲལ་མ་བྱེད། གང་ཡིན་ཞེ་ན། སང་ཉིན་ལ་སང་ཉིན་གྱི་སེམས་ཁྲལ་ཡོད། ཉིན་རེར་རྙོག་དྲ་རེས་ཆོག་གོ །”

མད་ཐཱ། (7) – Matthew (7)

1 “སྐྱོན་འདོགས་མ་བྱོས་དང༌། ཁྲིམས་གཅོད་འབྱུང་བར་མི་འགྱུར།

2 གང་ཡིན་ཟེར་ན། ཇི་ལྟར་ཁྱེད་ཀྱིས་མི་གཞན་ལ་སྐྱོན་འདོགས་བྱས་པ། དེ་ལྟར་ཁྱེད་ལ་ཡང་ཁྲིམས་གཅོད་འབྱུང་བར་འགྱུར། སྣོད་གང་གིས་འཇལ་བ་དེ་རང་གིས་ཁྱེད་ལ་ཡང་འཇལ་བར་འགྱུར།

3 གཞན་གྱི་མིག་ལ་ཡོད་པའི་ཤིང་རྡུལ་མཐོང་ཡང༌། རང་གི་མིག་ལ་ཡོད་པའི་གདུང་མ་མི་མཐོང་བ་དེ་ཅི་ཡིན།

4 ཡང་ན་ཁྱེད་ཀྱིས་རང་གི་མིག་ལ་ཡོད་པའི་གདུང་མ་མི་མཐོང་བར། མི་གཞན་ལ་ཁྱེད་ཀྱི་མིག་ལ་ཡོད་པའི་ཤིང་རྡུལ་འདོན་པར་བྱ་ཞེས་ཅི་ལྟར་ཟེར།

5 ཁ་བཤད་དོན་ལ་མི་གནས་པ་ཁྱོད། སྔོན་ལ་རང་གི་མིག་ལ་ཡོད་པའི་གདུང་མ་ཐོན་ཅིག དེ་ནས་གཞན་གྱི་མིག་ནས་ཤིང་རྡུལ་འདོན་པའི་ཆེད་དུ་གསལ་པོར་མཐོང༌།

6 གང་ཞིག་དམ་པ་ཡིན་པ་དེ་ཁྱི་ལ་མ་སྟེར། དེས་ཁ་ཚུར་སློག་ནས་ཁྱེད་ལ་རྒོལ། ཁྱེད་ཀྱི་མུ་ཏིག་རྣམས་ཕག་པའི་མདུན་དུ་མ་དབྱུག་ཅིག དེ་མིན་ཕག་པའི་རྐང་པས་བརྫིས་པར་འགྱུར།”

ཞུས་ན་འཐོབ་པར་འགྱུར་བའི་སྐོར།

7 “ཞུས་ན་གནང་བར་འགྱུར། བཙལ་ན་རྙེད་པར་འགྱུར། སྒོ་བརྡུངས་ན་འབྱེད་པར་འགྱུར།

8 གང་ལགས་ཟེར་ན། ཞུ་མཁན་ཐམས་ཅད་ལ་འཐོབ་པ་དང༌། འཚོལ་མཁན་ཐམས་ཅད་ལ་རྙེད། སྒོ་རྡུང་མཁན་ཐམས་ཅད་ལ་སྒོ་འབྱེད་པར་འགྱུར་བས་སོ།

9 དཔེར་ན་ཁྱེད་ཚོ་ལས་སུ་ཞིག་གིས་བུ་ལ་བག་ལེབ་དགོས་ཞེས་ཞུས་ན་ཁོ་ལ་རྡོ་སྟེར་བར་བྱའམ།

10 ཡང་ན་ཉ་ཤ་དགོས་ཞེས་ཞུས་ན་ཁོ་ལ་སྦྲུལ་སྟེར་བར་བྱའམ།

11 ཁྱོད་ཚོ་ངན་པ་ཡིན་ཡང་ཁྱོད་ཀྱི་ཕྲུ་གུ་རྣམས་ལ་ལག་རྟགས་བཟང་པོ་སྤྲོད་པར་ཤེས་ན། ཞིང་ཁམས་སུ་བཞུགས་པ་ཁྱེད་ཀྱི་ཡབ་ཀྱིས་ཁོང་ལ་གསོལ་འདེབས་བྱེད་མཁན་རྣམས་ལ་གང་བཟང་པོ་ཡིན་པ་དེ་བས་ཀྱང་གནང་བར་འགྱུར།

12 མི་གཞན་གྱིས་ཇི་ལྟར་ཁྱེད་ཚོར་བྱས་ན་དགའ་བ་བཞིན། དེ་ལྟར་གཞན་ལ་བྱོས་ཤིག དེ་ནི་ཆོས་ཁྲིམས་དང་ལུང་སྟོན་པའི་བསྟན་པའི་དོན་མདོར་བསྡུས་ཡིན་ནོ།

13 སྒོ་དོག་མོ་བརྒྱུད་ནས་འཇུག གང་ཡིན་ཞེ་ན། འཇིག་པར་འཁྲིད་པའི་སྒོ་ནི་ཞེང་ཅན་དང་ལམ་ཡངས་པོ་ཡོད་པས་མི་མང་པོ་དེར་འགྲོ

14 དཔག་ཏུ་མེད་པའི་ཚེ་ལ་འཁྲིད་པའི་སྒོ་ནི་ཞེང་ག་ཆུང་ཞིང་ལམ་ཡང་དོག་མོ་ཡོད་པས་མི་ཉུང་ངུ་ཙམ་ལ་ལམ་དེ་རྙེད།”

ལུང་སྟོན་པ་རྫུན་མའི་སྐོར།

15 “ལུང་སྟོན་པ་རྫུན་མ་རྣམས་ལ་དོགས་ཟོན་གྱིས་ཤིག ལུག་གི་པགས་པ་གྱོན་ཏེ་ཁྱེད་ཚོའི་རྩར་ཡོང་ཡང༌། དངོས་གནས་ཁོ་རྣམས་སྤྱང་ཀི་དྲག་པོ་ཡིན།

16 དེ་ཚོའི་འབྲས་བུ་ནས་ངོ་ཤེས། ཚེར་ཤིང་ནས་རྒུན་འབྲུམ་དང༌། ཡང་ན་སེ་བའི་མེ་ཏོག་ནས་བསེ་ཡབ་འཐོག་སྲིད་དམ།

17 དེ་བཞིན་དུ་ཤིང་སྡོང་བཟང་པོ་རེ་རེ་ལས་འབྲས་བུ་བཟང་པོ་སྐྱེ་ཞིང༌། ཤིང་སྡོང་ངན་པ་ལས་འབྲས་བུ་ངན་པ་སྐྱེ།

18 ཤིང་སྡོང་བཟང་པོ་ལས་འབྲས་བུ་ངན་པ་དང༌། ཤིང་སྡོང་ངན་པ་ལས་འབྲས་བུ་བཟང་པོ་སྐྱེ་མི་སྲིད།

19 འབྲས་བུ་བཟང་པོ་མ་སྐྱེ་པའི་ཤིང་སྡོང་རེ་རེ་བཞིན་བཅད་ནས་མེ་ལ་གཡུག་པར་འགྱུར།

20 དེའི་ཕྱིར་ཁོ་ཚོའི་འབྲས་བུ་ལ་བལྟས་ནས་ཁྱེད་ཚོས་ཤེས་འོང༌།

21 ང་ལ། གཙོ་བོ་ལགས། གཙོ་བོ་ལགས་ཤེས་ཟེར་མཁན་ཐམས་ཅད་དཀོན་མཆོག་གི་རྒྱལ་སྲིད་དུ་འཇུག་མི་ཡོང༌། ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱི་ཐུགས་དགོངས་སྒྲུབ་མཁན་ནི་དེའི་ནང་དུ་འཇུག་པར་འགྱུར།

22 ཉིན་མོ་དེར་མི་མང་པོས། གཙོ་བོ་ལགས། གཙོ་བོ་ལགས། ང་ཚོས་ཁྱེད་ཀྱི་མཚན་གྱི་སྒོ་ནས་ལུང་བསྟན་མེད་པ་དང༌། ཁྱེད་ཀྱི་མཚན་གྱི་སྒོ་ནས་གདོན་འདྲེ་མ་བསྐྲད་པ། ཁྱེད་ཀྱི་མཚན་གྱི་སྒོ་ནས་ངོ་མཚར་བའི་ལས་མང་པོ་མ་བྱས་སམ་ཞེས་ང་ལ་ཟེར་བར་འགྱུར།

23 དེ་ནས་ངས་ཁོ་ཚོར། ངས་ཁྱོད་རྣམས་ནམ་ཡང་ངོ་མ་ཤེས་པས། ངན་པ་བྱེད་མཁན་ཁྱོད་ཚོ་ངའི་རྩ་ནས་ཕར་རྒྱུགས་ཤེས་སྨྲ་བར་འགྱུར།”

རྨང་གཞི་མི་འདྲ་བ་གཉིས།

24 “དེའི་ཕྱིར་ངས་སྨྲས་པའི་ཚིག་ཐོས་ཏེ་ཉམས་ལེན་བྱེད་མཁན་ཐམས་ཅད་ནི་རང་གི་ཁང་པ་བྲག་ལ་བརྩིགས་པའི་ཤེས་རབ་ཅན་དང་འདྲ་བ་ཡིན།

25 ཁང་པ་དེ་བྲག་གི་སྟེང་དུ་རྩིགས་པས། ཆར་པ་བབས་ནས་ཆུ་ལོག་བྱུང་ཞིང༌། ལྷགས་པ་དྲག་པོ་བརྒྱབ་ནས་ཁང་པ་དེར་ཕོག་ཀྱང་མ་རྡིབ།

26 ངས་སྨྲས་པའི་ཚིག་ཐོས་ཏེ་ཉམས་ལེན་མ་བྱེད་མཁན་ཐམས་ཅད་ནི་རང་གི་ཁང་པ་བྱེ་མའི་སྟེང་དུ་བརྩིགས་པའི་བླུན་པོ་དང་འདྲ་བ་ཡིན།

27 ཆར་པ་བབས་ནས་ཆུ་ལོག་བྱུང་ཞིང༌། ལྷགས་པ་དྲག་པོ་བརྒྱབ་ནས་ཁང་པ་དེར་ཕོག་སྟེ་རྡིབ་ཅིང་ཡོངས་སུ་བཤིག་པར་གྱུར་” ཞེས་གསུངས།

28 ཡེ་ཤུས་བཀའ་དེ་གསུངས་ཚར་རྗེས། ཁོང་གིས་གསུངས་པ་དེ་ལ་མི་ཚོགས་རྣམས་ཡ་མཚན་ཆེན་པོ་སྐྱེས།

29 རྒྱུ་མཚན་ནི་ཡ་ཧུ་དཱ་པའི་ཆོས་ཁྲིམས་ལ་མཁས་པའི་མི་རྣམས་དང་མི་འདྲ་སྟེ། དབང་ལྡན་ཞིག་གིས་གསུངས་པ་དང་འདྲ་བར་ཁོ་ཚོར་ཆོས་བསྟན་གནང་བའི་ཕྱིར་རོ།།

མད་ཐཱ། (8) – Matthew (8)

1 ཡེ་ཤུ་རི་བོ་ལས་མར་འབབ་པའི་དུས་སུ་མི་ཚོགས་མང་པོ་ཞིག་ཁོང་གི་རྗེས་སུ་འབྲངས།

2 དེའི་ཚེ་མཛེ་ནད་ཅན་ཞིག་ཁོང་གི་དྲུང་དུ་ཡོང་ནས་པུས་མོ་སར་བཙུགས་ཏེ་ “གཙོ་བོ་ལགས། གལ་ཏེ་ཁྱེད་ཐུགས་མཉེས་པ་ཡིན་ན་ཁྱེད་ཀྱིས་ང་རང་མཛེ་ནད་དག་པར་མཛད་ཐུབ་” ཅེས་སྨྲས།

3 ཡེ་ཤུས་ཕྱག་བརྐྱངས་ནས་ཁོ་ལ་རེག་སྟེ་ “ང་དེ་བཞིན་དུ་བྱེད་འདོད་ཡོད། དག་པར་གྱུར་ཅིག་” ཅེས་གསུངས་མ་ཐག་ཁོའི་མཛེ་ནད་དག་པར་གྱུར།

4 ཡེ་ཤུས་མི་དེར་ “མི་གཞན་ལ་ཅི་ཡང་སྨྲ་བར་མ་བྱོས། སོང་ལ་རང་གི་ལུས་ཡ་ཧུ་དཱ་པའི་བླ་མར་སྟོན་དང༌། ཁོ་རྣམས་ལ་བདེན་དཔང་བྱེད་པའི་ཕྱིར་ལུང་སྟོན་པ་མོ་ཤེ་ཡིས་བཀའ་གནང་བ་ལྟར་ཁྱེད་དག་པར་གྱུར་བ་ཡིན་པའི་ཕྱིར་མཆོད་པ་ཞིག་ཕུལ་” ཞེས་གསུངས།

བརྒྱ་དཔོན་གྱི་གཡོག་པོ་བཅོས་པ།

5 ཁོང་ཀ་ཕར་ན་ཧུམ་ལ་ཕེབས་སྐབས་དམག་མི་བརྒྱ་དཔོན་ཅིག་ཡོང་ནས་ཁོང་ལ་

6 “གཙོ་བོ་ལགས། ངའི་གཡོག་པོ་ཞ་རིལ་གྱི་ནད་ཕོག་པས་སྡུག་བསྔལ་ཆེན་པོ་མྱོང་སྟེ་ནང་ལ་ཉལ་ཡོད་” ཅེས་ནན་གྱིས་ཞུས།

7 ཡེ་ཤུས་ཁོ་ལ་ “ང་ཡོང་ནས་ཁོའི་ནད་སེལ་བར་བྱ་” ཞེས་གསུངས་ཀྱང༌།

8 ལན་དུ་བརྒྱ་དཔོན་དེས་ “གཙོ་བོ་ལགས། ཁྱེད་ངའི་ཁྱིམ་ནང་དུ་ཕེབས་པར་མི་འོས་པས་བཀའ་ཁོ་ན་གསུངས་དང༌། ངའི་གཡོག་པོ་ནད་ལས་ཐར་བར་འགྱུར།

9 གང་ལགས་ཤེ་ན། ང་ཡང་གཞན་གྱི་དབང་འོག་ཏུ་ཡོད་པ་དང༌། ངའི་འོག་ཏུ་ཡང་དམག་མི་ཡོད། ངས་དམག་མི་ཞིག་ལ་སོང་ཞེས་ཟེར་ན་འགྲོ གཞན་ལ་ཚུར་ཤོག་ཅེས་བཤད་ན་ཡོང༌། ངའི་གཡོག་པོར་ལས་ཀ་དེ་བྱོས་ཤིག་ཅེས་བཤད་ན་ཁོས་དེ་ལྟར་བྱེད་” ཅེས་ཟེར།

10 ཡེ་ཤུས་དེ་གསན་ནས་ཡ་མཚན་སྐྱེས་ཏེ་ཁོང་གི་རྗེས་སུ་འབྲང་བའི་མི་རྣམས་ལ་ “ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར། ཡི་སི་ར་ཨེལ་ཡུལ་ལའང་ངས་འདི་འདྲ་བའི་དད་སེམས་ཡོད་པའི་མི་མཐོང་མ་མྱོང༌།

11 ངས་ཁྱེད་ཚོར་ཟེར་རྒྱུར། མེས་པོ་ཨབ་ར་ཧམ་དང༌། ཨི་སཱག་དང༌། ཡ་ཀོབ་དང་མཉམ་དུ་དཀོན་མཆོག་གི་རྒྱལ་སྲིད་ལ་ཞལ་ཟས་བཞེས་པའི་ཕྱིར་ཤར་ནུབ་ནས་མི་མང་པོ་ཞིག་ཡོང་ངེས་ཡིན།

12 འོན་ཀྱང་རྒྱལ་སྲིད་ཀྱི་འབངས་མི་ནི་ཕྱི་རོལ་གྱི་མུན་པའི་ནང་དུ་དབྱུག ས་ཆ་དེར་ངུ་ཞིང་སོ་ཁྲིག་ཁྲིག་བྱེད་པར་འགྱུར་” ཞེས་གསུངས།

13 ཡང་ཡེ་ཤུས་བརྒྱ་དཔོན་དེ་ལ་ “སོང་ལ་ཁྱེད་ཀྱིས་དད་པ་བཞིན་དུ་སྒྲུབ་པར་འགྱུར་” ཞེས་གསུངས་ནས། དུས་དེ་རང་ལ་གཡོག་པོ་དེ་ནད་ལས་ཐར་བར་གྱུར།

ནད་མི་འདྲ་བ་སེལ་བ།

14 ཡེ་ཤུ་ཉེ་གནས་པེ་ཏྲོའི་ཁྱིམ་ནང་དུ་ཕེབས་སྐབས། པེ་ཏྲོའི་བཟའ་ཟླའི་ཨ་མ་ཚ་བ་རྒྱས་ནས་ཉལ་ཁྲིར་ཉལ་བ་ཁོང་གིས་གཟིགས་པས།

15 ཁོ་མོའི་ལག་པ་ལ་རེག་པས་ཚ་བ་འཇགས་ཏེ་ཁོ་མོས་ཡར་ལངས་ནས། ཁོང་ལ་ཞབས་ཕྱི་ཞུས་སོ།

16 དགོང་མོ་དེར་ཁོ་ཚོས་གདོན་འདྲེས་བཟུང་བའི་མི་མང་པོ་ཁོང་གི་དྲུང་དུ་ཁྲིད་པ་དང༌། ཁོང་གི་བཀའ་ཡིས་གདོན་འདྲེ་དེ་རྣམས་བསྐྲད་པར་མཛད་ཅིང༌། ནད་པ་ཐམས་ཅད་གསོ་བར་མཛད།

17 འདི་ནི་ལུང་སྟོན་པ་ཡེ་ཤ་ཡའི་ལུང་བསྟན་སྒྲུབ་པའི་ཆེད་དུ་ཡིན་ཏེ། ཁོང་ཉིད།

ཁོང་གིས་ང་ཚོའི་ནད་ཀུན་དང༌།།

སྡུག་བསྔལ་ཡོངས་སུ་སེལ་བར་མཛད།།

ཅེས་གསུངས།

སྟོན་པ་ཡེ་ཤུའི་རྗེས་སུ་འབྲངས་པའི་སྐོར།

18 ཡེ་ཤུས་རང་གི་མཐའ་སྐོར་ལ་མི་ཚོགས་གཟིགས་སྐབས། མཚོའི་ཕ་རོལ་ལ་འགྲོ་བའི་བཀའ་གནང༌།

19 ཡ་ཧུ་དཱ་པའི་ཆོས་ཁྲིམས་ལ་མཁས་པའི་མི་ཞིག་ཁོང་གི་དྲུང་དུ་ཡོང་ནས་ཁོང་ལ་ “སྟོན་པ་ལགས། ཁྱེད་གང་དུ་ཕེབས་ན་ཡང་ང་ཁྱེད་ཀྱི་རྗེས་སུ་འབྲང་བར་བྱ་” ཞེས་ཟེར་བས།

20 ཡེ་ཤུས་ཁོ་ལ་ “ཝ་ལ་ཝ་ཚང་དང༌། བྱ་ལ་བྱ་ཚང་ཡོད་ཀྱང༌། མིའི་རིགས་ཀྱི་བུ་ཟེར་མཁན་ལ་མགོ་བཞག་ས་ཙམ་ཡང་མེད་” ཅེས་གསུངས།

21 ཉེ་གནས་རྣམས་ལས་གཅིག་གིས་ཁོང་ལ་ “གཙོ་བོ་ལགས། སྔོན་ལ་ང་སོང་ནས་ངའི་ཕའི་སྐུ་ཕུང་དུར་སར་འཇུག་པའི་ལུགས་སྲོལ་སྲུང་བའི་དགོངས་པ་གནང་རོགས་” ཞེས་སྨྲས།

22 འོན་ཀྱང་ཁོང་གིས་ཁོ་ལ་ “ངའི་རྗེས་སུ་ཤོག གཤིན་པོ་དང་འདྲ་བ་རྣམས་ཀྱིས་རང་གི་གཤིན་པོ་རྣམས་དུར་དུ་འཇུག་ཆོག་” ཅེས་གསུངས།

རླུང་འཚུབ་འཇགས་པར་མཛད་པ།

23 ཡེ་ཤུ་གྲུའི་ནང་འཛུལ་ནས་ཁོང་གི་ཉེ་གནས་ཁོང་གི་རྗེས་སུ་འབྲངས།

24 གློ་བུར་དུ་མཚོའི་སྒང་ལ་རླུང་འཚུབ་ཆེན་པོ་ལངས་ཏེ་རྦ་རླབས་གྲུའི་ནང་ཡོང་ནས་གྲུ་ཆུས་ཁེངས་གྲབས་བྱེད། འོན་ཀྱང་ཡེ་ཤུ་གཟིམས་ཡོད།

25 ཁོ་ཚོ་ཉེ་བར་ཡོང་ནས་ཁོང་མནལ་སད་དེ་ “གཙོ་བོ་ལགས། ང་ཚོ་འཆི་བ་ལ་ཐུག་པས་སྐྱོབ་པར་མཛོད་ཅིག་” ཅེས་ཟེར།

26 ཁོང་གིས་ཁོ་ཚོར་ “ཁྱོད་ཚོ་དད་ཆུང་བ་རྣམས། ཞེད་དགོས་དོན་གང་ཡིན་” ཞེས་གསུངས་ཏེ་ཡར་བཞེངས་ནས་རླུང་དང་མཚོ་ལ་བཀའ་བཀྱོན་མཛད་ཅིང༌། དེ་ཚོ་ཡོངས་སུ་ཞི་བར་གྱུར།

27 ཡ་མཚན་ཆེན་པོ་སྐྱེས་ཏེ་ཁོ་ཚོས་གཅིག་གིས་གཅིག་ལ་ “སྐྱེས་བུ་འདི་ཅི་ལྟར་ཡིན། རླུང་དང་མཚོ་ཡིས་ཀྱང་ཁོང་གི་བཀའ་ལ་ཉན་པར་བྱེད་” ཅེས་ཟེར།

གདོན་འདྲེ་བསྐྲད་པ།

28 མཚོའི་ཕ་རོལ་གད་དེ་རེའི་ཡུལ་དུ་ཕེབས་པ་དང༌། གདོན་འདྲེས་བཟུང་བའི་མི་གཉིས་དུར་ཁང་གི་ཁྲོད་ནས་ཐོན་ཏེ་ཁོང་དང་མཇལ། ཁོ་ཚོ་ཧ་ཅང་དྲག་པོ་ཡིན་པས་སུའང་ལམ་དེར་འགྲོ་མ་ཐུབ།

29 གློ་བུར་དུ་ཁོ་ཚོས་སྐད་ཆེན་པོས་ “ཀྱེ་དཀོན་མཆོག་གི་སྲས། ངེད་རྣམས་ཁྱེད་དང་འབྲེལ་བ་ཅི་ཡོད། དུས་ལ་བབ་པའི་སྔོན་ལ་ང་ཚོར་མནར་གཅོད་གཏོང་བའི་ཕྱིར་ཕེབས་པ་ཡིན་ནམ་” ཞེས་ཟེར།

30 ཐག་རིང་ཙམ་ལ་ཕག་ཁྱུ་ཆེན་པོ་ཞིག་འཚོ་བཞིན་ཡོད་པ་དང༌།

31 གདོན་འདྲེ་དེ་ཚོས་ཁོང་ལ་ “ཁྱེད་ཀྱིས་ང་ཚོ་ཕར་བསྐྲད་ན། ཕག་ཁྱུའི་ཁྲོད་ལ་གཏོང་བར་མཛོད་” ཅེས་ཞུ་བ་ཆེན་པོ་ཕུལ།

32 ཁོང་གིས་ཁོ་ཚོར་ “སོང་ཞིག་” ཅེས་གསུངས་པས་གདོན་འདྲེ་དེ་ཚོ་ཕྱིར་ཐོན་ཏེ་ཕག་པའི་ནང་དུ་ཞུགས་ཤིང༌། ཕག་ཁྱུ་ཧྲིལ་པོ་གཡང་གཟར་ནས་མཆོངས་ཤིང་མཚོའི་ནང་དུ་ནུབ་སྟེ་ཤི།

33 ཕག་རྫི་རྣམས་གྲོང་ཁྱེར་ལ་བྲོས་ནས་གདོན་འདྲེས་བཟུང་བའི་མི་རྣམས་ལ་གང་བྱུང་བ་ཐམས་ཅད་བཤད།

34 གྲོང་ཁྱེར་གྱི་མི་ཐམས་ཅད་ཡེ་ཤུ་མཇལ་བར་ཡོང་སྟེ། ཁོང་མཐོང་ནས་ས་ཆ་གཞན་ལ་ཕེབས་རྒྱུར་ཞུ་བ་ཡང་ཡང་ཕུལ་ལོ།།

མད་ཐཱ། (9) – Matthew (9)

1 ཡེ་ཤུ་གྲུའི་ནང་བཞུགས་ནས་མཚོའི་ཕ་རོལ་དུ་རང་གི་གྲོང་ཁྱེར་ལ་ཕེབས།

2 དེ་ནས་མི་ཁ་ཤས་ཀྱིས་གོམ་པ་སྤོ་མི་ཐུབ་པའི་ནད་པ་གཅིག་ཉལ་ཁྲི་སྟེང་ལ་ཁུར་ནས་ཁོང་གི་དྲུང་དུ་འོངས། ཁོ་ཚོའི་དད་སེམས་མཁྱེན་ནས་ཁོང་གིས་ནད་པ་དེར་ “བུ། བློ་བདེ་བར་བྱོས་ཤིག ཁྱེད་ཀྱི་སྡིག་ཉེས་བསལ་ཟིན་པ་ཡིན་” ཞེས་གསུངས་པས།

3 དེར་ཡོད་པའི་ཆོས་ཁྲིམས་ལ་མཁས་པའི་མི་ཁ་ཤས་ཀྱི་བསམ་པ་ལ་མི་འདིས་དཀོན་མཆོག་ལ་སྐུར་བ་འདེབས་སྙམ།

4 ཁོ་ཚོའི་བསམ་པ་མཁྱེན་ནས་ཡེ་ཤུས་ཁོ་ཚོར་ “ཁྱོད་ཚོས་བསམ་བློ་ངན་པ་འདི་ལྟར་བཏང་དགོས་པའི་རྒྱུ་མཚན་གང་ཡིན།

5 ཁྱེད་ཀྱི་སྡིག་ཉེས་བསལ་ཟིན་ཟེར་བ་ལས་སླ་པོ་ཡིན་ནམ། ཡང་ན། ལོངས་ལ་སོང་ཞིག་ཟེར་བ་ལས་སླ་པོ་ཡིན།

6 འོན་ཀྱང་མིའི་རིགས་ཀྱི་བུ་ཟེར་མཁན་དེ་ལ་འཇིག་རྟེན་འདིར་སྡིག་ཉེས་སེལ་བའི་དབང་ཡོད་པ་ཁྱོད་ཚོས་ཤེས་པའི་ཕྱིར༌༌༌༌” ཞེས་གསུངས་ནས་ཁོང་གིས་ནད་པ་དེ་ལ་ “ལོངས་ལ་ཉལ་ཁྲི་ཁྱེར་ནས་ནང་ལ་ལོག་ཅིག་” ཅེས་གསུངས་པས།

7 མི་དེ་ཡར་ལངས་ནས་ཁྱིམ་དུ་ཕྱིར་ལོག

8 མི་ཚོགས་ཀྱིས་དེ་མཐོང་ནས་ཡ་མཚན་གྱིས་ཁེངས་ཤིང༌། དེ་ལྟར་ཆེ་བའི་དབང་མི་རྣམས་ལ་གནང་མཁན་གྱི་དཀོན་མཆོག་ལ་བསྟོད་པ་ཕུལ།

མད་ཐཱ་ཉེ་གནས་སུ་བོས་པ།

9 ཡེ་ཤུ་ཕར་ཕེབས་པའི་དུས་སུ་མད་ཐཱ་ཞེས་ཟེར་བའི་མི་ཞིག་ཁྲལ་སྡུད་སར་བསྡད་ཡོད་པ་ཁོང་གིས་གཟིགས་ནས་ཁོ་ལ་ “ཁྱེད་རང་ངའི་རྗེས་སུ་ཤོག་” ཅེས་གསུངས་པས། ཁོ་ཡར་ལངས་ཏེ་ཁོང་གི་རྗེས་སུ་འབྲངས།

10 ཡེ་ཤུས་ཁྱིམ་ནང་དུ་ཞལ་ལག་བཞེས་པའི་སྐབས་སུ། ཁྲལ་སྡུད་མཁན་དང་སྡིག་ཉེས་ཅན་མང་པོ་ཞིག་ཡོང་ནས་ཡེ་ཤུ་དང་ཁོང་གི་ཉེ་གནས་མཉམ་དུ་ཟས་ཟ་བཞིན་ཡོད།

11 དེ་ཕཱ་རུ་ཤི་པ་རྣམས་ཀྱིས་མཐོང་ནས་ཁོང་གི་ཉེ་གནས་རྣམས་ལ་ “ཁྱོད་ཚོའི་སྟོན་པས་ཁྲལ་སྡུད་མཁན་དང་སྡིག་ཉེས་ཅན་རྣམས་དང་མཉམ་དུ་ཞལ་ལག་བཞེས་བཞིན་པ་འདི་ཅི་ཡིན་” ཞེས་ཟེར།

12 ཡེ་ཤུས་གཏམ་དེ་གསན་ནས་ “ཁམས་བཟང་པོའི་མི་རྣམས་ལ་སྨན་པ་མི་དགོས་ཀྱི། ནད་པ་ཚོ་ལ་དགོས་སོ།

13 སོང་ལ། ང་ནི་མཆོད་པ་ལ་མི་དགའ་བར་སྙིང་རྗེའི་སེམས་ལ་དགའོ་ཞེས་གསུངས་པའི་དོན་གང་ཡིན་ཤེས་པར་གྱིས་ཤིག ང་རང་ནི་མི་དྲང་ལྡན་རྣམས་འབོད་དུ་ཡོང་བ་མ་ཡིན་གྱི། མི་སྡིག་ཅན་རྣམས་འབོད་དུ་ཡོང་བ་ཡིན་” ཞེས་གསུངས།*

སྨྱུང་གནས་སྐོར་འདྲི་བ།

14 དེ་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སློབ་མ་འགའ་ཞིག་ཡོང་ནས་ཡེ་ཤུ་ལ་ “ང་ཚོ་དང་ཕཱ་རུ་ཤི་པ་རྣམས་ཀྱིས་སྨྱུང་གནས་སྲུང་ཡང༌། ཁྱེད་ཀྱི་སློབ་མ་རྣམས་ཀྱིས་སྨྱུང་གནས་མི་སྲུང་བ་དེ་ཅི་ཡིན་” ཞེས་དྲིས།

15 ཡེ་ཤུས་ཁོ་ཚོར་ “ཆང་སའི་སྐབས། མག་པའི་རོགས་པ་རྣམས་ཀྱིས་མག་པ་དང་མཉམ་དུ་ཡོད་དུས་མྱ་ངན་བྱེད་སྲིད་དམ། འོན་ཀྱང་མག་པ་ཁོ་ཚོ་དང་ཁ་འབྲལ་བའི་དུས་ལ་འབབ་ཡོང༌། དུས་དེར་ཁོ་ཚོས་སྨྱུང་གནས་སྲུང་ངེས་སོ།

16 མི་སུས་ཀྱང་རས་མཐུག་པོས་གོས་སྲབ་པོར་ལྷན་པ་མི་རྒྱག ལྷན་པ་བརྒྱབ་ན་རས་མཐུག་པོ་དེས་གོས་སྲབ་པོའི་སྲུབས་ཁ་ཇེ་ཆེར་འགྲོའོ།

17 ཡང་མི་སུ་ཞིག་ཡིན་ཡང་རྒུན་འབྲུམ་ཆང་གསར་པ་པགས་པའི་ཁུག་མ་རྙིང་པའི་ནང་བསྙལ་བར་མི་བྱ་སྟེ། གལ་ཏེ་བསྙལ་ཚེ་ཆང་འཕེལ་ནས་ཁུག་མ་རྙིང་པ་གས་ཏེ་ཆང་དང་ཁུག་མ་གཉིས་ཀ་འཕྲོ་བརླག་འགྲོ་བར་འགྱུར། རྒུན་འབྲུམ་ཆང་གསར་པ་དེ་ཁུག་མ་གསར་པའི་ནང་དུ་བླུགས་ནས་གཉིས་ཀ་འཕྲོ་བརླག་མ་འགྲོ་བར་གནས་” ཞེས་གསུངས།

སྟོན་པ་ཡེ་ཤུས་བུ་མོ་ཞིག་སླར་གསོན་དུ་བཅུག་པ།

18 ཁོང་གིས་ཁོ་ཚོར་དེ་ལྟར་གསུང་སྐབས་དེར་ཡ་ཧུ་དཱ་པའི་འདུ་ཁང་གི་དཔོན་པོ་ཞིག་འོངས་ནས་ཁོང་གི་ཞབས་ལ་གཏུག་སྟེ་ “ངའི་བུ་མོ་ད་ལྟ་རང་ཤི་སོང༌། འོན་ཏེ་ཁྱེད་ཕེབས་ནས་ཁོ་མོའི་ལུས་སྟེང་ལ་ཕྱག་འཇོག་པར་མཛད་ན་དེ་ནས་ཁོ་མོ་གསོན་པར་འགྱུར་” ཞེས་ཞུས་ནས།

19 ཡེ་ཤུ་བཞེངས་ནས་ཉེ་གནས་དང་མཉམ་དུ་མི་དེའི་རྗེས་སུ་ཕེབས།

20 གློ་བུར་དུ་བུད་མེད་ལོ་བཅུ་གཉིས་ཀྱི་བར་དུ་ལུས་ནས་ཁྲག་འཛིར་བའི་ནད་ཕོག་པ་གཅིག་ཁོང་གི་རྒྱབ་ཏུ་ཡོང་ཞིང༌། ཁོང་གི་སྟོད་གོས་ཀྱི་མཐའ་འཛར་ལ་རེག

21 གང་ཡིན་ཞེ་ན། གལ་སྲིད་ངས་ཁོང་གི་ན་བཟའ་གཅིག་པུ་ལ་རེག་ན་ང་ནད་ལས་ཐར་འོང་བསམས།

22 ཡེ་ཤུས་སྐུ་ཕྱིར་འཁོར་ཏེ་ཁོ་མོར་གཟིགས་པ་དང་ “བུ་མོ། བློ་བདེ་བར་གྱུར་ཅིག ཁྱོད་ཀྱི་དད་པས་ཁྱོད་རང་ནད་ལས་ཐར་བ་ཡིན་” ཞེས་གསུངས་མ་ཐག་ཁོ་མོ་ནད་ལས་ཐར་བར་གྱུར།

23 ཡེ་ཤུ་དཔོན་པོའི་ཁྱིམ་ལ་ཕེབས་དུས་ཁོང་གིས་གླིང་བུ་གཏོང་མཁན་དང༌། མི་ཚོགས་ཀྱིས་ཅ་ཅོ་འདོན་པ་གཟིགས་ནས།

24 ཁོང་གིས་ཁོ་རྣམས་ལ་ “བུ་མོ་དེ་ཤི་མེད་པར་གཉིད་ཁུག་འདུག་པས་འདི་ནས་ཕར་སོང་ཞིག་” ཅེས་གསུངས་པས། ཁོ་ཚོས་ཁོང་ལ་ཁྲེལ་དགོད་བྱས།

25 འོན་ཀྱང་མི་ཚོགས་ཕྱི་རོལ་ཏུ་བཏོན་ནས་ཁོང་ཁྱིམ་ནང་དུ་ཕེབས་ཏེ་བུ་མོའི་ལག་པ་ནས་འཇུས་པས་བུ་མོ་ཡར་ལངས།

26 གནས་ཚུལ་འདི་ས་ཕྱོགས་དེའི་གང་སར་ཁྱབ།

ལོང་བ་གཉིས་དང་ལྐུགས་པ་གཅིག

27 ཡེ་ཤུ་དེ་ནས་ཕར་ཕེབས་པའི་ཚེ། མི་ལོང་བ་གཉིས་ཁོང་གི་རྗེས་སུ་འབྲངས་ཏེ་སྐད་ཆེན་པོས་ “ཀྱེ་རྒྱལ་པོ་དཱ་བིད་ཀྱི་སྲས། ང་ཚོ་ལ་ཐུགས་རྗེ་གཟིགས་” ཞེས་ཞུས།

28 ཁོང་ཁྱིམ་ལ་ཞུགས་དུས་མི་ལོང་བ་དེ་གཉིས་ཁོང་གི་མདུན་དུ་ཡོང༌། ཁོང་གིས་ཁོ་ཚོར་ “ངས་དོན་འདི་སྒྲུབ་པར་ཡིད་ཆེས་སམ་” ཞེས་གསུངས་པས་ཁོ་ཚོས་ཁོང་ལ་ “གཙོ་བོ་ལགས། ཡིད་ཆེས་སོ་” ཞེས་སྨྲས།

29 དེ་ནས་ཁོང་གིས་ཁོ་ཚོའི་མིག་ཟུང་ལ་རེག་སྟེ་ཁོ་གཉིས་ལ་ “ཁྱེད་ཚོའི་ཡིད་ཆེས་བཞིན་དུ་སྒྲུབ་པར་འགྱུར་” ཞེས་གསུངས་པས།

30 ཁོ་ཚོའི་མིག་ཕྱེ། ཡེ་ཤུས་ཁོ་ཚོར་ “དོན་འདི་མི་གཞན་ལ་མ་ཤོད་ཅིག་” ཅེས་ནན་གྱིས་བསྐུལ་ཡང༌།

31 མི་དེ་གཉིས་ཕྱི་རོལ་དུ་ཐོན་པ་དང༌། གཏམ་མང་པོ་བཤད་པས་ཁོང་གི་སྙན་གྲགས་ཡུལ་དེའི་གང་སར་ཁྱབ།

32 ལོང་བ་དེ་གཉིས་ཕར་ཕྱིན་རྗེས་མི་གཞན་པས་གདོན་འདྲེས་བཟུང་ནས་སྐད་ཆ་ཤོད་མི་ཐུབ་པའི་མི་ཞིག་ཁོང་གི་མདུན་དུ་ཁྲིད།

33 ཡེ་ཤུས་གདོན་འདྲེ་དེ་ཕྱིར་བསྐྲད་རྗེས་ལྐུགས་པ་དེས་སྐད་ཆ་བཤད་པས་མི་ཚོགས་ཡ་མཚན་ཆེན་པོ་སྐྱེས་ནས་ “ཡི་སི་ར་ཨེལ་ཡུལ་ལ་དེ་བཞིན་དུ་ནམ་ཡང་མ་མཐོང་” ཞེས་སྨྲས།

34 འོན་ཀྱང་ཕཱ་རུ་ཤི་པ་རྣམས་ཀྱིས་ “བདུད་ཀྱི་རྒྱལ་པོ་ལ་བརྟེན་ནས་ཁོས་གདོན་འདྲེ་སྐྲོད་” ཅེས་སྨྲས།

ལས་ཀ་བྱེད་མཁན་ཉུང་བའི་སྐོར།

35 དེ་ནས་ཡེ་ཤུ་གྲོང་ཁྱེར་དང་གྲོང་གསེབ་ཐམས་ཅད་བརྒྱུད་ནས་ཕེབས་ཏེ། ཁོ་ཚོའི་འདུ་ཁང་རྣམས་ལ་ཆོས་བསྟན་པ་དང༌། དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་བསྒྲགས་པ། ནད་རིགས་ཀུན་སེལ་བར་མཛད།

36 མི་ཚོགས་མང་པོ་ནི་རྫི་བོ་མེད་པའི་ལུག་དང་འདྲ་བར་རོགས་མེད་པ་དང་སྡུག་ཕོག་ཡོད་པར་གཟིགས་པས། ཁོང་གི་ཐུགས་ལ་སྙིང་རྗེ་འཁྲུངས།

37 ཉེ་གནས་རྣམས་ལ་ “སྟོན་ཐོག་རྔ་རྒྱུ་མང་པོ་ཡོད་ཀྱང་ལས་ཀ་བྱེད་མཁན་མང་པོ་མེད་པས།

38 ལོ་ཏོག་གི་བདག་པོར་སྟོན་ཐོག་སྡུད་མཁན་རྣམས་རང་གི་ས་ཞིང་ལ་གཏོང་བར་ཞུས་ཤིག་” ཅེས་གསུངས་སོ།།

མད་ཐཱ། (10) – Matthew (10)

1 ཡེ་ཤུས་ཉེ་གནས་བཅུ་གཉིས་པོ་བོས་ནས་ཁོ་ཚོར་གདོན་འདྲེ་མི་གཙང་བ་སྐྲོད་པ་དང༌། ནད་རིགས་ཀུན་སེལ་བའི་དབང་ཆ་གནང༌།

2 སྐུ་ཚབ་བཅུ་གཉིས་པོའི་མིང་ནི། དང་པོ་སི་མོན་མིང་གཞན་པེ་ཏྲོ་ཡང་ཟེར་བ་དང༌། ཁོའི་གཅུང་པོ་ཨན་དྲི་ཡཱ། ཟེ་བད་ཡཱ་ཞེས་ཟེར་བའི་བུ་ཡ་ཀོབ་དང༌། ཁོའི་གཅུང་པོ་ཡོ་ཧ་ནན།

3 ཕི་ལིབ་དང༌། པར་ཐོ་ལོ་མཱ་དང༌། ཐོ་མཱ། ཁྲལ་སྡུད་མཁན་མད་ཐཱ། ཨལ་ཕཱ་ཞེས་པ་དེའི་བུ་ཡ་ཀོབ་དང༌། ཐཱ་ཨད་དེ་ཨ་སི།

4 རྒྱལ་གཅེས་པའི་ཕྱོགས་ཁག་གི་ཁོངས་མི་སི་མོན་དང༌། ཡེ་ཤུ་ལ་རྒྱབ་གཏོད་བྱེད་མཁན་ཡུ་དཱ་དབྱི་སི་ཀར་རེ་བཅས་ཡིན་ནོ།།

5 ཡེ་ཤུས་བཀའ་འདི་ལྟར་གནང་བའི་རྗེས་སུ་བཅུ་གཉིས་པོ་དེ་ཕྱི་རུ་མངགས་ཏེ་ “ཡ་ཧུ་དཱ་པ་མིན་པའི་དཀྱིལ་ལའམ། ས་མར་ཡཱ་ཡུལ་གྱི་གྲོང་ཁྱེར་གང་ཞིག་ལ་མི་འགྲོ་བར།

6 ཡི་སི་ར་ཨེལ་གྱི་ཁྱིམ་གྱི་ལུག་བརླག་པ་རྣམས་ཀྱི་རྩ་ལ་སོང༌།

7 ལམ་བར་དུ་དཀོན་མཆོག་གི་རྒྱལ་སྲིད་འཐོན་ལ་ཉེ་བར་སླེབས་སོ་ཞེས་འཆད་དེ་འཕྲིན་བཟང་ཁྱབ་བསྒྲགས་བྱེད།

8 ནད་པ་གསོ་བར་བྱེད། གཤིན་པོ་རྣམས་སླར་གསོན་པར་བྱེད། མཛེ་ནད་ཅན་གཙང་བར་བྱེད། གདོན་འདྲེ་རྣམས་སྐྲོད། ཁྱེད་ཚོར་རིན་མེད་པར་ཐོབ་པས། རིན་མེད་པར་སྟེར།

9 ཁྱེད་ཀྱི་སྐེ་རགས་ལ་གསེར་རམ། དངུལ། ཟངས་མ་འཁྱེར་ཞིག

10 ཡང་ལམ་གྱི་ཕྱིར་ཁུག་མའམ། ཕྱི་གོས་འཐོལ་པ། ལྷམ། དབྱུག་པ་མ་འཁུར། གང་ཡིན་ཞེ་ན། ལས་བྱེད་མཁན་ལ་ཟས་འཐོབ་པར་འོས་སོ།

11 ཁྱེད་ཚོ་གྲོང་ཁྱེར་རམ། གྲོང་གསེབ་གང་དུ་ཞུགས་ནའང༌། དེའི་ནང་ཁྱིམ་ཚང་འོས་པ་ཞིག་བཙལ་ནས། གྲོང་ཚོ་དེ་ནས་ཁ་མ་བྲལ་བར་དུ་དེར་སྡོད།

12 ཁྱིམ་ཚང་དེར་འཛུལ་སྐབས་དེའི་ནང་མི་རྣམས་ལ་འཚམས་འདྲི་ཞུས།

13 ཁོ་ཚོ་འོས་པ་ཡིན་ན་ཁྱེད་ཀྱི་ཞི་བདེ་ཁོ་རྣམས་ལ་འབབ་པར་བྱེད། འོས་པ་མིན་ན་ཞི་བདེ་དེ་ཁྱེད་ལ་ཕྱིར་ལོག་ཡོང་དུ་འཇུག

14 སུ་ཞིག་གིས་ཁྱེད་ཚོར་གནས་ཚང་མི་གཏོང་ཞིང་ཁྱོད་ཚོས་ཆོས་བསྒྲགས་པ་ལའང་མི་མཉན་ན། ཁྱེད་ཚོ་ཁྱིམ་ཚང་ངམ་གྲོང་ཁྱེར་དེ་ནས་འཐོན་པའི་སྐབས་སུ། ཁོ་རྣམས་ལ་དོན་དེར་འགན་ཁུར་དགོས་པར་བདེན་དཔང་བྱེད་པའི་ཆེད་དུ་རྐང་པའི་ཐོག་གི་ས་རྡུལ་སྤྲུགས་ཤིག

15 ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། ཁྲིམས་གཅོད་པའི་ཉིན་མོར་གྲོང་ཁྱེར་དེའི་ཉེས་ཆད་སཱ་དོམ་དང་གྷོ་མོ་ར་གྲོང་ཁྱེར་ལས་ལྗིད་བ་འཕོག་པར་འགྱུར།

16 ཉོན་ཞིག ངས་སྤྱང་ཀིའི་ཁྲོད་དུ་ལུ་གུ་ལྟར་ཁྱེད་ཚོ་མངག་པས། ཁྱེད་ཚོ་སྦྲུལ་ལྟར་མགོ་གྲུང་པོ་དང༌། ཕུག་རོན་ལྟར་གནོད་མེད་པར་འགྱུར་དགོས།

17 མི་རྣམས་ལ་དོགས་ཟོན་གྱིས་ཤིག ཁོ་ཚོས་ཁྱེད་ཚོ་ཁྲིམས་ར་ལ་གཏོད་ཅིང༌། ཡ་ཧུ་དཱ་པའི་འདུ་ཁང་ལ་བརྡུང་ངེས་ཡིན།

18 ཁོ་ཚོ་དང་ཡ་ཧུ་དཱ་པ་མིན་པ་རྣམས་ལ་དཔང་པོ་བྱེད་པའི་ཕྱིར། ངའི་དོན་དུ་ཁྱེད་ཚོ་ས་གནས་དཔོན་པོ་དང་རྒྱལ་པོ་རྣམས་ཀྱི་དྲུང་དུ་འཁྲིད་པར་འགྱུར།

19 ཁོ་ཚོས་ཁྱེད་རྣམས་གཏོད་པའི་སྐབས་སུ། ཁྱེད་ཚོས་གང་ཟེར་རམ་ཇི་ལྟར་ཟེར་དགོས་པ་དེར་སེམས་ཁྲལ་མ་བྱེད། གང་ལགས་ཤེ་ན། དེའི་དུས་སུ་ཁྱེད་ཚོས་གང་ཟེར་དགོས་པ་ནི་ཁྱེད་རྣམས་ལ་གནང་བར་འགྱུར།

20 རྒྱུ་མཚན་ནི་གསུང་མཁན་ཁྱེད་ཚོ་མ་ཡིན་ཏེ། ཁྱེད་ཀྱི་ཡབ་ཀྱི་དམ་པའི་ཐུགས་ཉིད་ཁྱེད་ཚོའི་ནང་དུ་བཞུགས་པ་དེ་ཡིན་ནོ།

21 གཅེན་གཅུང་གིས་གཅེན་གཅུང་དང༌། ཨ་ཕས་རང་གི་བུ་ཡང་གསོད་པའི་ཕྱིར་གཏད་པར་འགྱུར། ཕྲུ་གུ་རྣམས་ཀྱིས་ཀྱང་ཕ་མ་དགྲ་རུ་བཟུང་སྟེ་གསོད་དུ་འཇུག་པར་འགྱུར།

22 ཡང་ངའི་མིང་གི་དོན་དུ་མི་ཐམས་ཅད་ཀྱིས་ཁྱེད་ཚོ་ལ་སྡང་བར་བྱ། འོན་ཀྱང་ཚེའི་མཐའ་མཇུག་བར་དུ་བཟོད་པ་སྒོམ་མི་དེ་ལ་ཐར་པ་འཐོབ་ངེས་ཡིན་ནོ།

23 ཁོ་ཚོས་ཁྱེད་ཚོར་གྲོང་ཁྱེར་ཞིག་ལ་གནོད་པ་བྱེད་པའི་ཚེ་གྲོང་ཁྱེར་གཞན་ཞིག་ལ་བྲོས། ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། ཁྱེད་ཡི་སི་ར་ཨེལ་གྱི་གྲོང་ཁྱེར་ཐམས་ཅད་འཁོར་མ་ཚར་བའི་སྔོན་ལ་མིའི་རིགས་ཀྱི་བུ་འབྱོན་པར་འགྱུར།

24 ཉེ་གནས་རང་གི་སློབ་དཔོན་ལས་ཆེ་བ་མ་ཡིན་ཞིང༌། གཡོག་པོ་རང་གི་དཔོན་པོ་ལས་གལ་ཆེ་བ་མ་ཡིན།

25 ཉེ་གནས་རང་གི་སློབ་དཔོན་དང༌། གཡོག་པོ་རང་གི་དཔོན་པོ་དང་འདྲ་བ་ཡིན་ན་ཆོག ཁྱིམ་བདག་ལ་པེ་ཨིལ་བཟི་པད་ཅེས་ཟེར་ན། ནང་མི་རྣམས་ལ་དེ་ལས་ལྷག་པར་སྨད་ར་གཏོང་བར་བྱེད།

26 དེའི་ཕྱིར་ཁོ་ཚོར་མ་འཇིགས་ཤིག གང་ཡིན་ཟེར་ན། སྦས་པ་ཡིན་པ་ཐམས་ཅད་མངོན་པར་འགྱུར་བ་དང༌། གསང་བ་ཡིན་པ་ཐམས་ཅད་ཀྱང་ཤེས་པར་འགྱུར།

27 ངས་ཁྱེད་རྣམས་ལ་མུན་པར་གང་བཤད་པ་དེ་ཁྱེད་ཚོས་འོད་ཀྱི་ནང་དུ་འཆད་ཅིང༌། གང་ཤུབ་ཤུབ་ཏུ་ཐོས་པ་དེ་ཁྱེད་ཚོས་ཁང་པའི་ཐོག་ཁ་ནས་སྒྲོག་ཅིག

28 ལུས་གསོད་ཀྱང་སེམས་གསོད་མི་ཐུབ་པ་རྣམས་ལ་མ་འཇིགས་ཤིག ལུས་སེམས་གཉིས་པོ་དམྱལ་ཁམས་སུ་མེད་པར་མཛད་ཐུབ་མཁན་ཁོང་ལ་འཇིགས་ཤིག

29 ཁང་བྱིའུ་གཉིས་ཟངས་ཀྱི་སྒོར་མོ་གཅིག་ལ་མི་འཚོང་ངམ། འོན་ཀྱང་ཁྱེད་ཚོའི་ཡབ་དཀོན་མཆོག་གི་དགོངས་པ་ལྟར་མིན་ན་དེ་རྣམས་ལས་གཅིག་ཀྱང་ས་ལ་མི་ལྷུང༌།

30 ཁྱེད་ཀྱི་མགོའི་སྐྲ་ཐམས་ཅད་ཀྱང་གྲངས་ཀ་བཀྱོན་ཡོད་པས།

31 མ་འཇིགས་ཤིག ཁང་བྱིའུ་མང་པོ་ལས་ཁྱེད་ཚོ་རིན་ཐང་ཆེའོ།།

32 དེའི་ཕྱིར་སུས་ཀྱང་མི་གཞན་གྱི་མདུན་དུ་ང་ཁས་ལེན་ན། ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱི་མདུན་དུ་ངས་ཀྱང་མི་དེ་ཁས་ལེན་བྱེད་པར་བྱ།

33 འོན་ཀྱང་སུས་མི་གཞན་གྱི་མདུན་དུ་ང་ཁས་མི་ལེན་ན། ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱི་མདུན་དུ་ངས་ཀྱང་མི་དེ་ཁས་ལེན་བྱེད་པར་མི་བྱ།

34 ང་ནི་ས་ལ་ཞི་བདེ་སྐྱེལ་བར་ཡོང་བ་ཡིན་མ་སོམས་ཤིག ཞི་བདེ་སྐྱེལ་བར་མ་ཡོང་གིས། རལ་གྲི་སྐྱེལ་བར་ཡོང༌།

35 བུ་དང་ཕ་གཉིས་མ་དང་བུ་མོ་གཉིས།།

མནའ་མ་སྒྱུག་མོ་བཅས་ནི་ཕན་ཚུན་བར།།

ཁ་གཏད་འགྱུར་ཕྱིར་ང་ནི་འདི་གར་འོངས།།

36 མི་ཞིག་སོ་སོའི་དགྲ་བོ་གང་ཡིན་པ།།

དེ་ནི་སོ་སོའི་ནང་མིའི་ཁྲོད་དུ་ཡོང༌།།

37 ང་ལས་ཕའམ་མ་གཅེས་པར་བཟུང་ན་ང་ལ་མི་འོས་ཤིང༌། ང་ལས་བུའམ་བུ་མོ་གཅེས་པར་བཟུང་ན་ང་ལ་མི་འོས་སོ།

38 ཡང་སུ་ཞིག་གིས་རང་གི་རྒྱང་ཤིང་མ་འཁུར་བར་ང་ཡི་རྗེས་སུ་འབྲངས་ན། དེ་ང་ལ་མི་འོས་སོ།

39 སུ་ཡང་རང་གི་སྲོག་ལ་ཆགས་པ་དེ་བརླག་པར་འགྱུར། སུ་ཡང་ངའི་དོན་དུ་རང་གི་སྲོག་བཏང་ན་དེ་སྐྱོབ་པར་འགྱུར་རོ།།”

བྱ་དགའ་འཐོབ་པའི་སྐོར།

40 “སུས་ཀྱང་ཁྱེད་ཚོ་བསུས་ན་མི་དེས་ངའང་བསུ་ཞིང༌། ང་རང་བསུ་བའི་མི་དེས་ང་མངག་མཁན་ཡང་བསུ།

41 སུས་ཀྱང་ལུང་སྟོན་པ་ཡིན་པས་ལུང་སྟོན་པ་ཞིག་བསུས་ན་མི་དེར་ལུང་སྟོན་པའི་བྱ་དགའ་འཐོབ་ངེས་ཡིན་ཞིང༌། སུས་ཀྱང་དྲང་ལྡན་གྱི་མི་ཞིག་ཡིན་པས་དྲང་ལྡན་གྱི་མི་བསུས་ན་མི་དེར་དྲང་ལྡན་གྱི་མིའི་བྱ་དགའ་འཐོབ་ངེས་ཡིན།

42 ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། སུས་ཀྱང་ཉེ་གནས་ཡིན་པའི་ཆ་ནས་ཆུང་ངུ་འདིའི་ཁྲོད་ནས་མི་ཞིག་ལ་ཆུ་གྲང་མོ་ཕོར་པ་གང་སྟེར་མཁན་དེ་ལ་ཡང་བྱ་དགའ་བརླག་པར་མི་འགྱུར་རོ་” ཞེས་གསུངས་སོ།།

མད་ཐཱ། (11) – Matthew (11)

1 ཡེ་ཤུས་ཁོང་གི་ཉེ་གནས་བཅུ་གཉིས་པོ་ལ་སློབ་སྟོན་མཛད་ཟིན་རྗེས། ཁོ་ཚོའི་གྲོང་ཁྱེར་རྣམས་ལ་ཆོས་སྟོན་དང་འཕྲིན་སྒྲོག་པའི་ཕྱིར་ས་ཆ་དེ་ནས་ཕར་ཕེབས།

ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སྐོར་དྲིས་པ།

2 ཁྲུས་གསོལ་མཁན་ཡོ་ཧ་ནན་བཙོན་ཁང་ལ་ཡོད་དུས་མཱ་ཤི་ཀ་ཡིས་མཛད་པའི་བྱ་བའི་སྐོར་ཐོས་པས་ཁོའི་སློབ་མ་རྣམས་བཏང་སྟེ།

3 ཁོང་ལ་ “ཁྱེད་འབྱོན་པར་འགྱུར་ཞེས་བྱ་བ་དེ་ཡིན་ནམ། ཡང་ན་ང་ཚོ་གཞན་ཞིག་སྒུག་པར་བྱ་” ཞེས་དྲིས།

4 ལན་དུ་ཡེ་ཤུས་ “སོང་ལ། ཁྱེད་ཀྱིས་གང་ཐོས་པ་དང་མཐོང་བ་སྟེ།

5 ལོང་བས་མཐོང་བ། ཞ་བོ་འགྲོ་བ། མཛེ་ནད་ཅན་དག་པར་འགྱུར་བ། འོན་པས་ཐོས་པ། གཤིན་པོ་རྣམས་གསོན་པོར་ལངས་པར་འགྱུར་བ། དབུལ་ཕོངས་རྣམས་ལ་འཕྲིན་བཟང་སྒྲོག་པ་སོགས་ཡོ་ཧ་ནན་ལ་ཤོད་ཅིག

6 ངའི་རྐྱེན་གྱིས་དད་པ་མི་ཉམས་པ་ནི་བདེའོ་” ཞེས་གསུངས།

7 ཁོ་ཚོ་ཕར་སོང་དུས་ཡེ་ཤུས་མི་ཚོགས་ལ་ཡོ་ཧ་ནན་གྱི་སྐོར་འདི་ལྟར་གསུངས། “ཁྱེད་ཚོས་ཅི་ཞིག་ལྟ་རུ་དབེན་སྟོང་ལ་སོང༌། རླུང་གིས་གཡོ་བའི་འདམ་རྩྭ་ཞིག་ལྟ་རུ་སོང་ངམ།

8 འོ་ན་ཁྱེད་ཚོས་ཅི་ཞིག་ལྟ་རུ་སོང༌། མི་གོས་སྤུས་ལེགས་གྱོན་པ་ཞིག་ལ་ལྟ་རུ་སོང་ངམ། གོས་སྤུས་ལེགས་གྱོན་པ་རྣམས་ནི་རྒྱལ་པོའི་ཕོ་བྲང་ལ་སྡོད་མཁན་ཡིན།

9 ཁྱེད་ཚོས་ཅི་ཞིག་ལ་ལྟ་རུ་སོང༌། ལུང་སྟོན་པ་ཞིག་ལ་ལྟ་རུ་སོང་ངམ། དེ་ལགས་ཡིན། ངས་ཁྱེད་ཚོ་ལ་ཟེར་རྒྱུར། ལུང་སྟོན་པ་ལས་ལྷག་པ་ཞིག་ལ་ལྟ་རུ་སོང༌།

10 ཁོང་གི་སྐོར་ལ་དཀོན་མཆོག་གི་དམ་པའི་གསུང་རབ་ནང་དུ་འདི་ལྟར་གསུངས། ལྟོས་ཤིག

ང་ཡི་ཕོ་ཉ་ཁྱེད་ཀྱི་མདུན་དུ་གཏོང༌།།

དེ་ཡིས་ཁྱེད་ཀྱི་ལམ་ནི་བསལ་བར་བྱ།།

ཞེས་གསུངས།

11 ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། བུད་མེད་རྣམས་ལས་སྐྱེས་པའི་མི་ཐམས་ཅད་ཀྱི་ནང་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་ལས་ཆེ་བ་གཅིག་ཀྱང་མེད། འོན་ཀྱང་དཀོན་མཆོག་གི་རྒྱལ་སྲིད་ནང་ལ་མི་ཆུང་ཤོས་ཁོང་ལས་ཆེའོ།

12 ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་དུས་ནས་ད་ལྟ་བར་དཀོན་མཆོག་གི་རྒྱལ་སྲིད་ལ་རྒོལ་བའི་སྡུག་བསྔལ་མྱོང་བ་དང༌། རྒོལ་མཁན་རྣམས་ཀྱིས་བཙན་ཤེད་ཀྱིས་འཛིན།

13 རྒྱུ་མཚན་ནི་ལུང་སྟོན་པ་ཐམས་ཅད་དང༌། ཆོས་ཁྲིམས་ཀྱིས་ཡོ་ཧ་ནན་གྱི་དུས་བར་དུ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལུང་བསྟན་ཞིང༌།

14 ཁྱེད་ཚོས་དང་ལེན་བྱེད་པར་འདོད་ན། ཡོ་ཧ་ནན་ནི་འབྱུང་རྒྱུ་ཡིན་པའི་ཨེ་ལི་ཡཱ་དེ་ཡིན་ནོ།

15 རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག

16 ངས་གང་ཞིག་གིས་དུས་རབས་འདིའི་མི་རྣམས་ལ་སྡུར་བར་བྱ། དེ་ཚོ་ཁྲོམ་རར་སྡོད་པའི་ཕྲུ་གུ་རྣམས་ཀྱིས་རང་གི་གྲོགས་པོ་རྣམས་ལ་འབོད་དེ།

17 ཁྱོད་ཕྱིར་གླིང་བུ་བཏང་ན་ཡང༌།།

ཁྱོད་ཀྱིས་ཞབས་བྲོ་མ་བརྒྱབ་ལ།།

ཁྱོད་ཆེད་མྱ་ངན་གླུ་བླངས་ཀྱང༌།།

ཁྱོད་ཚོས་ངུ་བར་མ་བྱས་སོ།།

ཞེས་པ་དང་འདྲ་བ་ཡིན།

18 གང་ལགས་ཟེར་ན། ཡོ་ཧ་ནན་ཕེབས་དུས་ཟ་འཐུང་མི་བྱེད་པར་དེ་ཚོས་འདྲེ་ཞུགས་པ་ཞིག་ཡིན་ཞེས་སྨྲས།

19 མིའི་རིགས་ཀྱི་བུ་ཕེབས་དུས་ཟ་འཐུང་བྱེད་པར་དེ་ཚོས་ལྟོས་ཤིག ཁོ་ནི་ལྟོགས་རྔམ་ཅན་དང༌། ར་བཟི་ཅན། ཁྲལ་སྡུད་མཁན་དང་སྡིག་ཉེས་ཅན་གྱི་གྲོགས་པོ་ཞིག་ཡིན། འོན་ཀྱང་ཤེས་རབ་ནི་དེའི་བྱ་བ་ཡིས་ཡང་དག་པ་ཡིན་པར་ཁུངས་སྐྱེལ་ལོ་” ཞེས་གསུངས།

སྟོན་པ་ཡེ་ཤུས་གྲོང་མི་ལ་བཀའ་བཀྱོན་གནང་བ།

20 དེ་ནས་གྲོང་ཁྱེར་དེ་ཚོར་ཁོང་གིས་ངོ་མཚར་གྱི་མཛད་པ་མང་ཆེ་བ་མཛད་ཀྱང་སྤྱོད་པ་ངན་པ་སྤངས་ནས་སེམས་མི་སྒྱུར་བས། གྲོང་ཁྱེར་དེ་ཚོའི་མི་རྣམས་ལ་བཀའ་བཀྱོན་གནང་སྟེ་གསུངས་པ་

21 “གལ་ཏེ་གྲོང་ཁྱེར་ཐཱ་ཨེར་དང་ཚི་དོན་ལ་བྱུང་བའི་ངོ་མཚར་ཅན་གྱི་རྟགས་ཁྱོད་ཚོར་བྱུང་ཡོད་ན། དེ་ཚོ་སྔོན་ནས་སེམས་བསྒྱུར་བའི་རྟགས་སུ་ལུས་ལ་རྩྭ་རས་གྱོན་པ་དང་གོ་ཐལ་ཁྲོད་དུ་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་བ་ཡིན་པས། ཀྱེ་ཀོ་ར་ཟིན་དང་པེ་སད་དཱ་པ་རྣམས། ཁྱོད་ཚོར་ཆད་པ་ཕོག་པར་འགྱུར་ངེས་ཡིན།

22 ངས་ཁྱོད་ཚོར་ཟེར་རྒྱུར། ཁྲིམས་གཅོད་བྱེད་པའི་ཉིན་མོར་ཁྱོད་རྣམས་ལས་ཐཱ་ཨེར་དང་ཚི་དོན་གཉིས་ལ་བཟོད་པར་སླ་བར་འགྱུར་རོ།

23 ཀྱེ་ཀ་ཕར་ན་ཧུམ་པ་རྣམས། ཁྱོད་ཞིང་ཁམས་སུ་འཕག་པར་འགྱུར་བ་ཡིན་ནམ། མ་ཡིན། ཁྱོད་དམྱལ་བའི་གཏིང་སར་འབེབས་པར་འགྱུར། རྒྱུ་མཚན་ནི་ཁྱོད་ཚོའི་མདུན་དུ་མཛད་པའི་ངོ་མཚར་བའི་དོན་སཱ་དོམ་གྲོང་ཁྱེར་དུ་བྱུང་ན། དེ་ད་ལྟའི་བར་དུ་གནས་པར་འགྱུར་ངེས་ཡིན།

24 ངས་ཁྱོད་ཚོར་ཟེར་རྒྱུར། ཁྲིམས་གཅོད་བྱེད་པའི་ཉིན་མོར་ཁྱོད་རྣམས་ལས་སཱ་དོམ་ས་ཁུལ་ལ་བཟོད་པར་སླ་བར་འགྱུར་རོ་” ཞེས་གསུངས།

ངའི་སར་ཤོག་དང་ངལ་གསོ་འཐོབ།

25 དེའི་དུས་སུ་ཡེ་ཤུས་ “ཀྱེ་ཡབ་འཇིག་རྟེན་ཁམས་ཀྱི་བདག་པོ་ལགས། ཁྱེད་ཀྱིས་དོན་འདི་རྣམས་ཤེས་ཡོན་དང་ལྡན་པ་ཡིན་སྙམ་པའི་མི་རྣམས་ལ་སྦས་པ་གནང་ནས་ཕྲུ་གུ་ལྟ་བུའི་རྣམས་ལ་མངོན་པར་མཛད་པས་ཁྱེད་ལ་བསྟོད་པ་འབུལ་ལོ།

26 ཡབ་ལགས། དེ་ནི་ཁྱེད་ཀྱི་ཐུགས་རྗེ་དང་ལྡན་པའི་དགོངས་པ་ཡིན་པས་སོ།

27 ངའི་ཡབ་ཀྱིས་ང་ལ་ཡོད་དོ་ཅོག་གཏད་བྱུང༌། ཡབ་མ་གཏོགས་པར་སྲས་སུ་ཡིན་པ་སུས་ཀྱང་མི་ཤེས། སྲས་དང༌། སྲས་ཀྱིས་སྟོན་པར་འདོད་པའི་མི་མ་གཏོགས་པར། ཡབ་སུ་ཡིན་པ་སུས་ཀྱང་མི་ཤེས།

28 ཁྱེད་ཡིད་ཐང་ཆད་པ་དང་ཁུར་ཆེན་གྱིས་གནོན་པ་ཐམས་ཅད་ངའི་རྩར་ཤོག ངས་ཁྱེད་ལ་ངལ་གསོ་སྟེར་བར་བྱ།

29 ངའི་གཉའ་ཤིང་འཁུར་ཞིང༌། ང་ལས་ཤེས་པར་གྱིས། ང་ནི་སེམས་དུལ་ཞིང་སྙེམས་ཆུང་ཡིན་པས་ཁྱེད་ཚོའི་སེམས་ལ་ངལ་གསོ་འཐོབ་པར་འགྱུར།

30 རྒྱུ་མཚན་ནི་ངའི་གཉའ་ཤིང་འཇམ་ཞིང་ངའི་ཁུར་ཡང་ཡང་མོ་ཡིན་པས་སོ་” ཞེས་གསུངས་སོ།།

མད་ཐཱ། (12) – Matthew (12)

1 དེའི་དུས་སུ་ངལ་གསོ་བའི་ཉིན་མོ་ཞིག་ལ་ཡེ་ཤུ་ཞིང་ཁ་ཞིག་བརྒྱུད་ནས་ཕེབས་སྐབས། ཁོང་གི་ཉེ་གནས་རྣམས་ལྟོགས་པས་འབྲུ་ཡི་སྙེ་མ་བཏོགས་ཏེ་ཟ་བཞིན་ཡོད།

2 ཕཱ་རུ་ཤི་པས་དེ་མཐོང་ནས་ཁོང་ལ་ “ལྟོས་ཤིག ཁྱེད་ཀྱི་ཉེ་གནས་རྣམས་ཀྱིས་ངལ་གསོ་བའི་ཉིན་མོར་བྱེད་མི་ཆོག་པའི་ལས་བྱེད་བཞིན་ཡོད་” ཅེས་ཟེར།

3 ཁོང་གིས་ཁོ་ཚོར་ “རྒྱལ་པོ་དཱ་བིད་དང་ཁོང་གི་འཁོར་གཡོག་རྣམས་ཀྱིས་ལྟོགས་པའི་ཚེ་ཅི་ཞིག་བྱས་པ་དེ་ཡང་ཁྱེད་ཚོས་བཀླགས་མ་མྱོང་ངམ།

4 ཁོང་དཀོན་མཆོག་གི་མཆོད་ཁང་ལ་ཕེབས་ཏེ་དཀོན་མཆོག་གི་སྐུ་མདུན་གྱི་བག་ལེབ་བླངས་ནས་འཁོར་གཡོག་དང་མཉམ་དུ་བཟས། བཀའ་ཁྲིམས་ལྟར་ན་བག་ལེབ་དེ་ཡ་ཧུ་དཱ་པའི་བླ་མ་རྣམས་ལས་གཞན་སུས་ཀྱང་ཟ་མི་ཆོག

5 ཡང་ན་ངལ་གསོ་བའི་ཉིན་མོར་མཆོད་ཁང་གི་བླ་མ་རྣམས་ཀྱིས་ངལ་གསོ་བའི་ཁྲིམས་དང་འགལ་ཡང་སྐྱོན་མེད་པ་ཡིན་པར་ཁྱེད་ཚོས་ཆོས་ཁྲིམས་ཀྱི་མདོ་ལ་བཀླགས་མ་མྱོང་ངམ།

6 ངས་ཁྱེད་ཚོར་ཟེར་རྒྱུར། མཆོད་ཁང་ལས་ཆེ་བ་ཞིག་འདིར་ཡོད།

7 ང་ནི་མཆོད་པ་ལ་མི་དགའ་བར་སྙིང་རྗེའི་སེམས་ལ་དགའོ་ཞེས་གསུངས་པའི་དོན་རྟོགས་པ་ཡིན་ན། ཁྱེད་ཚོས་སྐྱོན་མེད་པ་རྣམས་ལ་སྐྱོན་འདོགས་བྱས་མེད་དོ།

8 གང་ཡིན་ཞེ་ན། མིའི་རིགས་ཀྱི་བུ་ནི་ངལ་གསོ་བའི་ཉིན་གྱི་གཙོ་བོ་ཡིན་པས་སོ་” ཞེས་གསུངས།

ངལ་གསོའི་ཉིན་མོར་ལག་འཁུམས་པ་བཅོས་པ།

9 ཡེ་ཤུ་ས་ཆ་དེ་ནས་ཐོན་ཏེ་ཡ་ཧུ་དཱ་པའི་འདུ་ཁང་ནང་དུ་ཕེབས།

10 ལག་པ་འཁུམས་པ་ཞིག་དེ་རུ་ཡོད་པས་ཁོ་ཚོས་ཡེ་ཤུ་ལ་སྐྱོན་འདོགས་བྱེད་པའི་ཕྱིར་ཁོང་ལ་ “ངལ་གསོ་བའི་ཉིན་མོར་ནད་བཅོས་ཆོག་གམ་” ཞེས་དྲིས་པ་དང༌།

11 ཁོང་གིས་ཁོ་ཚོར་ “ཁྱོད་ཚོའི་ནང་སུ་ཞིག་ལ་ལུག་གཅིག་ཡོད་པ་དེ་ངལ་གསོ་བའི་ཉིན་མོར་ས་དོང་ལ་ལྷུངས་ན་དེ་བཟུང་ནས་མི་འདོན་ནམ།

12 ལུག་གཅིག་ལས་མི་ནི་རིན་ཆེ་བས། ངལ་གསོ་བའི་ཉིན་མོར་ལས་བཟང་པོ་བྱེད་ཆོག་གོ་” ཞེས་གསུངས།

13 དེ་ནས་ཁོང་གིས་མི་དེར་ “ལག་པ་རྐྱོངས་ཤིག་” ཅེས་གསུངས་ཏེ། ཁོས་ལག་པ་བརྐྱངས་ཤིང་ནད་གསོས་པར་གྱུར་བས་ལག་པ་ཡ་གཅིག་དང་འདྲ་བར་གྱུར།

14 དེ་ནས་ཕཱ་རུ་ཤི་པ་རྣམས་ཕྱི་ལ་སོང་ནས་ཡེ་ཤུ་དགྲོང་རྒྱུའི་ངན་ཇུས་བྱས་ཀྱང༌།

15 ཁོང་གིས་དེའི་སྐོར་མཁྱེན་ནས་ས་ཆ་དེ་དང་ཁ་བྲལ། མི་མང་པོ་ཞིག་ཁོང་གི་རྗེས་སུ་འབྲངས། ཁོང་གིས་ནད་པ་ཐམས་ཅད་གསོས་པར་མཛད་ཅིང༌།

16 མི་དེ་ཚོ་ལ་ཁོང་མངོན་པར་མི་བྱེད་པའི་བཀའ་གནང༌།

17 འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡི་ལུང་བསྟན་སྒྲུབ་པའི་ཆེད་དུ་ཡིན། ཁོང་གིས།

18 ལྟོས་དང་ང་ཡིས་བདམས་པའི་ཞབས་ཕྱི་ནི།།

ང་ཡི་གཅེས་པར་འོས་ལ་སེམས་ནས་དགའ།།

ང་ཡིས་ཐུགས་ཉིད་ཁོང་ལ་སྤྲོད་པར་བྱ།།

ཁོང་གིས་ཕྱི་པ་རྣམས་ལ་ཞལ་ལྕེ་བསྒྲག །

19 རྩོད་པར་མི་བྱེད་ཟང་ཟིང་སྒྲ་ཡང་མེད།།

སྲང་ལམ་ནང་ན་ཁོང་གི་གསུང་མི་ཐོས།།

20 ཆག་ལ་ཁད་ཀྱི་འདམ་སྨྱུག་གཅོག་མི་མཛད།།

ནུབ་ལ་ཁད་ཀྱི་སྒྲོན་མེ་མི་གསོད་དེ།།

དྲང་བདེན་ཁྲིམས་དེ་མཐའ་མཇུག་རྒྱལ་བའི་བར།།

21 ཁོང་གི་མཚན་ལ་ཕྱི་པས་རེ་བ་བྱེད།།

ཅེས་གསུངས།

སྟོན་པ་ཡེ་ཤུ་དང་བདུད་པེ་ཨིལ་བཟི་པད།

22 དེའི་ཚེ་གདོན་འདྲེས་བཟུང་བས་སྐད་ཆ་ཤོད་མི་ཐུབ་པའི་ལོང་བ་ཞིག་ཡེ་ཤུའི་མདུན་དུ་འཁྲིད་པ་དང༌། ཁོང་གིས་ནད་བསལ་བར་མཛད་པས་མི་དེ་སྐད་ཆ་བཤད་ཐུབ་པ་དང་མཐོང་ཐུབ་པར་གྱུར།

23 མི་ཚོགས་ཡ་མཚན་ཆེན་པོ་སྐྱེས་ནས་ “མི་འདི་རྒྱལ་པོ་དཱ་བིད་ཀྱི་སྲས་ཡིན་སྲིད་དམ་” ཞེས་སྨྲས།

24 ཕཱ་རུ་ཤི་པ་རྣམས་ཀྱིས་དེ་ཐོས་ནས་ “བདུད་ཀྱི་རྒྱལ་པོ་པེ་ཨིལ་བཟི་པད་ལ་བརྟེན་ནས་ཁོས་གདོན་འདྲེ་སྐྲོད་” ཅེས་སྨྲས།

25 ཁོ་ཚོའི་བསམ་པ་མཁྱེན་ནས་ཡེ་ཤུས་ཁོ་ཚོར་ “རྒྱལ་ཁམས་ཤིག་གི་ནང་ལ་ནང་འཁྲུག་བྱུང་ན་འཇིག་པར་འགྱུར་ལ། གྲོང་ཁྱེར་རམ་ཁྱིམ་ཚང་ནང་ལའང་ནང་འཁྲུག་བྱུང་ན་མི་གནས།

26 གལ་ཏེ་བདུད་སཱ་ཏན་གྱིས་སཱ་ཏན་བསྐྲད་ན། རང་ལ་ནང་འཁྲུག་བསླངས་པས་ཁོའི་རྒྱལ་ཁམས་ཅི་ལྟར་གནས།

27 གལ་ཏེ་ངས་པེ་ཨིལ་བཟི་པད་ལ་བརྟེན་ནས་གདོན་འདྲེ་བསྐྲད་ན། ཁྱོད་རྣམས་ཀྱི་བུ་ཡིས་སུ་ལ་བརྟེན་ནས་གདོན་འདྲེ་སྐྲོད་དམ། དེའི་ཕྱིར་ཁོ་ཚོས་ཁྱོད་ཚོར་ཁྲིམས་གཏོང་བར་འགྱུར་ངེས་ཡིན།

28 འོན་ཀྱང་ངས་དཀོན་མཆོག་གི་ཐུགས་ཉིད་ལ་བརྟེན་ནས་གདོན་འདྲེ་བསྐྲད་ན། དཀོན་མཆོག་གི་རྒྱལ་སྲིད་ཁྱོད་ཚོའི་རྩར་སླེབས་ཡོད།

29 ཡང་ན་མི་སྟོབས་ཤུགས་ཆེན་པོ་ཞིག་སྔོན་ལ་མ་བཅིངས་པར་དེའི་ཁང་པར་འཛུལ་ནས་ཅ་ལག་ཇི་ལྟར་འཕྲོག་ཐུབ། ཁོ་བཅིངས་ནས་ཁོའི་ཁང་པའི་ཅ་ལག་འཕྲོག་ཡོང༌།

30 སུས་ཀྱང་ང་ཡི་ཕྱོགས་མི་བྱེད་པ་དེས་ང་ལ་རྒོལ་ཞིང༌། སུས་ཀྱང་ང་དང་མཉམ་དུ་མི་སྡུད་པ་ནི་གཏོར་མཁན་ཡིན།

31 དེའི་ཕྱིར་ངས་ཁྱེད་ཚོར་ཟེར་རྒྱུར། སྡིག་པ་དང་དཀོན་མཆོག་ལ་སྐུར་བ་འདེབས་པ་ཐམས་ཅད་སེལ་བར་འགྱུར། འོན་ཀྱང་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་སྐུར་བ་འདེབས་མཁན་དེའི་སྡིག་ཉེས་སེལ་བར་མི་འགྱུར།

32 མིའི་རིགས་ཀྱི་བུ་ལ་ངན་སྨྲས་བྱེད་མཁན་དེའི་སྡིག་ཉེས་སེལ་བར་འགྱུར། འོན་ཀྱང་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་ངན་སྨྲས་བྱེད་མཁན་དེའི་སྡིག་ཉེས་ནི་ད་ལྟ་དང་མ་འོངས་པའི་དུས་སུ་སེལ་བར་མི་འགྱུར།

33 འབྲས་བུ་ལས་ཤིང་སྡོང་གང་ཡིན་ཤེས་པས། ཤིང་སྡོང་དང་འབྲས་བུ་གཉིས་ཀ་བཟང་པོ་རྩིས། ཡང་ན་ཤིང་སྡོང་དང་འབྲས་བུ་གཉིས་ཀ་ངན་པ་རྩིས།

34 དུག་སྦྲུལ་གྱི་རིགས་ཁྱོད་ཚོ། སེམས་ནང་གང་ཁེངས་ཡོད་པ་དེ་ཁ་ཡིས་བརྗོད་པས། ཁྱོད་ཚོ་ངན་པ་ཡིན་ཏེ་བཟང་པོ་ཅི་ལྟར་སྨྲ།

35 མི་བཟང་པོ་ཞིག་གིས་སེམས་ཀྱི་མཛོད་བཟང་པོ་ནས་བཟང་པོ་འདོན་པ་དང༌། མི་ངན་པ་ཞིག་གིས་སེམས་ཀྱི་མཛོད་ངན་པ་ནས་ངན་པ་འདོན།

36 ངས་ཁྱེད་ཚོར་ཟེར་རྒྱུར། ཁྲིམས་གཅོད་ཀྱི་ཉིན་མོར་མི་ཚོས་སྨྲས་པའི་ཚིག་ངན་རེ་རེའི་དོན་ལ་དཀོན་མཆོག་ལ་རྩིས་འབུལ་ཞུ་དགོས།

37 གང་ལགས་ཟེར་ན། ཁྱོད་ཀྱིས་སྨྲས་པའི་ཚིག་གིས་ཁྱོད་ཡང་དག་པར་རྩིས་ཤིང༌། ཁྱོད་ཀྱིས་སྨྲས་པའི་ཚིག་གིས་ཁྱོད་ཁྲིམས་གཅོད་གཏོང་བར་འགྱུར་” ཞེས་གསུངས།

ངོ་མཚར་བའི་རྟགས་འདོད་པའི་མི་རྣམས།

38 དེ་ནས་ཆོས་ཁྲིམས་ལ་མཁས་པའི་མི་དང་ཕཱ་རུ་ཤི་པ་ཁ་ཤས་ཀྱིས་ཡེ་ཤུ་ལ་ “སྟོན་པ་ལགས། ཁྱེད་ལས་ངོ་མཚར་བའི་རྟགས་ཤིག་མཐོང་བར་འདོད་” ཅེས་ཟེར།

39 ལན་དུ་ཁོང་གིས་ “མི་རབས་འདི་ནི་ངན་པ་དང་ལོག་གཡེམ་ཅན་ཞིག་ཡིན་པས་ངོ་མཚར་བའི་རྟགས་ཤིག་མཐོང་བར་འདོད་ཀྱང༌། ལུང་སྟོན་པ་ཡོ་ནཱ་ཡི་རྟགས་མ་གཏོགས་པར་གཞན་ཅི་ཡང་སྟེར་བར་མི་འགྱུར།

40 ལུང་སྟོན་པ་ཡོ་ནཱ་ནི་ཉིན་གསུམ་དང་མཚན་གསུམ་ཉ་ཆེན་པོའི་གྲོད་ཁོག་ནང་ལ་བསྡད་པ་ལྟར། མིའི་རིགས་ཀྱི་བུ་ཡང་ཉིན་གསུམ་དང་མཚན་གསུམ་སའི་གཏིང་ལ་སྡོད་པར་འགྱུར།

41 ཁྲིམས་གཅོད་པའི་ཉིན་མོར་གྲོང་ཁྱེར་ནུ་ནེ་ཝཱ་ཡི་མི་རྣམས་ལངས་ནས་མི་རབས་འདིའི་མི་རྣམས་ལ་ཉེས་སྐྱོན་འདོན་པར་བྱ། གང་ལགས་ཤེ་ན། ལུང་སྟོན་པ་ཡོ་ནཱའི་གསུང་ཐོས་ནས་ཁོ་ཚོས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར། ལྟོས་ཤིག ད་ལྟ་ཡོ་ནཱ་ལས་ཆེ་བ་ཞིག་འདིར་ཡོད།

42 ཁྲིམས་གཅོད་པའི་ཉིན་མོར་ལྷོ་ཡུལ་གྱི་རྒྱལ་མོའང་ལངས་ནས་མི་རབས་འདིའི་མི་རྣམས་ལ་ཉེས་སྐྱོན་འདོན་པར་བྱ། གང་ཡིན་ཞེ་ན། རྒྱལ་པོ་སོ་ལོ་མོན་གྱི་ཤེས་རབ་ཐོས་པའི་ཕྱིར་ཁོ་མོ་ས་གཞིའི་མཐའ་ནས་ཡོང༌། ལྟོས་ཤིག ད་ལྟ་སོ་ལོ་མོན་ལས་ཆེ་བ་ཞིག་འདིར་ཡོད།

43 མི་ཞིག་ནས་གདོན་འདྲེ་མི་གཙང་བ་འཐོན་སྐབས། ཆུ་མེད་པའི་ས་བརྒྱུད་དེ་ཕྱིན་ནས་ངལ་གསོ་འཚོལ་ཡང་མ་རྙེད།

44 དེ་ནས་དེས་ང་ཐོན་པའི་ཁང་པ་དེ་ལ་ཕྱིར་ལོག་ཅེས་ཟེར། དེར་སླེབས་དུས་སྟོང་ཞིང་གད་བརྒྱབ་ནས་གཙང་བ་དང་ལེགས་པར་བསྒྲིགས་ཡོད་པ་མཐོང༌།

45 སོང་ནས་དེ་ལས་ཀྱང་ངན་པ་གདོན་འདྲེ་བདུན་རང་དང་མཉམ་དུ་ཁྲིད་དེ་ཁང་པ་དེར་འཛུལ་ནས་བསྡད། མི་དེའི་གནས་ཚུལ་སྔ་མ་ལས་ཕྱི་མ་སྡུག་གོ དེ་བཞིན་དུ་མི་རབས་ངན་པ་འདི་ལ་ཡང་འབྱུང་བར་འགྱུར་རོ་” ཞེས་གསུངས།

སྟོན་པ་ཡེ་ཤུའི་ཡུམ་དང་སྐུ་མཆེད་ཀྱི་སྐོར།

46 ཁོང་གིས་མི་ཚོགས་ལ་གསུང་བཞིན་པའི་ཚེ། ཁོང་གི་ཡུམ་དང་གཅུང་པོ་རྣམས་ཁོང་ལ་གླེང་བར་འདོད་དེ་ཕྱི་ལོགས་ལ་ལངས་ནས་བཞུགས།

47 མི་ཞིག་གིས་ཁོང་ལ་ “གཟིགས་དང༌། ཁྱེད་ཀྱི་ཡུམ་དང་སྐུ་མཆེད་ཕྱི་ལོགས་ལ་ལངས་ནས་ཁྱེད་རང་ལ་གླེང་བར་འདོད་དེ་བཞུགས་འདུག་” ཅེས་སྨྲས། 48 ཁོང་གིས་དེ་སྨྲས་པའི་མི་ལ་ལན་དུ་ “ངའི་མ་དང་ངའི་སྤུན་ནི་སུ་ཡིན་” ཞེས་གསུངས་ནས།

49 ཁོང་གི་ཉེ་གནས་རྣམས་ཀྱི་ཕྱོགས་སུ་ཕྱག་བརྐྱངས་ཏེ་ “ལྟོས་དང༌། ངའི་མ་དང་ངའི་སྤུན་ཟླ་ནི་མི་འདི་ཚོ་ཡིན།

50 གང་ལགས་ཟེར་ན། དཀོན་མཆོག་གི་ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱི་དགོངས་པ་བཞིན་དུ་བྱེད་མཁན་ནི་ངའི་སྤུན་དང་སྲིང་མོ། མ་ཡིན་ནོ་” ཞེས་གསུངས་སོ།།

མད་ཐཱ། (13) – Matthew (13)

1 ཉིན་དེར་ཡེ་ཤུ་ཁང་པ་ནས་ཕེབས་ཏེ་མཚོའི་འགྲམ་དུ་བཞུགས།

2 མི་ཚོགས་ཆེན་པོ་ཞིག་ཁོང་གི་དྲུང་དུ་འཛོམས་པས་ཁོང་གྲུ་ཞིག་གི་ནང་དུ་བཞུགས་པ་དང༌། མི་ཚོགས་ཆ་ཚང་མཚོ་འགྲམ་ལ་བསྡད།

3 ཁོང་གིས་དཔེའི་སྒོ་ནས་ཆོས་མང་པོ་གསུངས་ཏེ་ཁོ་ཚོར་ “ཉོན་དང༌། ས་བོན་འདེབས་མཁན་ཞིག་ས་བོན་འདེབས་པར་ཕྱིན།

4 ས་བོན་གཏོར་བའི་སྐབས་སུ། ས་བོན་ཁ་ཤས་ལམ་ཁར་འཐོར་བ་བྱ་འོངས་ནས་བཟས་པ་དང༌།

5 ཁ་ཤས་ནི་ས་མང་པོ་མེད་པའི་བྲག་གི་སྟེང་ལ་འཐོར་ཞིང་སའི་གཏིང་རིང་པོ་མེད་པས་ཡར་སྐྱེས་པ་མགྱོགས་ཀྱང༌།

6 ཉི་མ་ཤར་ནས་ཚིག་སྟེ་རྩ་བ་གཏིང་རིང་པོ་མེད་པས་བསྐམས།

7 ས་བོན་ཁ་ཤས་ཚེར་མའི་ནང་དུ་འཐོར་ཞིང་ཚེར་མ་སྐྱེས་ནས་སྒྲིབ་པས་ས་བོན་ཡར་མ་སྐྱེས།

8 ཡང་ས་བོན་ཁ་ཤས་ས་རྒྱུ་བཟང་པོའི་ནང་དུ་ཟགས་ནས་ཆེར་སྐྱེས་ཤིང་འབྲས་བུ་སྨིན་ཏེ། འབྲས་བུ་ཁ་ཤས་ལྡབ་བརྒྱ་དང༌། ཁ་ཤས་ལྡབ་དྲུག་ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན།

9 རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག་” ཅེས་གསུངས།

དཔེ་སྤྱོད་པའི་དམིགས་ཡུལ།

10 ཉེ་གནས་རྣམས་ཁོང་གི་དྲུང་དུ་འོངས་ནས་ཁོང་ལ་ “ཁྱེད་ཀྱིས་ཁོ་ཚོར་དཔེའི་སྒོ་ནས་ཅིའི་ཕྱིར་གསུངས་” ཞེས་བཤད།

11 ལན་དུ་ཁོང་གིས་ “དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་ཤེས་པ་དེ་ཁྱེད་ཚོ་ལ་གནང་བ་ཡིན། འོན་ཀྱང་ཁོ་ཚོ་ལ་གནང་བ་མ་ཡིན།

12 མི་སུ་ཞིག་ཐོས་པ་དང་རྟོགས་པ་འདོད་པ་དེ་ལ་སྟེར་བར་འགྱུར་ཞིང༌། ལྷག་པ་ཡོད་པར་འགྱུར། འོན་ཀྱང་རྟོགས་པ་མི་འདོད་པ་དེ་ལས་རྟོགས་པ་གང་ཡོད་པ་དེ་ཡང་ལེན་པར་འགྱུར་རོ།

13 དེའི་ཕྱིར་ངས་ཁོ་ཚོར་དཔེའི་སྒོ་ནས་སྨྲ། དེ་ནི་ཁོ་ཚོས་མཐོང་ཡང་མི་མཐོང་ཞིང༌། ཐོས་ཡང་མི་ཐོས་ཏེ་ཧ་མི་གོ་བའི་ཆེད་དུ་ཡིན།

14 ལུང་སྟོན་པ་ཡེ་ཤ་ཡཱ་ཡི་ལུང་བསྟན་ཁོ་རྣམས་ལ་སྒྲུབ་སྟེ།

ཁྱོད་ཚོས་གོ་ཡང་གསལ་བར་མི་ཤེས་ལ།།

མཐོང་ཡང་དེ་དོན་རྟོགས་པར་མི་འགྱུར་རོ།།

15 མི་རིགས་འདིའི་སེམས་གྱོང་པོར་གྱུར་བས་སོ།།

རྣ་བ་ལྗིད་ཅིང་མིག་ཡང་བཙུམས་པས་ན།།

མིག་གིས་མ་མཐོང་རྣ་བས་མི་ཐོས་ཤིང༌།།

བློ་ཡིས་མི་རྟོགས་དེ་མིན་སེམས་བསྒྱུར་ནས།།

ང་ཡིས་དེ་ཚོ་གསོ་ཞིང་སྐྱོབ་པར་བྱེད།།

ཅེས་གསུངས།

16 འོན་ཀྱང་ཁྱེད་ཚོའི་མིག་གིས་མཐོང་བས་བདེ་ཞིང༌། ཁྱེད་ཚོའི་རྣ་བས་ཐོས་པས་བདེའོ།

17 ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར། ཁྱེད་ཀྱིས་གང་མཐོང་བ་དང་ཐོས་པ་ནི་ལུང་སྟོན་པ་དང་དྲང་ལྡན་པ་མང་པོས་དེ་མཐོང་བ་དང་ཐོས་པ་འདོད་ཀྱང་མ་མྱོང༌།”

དཔེའི་ནང་དོན་གསུངས་པ།

18 “འོ་ན་ས་བོན་འདེབས་མཁན་གྱི་དཔེ་ལ་ཉོན་དང༌།

19 མི་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་བསྟན་པ་ཐོས་ནས་ཧ་མི་གོ་ན། བདུད་ཡོང་ནས་ཁོའི་སེམས་ལ་བཏབ་པའི་ས་བོན་ཕྲོགས་ནས་ཕར་འཁྱེར། འདི་ནི་ལམ་ཁར་འཐོར་བ་དེ་ཡིན།

20 ས་བོན་བྲག་ཡོད་པའི་ས་ལ་འཐོར་བ་ནི་དཀོན་མཆོག་གི་བཀའ་དེ་ཐོས་མ་ཐག་སེམས་དགའ་བའི་ངང་ནས་དང་ལེན་བྱེད་མཁན་ཡིན།

21 འོན་ཀྱང་རང་གི་སེམས་ནང་ལ་རྩ་བ་གཏིང་རིང་པོ་ཚུགས་མེད་པས་དུས་ཐུང་ངུ་ལ་གནས་ཀྱང་བཀའ་དེའི་དོན་དུ་སྡུག་བསྔལ་དང་གནོད་འཚེ་འབྱུང་མ་ཐག་ཏུ་ཁོའི་དད་པ་ལོག་པར་འགྱུར།

22 ཡང་ས་བོན་ཚེར་མའི་ནང་དུ་འཐོར་བ་ནི་དཀོན་མཆོག་གི་བཀའ་ཐོས་ཀྱང༌། འཚོ་བའི་སྐོར་གྱི་སེམས་ཁྲལ་དང་རྒྱུ་ནོར་གྱི་བསླུ་བྲིད་ཀྱིས་བཀའ་མནན་ནས་འབྲས་བུ་སྐྱེ་མི་ཐུབ་པ་དེ་ཡིན།

23 ས་བོན་ས་རྒྱུ་བཟང་པོ་ལ་འཐོར་བ་ནི་དཀོན་མཆོག་གི་བཀའ་ཐོས་ནས་རྟོགས་པའི་མི་དེ་ཡིན། འབྲས་བུ་སྨིན་ཏེ། འབྲས་བུ་ཁ་ཤས་ལྡབ་བརྒྱ་དང༌། ཁ་ཤས་ལྡབ་དྲུག་ཅུ། ཁ་ཤས་ལྡབ་སུམ་ཅུ་བཅས་སྨིན་” ཞེས་གསུངས།

རྩྭ་ངན་གྱི་དཔེ།

24 དཔེ་གཞན་ཞིག་ཁོ་ཚོར་བསྟན་ཏེ་ “དཀོན་མཆོག་གི་རྒྱལ་སྲིད་ནི་རང་གི་ཞིང་ཁར་ས་བོན་བཟང་པོ་འདེབས་མཁན་དང་འདྲ་བ་ཡིན།

25 འོན་ཀྱང་མི་རྣམས་གཉིད་ཁུག་དུས་ཁོའི་དགྲ་བོ་ཡོང་ནས་གྲོའི་ཁྲོད་དུ་རྩྭ་ངན་བཏབ་ནས་ཕར་སོང༌།

26 གྲོའི་མྱུ་གུ་ཐོན་ནས་འབྲས་བུ་སྨིན་སྐབས། རྩྭ་ངན་དེ་ཡང་མངོན།

27 ཞིང་བདག་གི་གཡོག་པོ་རྣམས་ཡོང་ནས་ཁོང་ལ། སྐུ་ཞབས་ལགས། ཁྱེད་ཀྱི་ཞིང་ཁར་ས་བོན་བཟང་པོ་མ་བཏབ་བམ། རྩྭ་ངན་འདི་ཚོ་གང་ནས་བྱུང་ཞེས་སྨྲས།

28 ལན་དུ་ཁོང་གིས་ཁོ་ཚོར་དགྲ་བོ་ཞིག་གིས་བྱས་པ་ཡིན་ཞེས་ཟེར། གཡོག་པོ་རྣམས་ཀྱིས་ཁོང་ལ། ང་ཚོ་ཕྱིན་ནས་རྩྭ་ངན་དགོག་པར་འདོད་དམ་ཞེས་སྨྲས།

29 བདག་པོས་དེ་ལྟར་མ་བྱེད་ཅིག གང་ཡིན་ཞེ་ན། གྲོ་དང་རྩྭ་ངན་གཉིས་ཀ་དགོག་ཉེན་ཡོད།

30 ལོག་ཏོག་མ་སྨིན་པའི་བར་དུ་དེ་གཉིས་མཉམ་དུ་སྐྱེ་རུ་ཆུག ཞིང་ཁ་རྔ་རན་པའི་དུས་སུ་ངས་རྔ་མཁན་རྣམས་ལ། སྔོན་ལ་རྩྭ་ངན་བསྒྲུགས་ནས་མེས་སྲེག་གཏོང་བའི་ཕྱིར་རྡོག་ཁྲེས་སུ་ཆིངས་ཤིག དེ་ནས་གྲོ་ངའི་བང་མཛོད་དུ་སྡུས་ཤིག་ཅེས་སྨྲ་བར་བྱ་” ཞེས་གསུངས།

ཡུངས་འབྲུའི་དཔེ།

31 ཡེ་ཤུས་དཔེ་གཞན་ཞིག་ཁོ་ཚོར་བསྟན་ཏེ་ “དཀོན་མཆོག་གི་རྒྱལ་སྲིད་ནི་ཞིང་ཁར་བཏབ་པའི་ཡུངས་འབྲུ་རྡོག་པོ་གཅིག་དང་འདྲ་སྟེ།

32 ས་བོན་ཐམས་ཅད་ལས་ཆུང་ཡང༌། ཆེར་སྐྱེས་དུས་སྡུམ་རའི་སྔོ་ཚོད་གཞན་རྣམས་ལས་ཆེ་བར་ཆགས་ཏེ་རྩི་ཤིང་དུ་གྱུར་ཞིང༌། བྱིའུ་རྣམས་ཡོང་ནས་དེའི་ཡལ་གར་ཚང་བཟོ་” ཞེས་གསུངས།

33 ཁོང་གིས་དཔེ་གཞན་ཞིག་ཁོ་ཚོར་བསྟན་ཏེ་ “དཀོན་མཆོག་གི་རྒྱལ་སྲིད་ནི་སྐྱུར་རྩི་དང་འདྲ་སྟེ། བུད་མེད་ཅིག་གིས་དེ་གྲོ་ཕྱེ་བྲེ་གསུམ་གྱི་ནང་ལ་བསྲེས་པ་དང༌། རྗེས་མ་ཕྱེ་ཐམས་ཅད་ལ་སྐྱུར་ལངས་” ཞེས་གསུངས།

34 ཡེ་ཤུས་དོན་དེ་ཐམས་ཅད་དཔེའི་སྒོ་ནས་མི་ཚོགས་ལ་གསུངས་ཏེ། དཔེ་མ་བསྟན་པར་ཁོ་ཚོར་ཅིའང་མ་གསུངས།

35 འདི་ནི་ལུང་སྟོན་པ་བརྒྱུད་ནས་གསུངས་པ་དེ་སྒྲུབ་པའི་ཆེད་དུ་ཡིན།

ང་ཡི་ཁ་ནས་དཔེ་སྤྱད་དེ།།

འཇིག་རྟེན་བཀོད་ནས་ད་བར་གྱི།།

སྦས་པའི་དོན་རྣམས་བསྟན་པར་བྱ།།

ཞེས་གསུངས།

རྩྭ་ངན་གྱི་དཔེའི་དོན་གསུངས་པ།

36 དེ་ནས་མི་ཚོགས་དང་ཁ་བྲལ་ཏེ་ཁོང་ཁང་པའི་ནང་ལ་ཕེབས། ཁོང་གི་ཉེ་གནས་རྣམས་ཁོང་གི་མདུན་དུ་འོངས་ནས་ “ཞིང་ཁའི་རྩྭ་ངན་གྱི་དཔེ་ང་ཚོར་གསལ་བཤད་མཛད་རོགས་གནང་” ཞེས་ཞུས།

37 ཁོང་གིས་ “ས་བོན་འདེབས་མཁན་ནི་མིའི་རིགས་ཀྱི་བུ་ཡིན།

38 ཞིང་ཁ་ནི་འཇིག་རྟེན་ཡིན། ས་བོན་བཟང་པོ་ནི་རྒྱལ་སྲིད་ཀྱི་བུ་རྣམས་ཡིན། རྩྭ་ངན་ནི་བདུད་ཀྱི་བུ་རྣམས་ཡིན།

39 རྩྭ་ངན་འདེབས་མཁན་ནི་བདུད་ཡིན་ཞིང༌། ལོ་ཏོག་གི་རྔ་བ་ནི་དུས་ཀྱི་མཐའ་མ་ཡིན། རྔ་མཁན་རྣམས་ནི་དཀོན་མཆོག་གི་ཕོ་ཉ་ཡིན།

40 རྩྭ་ངན་བསྒྲུགས་ནས་མེས་སྲེག་གཏོང་བ་བཞིན། དུས་ཀྱི་མཐའ་མ་ལ་ཡང་དེ་ལྟར་འབྱུང་བར་འགྱུར་ངེས་ཡིན།

41 མིའི་རིགས་ཀྱི་བུ་ཡིས་རང་གི་ཕོ་ཉ་མངགས་ཏེ་རང་གི་རྒྱལ་སྲིད་ཀྱི་ནང་ནས་ཁོ་ཚོས་སྡིག་པའི་རྒྱུ་དང་ངན་པ་བྱེད་མཁན་ཐམས་ཅད་བསྒྲུགས་ནས།

42 མེ་ལྕེ་དང་ལྡན་པའི་ཐབ་ལ་འཕེན་པར་འགྱུར། ས་ཆ་དེར་ངུ་ཞིང་སོ་ཁྲིག་ཁྲིག་བྱེད་པ་འབྱུང་བར་འགྱུར།

43 དེ་ནས་ཁོ་ཚོའི་ཡབ་ཀྱི་རྒྱལ་སྲིད་ལ་དྲང་ལྡན་པ་རྣམས་ནི་ཉི་མ་ལྟར་འཕྲོ་བར་འགྱུར། རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག”

གཏེར་དང་མུ་ཏིག་གི་དཔེ།

44 “དཀོན་མཆོག་གི་རྒྱལ་སྲིད་ནི་ཞིང་ཁར་སྦས་ཡོད་པའི་གཏེར་ཞིག་དང་འདྲ་བ་ཡིན། མི་ཞིག་གིས་གཏེར་དེ་རྙེད་ནས་ཡང་བསྐྱར་སྦས་པ་དང༌། དགའ་བའི་ངང་ནས་སོང་ཞིང༌། རང་ལ་ཡོད་པ་ཐམས་ཅད་བཙོངས་ནས་ཞིང་ཁ་དེ་ཉོས།

45 ཡང་དཀོན་མཆོག་གི་རྒྱལ་སྲིད་ནི་མུ་ཏིག་སྤུས་ལེགས་འཚོལ་བའི་ཚོང་དཔོན་ཞིག་དང་འདྲ་བ་ཡིན།

46 མུ་ཏིག་རིན་ཆེན་ཞིག་མཐོང་ནས་ཕར་ཕྱིན་ཞིང་རང་ལ་ཡོད་པ་ཐམས་ཅད་བཙོངས་ཏེ་ཉོས།”

དྲ་རྒྱའི་དཔེ།

47 “ཡང་དཀོན་མཆོག་གི་རྒྱལ་སྲིད་ནི་མཚོ་ནང་དུ་འཕེན་པའི་དྲ་རྒྱ་ཞིག་དང་འདྲ་བ་ཡིན། དེས་ཉ་རིགས་སྣ་ཚོགས་བསྡུས་ནས་

48 གང་སྟེ་མི་རྣམས་ཀྱིས་དྲ་རྒྱ་དེ་སྐམ་ས་ལ་དྲུད་ཅིང༌། ཉ་ལེགས་པོ་རྣམས་སྣོད་ལ་བཞག་ཅིང་ཉ་ཕན་མེད་རྣམས་དབྱུགས།

49 དུས་ཀྱི་མཐའ་མར་དེ་ལྟར་འབྱུང་བར་འགྱུར་ངེས་ཡིན། དཀོན་མཆོག་གི་ཕོ་ཉ་རྣམས་ཀྱིས་ངན་པ་རྣམས་དྲང་ལྡན་རྣམས་ཀྱི་ནང་ནས་དབྱེ་བ་འབྱེད་དེ།

50 མེ་ལྕེ་དང་ལྡན་པའི་ཐབ་ལ་འཕེན་པར་འགྱུར། ས་ཆ་དེར་ངུ་ཞིང་སོ་ཁྲིག་ཁྲིག་བྱེད་པ་འབྱུང་བར་འགྱུར།

51 ད་ཁྱེད་ཚོས་དོན་དེ་ཐམས་ཅད་ཧ་གོ་སོང་ངམ་” ཞེས་གསུངས་པས་ཁོ་ཚོས་ཁོང་ལ་ “ཧ་གོ་སོང་” ཞེས་སྨྲས།

52 ཁོང་གིས་ཁོ་རྣམས་ལ་

“ཆོས་ཁྲིམས་ལ་མཁས་པའི་མི་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཉེ་གནས་སུ་འགྱུར་མཁན་རེ་རེ་ནི་རང་གི་གཏེར་མཛོད་ནས་དངོས་པོ་གསར་པ་དང་རྙིང་པ་གཉིས་འདོན་པའི་ཁྱིམ་བདག་གཅིག་དང་འདྲ་བ་ཡིན་ནོ་” ཞེས་གསུངས།

སྟོན་པ་ཡེ་ཤུ་རྩིས་མེད་དུ་བཏང་བ།

53 དཔེ་དེ་རྣམས་བསྟན་ཚར་ནས་ཡེ་ཤུ་ས་ཆ་དེ་ནས་ཕར་ཕེབས།

54 རང་གི་ཕ་ཡུལ་དུ་བྱོན་ནས་ཁོང་གིས་ཡ་ཧུ་དཱ་པའི་འདུ་ཁང་ནང་ལ་ཆོས་གསུངས། ཁོང་ལ་ཉན་མཁན་རྣམས་ཧ་ལས་ཏེ་ “མི་འདི་ལ་འདི་ལྟ་བུའི་ཤེས་རབ་དང་ནུས་མཐུ་གང་ནས་བྱུང་བ་ཡིན།

55 ཁོ་ནི་ཤིང་བཟོ་བའི་བུ་མ་ཡིན་ནམ། ཁོའི་མ་མིར་ཡམ་ཟེར་མཁན་མ་ཡིན་ནམ། ཡང་ཁོའི་གཅུང་པོ་ཡ་ཀོབ་དང༌། ཡོ་སེབ། སི་མོན། ཡུ་དཱ་བཅས་མ་ཡིན་ནམ།

56 ཁོའི་སྲིང་མོ་རྣམས་ཀྱང་ཡུལ་འདིར་ང་ཚོ་དང་མཉམ་དུ་བསྡད་ཡོད་པ་མ་ཡིན་ནམ། འོ་ན་མི་འདི་ལ་དེ་ཐམས་ཅད་གང་ནས་བྱུང་བ་ཡིན་” ཞེས་ཟེར་བས།

57 ཁོ་ཚོས་ཁོང་རྩིས་མེད་བཏང་ངོ༌། འོན་ཀྱང་ཡེ་ཤུས་ཁོ་རྣམས་ལ་ “ལུང་སྟོན་པ་ལ་རང་ཡུལ་གྱི་མི་དང་གཉེན་ཉེ་ལ་མ་གཏོགས་པར་རྩིས་མེད་མི་འབྱུང་” ཞེས་གསུངས།

58 ཁོ་ཚོས་དད་པ་མ་བྱས་པས་ཁོང་གིས་ས་ཆ་དེར་ངོ་མཚར་གྱི་མཛད་པ་མང་པོ་མ་མཛད་དོ།།

མད་ཐཱ། (14) – Matthew (14)

1 དེའི་ཚེ་ས་གནས་དཔོན་པོ་ཧེ་རོ་དཱེ་ཡིས་ཡེ་ཤུའི་སྐོར་གྱི་གཏམ་ཐོས་ནས།

2 ཁོའི་གཡོག་པོ་རྣམས་ལ་ “མི་དེ་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་གཤིན་པོ་ནས་གསོན་པོར་ལངས་སུ་གྱུར་བ་དེ་ཡིན་པས། ཁོང་ལ་ནུས་མཐུ་འདི་ལྟར་ལྡན་” ཞེས་སྨྲས།

3-4 དེ་སྔོན་ཧེ་རོ་དཱེ་ཡིས་རང་གི་གཅུང་པོ་ཕི་ལིབ་ཀྱི་བཟའ་ཟླ་ཧེ་རོད་ཡཱ་ཟེར་བ་དེ་རང་གི་བཟའ་ཟླར་བླངས་པའི་རྐྱེན་གྱིས། ཡོ་ཧ་ནན་གྱིས་ཧེ་རོ་དཱེ་ལ་ “དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་ཁྱེད་ཀྱིས་རང་གི་གཅུང་པོའི་བཟའ་ཟླ་ལེན་མི་ཆོག་” ཅེས་གསུངས་པས། ཧེ་རོ་དཱེ་ཡིས་ཡོ་ཧ་ནན་བཟུང་སྟེ་བསྡམས་ནས་བཙོན་ཁང་ལ་བཅུག

5 ཧེ་རོ་དཱེ་ཡིས་ཡོ་ཧ་ནན་གསོད་པར་འདོད་ཀྱང༌། ཡུལ་མི་རྣམས་ཀྱིས་ཡོ་ཧ་ནན་ལུང་སྟོན་པར་རྩིས་པས་ཧེ་རོ་དཱེ་ཡིས་དེ་རྣམས་ལ་འཇིགས།

6 དེ་ནས་ཧེ་རོ་དཱེ་ཡི་སྐྱེ་སྐར་གྱི་ཉིན་མོར་ཧེ་རོད་ཡཱའི་བུ་མོས་ཧེ་རོ་དཱེ་དང་ཁོའི་མགྲོན་པོའི་མདུན་དུ་ཞབས་བྲོ་འཁྲབ་པས་ཧེ་རོ་དཱེ་དགའ་བར་གྱུར་བ་དང༌།

7 ཁོ་མོས་གང་ཞུས་པའང་སྟེར་བའི་མནའ་བསྐྱལ།

8 རང་གི་མ་ཡིས་བསྐུལ་བས་ཁོ་མོས་ “ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་བོ་སྡེར་མའི་ནང་དུ་བཞག་ནས་ང་ལ་གནང་བར་མཛོད་” ཅེས་ཟེར།

9 ཧེ་རོ་དཱེའི་སེམས་སྐྱོ་ནའང་མགྲོན་པོ་རྣམས་ཀྱི་མདུན་ལ་མནའ་བསྐྱལ་ཡོད་པའི་ཕྱིར་བཀའ་གཏང་སྟེ།

10 སྲུང་དམག་ཞིག་བཏང་ནས་བཙོན་ཁང་དུ་ཡོ་ཧ་ནན་གྱི་དབུ་བཅད།

11 དབུ་དེ་སྡེར་མའི་ནང་དུ་བཞག་ནས་ཁྱེར་ཡོང་སྟེ་བུ་མོ་ལ་བྱིན་པ་དང༌། ཁོ་མོས་རང་གི་ཨ་མ་ལ་སྤྲད།

12 ཡོ་ཧ་ནན་གྱི་སློབ་མ་རྣམས་ཡོང་སྟེ་ཁོང་གི་སྐུ་ཕུང་ཁུར་ནས་དུར་ཁང་དུ་བཞག་པ་དང༌། ཡེ་ཤུ་ལ་གཏམ་དེ་ཞུ་བའི་ཕྱིར་སོང༌།

མི་ལྔ་སྟོང་ཙམ་གྱི་བཀྲེས་ལྟོགས་སེལ་བ།

13 ཡེ་ཤུས་གཏམ་དེ་གསན་པས་གྲུ་ལ་བཞུགས་ནས་མི་གཞན་མེད་པའི་དབེན་གནས་ཤིག་ལ་ཕེབས། ཡུལ་མི་རྣམས་ཀྱིས་དེའི་སྐོར་ཐོས་པས་གྲོང་ཁྱེར་རྣམས་ནས་གོམ་པ་སྤོས་ཏེ་ཁོང་གི་རྗེས་སུ་འབྲངས།

14 ཁོང་གྲུ་ལས་བབས་དུས་མི་ཚོགས་མང་པོ་གཟིགས་པས། ཐུགས་བརྩེ་བའི་ངང་ནས་ཁོ་ཚོའི་ཁྲོད་ཀྱི་ནད་པའི་ནད་རྣམས་སེལ་བར་མཛད།

15 དགོང་མོ་ཆགས་དུས་ཉེ་གནས་རྣམས་ཁོང་གི་དྲུང་དུ་འོངས་ནས་ཁོང་ལ་ “ས་ཆ་འདི་དབེན་སྟོང་ཡིན་ཞིང་ཉི་མ་ཡང་ནུབ་ལ་ཉེ་བས། མི་ཚོགས་ཡུལ་སྡེ་རྣམས་ལ་རང་རང་གི་ཟས་ཉོ་རུ་དགོངས་པ་གནང་རོགས་” ཞེས་སྨྲས།

16 འོན་ཀྱང་དེའི་ལན་དུ་ཡེ་ཤུས་ “ཕར་འགྲོ་མི་དགོས། ཁྱེད་ཚོས་ཁོ་ཚོར་ཟས་སྟེར་ཞིག་” ཅེས་གསུངས།

17 ཁོ་ཚོས་ཁོང་ལ་ “ང་ཚོར་འདིར་བག་ལེབ་ལྔ་དང་ཉ་ཤ་གཉིས་ལས་མེད་” ཅེས་ཟེར།

18 ཁོང་གིས་ “དེ་ཚོ་ངའི་རྩར་འཁུར་ཤོག་” ཅེས་གསུངས་ནས།

19 ཁོང་གིས་མི་ཚོགས་ལ་རྩྭའི་སྟེང་ལ་སྡོད་དགོས་པའི་བཀའ་གནང་ཞིང༌། བག་ལེབ་ལྔ་དང་ཉ་ཤ་གཉིས་པོ་དེ་ཕྱག་ཏུ་བསྣམས་ཏེ་དཀོན་མཆོག་གི་ཞིང་ཁམས་ལ་ཡར་གཟིགས་ཤིང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་རྗེས། བག་ལེབ་དུམ་བུར་བཟོས་ནས་ཉེ་གནས་རྣམས་ལ་གནང་སྟེ་ཁོ་ཚོས་མི་ཚོགས་ལ་སྟེར།

20 མི་ཚང་མས་བཟས་ནས་འགྲངས་ཏེ། ཟས་ལྷག་བསྡུས་པའི་རྗེས་སུ་བག་ལེབ་ཆག་དུམ་གྱིས་སླེ་པོ་བཅུ་གཉིས་ཁེངས།

21 ཟས་ཟ་མཁན་བུད་མེད་དང་ཕྲུ་གུ་མ་བརྩིས་པར་སྐྱེས་པ་ལྔ་སྟོང་ཙམ་ཡོད་པ་ཡིན།

མཚོ་སྟེང་ལ་ཞབས་ཀྱིས་བཅགས་པ།

22 དེ་མ་ཐག་ཡེ་ཤུས་ཉེ་གནས་རྣམས་གྲུ་ལ་སྡོད་དུ་བཅུག་སྟེ། ཁོང་གི་སྔོན་དུ་མཚོའི་ཕ་རོལ་གྱི་ཕྱོགས་སུ་སོང་ཞིག་ཅེས་གསུངས་ནས་མི་ཚོགས་ཕར་བཏང་གནང་ངོ༌།

23 དེ་ལྟར་མཛད་པའི་རྗེས་སུ་སྨོན་ལམ་འདེབས་པའི་ཕྱིར་ཁོང་གཅིག་པུར་རི་ལ་ཡར་ཕེབས། ཉི་མ་ནུབ་པའི་དུས་སུ་དེར་ཁོང་གཅིག་པུ་ཡིན།

24 དེའི་སྐབས་གྲུ་ནི་སྐམ་ས་ནས་ཐག་རིང་ལ་སླེབས་ཡོད། ལྷགས་པ་གྲུའི་མདུན་ཕྱོགས་ནས་བརྒྱབ་པས་རྦ་རླབས་ཀྱིས་དཀྲུགས།

25 མཚན་མོ་ཐུན་བཞི་པ་ཙམ་ལ་ཁོང་མཚོའི་སྟེང་ལ་ཞབས་ཀྱིས་འཆག་སྟེ་ཁོ་ཚོའི་རྩར་ཕེབས།

26 དེ་མཐོང་བས་ཉེ་གནས་རྣམས་འཇིགས་ཤིང་སྐྲག་པར་གྱུར་ནས་ “གདོན་འདྲེ་ཞིག་འདུག་” ཅེས་འཇིགས་པས་སྐད་ཤོར་མ་ཐག

27 ཡེ་ཤུས་ཁོ་ཚོར་ “ཁྱེད་ཚོའི་སེམས་བདེ་བར་བྱོས། ང་རང་ཡིན་པས་འཇིགས་མི་དགོས་” ཞེས་གསུངས།

28 པེ་ཏྲོས་ཁོང་ལ་ “གཙོ་བོ་ལགས། ཁྱེད་རང་ཡིན་ན། ང་ལ་ཆུའི་སྟེང་དུ་ཁྱེད་ཀྱི་རྩར་ཡོང་དགོས་པའི་བཀའ་གནང་དང་” ཞེས་ཟེར་བས།

29 ཁོང་གིས་ “ཚུར་ཤོག་” ཅེས་གསུངས་པས་པེ་ཏྲོ་གྲུ་ནས་བབས་ཤིང༌། ཆུའི་སྟེང་ལ་གོམ་པ་བརྒྱབ་སྟེ་ཁོང་གི་རྩར་ཕྱིན།

30 འོན་ཀྱང་ལྷགས་པ་དྲག་པོ་རྒྱག་པ་མཐོང་བས་འཇིགས་ཏེ་ཆུའི་ནང་ལ་ནུབ་འགྲོ་བའི་ཚེ། ཁོས་སྐད་ཆེན་པོས་ “གཙོ་བོ་ལགས། ང་སྐྱོབ་རོགས་གནང་” ཞེས་ཞུས་མ་ཐག

31 ཡེ་ཤུས་རང་གི་ཕྱག་བརྐྱངས་ཏེ་ཁོ་བཟུང་ཞིང་ཁོ་ལ་ “དད་ཆུང་བ་ཁྱོད། ཅིའི་ཕྱིར་ཐེ་ཚོམ་བྱས་” ཞེས་གསུངས།

32 ཁོང་རྣམས་གྲུའི་ནང་ལ་ཞུགས་པའི་སྐབས་སུ་རླུང་འཇགས།

33 གྲུའི་ནང་ལ་ཡོད་པ་རྣམས་ཀྱིས་ཁོང་ལ་བསྙེན་བཀུར་ཞུས་ཏེ་ “ཁྱེད་རང་ནི་བདེན་པར་དཀོན་མཆོག་གི་སྲས་ཡིན་ནོ་” ཞེས་བཤད།

གན་ནེ་སཱ་རེལ་གྱི་ནད་པ།

34 ཁོང་རྣམས་མཚོ་བརྒལ་ནས་གན་ནེ་སཱ་རེལ་ཞེས་པའི་ས་ཆར་སླེབས།

35 དེར་ཡོད་པའི་མི་རྣམས་ཀྱིས་ཁོང་ངོ་ཤེས་རྗེས། མཐའ་སྐོར་གྱི་ཡུལ་ཐམས་ཅད་ལ་མི་བཏང་སྟེ་ནད་པ་ཚང་མ་ཁོང་གི་མདུན་དུ་ཁྲིད་ཅིང༌།

36 ཡེ་ཤུ་ལ་ཁོང་གི་ན་བཟའི་ཟུར་ཙམ་ལ་རེག་པར་གནང་དུ་གསོལ་ཞེས་ཞུ་བ་ཆེན་པོ་ཕུལ་བས། ཁོང་གི་ན་བཟའ་ལ་རེག་པའི་ནད་པ་ཐམས་ཅད་ནད་ལས་ཐར་བར་གྱུར་རོ།།

མད་ཐཱ། (15) – Matthew (15)

1 དེའི་ཚེ་ཕཱ་རུ་ཤི་པ་དང་ཡ་ཧུ་དཱ་པའི་ཆོས་ལ་མཁས་པའི་མི་ཁ་ཤས་རྒྱལ་ས་ཡེ་རུ་ཤ་ལེམ་ནས་འོངས་ཤིང་ཁོང་ལ་

2 “ཁྱེད་ཀྱི་ཉེ་གནས་རྣམས་ཀྱིས་ཁ་ལག་མ་ཟ་གོང་ལ་ལག་པ་མི་འཁྲུད་པར་རྒན་པོའི་ལུགས་སྲོལ་ལས་ཅིའི་ཕྱིར་རྒལ་” ཞེས་ཟེར།

3 ལན་དུ་ཁོང་གིས་ “ཁྱོད་ཚོས་རང་གི་ལུགས་སྲོལ་སྲུང་བའི་ཆེད་ཅིའི་ཕྱིར་དཀོན་མཆོག་གི་བཀའ་དང་འགལ་ལམ།

4 དཔེར་ན་དཀོན་མཆོག་གིས་རང་གི་ཕ་མ་གཉིས་ལ་བརྩི་བཀུར་གྱིས་ཞེས་དང༌། ཕ་མ་ལ་ཚིག་ངན་སྨྲ་མཁན་དེ་སྲོག་གཅོད་པར་འགྱུར་དགོས་ཞེས་གསུངས།

5 འོན་ཀྱང་ཁྱོད་ཚོས་སུ་ཞིག་གིས་རང་གི་ཕ་མ་ལ་ངས་ཁྱེད་ལ་ཕན་ཐོགས་ཆེད་སྤྲོད་པ་འདི་ནི་དཀོན་མཆོག་ལ་ཕུལ་ཟིན་ནོ་ཞེས་བཤད་ནས།

6 རང་གི་ཕ་ལ་བརྩི་བཀུར་བྱེད་མི་དགོས་པར་བཤད། དེའི་སྒོ་ནས་ཁྱོད་ཚོས་རང་གི་ལུགས་སྲོལ་སྲུང་བའི་ཕྱིར་དཀོན་མཆོག་གི་བཀའ་སྟོང་བར་བྱེད།

7 ཁ་བཤད་དོན་ལ་མི་གནས་པ་ཁྱོད་ཚོའི་སྐོར་ལ་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་ལེགས་པར་ལུང་བསྟན་ཏེ།

8 མི་རྒྱུད་འདི་ཡིས་ངག་ནས་ང་བཀུར་ཡང༌།།

ཁོ་ཚོའི་སེམས་ནི་ང་དང་ཡོངས་སུ་བྲལ།།

9 མི་ཡིས་བརྩམས་པའི་བསླབ་བྱ་རང་ལ་སྟོན།།

དེ་འདྲའི་བསྙེན་བཀུར་ང་ལ་བྱེད་དོན་མེད།།”

ཅེས་གསུངས།

10 དེ་ནས་ཡེ་ཤུས་མི་ཚོགས་རང་གི་མདུན་དུ་བོས་ནས་ཁོ་ཚོར་ “ཉོན་ཞིང་ཤེས་པར་གྱིས་ཤིག

11 ཕྱི་ནས་ཁའི་ནང་དུ་འགྲོ་བ་དེས་མི་མི་གཙང་བར་མི་བྱེད་དེ། མིའི་ཁ་ནས་ཕྱིར་གང་འཐོན་པ་དེས་མི་མི་གཙང་བར་བྱེད་” ཅེས་གསུངས།

12 ཉེ་གནས་རྣམས་ཁོང་གི་མདུན་དུ་ཡོང་ནས་ “ཁྱེད་ཀྱི་གསུང་དེ་ཐོས་ནས་ཕཱ་རུ་ཤི་པ་རྣམས་ལ་ཕོག་ཐུག་བྱུང་བ་མཁྱེན་ནམ་” ཞེས་སྨྲས།

13 ལན་དུ་ཁོང་གིས་ “ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱིས་མ་བཙུགས་པའི་རྩི་ཤིང་རེ་རེ་བཞིན་རྩ་བཀོག་གཏོང་བར་འགྱུར་ངེས་ཡིན།

14 ཁོ་རྣམས་ལ་དོ་སྣང་མ་བྱེད། ཁོ་ཚོ་ནི་ལོང་བས་ལོང་བ་རྣམས་འཁྲིད་མཁན་ཡིན། ལོང་བས་ལོང་བ་ཁྲིད་ན་གཉིས་ཀ་ས་དོང་ལ་ལྷུང་ཡོང་” ཞེས་གསུངས། 15 པེ་ཏྲོས་ཁོང་ལ་ “དཔེ་དེ་ང་ཚོར་གསལ་བཤད་མཛད་རོགས་གནང་” ཞེས་ཞུས།

16 ལན་དུ་ཡེ་ཤུས་ “ཁྱོད་ཚོས་ཀྱང་ད་དུང་མི་ཤེས་སམ།

17 ཕྱི་ནས་ཁའི་ནང་དུ་འགྲོ་བ་ཐམས་ཅད་ཕོ་བར་སོང་སྟེ་ལུས་ནས་ཕྱིར་འཐོན་པ་མི་ཤེས་སམ།

18 འོན་ཀྱང་མིའི་ཁ་ནས་གང་འཐོན་པ་སེམས་ནས་བྱུང་བས། མི་མི་གཙང་བར་བྱེད།

19 གང་ཡིན་ཟེར་ན། མི་རྣམས་ཀྱི་སེམས་ནང་ནས་བསམ་པ་ངན་པ་དང༌། མི་སྲོག་གཅོད་པ། ལོག་གཡེམ། འདོད་ལོག རྐུ་བ། རྫུན་དཔང༌། དམའ་འབེབས་གཏོང་བ་བཅས་འབྱུང་བའི་ཕྱིར་རོ།

20 དེ་ཚོས་མི་མི་གཙང་བར་བྱེད། ལག་པ་མ་ཁྲུས་པར་ཟས་ཟ་བ་དེས་མི་མི་གཙང་བར་མི་བྱེད་” ཅེས་གསུངས།

ཀ་ནཱན་བུད་མེད་ཀྱི་དད་སེམས།

21 ཡེ་ཤུ་ས་ཆ་དེ་ནས་ཁ་བྲལ་ཏེ་ཐཱ་ཨེར་དང་ཚི་དོན་གྲོང་ཁྱེར་གྱི་ས་ཁུལ་དུ་ཕེབས།

22 ས་ཁུལ་དེའི་བུད་མེད་ཀ་ནཱན་མ་ཞིག་ཡོང་ནས་སྐད་ཆེན་པོས་ “ཀྱེ་གཙོ་བོ་ལགས། རྒྱལ་པོ་དཱ་བིད་ཀྱི་སྲས། ང་ལ་ཐུགས་རྗེས་གཟིགས། ངའི་བུ་མོ་གདོན་འདྲེས་ཟིན་ནས་མནར་གཅོད་གཏོང་བཞིན་འདུག་” ཅེས་སྨྲས་ཀྱང༌།

23 ཁོང་གིས་ཅིའང་མ་གསུངས། ཁོང་གི་ཉེ་གནས་རྣམས་ཡོང་ནས་ཡེ་ཤུ་ལ་ “ཁོ་མོས་ང་ཚོ་སྐད་ཆེན་པོས་ཡང་ནས་ཡང་དུ་འབོད་པས་ཁོ་མོ་ཕར་གཏོང་ཞིག་” ཅེས་བསྐུལ།

24 ལན་དུ་ཁོང་གིས་ “ང་ནི་ཡི་སི་ར་ཨེལ་གྱི་ཁྱིམ་གྱི་ལུག་བརླགས་སོང་བ་རྣམས་འབའ་ཞིག་གི་རྩར་མངགས་པ་ཞིག་ཡིན་” ཞེས་གསུངས།

25 འོན་ཀྱང་ཁོ་མོ་ཡོང་ནས་ཁོང་གི་མདུན་དུ་པུས་མོ་སར་བཙུགས་ཏེ་ “གཙོ་བོ་ལགས། ང་ལ་ཕྱག་རོགས་གནང་” ཞེས་ཞུ་བ་ཕུལ་བས།

26 ལན་དུ་ཡེ་ཤུས་ “ཕྲུ་གུའི་བག་ལེབ་བླངས་ནས་ཁྱི་ལ་དབྱུགས་ན་མི་ལེགས་” ཞེས་གསུངས་ཀྱང༌།

27 ཁོ་མོས་ “ལགས་སོ། གཙོ་བོ་ལགས། འོན་ཀྱང་ཁྱི་རྣམས་ཀྱིས་ཀྱང་ཁྱིམ་བདག་གི་ལྕོག་ཙེ་ནས་ཟགས་པ་རྣམས་ལས་ཟའོ་” ཞེས་སྨྲས་པས།

28 ཁོང་གིས་ཁོ་མོར་ “ཀྱེ་བུད་མེད། ཁྱེད་ཀྱི་དད་པ་ཆེ་བས། ཁྱེད་ཀྱི་འདོད་པ་ལྟར་འབྱུང་བར་འགྱུར་” ཞེས་གསུངས་མ་ཐག ཁོ་མོའི་བུ་མོ་བདེ་བར་གྱུར།

ནད་པ་མང་པོའི་ནད་སེལ་བ།

29 ས་ཆ་དེ་ནས་ཁ་བྲལ་ཏེ་ཡེ་ཤུ་ག་ལིལ་མཚོ་འགྲམ་ལ་ཕེབས་ཤིང༌། རི་ལ་ཡར་ཕེབས་ནས་བཞུགས།

30 ཞ་བོ་དང༌། རྐང་ཀྱོག ལོང་བ། ལྐུགས་པ་ལ་སོགས་འཁྲིད་དེ་མི་ཚོགས་མང་པོ་ཁོང་གི་མདུན་དུ་ཡོང་ཞིང༌། ཁོ་རྣམས་ཁོང་གི་ཞབས་ཀྱི་རྩར་བཞག་ནས་ཁོང་གིས་གསོས་པར་མཛད།

31 མི་ཚོགས་ཀྱིས་ལྐུགས་པ་རྣམས་ཀྱིས་གཏམ་བྱེད་པ་དང༌། རྐང་ཀྱོག་རྣམས་གསོས་པ་དང༌། ཞ་བོ་རྣམས་གོམ་པ་སྤོ་བ། ལོང་བས་མཐོང་ནས་ལྟ་བས་ཡ་མཚན་དུ་གྱུར་ཞིང༌། ཡི་སི་ར་ཨེལ་གྱི་དཀོན་མཆོག་ལ་བསྟོད་པར་བྱས།

མི་བཞི་སྟོང་ཙམ་གྱི་བཀྲེས་ལྟོགས་སེལ་བ།

32 དེ་ནས་ཡེ་ཤུས་ཉེ་གནས་རང་གི་མདུན་དུ་བོས་ཏེ་ཁོ་ཚོར་ “མི་ཚོགས་འདི་ང་དང་མཉམ་དུ་བསྡད་ནས་ཉིན་ཞག་གསུམ་སོང་ཞིང༌། ད་ཆ་ཟས་ཅི་ཡང་མེད་པས་ཁོ་ཚོ་སྙིང་རྗེ་བར་འདུག ལམ་བར་དུ་བཀྲེས་ཤིང་ལྟོགས་ཏེ་དྲན་མེད་དུ་བརྒྱལ་བའི་ཉེན་ཡོད་པས་ཁ་སྟོང་པར་ལོག་གཏོང་མི་འདོད་” ཅེས་གསུངས།

33 ཉེ་གནས་རྣམས་ཀྱིས་ཁོང་ལ་ “མི་ཚོགས་མང་པོ་འདི་འགྲང་བར་བྱེད་པའི་བག་ལེབ་མང་པོ་འདི་འདྲ་དབེན་སྟོང་འདི་རུ་ག་ནས་རྙེད་ཐུབ་བམ་” ཞེས་བཤད་པས།

34 ཡེ་ཤུས་ཁོ་རྣམས་ལ་ “ཁྱེད་ཚོར་བག་ལེབ་ཇི་ཙམ་ཡོད་” ཅེས་བཀའ་འདྲི་གནང་བས། ཁོ་ཚོས་ “བདུན་དང་ཉ་ཤ་ཆུང་ཆུང་ཁ་ཤས་ཡོད་” ཅེས་སྨྲས། 35 ཁོང་གིས་མི་ཚོགས་རྣམས་ས་རུ་སྡོད་པའི་བཀའ་གནང་ནས།

36 བག་ལེབ་བདུན་པོ་དང་ཉ་ཤ་ཕྱག་ཏུ་བསྣམས་ཏེ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་རྗེས། དེ་ཚོ་དུམ་བུར་བཟོས་ནས་ཉེ་གནས་རྣམས་ལ་གནང་ཞིང༌། ཁོ་ཚོས་མི་ཚོགས་ལ་བྱིན།

37 མི་ཚང་མས་བཟས་ནས་འགྲངས་ཤིང་ཁོ་ཚོས་ཟས་ལྷག་གི་དུམ་བུ་བསྡུ་གསོག་བྱས་པས་སླེ་པོ་གང་བ་བདུན་བྱུང༌།

38 བུད་མེད་དང་ཕྲུ་གུ་མ་བརྩིས་པར་ཟས་ཟ་མཁན་མི་སྟོང་ཕྲག་བཞི་ཙམ་ཡོད་པ་ཡིན།

39 མི་ཚོགས་ཕར་བཏང་ནས་ཡེ་ཤུ་གྲུ་ལ་བཞུགས་པ་དང༌། མ་ག་དན་ཞེས་བྱ་བའི་ཡུལ་ཕྱོགས་སུ་ཕེབས་སོ།།

མད་ཐཱ། (16) – Matthew (16)

1 ཕཱ་རུ་ཤི་པ་དང་སཱ་ཅུ་སེ་པ་རྣམས་ཡོང་ནས་ཡེ་ཤུ་ལ་ཉམས་ཚོད་ལེན་པའི་ཕྱིར་དཀོན་མཆོག་གི་ཞིང་ཁམས་ནས་ངོ་མཚར་བའི་རྟགས་ཁོ་ཚོར་སྟོན་པར་ཞུས།

2 ལན་དུ་ཁོང་གིས་ “ཁྱོད་ཚོས་དགོང་མོ་ཆགས་པའི་དུས་སུ་ནམ་མཁའི་སྤྲིན་པ་དམར་པོ་ཡིན་ཚེ་ནམ་དྭངས་ཡོང་ཞེས་ཟེར།

3 ཡང་ཞོགས་པར་ནམ་མཁའ་འཐིབས་ཤིང་དམར་པོ་ཡིན་ཚེ་ཁྱོད་ཚོས་དེ་རིང་རླུང་འཚུབ་འབྱུང་བར་འགྱུར་ཞེས་ཟེར། ནམ་མཁའི་གནས་ཚུལ་དཔྱོད་སྟངས་ཤེས་ཀྱང༌། དུས་འདིའི་གནས་ཚུལ་དཔྱོད་མི་ཐུབ།

4 མི་རབས་འདི་ནི་ངན་པ་དང་ལོག་གཡེམ་ཅན་ཞིག་ཡིན་པས་ངོ་མཚར་བའི་རྟགས་ཤིག་མཐོང་བར་འདོད་ཀྱང༌། ལུང་སྟོན་པ་ཡོ་ནཱ་ཡི་རྟགས་མ་གཏོགས་པར་གཞན་ཅི་ཡང་སྟེར་བར་མི་འགྱུར་” ཞེས་གསུངས་ཏེ་ཁོ་ཚོ་དང་ཁ་བྲལ་ནས་ཕར་ཕེབས།

ཕཱ་རུ་ཤི་པ་དང་སཱ་ཅུ་སེ་པ་རྣམས་ཀྱི་སྐོར།

5 ཉེ་གནས་རྣམས་མཚོའི་ཕ་རོལ་དུ་སླེབས་པ་དང༌། བག་ལེབ་འཁྱེར་རྒྱུ་བརྗེད་པ་ཤེས།

6 ཡེ་ཤུས་ཁོ་ཚོར་ “ཁྱེད་ཚོས་བློ་རིག་བསྒྲིམས་ནས་ཕཱ་རུ་ཤི་པ་དང་སཱ་ཅུ་སེ་པའི་སྐྱུར་རྩི་ལ་དོགས་ཟོན་གྱིས་ཤིག་” ཅེས་གསུངས།

7 ཉེ་གནས་རྣམས་ཀྱིས་ཕན་ཚུན་ལ་ “འདི་ནི་ང་ཚོས་བག་ལེབ་མ་འཁྱེར་བས་ཡིན་” ཞེས་སྨྲས་པ་དང༌།

8 ཡེ་ཤུས་དེ་མཁྱེན་ནས་ “ཁྱོད་ཚོ་དད་ཆུང་བ་རྣམས། ཁྱོད་ཚོས་གཅིག་གིས་གཅིག་ལ་ཅིའི་ཕྱིར་བག་ལེབ་མ་འཁྱེར་བའི་གཏམ་གླེང་བ་ཡིན་ནམ།

9 ཁྱོད་ཚོས་ད་དུང་ཡང་མི་རྟོགས་སམ། མི་ལྔ་སྟོང་ལ་སྟེར་བའི་བག་ལེབ་ལྔ་པོ་དང༌། ཁྱོད་ཚོས་ཟས་ལྷག་མ་སླེ་པོ་ཇི་ཙམ་བསྡུས་པ་མི་དྲན་ནམ།

10 ཡང་ན་མི་བཞི་སྟོང་ལ་སྟེར་བའི་བག་ལེབ་བདུན་པོ་དང༌། ཁྱོད་ཚོས་ཟས་ལྷག་མ་སླེ་པོ་ཇི་ཙམ་བསྡུས་པ་མི་དྲན་ནམ།

11 ངས་ཁྱོད་ཚོར་ཕཱ་རུ་ཤི་པ་དང་སཱ་ཅུ་སེ་པའི་སྐྱུར་རྩི་ལ་དོགས་ཟོན་གྱིས་ཤིག་ཅེས་པ་ལས་བག་ལེབ་ཀྱི་གཏམ་མི་གླེང་བ་ཅིའི་ཕྱིར་མ་རྟོགས། ཕཱ་རུ་ཤི་པ་དང་སཱ་ཅུ་སེ་པའི་སྐྱུར་རྩི་ལ་དོགས་ཟོན་གྱིས་ཤིག་” ཅེས་གསུངས་པས།

12 དེའི་ཚེ་ཁོང་གིས་བག་ལེབ་ཀྱི་སྐྱུར་རྩི་ལ་དོགས་ཟོན་བྱེད་པར་མ་གསུངས་ཏེ། ཕཱ་རུ་ཤི་པ་དང་སཱ་ཅུ་སེ་པའི་བསྟན་པའི་སྐོར་གསུངས་པར་ཁོ་ཚོས་རྟོགས།

པེ་ཏྲོས་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་པ་ཁས་ལེན་པ།

13 ཡེ་ཤུ་གྲོང་ཁྱེར་སེ་སར་རེ་ཡཱ་ཕི་ལིབ་པཱི་ཡུལ་དུ་ཕེབས་ནས་ཁོང་གིས་ཉེ་གནས་རྣམས་ལ་ “མི་རྣམས་ཀྱིས་མིའི་རིགས་ཀྱི་བུ་སུ་ཡིན་ཟེར་” ཞེས་བཀའ་འདྲི་གནང་བས།

14 ཁོ་ཚོས་ “མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན། ལ་ལས་ལུང་སྟོན་པ་ཨེ་ལི་ཡཱ། ལ་ལས་ལུང་སྟོན་པ་ཡེ་རེམ་ཡཱ་དང༌། ཡང་ན་གནའ་རབས་ཀྱི་ལུང་སྟོན་པ་ཞིག་ཡིན་ཟེར་” ཞེས་སྨྲས།

15 ཁོང་གིས་ཁོ་རྣམས་ལ་ “འོ་ན་ཁྱེད་ཚོས་བྱས་ན་ང་རང་སུ་ཡིན་ཟེར་” ཞེས་གསུངས་པས།

16 སི་མོན་པེ་ཏྲོས་ “ཁྱེད་ནི་མཱ་ཤི་ཀ་ཡིན་ཏེ་གཏན་དུ་གནས་པའི་དཀོན་མཆོག་གི་སྲས་ཡིན་ནོ་” ཞེས་ཞུས།

17 ཡེ་ཤུས་ཁོང་ལ་ “ཡོ་ནཱ་ཡི་བུ་སི་མོན་ཁྱེད་བདེ་བ་ཡིན་ནོ། གང་ཡིན་ཞེ་ན། མི་རྣམས་མིན་ཏེ་ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱིས་དེ་ལྟར་ཁྱེད་ལ་མངོན་པར་མཛད།

18 ཡང་ངས་ཁྱེད་ལ་ཟེར་རྒྱུར། ཁྱེད་པེ་ཏྲོ་ནི་བྲག་ཡིན་ཏེ། བྲག་དེའི་སྟེང་ལ་ངའི་ཆོས་ཚོགས་རྩིག་པར་བྱ། གཤིན་པོའི་ཁམས་ཀྱི་རྒྱལ་སྒོ་རྣམས་ཀྱང་དེ་ལས་མི་རྒྱལ་ལོ།

19 ངས་དཀོན་མཆོག་ཞིང་ཁམས་ཀྱི་རྒྱལ་སྲིད་ཀྱི་ལྡེ་མིག་ཁྱེད་ལ་སྟེར་བས། ཁྱེད་ཀྱིས་ས་ལ་གང་འཆིང་བ་དེ་དཀོན་མཆོག་གི་ཞིང་ཁམས་ལའང་འཆིང་བར་འགྱུར། ཁྱེད་ཀྱིས་ས་ལ་གང་འགྲོལ་བ་དེ་དཀོན་མཆོག་གི་ཞིང་ཁམས་ལའང་འགྲོལ་བར་འགྱུར་” ཞེས་གསུངས།

20 དེ་ནས་ཁོང་གིས་ཉེ་གནས་རྣམས་ལ་ཁོང་ནི་མཱ་ཤི་ཀ་ཡིན་པ་དེ་མི་གཞན་ལ་ཟེར་མི་ཆོག་ནན་གྱིས་བསྐུལ་བར་མཛད།

སྟོན་པ་ཡེ་ཤུས་ཁོང་འདས་པའི་ལུང་བསྟན་པ།

21 དུས་དེ་ནས་བཟུང་ཡེ་ཤུས་རང་གི་ཉེ་གནས་རྣམས་ལ་ཁོང་ཡེ་རུ་ཤ་ལེམ་དུ་ཕེབས་ནས། ཡ་ཧུ་དཱ་པའི་མི་རིགས་ཀྱི་རྒན་པོ་དང་བླ་ཆེན་རྣམས། ཆོས་ཁྲིམས་ལ་མཁས་པའི་མི་བཅས་ཀྱིས་ཁོང་ལ་སྡུག་པོ་མང་པོ་གཏོང་ཞིང༌། ཁོང་གསོད་པར་འགྱུར་ལ། ཉི་མ་གསུམ་པར་འཆི་བ་ནས་ཡར་ལང་བར་འགྱུར་དགོས་པར་གསལ་བཤད་མཛད།

22 པེ་ཏྲོས་ཁོང་ཟུར་དུ་ཁྲིད་ཅིང་ནན་པོས་ཁོང་ལ་ “གཙོ་བོ་ལགས། དེ་འདྲ་རྩ་བ་ནས་མི་སྲིད། ཁྱེད་ལ་ནམ་ཡང་དེ་འདྲ་འབྱུང་མི་སྲིད་” ཅེས་ཟེར།

23 འོན་ཀྱང་ཡེ་ཤུས་ཞལ་ཕྱིར་སྐོར་ཏེ་པེ་ཏྲོ་ལ་ “བདུད་སཱ་ཏན་ཁྱོད། ངའི་རྒྱབ་ཏུ་སོང་ཞིག ཁྱོད་ཀྱི་བསམ་པ་དཀོན་མཆོག་བཞིན་མ་ཡིན་པར་མི་བཞིན་ཡིན་པས་ངའི་བཀག་རྡོ་ཡིན་” ཞེས་གསུངས།

24 དེ་ནས་ཡེ་ཤུས་རང་གི་ཉེ་གནས་རྣམས་ལ་ “གལ་ཏེ་མི་སུ་ཞིག་གིས་ང་ཡི་རྗེས་སུ་འབྲང་འདོད་ན། རང་ཉིད་བློས་བཏང་ནས་རང་གི་རྒྱང་ཤིང་འཁུར་ཏེ་ང་ཡི་རྗེས་སུ་འབྲང་དགོས།

25 གང་ལགས་ཟེར་ན། མི་སུས་ཀྱང་རང་གི་སྲོག་ཐར་བར་བྱེད་འདོད་པ་དེས་བརླག་པར་འགྱུར། མི་སུས་ཀྱང་ང་རང་གི་དོན་དུ་རང་གི་སྲོག་གཏོང་པ་དེས་རྙེད་པར་འགྱུར་ངེས་ཡིན།

26 མི་སུ་ལ་འཇིག་རྟེན་ཧྲིལ་པོ་ཐོབ་ཀྱང་རང་སྲོག་བརླགས་ན་ཅི་ཕན། ཡང་ན་མིས་རང་གི་སྲོག་ཅི་དང་བརྗེའམ།

27 མིའི་རིགས་ཀྱི་བུ་ནི་རང་གི་ཡབ་ཀྱི་གཟི་བརྗིད་ཀྱི་སྒོ་ནས་རང་གི་ཕོ་ཉ་དང་མཉམ་དུ་འབྱོན་ཞིང༌། དེའི་དུས་སུ་ཁོང་གིས་མི་རེ་རེ་ལ་དེ་ཚོའི་བྱ་བ་དང་མཐུན་པར་ལན་གནང་བར་འགྱུར་ངེས་ཡིན།

28 ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར། འདི་རུ་ཡོད་པའི་མི་རྣམས་ཀྱི་ནང་ནས་འགའ་ཞིག་གིས་མིའི་རིགས་ཀྱི་བུ་རང་གི་རྒྱལ་སྲིད་དབང་སྒྱུར་བའི་ཕྱིར་འབྱོན་པ་མ་མཐོང་བའི་བར་དུ་ཅི་ནས་ཀྱང་འཆི་བ་མྱོང་བར་མི་འགྱུར་” ཞེས་གསུངས་སོ།།

མད་ཐཱ། (17) – Matthew (17)

1 ཉི་མ་དྲུག་གི་རྗེས་ལ་ཡེ་ཤུས་པེ་ཏྲོ་དང༌། ཡ་ཀོབ་དང༌། ཁོའི་གཅུང་པོ་ཡོ་ཧ་ནན་གསུམ་འཁྲིད་ནས་དབེན་པའི་གནས་རི་མཐོ་པོ་ཞིག་ལ་ཕེབས།

2 ཁོ་ཚོའི་མདུན་དུ་ཁོང་གི་སྐུའི་རྣམ་པ་གྱུར་ཏེ། ཁོང་གི་ཞལ་རས་ཉི་མ་དང་འདྲ་བར་འོད་འཕྲོས་པ་དང༌། ཁོང་གི་ན་བཟའ་འོད་ལྟར་དཀར་པོ་གྱུར།

3 དེའི་སྐབས་ལ་ཁོང་ཚོའི་མདུན་དུ་ལུང་སྟོན་པ་མོ་ཤེ་དང་ཨེ་ལི་ཡཱ་གཉིས་མངོན་སུམ་དུ་བྱོན་ནས་ཁོང་དང་བཀའ་མོལ་གནང༌།

4 པེ་ཏྲོས་ཡེ་ཤུ་ལ་ “གཙོ་བོ་ལགས། ང་ཚོ་འདིར་བསྡད་ན་ལེགས། ཁྱེད་ཐུགས་དགྱེས་ན། ངས་བཞུགས་ས་གསུམ་བཟོ་བར་བྱ། ཁྱེད་ལ་གཅིག་དང་མོ་ཤེ་ལ་གཅིག ཨེ་ལི་ཡཱ་ལ་གཅིག་བཅས་ཡིན་” ཞེས་ཞུས་པའི་དུས་སུ།

5 འོད་དང་ལྡན་པའི་སྤྲིན་པ་ཞིག་ཡོང་ནས་ཁོང་ཚོ་བསྒྲིབས། སྤྲིན་པ་དེ་ནས་གསུང་ཞིག་བྱུང་སྟེ་ “འདི་ནི་ངའི་གཅེས་པའི་སྲས་ཡིན་ཞིང༌། དེ་ལ་ང་ཤིན་ཏུ་དགའོ། ཁོང་ལ་ཉོན་ཅིག་” ཅེས་གསུངས།

6 ཉེ་གནས་རྣམས་དེ་ཐོས་རྗེས་འཇིགས་ཤིང་སྐྲག་ནས་ཕྱག་འཚལ།

7 ཡེ་ཤུ་ཕེབས་ཏེ་ཁོ་ཚོར་ཕྱག་རེག་ནས་ “ད་ལོངས་ལ། མ་འཇིགས་ཤིག་” ཅེས་གསུངས།

8 ཁོ་ཚོས་ཡར་ལྟ་དུས་ཡེ་ཤུ་གཅིག་པུ་མ་གཏོགས་གཞན་སུ་ཡང་མ་མཐོང༌།

9 ཁོང་རྣམས་རི་བོ་ལས་མར་འབབ་པའི་དུས་སུ། ཡེ་ཤུས་ “མིའི་རིགས་ཀྱི་བུ་ནི་འཆི་བ་ནས་གསོན་པོར་མ་ལངས་པའི་བར་དུ་ཁྱེད་ཚོས་གང་མཐོང་བ་དེ་མི་གཞན་སུ་ལའང་མ་ཤོད་ཅིག་” ཅེས་བཀའ་བསྒོས།

10 ཁོང་གི་ཉེ་གནས་རྣམས་ཀྱིས་ཁོང་ལ་ “འོ་ན་ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱིས་ཅིའི་ཕྱིར་ལུང་སྟོན་པ་ཨེ་ལི་ཡཱ་སྐྱབས་མགོན་མཱ་ཤི་ཀའི་སྔོན་ལ་འབྱོན་དགོས་ཟེར་བའི་དོན་ཅི་ཡིན་” ཞེས་ཞུས་པ་ལ།

11 ལན་དུ་ཁོང་གིས་ “ལུང་སྟོན་པ་ཨེ་ལི་ཡཱ་དངོས་སུ་སྔོན་ལ་བྱོན་ཏེ་ཐམས་ཅད་སླར་གསོ་བྱེད།

12 འོན་ཀྱང་ངས་ཁྱེད་རྣམས་ལ་ཟེར་རྒྱུར། ལུང་སྟོན་པ་ཨེ་ལི་ཡཱ་ཕེབས་ཟིན་ནོ། ཁོ་རྣམས་ཀྱིས་ཁོང་ངོ་མ་ཤེས་པས་ཁོ་ཚོས་ཁོང་ལ་རང་འདོད་ལྟར་མནར་གཅོད་བཏང༌། དེ་ལྟར་མིའི་རིགས་ཀྱི་བུའང་ཁོ་ཚོའི་ལག་འོག་ནས་སྡུག་བསྔལ་མྱོང་བར་འགྱུར་ངེས་ཡིན་” ཞེས་གསུངས།

13 དེ་རྗེས་ཁོང་གིས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སྐོར་གསུངས་པ་ཉེ་གནས་རྣམས་ཀྱིས་གཞི་ནས་ཤེས།

གདོན་འདྲེས་ཟིན་པའི་བུ་གསོས་པ།

14 མི་ཚོགས་ཀྱི་རྩར་ཕེབས་པའི་ཚེ་མི་གཅིག་ཡེ་ཤུའི་མདུན་དུ་ཡོང་ནས་པུས་མོ་སར་བཙུགས་ཏེ་ཁོང་ལ་

15 “གཙོ་བོ་ལགས། ངའི་བུ་ལ་ཐུགས་རྗེས་གཟིགས། ཁོ་ནི་གཟའ་ཕོག་པ་ཡིན་ཏེ། མེ་དང་ཆུའི་ནང་ལ་ཐེངས་མང་ལྷུངས་པས་སྡུག་བསྔལ་མང་པོ་མྱོང༌།

16 ངས་ཁོ་ཁྱེད་ཀྱི་ཉེ་གནས་རྣམས་ཀྱི་རྩར་འཁྲིད་ཀྱང་ཁོ་ཚོས་བཅོས་མ་ཐུབ་” ཅེས་སྨྲས།

17 ལན་དུ་ཡེ་ཤུས་ “དད་པ་མི་བྱེད་པ་དང་ངན་སེམས་ཅན་གྱི་མི་རབས་ཁྱོད་ཚོ། ང་དུས་ག་ཚོད་བར་དུ་ཁྱོད་ཚོ་མཉམ་དུ་སྡོད་དགོས་སམ། ང་རང་ཁྱོད་ཚོ་དུས་ནམ་ཞིག་གི་བར་བཟོད་པར་བྱེད་དགོས་སམ། བུ་དེ་ངའི་མདུན་དུ་ཁྲིད་ཤོག་” ཅེས་གསུངས།

18 ཁོང་གིས་གདོན་འདྲེ་དེ་ལ་བཀའ་བཀྱོན་གནང་བས། བུ་དེའི་ནང་ནས་ཐོན་མ་ཐག་གསོས་པར་གྱུར།

19 དེ་ནས་ཉེ་གནས་རྣམས་ཟུར་དུ་ཡེ་ཤུའི་མདུན་དུ་ཡོང་ནས་ཁོང་ལ་ “ང་ཚོས་ཅིའི་ཕྱིར་གདོན་འདྲེ་དེ་བསྐྲད་མ་ཐུབ་བམ་” ཞེས་ཞུས་པ་ལ།

20 ཁོང་གིས་ཁོ་ཚོར་ “ཁྱོད་ཚོའི་དད་པ་ཆུང་བས་སོ། ངས་ཁྱོད་རྣམས་ལ་བདེན་པར་ཟེར་རྒྱུར། གལ་སྲིད་ཁྱོད་ཚོ་ལ་དད་སེམས་ཡུངས་འབྲུ་རྡོག་པོ་ཆུང་ངུ་གཅིག་ཙམ་ཞིག་ཡོད་ན། ཁྱོད་ཚོས་རི་འདི་ལ། འདི་ནས་སྤོས་ལ་དེར་སོང་ཞིག་ཅེས་ཟེར་བས། དེ་ལྟར་སྤོ་བར་འགྱུར་ལ། ཁྱོད་རྣམས་ལ་ཡང་མི་སྲིད་པ་ཅིའང་མེད་” ཅེས་གསུངས།*

དགྲོང་རྒྱུའི་ལུང་བསྟན་པ་ཡང་བསྐྱར་གནང་བ།

22 ཁོང་རྣམས་ག་ལིལ་ཡུལ་དུ་འཛོམས་པའི་ཚེ་ཡེ་ཤུས་ཁོ་ཚོར་ “མིའི་རིགས་ཀྱི་བུ་ནི་མི་རྣམས་ཀྱི་ལག་ཏུ་གཏོད་པར་འགྱུར།

23 དེ་རྣམས་ཀྱིས་ཁོ་རང་གསོད་པར་འགྱུར། ཉིན་ཞག་གསུམ་པར་ཁོ་རང་སླར་གསོན་པར་འགྱུར་ངེས་སོ་” ཞེས་གསུངས་པས། ཁོ་རྣམས་ཤིན་ཏུ་སེམས་འཁྲུགས།

མཆོད་ཁང་གི་ཁྲལ།

24 ཁོང་རྣམས་ཀ་ཕར་ན་ཧུམ་དུ་སླེབས་དུས་མཆོད་ཁང་གི་ཁྲལ་སྡུད་མཁན་རྣམས་པེ་ཏྲོའི་རྩར་ཡོང་ནས་ཁོང་ལ་ “ཁྱེད་ཚོའི་སློབ་དཔོན་གྱིས་མཆོད་ཁང་གི་ཁྲལ་མི་འཇལ་ལམ་” ཞེས་དྲིས་པ་ལ།

25 པེ་ཏྲོས་ “འཇལ་ལོ་” ཞེས་ཟེར་བ་དང༌། ཁང་པའི་ནང་ལ་ཡོང་བའི་ཚེ་ཡེ་ཤུས་ཁོ་ལ་སྔོན་དུ་གསུངས་ཏེ་ “སི་མོན། ཅི་ལྟར་སེམས། འཇིག་རྟེན་གྱི་རྒྱལ་པོ་རྣམས་ཀྱིས་སུ་ནས་ཁྲལ་སྡུད་དམ། རང་གི་བུའམ། གཞན་རྣམས་ནས་སྡུད་དམ་” ཞེས་གསུངས།

26 པེ་ཏྲོས་ “གཞན་རྣམས་ནས་སྡུད་” ཅེས་ཞུས། ཡེ་ཤུས་ཁོ་ལ་ “འོ་ན་བུ་རྣམས་ཀྱིས་འཇལ་མི་དགོས།

27 ང་ཚོས་ཁོ་ཚོར་ཕོག་ཐུག་མ་གཏོང་བའི་ཕྱིར་མཚོ་ལ་སོང་ནས་ལྕགས་ཀྱུ་ཆུའི་ནང་དུ་འཕེན་པ་དང༌། སྔོན་ལ་ཐོན་པའི་ཉ་དེ་བཟུང་ནས་དེའི་ཁ་ཕྱེ་ཏེ་ཊམ་ཀ་གཅིག་རྙེད་ཡོང༌། དེ་འཁྱེར་ནས་ངེད་གཉིས་ཀྱི་ཕྱིར་ཁོ་ཚོར་སྤྲོད་ཅིག་” ཅེས་གསུངས་སོ།།

མད་ཐཱ། (18) – Matthew (18)

1 དེའི་དུས་སུ་ཉེ་གནས་རྣམས་ཡེ་ཤུའི་དྲུང་དུ་ཡོང་ནས་ཁོང་ལ་ “དཀོན་མཆོག་གི་རྒྱལ་སྲིད་ནང་ཆེ་ཤོས་དེ་སུ་ཡིན་” ཞེས་དྲིས།

2 ཡེ་ཤུས་ཕྲུ་གུ་ཞིག་བོས་ཏེ་ཁོ་ཚོའི་དཀྱིལ་ལ་བཞག་པ་དང༌།

3 “ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། སེམས་བསྒྱུར་ནས་ཕྲུ་གུ་དང་འདྲ་བར་མ་གྱུར་ན། ཁྱེད་ཚོ་དཀོན་མཆོག་གི་རྒྱལ་སྲིད་དུ་ཅི་ནས་ཀྱང་འཛུལ་མི་ཐུབ།

4 སུ་ཞིག་ཕྲུ་གུ་འདི་ལྟར་སྙེམས་ཆུང་དུ་འགྱུར་བ་ཁོ་ནི་དཀོན་མཆོག་གི་རྒྱལ་སྲིད་ནང་ཆེ་ཤོས་ཡིན།

5 སུས་ཀྱང་ཕྲུ་གུ་ཆུང་ངུ་འདི་འདྲ་བ་ཞིག་ངའི་མིང་གི་ཐོག་ནས་བསུ་བ་དེས་ང་རང་བསུ།

6 འོན་ཀྱང་མི་སུ་ཞིག་གིས་ང་ལ་དད་པ་བྱེད་པའི་བུ་ཕྲུག་འདི་ཚོ་ལས་གཅིག་ལ་ཡང་སླུ་བར་བྱས་ན། མི་དེའི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་ཞིག་བཏགས་ནས་རྒྱ་མཚོའི་གཏིང་དུ་ནུབ་ན་ལེགས་སོ།

7 བསླུ་བྲིད་ཀྱི་རྐྱེན་གྱིས་འཇིག་རྟེན་ལ་ཡ་རེ་ང༌། གང་ལགས་ཟེར་ན། བསླུ་བྲིད་འབྱུང་དགོས་ཀྱང༌། བསླུ་བྲིད་བྱེད་མཁན་དེ་ལ་ཡ་རེ་ང༌།

8 གལ་ཏེ་ཁྱེད་ཀྱི་ལག་པའམ་རྐང་པས་ཁྱེད་ལ་སྡིག་ཉེས་བྱེད་དུ་བཅུག་ན། དེ་བཅད་ནས་དབྱུགས་ཤིག ལག་པ་གཉིས་སམ། རྐང་པ་གཉིས་དང་ལྡན་པར་གསོད་པར་མི་འགྱུར་བའི་མེ་ལ་དབྱུག་པ་ལས། ཞ་བོར་གྱུར་ཡང་ཚེ་དཔག་ཏུ་མེད་པ་ཐོབ་པ་དེ་ལེགས་སོ།

9 གལ་ཏེ་ཁྱེད་ཀྱི་མིག་གིས་ཁྱེད་ལ་སྡིག་ཉེས་བྱེད་དུ་བཅུག་ན། མིག་དེ་བཏོན་ནས་དོར། ཁྱེད་རང་མིག་ཟུང་དང་ལྡན་པར་དམྱལ་ཁམས་ཀྱི་མེ་ལ་དབྱུག་པ་ལས། མིག་ཡ་གཅིག་མེད་ནའང་ཚེ་དཔག་ཏུ་མེད་པ་ཐོབ་པ་དེ་ལེགས་སོ།།”

ལུག་བརླག་པའི་དཔེ།

10 “ཕྲུག་གུ་ཆུང་ངུ་འདི་རྣམས་ལས་གཅིག་ལ་ཡང་མཐོང་ཆུང་མ་བྱེད་ཅིག ངས་ཁྱེད་ཚོར་ཟེར་རྒྱུ། ཁོ་ཚོའི་ཕོ་ཉ་རྣམས་ཀྱིས་ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱི་ཞལ་རས་རྒྱུན་དུ་མཐོང༌།

12 ཁྱེད་ཚོས་ཅི་སེམས། ལུག་བརྒྱ་ཡོད་པ་གཅིག་ལས་བོར་བརླག་སོང་ན། དགུ་བཅུ་གོ་དགུ་དེ་རི་ལ་བཞག་ནས་བརླག་པ་དེ་མི་འཚོལ་ལམ།

13 ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། ལུག་དེ་རྙེད་ན་མ་བརླག་པའི་དགུ་བཅུ་གོ་དགུ་ལས་རྙེད་པའི་ལུག་གཅིག་པོ་དེའི་ཕྱིར་དེ་བས་དགའ་བར་འགྱུར།

14 དེ་བཞིན་དུ་ཕྲུ་གུ་ཆུང་ངུ་འདི་རྣམས་ལས་གཅིག་མེད་པར་འགྱུར་བ་ནི་ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་ཀྱི་དགོངས་པ་མ་ཡིན།”

སྤུན་ཟླའི་ཉེས་སྐྱོན་ཡོ་བསྲང་བྱེད་པའི་སྐོར།

15 “ཁྱེད་ཀྱི་སྤུན་ཟླ་ཡིས་སྡིག་ཉེས་བྱས་ན། ཁོ་ཟུར་དུ་འཁྲིད་ནས་ཁོའི་སྐྱོན་བརྗོད་པར་བྱེད། ཁོས་ཁྱེད་ཀྱི་ཁ་ལ་ཉན་ན་ཁྱེད་རང་གི་སྤུན་ཟླ་ཡང་བསྐྱར་རྙེད།

16 གལ་སྲིད་ཁྱེད་ཀྱི་ཁ་ལ་མ་ཉན་ན། དཔང་པོ་གཉིས་གསུམ་གྱི་ཁ་ཡིས་གཏམ་ཚང་མ་ནན་ཏན་བྱེད་པའི་ཕྱིར། རང་དང་མཉམ་དུ་མི་གཅིག་གམ་གཉིས་འཁྲིད་དེ་ཁོའི་རྩར་སོང༌།

17 ཁོས་ཁོ་ཚོའི་ཁ་ལ་མ་ཉན་ན། ཆོས་ཚོགས་ལ་ཤོད། ཆོས་ཚོགས་ལའང་མ་ཉན་ན། ཁོ་དད་ལྡན་མིན་པ་དང་ཁྲལ་སྡུད་མཁན་ལྟར་རྩིས་ཤིག

18 ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། ཁྱེད་ཚོས་ས་ལ་གང་འཆིང་བ་དེ་དཀོན་མཆོག་གི་ཞིང་ཁམས་ལའང་འཆིང་བར་འགྱུར། ཁྱེད་ཚོས་ས་ལ་གང་འགྲོལ་བ་དེ་དཀོན་མཆོག་གི་ཞིང་ཁམས་ལའང་འགྲོལ་བར་འགྱུར།

19 དེ་མ་ཟད། ཁྱེད་ཚོ་གཉིས་ཀྱིས་གང་ཡང་ཞུ་བའི་སྐོར་ས་སྟེང་ལ་བློ་མཐུན་པར་བྱས་ན། ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱིས་དེ་ལྟར་གནང་བར་འགྱུར།

20 གང་ལགས་ཤེ་ན། གང་དུ་ངའི་མིང་ཐོག་ནས་མི་གཉིས་སམ་གསུམ་འཛོམས་ན། དེར་ངའང་ཁོ་ཚོའི་ཁྲོད་དུ་ཡོད་” ཅེས་གསུངས།

གུ་ཡངས་གཏོང་བའི་དཔེ།

21 དེ་ནས་པེ་ཏྲོ་ཡོང་ནས་ཁོང་ལ་ “གཙོ་བོ་ལགས། ངའི་སྤུན་ཟླ་ཡིས་ང་ལ་སྡིག་ཉེས་བྱས་ན་ངས་ལན་ཇི་ཙམ་གྱི་བར་དུ་གུ་ཡངས་གཏོང་དགོས། ལན་བདུན་གྱིས་ཆོག་གམ་” ཞེས་དྲིས་པ་ལ།

22 ཡེ་ཤུས་ཁོ་ལ་ “ལན་བདུན་མི་ཟེར་གྱི། བདུན་ཅུ་ཐེངས་བདུན་ཟེར།

23 དེའི་ཕྱིར་དཀོན་མཆོག་གི་རྒྱལ་སྲིད་ནི་རང་གི་བྲན་གཡོག་རྣམས་དང་རྩིས་དག་ཞུ་འདོད་པའི་རྒྱལ་པོ་ཞིག་དང་འདྲ་བ་ཡིན།

24 དེ་རྩིས་པའི་ཚེ་ཁོ་ལ་གསེར་གྱི་སྒོར་མོ་ས་ཡ་གཅིག་གི་བུ་ལོན་ཡོད་པ་ཞིག་རྒྱལ་པོའི་རྩར་ཁྲིད་དེ།

25 ཁོ་ལ་བུ་ལོན་འཇལ་རྒྱུ་མེད་པས། རྒྱལ་པོས་ཁོ་དང༌། བཟའ་ཟླ། ཕྲུ་གུ། ཁོ་ལ་ཡོད་པ་ཐམས་ཅད་བུ་ལོན་དེ་འཇལ་བའི་ཕྱིར་འཚོང་དགོས་པའི་བཀའ་མངགས།

26 དེ་བས་ན་བྲན་གཡོག་དེ་རྒྱལ་པོའི་དྲུང་དུ་ཕྱག་འཚལ་དེ་ཁོང་ལ། ང་ལ་བཟོད་པར་མཛོད་ཅིག ངས་ཁྱེད་ལ་བུ་ལོན་ཐམས་ཅད་འཇལ་ཡོང་ཞེས་སྨྲས།

27 དེ་ནས་རྒྱལ་པོ་སྙིང་རྗེ་སྐྱེས་ནས་བྲན་གཡོག་དེ་གློད་གྲོལ་བཏང་སྟེ་བུ་ལོན་དེ་བསལ།

28 འོན་ཀྱང་བྲན་གཡོག་དེ་ཕྱིར་སོང་ནས་རང་དང་གཅིག་པའི་བྲན་གཡོག་རྣམས་ཀྱི་ནང་ནས་ཁོ་ལ་དངུལ་སྒོར་བརྒྱ་ཡི་བུ་ལོན་ཡོད་པ་ཞིག་དང་ཐུག་པས། སྐེ་བཙིར་ཏེ་ཁོ་ལ། བུ་ལོན་འཇོལ་ཞིག་ཅེས་སྨྲས།

29 བྲན་གཡོག་དེས་པུས་མོ་སར་བཙུགས་ནས་ཁོ་ལ། ང་ལ་བཟོད་པར་གནང་རོགས། ངས་ཁྱེད་ལ་བུ་ལོན་འཇལ་ཡོང་ཞེས་བཤད།

30 འོན་ཀྱང་ཁོས་མ་ཉན་པར་སོང་ནས་བུ་ལོན་འཇལ་ཚར་བའི་བར་དུ་བྲན་གཡོག་དེ་བཙོན་དུ་བཅུག

31 བྲན་གཡོག་གཞན་རྣམས་ཀྱིས་དེ་མཐོང་ནས་སེམས་ཤིན་ཏུ་འཁྲུགས་པར་གྱུར་ཏེ། རྒྱལ་པོའི་དྲུང་དུ་སོང་ནས་གནས་ཚུལ་དེ་ཐམས་ཅད་བཤད།

32 རྒྱལ་པོས་བྲན་གཡོག་དེ་བོས་ནས་ཁོ་ལ། གཡོག་པོ་ངན་པ་ཁྱོད། ཁྱོད་ཀྱིས་ང་ལ་ཞུ་བ་ཆེན་པོ་ཕུལ་བས་ངས་ཁྱོད་ཀྱི་བུ་ལོན་ཐམས་ཅད་བསལ།

33 ངས་ཁྱོད་ལ་སྙིང་རྗེ་བྱས་པ་ལྟར། ཁྱོད་ཀྱིས་ཀྱང་རང་དང་གཅིག་པའི་བྲན་གཡོག་རྣམས་ལ་སྙིང་རྗེ་བྱེད་དགོས་པ་མ་ཡིན་ནམ་ཞེས་སྨྲས།

34 རྒྱལ་པོ་ཁྲོས་ནས་བུ་ལོན་ཐམས་ཅད་འཇལ་མ་ཚར་བའི་བར་དུ་མནར་གཅོད་གཏོང་མཁན་རྣམས་ལ་གཏད།

35 གལ་ཏེ་ཁྱོད་ཚོ་མི་རེ་རེས་སེམས་གཏིང་ནས་རང་གི་སྤུན་ཟླར་གུ་ཡངས་མ་བཏང་ན། ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱིས་ཀྱང་ཁྱོད་ཚོར་དེ་ལྟར་མཛད་ངེས་ཡིན་” ཞེས་གསུངས་སོ།།

མད་ཐཱ། (19) – Matthew (19)

1 ཡེ་ཤུས་བཀའ་དེ་ཚོ་གསུངས་ཚར་ནས། ག་ལིལ་ཡུལ་དང་ཁ་བྲལ་ཏེ་ཡོར་དན་གཙང་པོའི་ཕར་ཕྱོགས་ཀྱི་ཡ་ཧུ་དཱ་ཡུལ་དུ་ཕེབས།

2 མི་ཚོགས་མང་པོ་ཁོང་གི་རྗེས་སུ་འབྲངས་ཤིང་ཁོང་གིས་ས་ཆ་དེར་ཁོ་ཚོའི་ནད་གསོས་པར་མཛད།

3 ཕཱ་རུ་ཤི་པ་འགའ་ཤས་ཡེ་ཤུའི་མདུན་དུ་ཡོང་ནས་ཁོང་ལ་ཉམས་ཚོད་ལེན་ཕྱིར་ “དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་སྐྱེས་པས་རྒྱུ་མཚན་གང་གིས་ཀྱང་རང་གི་བཟའ་ཟླ་བཞག་ཆོག་གམ་” ཞེས་ཞུས་པ་ལ།

4 ལན་དུ་ཁོང་གིས་ “ཁོ་ཚོ་ཐོག་མར་མཛད་མཁན་གྱིས་མི་ཕོ་མོ་གཉིས་མཛད་པ་ཡིན་ཞིང༌།

5 རྒྱུ་མཚན་དེའི་རྐྱེན་གྱིས་སྐྱེས་པས་རང་གི་ཕ་མ་བཞག་ནས་རང་གི་བཟའ་ཟླ་དང་མཉམ་དུ་འདུས་ཤིང༌། ཁོ་གཉིས་ཤ་རུས་གཅིག་ཏུ་འགྱུར་ཞེས་ཁྱེད་ཚོས་བཀླགས་མ་མྱོང་ངམ།

6 དེ་ལྟར་ན་སོ་སོ་བ་མིན་ཏེ་གཅིག་རང་ཡིན་པས། དཀོན་མཆོག་གིས་གང་སྦྲེལ་བར་མཛད་པ་དེ་མི་སུས་ཀྱང་འཕྲལ་བར་མི་རུང་ངོ་” ཞེས་གསུངས།

7 ཁོ་ཚོས་ཁོང་ལ་ “འོ་ན་ལུང་སྟོན་པ་མོ་ཤེ་ཡིས་ཅིའི་ཕྱིར་བཟའ་ཚང་ཁ་བྲལ་བའི་ཡི་གེ་བྲིས་ནས་ཁོ་མོ་ཕར་བཏང་ན་འགྲིག་ཅེས་པའི་བཀའ་གནང་” ཞེས་དྲིས་པ་ལ།

8 ཁོང་གིས་ཁོ་ཚོར་ “ཁྱོད་ཚོ་སེམས་མཁྲེགས་པོ་ཡིན་པས་མོ་ཤེ་ཡིས་བཟའ་ཚང་ཁ་བྲལ་བའི་ཁྲིམས་གནང༌། འོན་ཀྱང་ཐོག་མ་ནས་དེ་ལྟར་མེད།

9 ངས་ཁྱོད་ཚོར་ཟེར་རྒྱུར། ལོག་གཡེམ་གྱི་རྒྱུ་མཚན་མ་གཏོགས་པར། སུས་ཀྱང་རང་གི་བཟའ་ཟླ་བཞག་ནས་བུད་མེད་གཞན་ཞིག་བཟའ་ཟླར་བླངས་ན་ལོག་གཡེམ་བྱེད་” ཅེས་གསུངས།

10 ཉེ་གནས་རྣམས་ཀྱིས་ཁོང་ལ་ “སྐྱེས་པ་དང་བཟའ་ཟླའི་གནས་ཚུལ་དེ་ལྟར་ཡིན་ན་ཆང་ས་མ་བརྒྱབ་ན་ལེགས་” ཞེས་བཤད།

11 འོན་ཀྱང་ཁོང་གིས་ཁོ་ཚོར་ “སུ་ལ་གནང་བ་དེས་མ་གཏོགས་པར། མི་ཐམས་ཅད་ཀྱིས་གཏམ་དེ་དང་ལེན་བྱེད་མི་ཐུབ།

12 གང་ཡིན་ཟེར་ན། ཉུག་རུམ་ཁ་ཅིག་ནི་ཨ་མའི་མངལ་ནས་དེ་ལྟར་སྐྱེས་པ་ཡིན་ཞིང༌། ཁ་ཅིག་ནི་མི་རྣམས་ཀྱིས་ཉུག་རུམ་བཟོས། ཁ་ཅིག་དཀོན་མཆོག་གི་རྒྱལ་སྲིད་ཀྱི་དོན་ལ་རང་གིས་རང་ཉུག་རུམ་དུ་བྱས། གཏམ་དེ་དང་ལེན་བྱེད་ཐུབ་མཁན་གྱིས་དང་ལེན་བྱེད་དགོས་” ཞེས་གསུངས།

སྟོན་པ་ཡེ་ཤུ་དང་བྱིས་པའི་སྐོར།

13 དེའི་ཚེ་ཁོང་གིས་ཁོ་རྣམས་ལ་ཕྱག་འཇོག་པར་མཛད་ནས་གསོལ་སྨོན་འདེབས་པའི་ཕྱིར་མི་རྣམས་ཀྱིས་ཕྲུ་གུ་འགའ་ཞིག་ཁོང་གི་མདུན་དུ་འཁྲིད། ཉེ་གནས་རྣམས་ཀྱིས་འཁྲིད་མཁན་ལ་གཤེ་གཤེ་བཏང་ཡང༌།

14 ཡེ་ཤུས་ “ཕྲུ་གུ་ཆུང་ངུ་མ་འགོག་པར་ངའི་རྩར་ཡོང་བར་ཆོག གང་ཡིན་ཞེ་ན། ཁོ་ཚོ་དང་འདྲ་བ་རྣམས་ལ་དཀོན་མཆོག་གི་རྒྱལ་སྲིད་ཡོད་པའི་ཕྱིར་རོ་” ཞེས་གསུངས།

15 ཁོ་རྣམས་ལ་ཕྱག་བཞག་རྗེས་ས་ཆ་དེ་ནས་ཁ་བྲལ།

ཕྱུག་བདག་གཞོན་ནུ་ཞིག

16 དེ་ནས་མི་ཞིག་ཁོང་གི་མདུན་དུ་ཡོང་ནས་ཁོང་ལ་ “སློབ་དཔོན་ལགས། དཔག་ཏུ་མེད་པའི་ཚེ་འཐོབ་པའི་ཕྱིར་ངས་ལས་བཟང་པོ་གང་ཞིག་བྱེད་དགོས་” ཞེས་དྲིས་པ་ལ།

17 ཁོང་གིས་ “བཟང་པོ་གང་ཡིན་པའི་སྐོར་ང་ལ་ཅིའི་ཕྱིར་འདྲིས། བཟང་པོ་ཡིན་པ་གཅིག་རང་ཡིན། དཔག་ཏུ་མེད་པའི་ཚེ་འཐོབ་འདོད་ན་བཀའ་ཁྲིམས་རྣམས་སྲུང་” ཞེས་གསུངས།

18 མི་དེས་ཁོང་ལ་ “གང་སྲུང་དགོས་” ཞེས་ཟེར་བས་ཡེ་ཤུས་ “མི་སྲོག་མ་གཅོད། ལོག་གཡེམ་མ་བྱེད། མ་རྐུ། རྫུན་གྱི་དཔང་པོ་མ་བྱེད།

19 རང་གི་ཕ་མ་གཉིས་ལ་བརྩི་བཀུར་བྱེད།* ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་ཟུངས་” ཞེས་གསུངས།

20 གཞོན་ནུ་དེས་ཁོང་ལ་ “ངས་དེ་ཚོ་ཐམས་ཅད་བསྲུངས། ད་དུང་ཅི་མ་ཚང་” ཞེས་དྲིས་པས།

21 ཡེ་ཤུས་ཁོ་ལ་ “མ་ཚང་བ་མེད་པར་འགྱུར་འདོད་ན། སོང་ལ། ནོར་ཐམས་ཅད་བཙོངས་ཏེ་དབུལ་པོ་རྣམས་ལ་བྱིན་ཞིག ཁྱེད་ལ་དཀོན་མཆོག་གི་ཞིང་ཁམས་སུ་བྱ་དགའ་འཐོབ་པར་འགྱུར། དེ་ནས་ཚུར་ཤོག་ལ་ངའི་རྗེས་སུ་འབྲང་” ཞེས་གསུངས།

22 གསུང་དེ་ཐོས་ནས་གཞོན་ནུ་དེའི་སེམས་སྐྱོ་བར་གྱུར་ནས་ཕར་སོང༌། གང་ཡིན་ཞེ་ན། ཁོ་ལ་ནོར་རྫས་མང་པོ་ཡོད།

23 ཡེ་ཤུས་རང་གི་ཉེ་གནས་རྣམས་ལ་ “ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། མི་ཕྱུག་པོ་ཞིག་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་འགྲོ་བ་དེ་ཤིན་ཏུ་དཀའོ།

24 ངས་ཡང་བསྐྱར་ཟེར་རྒྱུར། མི་ཕྱུག་པོ་ཞིག་དཀོན་མཆོག་གི་རྒྱལ་སྲིད་ནང་ལ་འགྲོ་བ་ལས་རྔ་མོང་ཞིག་ཁབ་མིག་བརྒྱུད་ནས་འགྲོ་བ་སླའོ་” ཞེས་གསུངས།

25 དེ་ཐོས་ནས་ཉེ་གནས་རྣམས་ཧ་ལས་སྟེ་ “འོ་ན་སུ་ལ་ཐར་པ་འཐོབ་སྲིད་” ཅེས་ཞུས།

26 ཡེ་ཤུས་ཁོ་རྣམས་ལ་གཟིགས་ཏེ་ “དེ་ནི་མི་རྣམས་ལ་མི་སྲིད་ཀྱང་དཀོན་མཆོག་ལ་ཐམས་ཅད་འགྲུབ་པར་སྲིད་དོ་” ཞེས་གསུངས།

27 དེ་ནས་པེ་ཏྲོས་ཁོང་ལ་ “གཟིགས་དང༌། ང་ཚོས་ཐམས་ཅད་དོར་ནས་ཁྱེད་ཀྱི་རྗེས་སུ་འབྲངས་པ་ཡིན་པས། ང་ཚོར་གང་ཞིག་འཐོབ་ཡོང་” ཞེས་ཞུས་པ་ལ།

28 ཡེ་ཤུས་ཁོ་རྣམས་ལ་ “ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། ཐམས་ཅད་གསར་དུ་མཛད་པའི་ཚེ། མིའི་རིགས་ཀྱི་བུ་རང་གི་གཟི་བརྗིད་ལྡན་པའི་ཁྲི་ལ་བཞུགས་པའི་སྐབས་སུ། ཁྱེད་ཚོ་ངའི་རྗེས་སུ་འབྲང་བ་རྣམས་ཀྱིས་ཀྱང་ཁྲི་བཅུ་གཉིས་ལ་བསྡད་ནས་ཡི་སི་ར་ཨེལ་གྱི་ཚོ་ཁག་བཅུ་གཉིས་ལ་ཁྲིམས་གཅོད་བྱེད་འོང༌།

29 མི་སུ་ཞིག་གིས་ངའི་མིང་གི་དོན་དུ་རང་གི་ཁང་པའམ། སྤུན་ནམ། སྲིང་མོ་འམ། ཕ་མའམ། བུ་ཕྲུག་གམ། ས་ཞིང་བཅས་བཞག་ན། ཁོ་ལ་ལྡབ་བརྒྱ་འཐོབ་པ་མ་ཟད། དཔག་ཏུ་མེད་པའི་ཚེ་ཡང་འཐོབ་པར་འགྱུར་ངེས་ཡིན།

30 འོན་ཀྱང་དང་པོ་ཡིན་པའི་མི་མང་པོ་མཐའ་མར་འགྱུར་ཞིང༌། མཐའ་མ་ཡིན་པ་མང་པོའང་དང་པོར་འགྱུར་འོང་” ཞེས་གསུངས་སོ།།

མད་ཐཱ། (20) – Matthew (20)

1 ཡེ་ཤུས་ “དཀོན་མཆོག་གི་རྒྱལ་སྲིད་ནི་སྐྱ་རེངས་ཤར་དུས་རྒུན་འབྲུམ་གྱི་ལྡུམ་རའི་གླ་པ་འཚོལ་བར་སོང་བའི་ཁྱིམ་བདག་དང་འདྲ་བ་ཡིན།

2 ཁོང་གིས་གླ་པ་རྣམས་ལ་ཉི་མ་རེར་དངུལ་སྒོར་གཅིག་གི་གླ་ཆ་སྤྲོད་རྒྱུའི་ཁས་ལེན་བྱས་ནས། ཁོའི་རྒུན་འབྲུམ་གྱི་ལྡུམ་རར་བཏང༌།

3 ཞོགས་པའི་ཆུ་ཚོད་དགུ་པའི་ཙམ་ལ་ཡང་བསྐྱར་ཕྱིར་འགྲོ་དུས། ཁྲོམ་ལ་ལས་ཀ་མེད་པའི་གླ་པ་གཞན་རྣམས་ཡོད་པ་མཐོང༌།

4 ཁོ་ཚོར། རྒུན་འབྲུམ་གྱི་ལྡུམ་རར་སོང་ཞིང༌། གླ་གང་འོས་པ་ཁྱེད་ཚོར་སྤྲོད་རྒྱུ་ཡིན་ཞེས་སྨྲས་པས་ཁོ་རྣམས་སོང༌།

5 ཁོ་ཉིན་གུང་དང་ཆུ་ཚོད་གསུམ་པའི་ཙམ་ལ་ཡང་སོང་ནས་དེ་ལྟར་བྱས།

6 ཡང་ཆུ་ཚོད་ལྔ་པའི་ཙམ་ལ་ཕྱིར་ཐོན་ནས་ལས་ཀ་མེད་པ་གཞན་རྣམས་མཐོང་ནས་ཁོ་ཚོར། ཁྱེད་ཚོ་ཅིའི་ཕྱིར་ལས་ཀ་མེད་པར་ཉིན་གང་འདིར་སྡོད་ཅེས་དྲིས་པ་ལ།

7 ཁོ་ཚོས། མི་སུས་ཀྱང་ང་ཚོ་མ་གླས་ཞེས་ཟེར་བས། བདག་པོས། ཁྱེད་ཚོ་ཡང་རྒུན་འབྲུམ་གྱི་ལྡུམ་རར་སོང་ཞེས་བཤད།

8 དགོང་དྲོར་སླེབས་དུས་བདག་པོས་དོ་དམ་པར། གླ་པ་རྣམས་བོས་ལ། མཐའ་མ་ནས་དང་པོའི་བར་དུ་གླ་ཆ་སྤྲོད་ཅེས་སྨྲས།

9 ཆུ་ཚོད་ལྔ་པར་གླས་པའི་མི་རྣམས་ཡོང་ནས་རེ་རེ་ལ་དངུལ་སྒོར་གཅིག་ཐོབ།

10 དང་པོར་གླས་པའི་མི་རྣམས་ཡོང་ནས་དེ་ལས་ལྷག་པར་འཐོབ་རྒྱུ་ཡིན་པ་སྙམ་ཡང༌། ཁོ་ཚོ་རེ་རེ་ལ་ཡང་དངུལ་སྒོར་གཅིག་ཐོབ།

11 དེ་ཐོབ་དུས་བདག་པོ་ལ་མ་རངས་པའི་གཏམ་བྱས་ཏེ།

12 ཁྱེད་ཀྱིས་མཐའ་མར་གླས་པའི་མིས་ཆུ་ཚོད་གཅིག་ལས་ཀ་བྱས་པ་དང༌། ང་ཚོ་ཉིན་གང་ཉི་མ་ཚ་པོའི་འོག་ལ་དཀའ་ལས་རྒྱག་པ་རྣམས་འདྲ་མཉམ་བཟོས་སོ་ཞེས་བཤད།

13 ལན་དུ་བདག་པོས་ཁོ་ཚོ་ལས་གཅིག་ལ། གྲོགས་པོ། ངས་ཁྱེད་ལ་དྲང་པོ་མིན་པ་མི་བྱེད། ཁྱེད་ཀྱིས་ཉི་མ་གཅིག་ལ་དངུལ་སྒོར་གཅིག་གི་གླ་ཆ་འཐོབ་རྒྱུའི་ཁས་ལེན་མ་བྱས་སམ།

14 རང་ལ་ཐོབ་པ་དེ་འཁྱེར་ནས་སོང༌། ཁྱེད་དང་འདྲ་བ་མཐའ་མའི་མི་འདི་ལའང་གླ་ཆ་སྤྲོད་པར་འདོད།

15 ང་རང་ལ་ཡོད་པ་དེས་ང་རང་གི་འདོད་པ་ལྟར་བྱས་ན་མི་ཆོག་གམ། ཡང་ན་ང་གཏོང་ཕོད་ཆེ་བ་ཡིན་པས་ཁྱེད་རང་ཕྲག་དོག་སྐྱེས་སམ་ཞེས་བཤད།

16 དེ་ལྟར་མཐའ་མ་ཡིན་པ་རྣམས་དང་པོར་འགྱུར་ཞིང༌། དང་པོ་ཡིན་པ་རྣམས་མཐའ་མར་འགྱུར་” ཞེས་གསུངས།

ལུང་བསྟན་ཡང་བསྐྱར་གནང་བ།

17 ཡེ་ཤུ་རྒྱལ་ས་ཡེ་རུ་ཤ་ལེམ་ལ་ཕེབས་པའི་དུས་སུ་ཉེ་གནས་བཅུ་གཉིས་པོ་ཟུར་དུ་འཁྲིད་དེ་ཁོ་རྣམས་ལ།

18 “ཉོན་ཞིག ད་ལྟ་ང་ཚོ་ཡེ་རུ་ཤ་ལེམ་དུ་འགྲོ་བཞིན་ཡོད། མིའི་རིགས་ཀྱི་བུ་ནི་ཡ་ཧུ་དཱ་པའི་བླ་ཆེན་དང་ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱི་དབང་འོག་ཏུ་བཏང་ནས། ཁོ་ཚོས་ཁོ་རང་གསོད་དགོས་པའི་ཁྲིམས་ཐག་བཅད་ནས།

19 ཁོང་ཡ་ཧུ་དཱ་པ་མིན་པ་རྣམས་ལ་གཏད་དེ། ཁོ་ཚོས་ཁོ་རང་ལ་འཕྱ་དམོད་བྱེད་པ་དང༌། རྟ་ལྕག་གིས་བརྡུངས་ནས་རྒྱང་ཤིང་སྒང་ལ་བརྒྱངས་པའི་སྒོ་ནས་གསོད་པའི་ཕྱིར། དེ་ནས་ཉིན་གསུམ་པར་ཁོང་སླར་གསོན་པར་འགྱུར་ངེས་ཡིན་” ཞེས་གསུངས།

ཨ་མ་ཞིག་གི་ཞུ་བ།

20 དེ་ནས་ཟེ་བད་ཡཱ་ཞེས་པའི་བུ་གཉིས་ཀྱི་ཨ་མས་རང་གི་བུ་ཁྲིད་དེ་ཡེ་ཤུའི་མདུན་དུ་ཡོང་ནས་པུས་མོ་སར་བཙུགས་ཏེ་ཞུ་བ་གཅིག་ཕུལ།

21 ཁོང་གིས་ཁོ་མོར་ “ཁྱེད་ཅི་འདོད་” ཅེས་གསུངས་པས་ཁོ་མོས་ “ངའི་བུ་འདི་གཉིས་ཁྱེད་ཀྱི་རྒྱལ་སྲིད་ནང་ལ་གཅིག་ཁྱེད་ཀྱི་གཡས་ཕྱོགས་དང་གཅིག་གཡོན་ཕྱོགས་སུ་སྡོད་དུ་འཇུག་པར་བཀའ་གནང་བར་མཛོད་” ཅེས་སྨྲས།

22 ལན་དུ་ཡེ་ཤུས་ཁོ་རྣམས་ལ་ “ཁྱེད་ཚོས་གང་ཞུ་བའི་དོན་མི་ཤེས་ཏེ། ངས་འཐུང་དགོས་པའི་ཕོར་པ་དེ་ཁྱེད་ཚོས་འཐུང་ཐུབ་བམ་” ཞེས་གསུངས་པ་ལ། ཁོ་ཚོས་ཁོང་ལ་ “ཐུབ་བོ་” ཞེས་ཞུས།

23 ཁོང་གིས་ཁོ་ཚོར་ “ཁྱེད་ཚོས་ངའི་ཕོར་པ་དེ་འཐུང་བར་འགྱུར་ཡང༌། ངའི་གཡས་གཡོན་ལ་སྡོད་དུ་འཇུག་པའི་དབང་ཆ་དེ་ང་ལ་མེད། ངའི་ཡབ་ཀྱིས་མི་སུ་ལ་བཤམས་པ་ཡིན་པ་དེ་ལ་འཐོབ་བོ་” ཞེས་གསུངས་སོ།

24 ཉེ་གནས་བཅུ་པོས་གཏམ་དེ་ཐོས་དུས་སྤུན་དེ་གཉིས་ལ་ཁོང་ཁྲོ་སྐྱེས།

25 ཡེ་ཤུས་ཁོ་ཚོ་རང་གི་དྲུང་དུ་བོས་ཏེ་ “ཁྱེད་ཚོས་ཤེས་པ་ལྟར། ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་དཔོན་རིགས་ཀྱིས་ཁོ་ཚོར་དབང་བྱེད་ཅིང༌། ཁོ་ཚོའི་ནང་ནས་མི་ཆེན་པོ་རྣམས་ཀྱིས་ཁོ་ཚོར་དབང་བསྒྱུར།

26 འོན་ཀྱང་ཁྱེད་ཚོའི་ནང་དུ་དེ་ལྟར་མ་ཡིན། ཁྱེད་ཚོ་ལས་སུ་ཞིག་ཆེན་པོར་འགྱུར་འདོད་པ་དེ་ཁྱེད་ཚོའི་གཡོག་པོར་འགྱུར་དགོས་ཤིང༌།

27 ཁྱེད་ཚོ་ལས་སུ་ཞིག་དང་པོར་འགྱུར་འདོད་པ་དེ་མི་ཀུན་གྱི་བྲན་གཡོག་ཏུ་འགྱུར་དགོས།

28 དེ་བཞིན་དུ་མིའི་རིགས་ཀྱི་བུ་ཡང་གཞན་གྱིས་རང་ལ་གཡོག་བྱེད་པའི་ཕྱིར་ཡོང་བ་མ་ཡིན་པར། གཞན་ལ་གཡོག་བྱེད་པ་དང་རང་སྲོག་ཕུལ་ནས་མི་མང་པོ་བླུ་རིན་དུ་འགྱུར་ཕྱིར་ཡོང་བ་ཡིན་” ཞེས་གསུངས་སོ།།

ལོང་བ་གཉིས་བཅོས་པ།

29 ཁོང་རྣམས་ཡེ་རུ་ཀོ་ཞེས་བྱ་བའི་གྲོང་ཁྱེར་ནས་ཐོན་པའི་སྐབས་སུ་མི་ཚོགས་མང་པོ་ཞིག་ཁོང་གི་རྗེས་སུ་འབྲངས།

30 ལམ་ཁར་བསྡད་ཡོད་པའི་ལོང་བ་གཉིས་ཀྱིས་ཡེ་ཤུ་ཉེ་བར་ཕེབས་པར་ཐོས་ནས་སྐད་ཆེན་པོས་ “གཙོ་བོ་ལགས། རྒྱལ་པོ་དཱ་བིད་ཀྱི་སྲས། ང་ཚོ་ལ་ཐུགས་རྗེས་གཟིགས་རོགས་” ཞེས་བཤད།

31 མི་ཚོགས་ཀྱིས་དེ་གཉིས་ལ་ཁ་ཁུ་སིམ་པོར་སྡོད་དགོས་པར་ནན་གྱིས་བཤད་ཀྱང༌། ཁོ་ཚོས་སྔོན་ལས་ལྷག་པར་སྐད་ཆེན་པོས་ “གཙོ་བོ་ལགས། རྒྱལ་པོ་དཱ་བིད་ཀྱི་སྲས། ང་ཚོ་ལ་ཐུགས་རྗེས་གཟིགས་རོགས་” ཞེས་བཤད།

32 ཡེ་ཤུས་ཕེབས་མཚམས་བཞག་སྟེ་ཁོ་ཚོ་བོས་ནས་ “ངས་ཁྱེད་ཚོར་གང་བྱེད་དགོས་སམ་” ཞེས་གསུངས་པ་ལ།

33 ཁོ་ཚོས་ཁོང་ལ་ “གཙོ་བོ་ལགས། ང་ཚོའི་མིག་གིས་མཐོང་བར་འདོད་” ཅེས་ཞུས།

34 ཡེ་ཤུ་ཐུགས་རྗེ་སྐྱེས་ཏེ་ཁོ་ཚོའི་མིག་ཟུང་ལ་ཕྱག་རེག་མ་ཐག མིག་གིས་མཐོང་བར་གྱུར་ནས་ཁོང་གི་རྗེས་སུ་འབྲངས་སོ།།

མད་ཐཱ། (21) – Matthew (21)

1 ཁོང་རྣམས་ཡེ་རུ་ཤ་ལེམ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཕེབས་སྐབས། སྐྱུར་རུ་ཤིང་གི་རིའི་ངོས་སུ་ཡོད་པའི་གྲོང་སྡེ་པེ་ཕ་གེ་ཞེས་བྱ་བའི་ས་ཆ་དེར་ཡེ་ཤུས་ཉེ་གནས་གཉིས་མངགས་ཏེ།

2 ཁོ་ཚོར་ “ཁྱེད་ཚོ་མདུན་ལ་ཡོད་པའི་གྲོང་སྡེ་དེ་ལ་སོང་དང༌། དེར་སླེབས་མ་ཐག་ཏུ་བོང་བུ་དང་བོང་ཕྲུག་བཏགས་ཡོད་པ་མཐོང་བར་འགྱུར། དེ་ཚོ་བཀྲོལ་ནས་ངའི་རྩར་འཁྲིད་ཤོག

3 གལ་སྲིད་སུ་ཞིག་གིས་ཁྱེད་ཚོ་ལ་ཇི་ཞིག་ཟེར་ན། གཙོ་བོ་ལ་དགོས་ཞེས་སྨྲོས་དང༌། དེས་མྱུར་དུ་གཏོང་བར་འགྱུར་” ཞེས་གསུངས།

4 འདི་ནི་ལུང་སྟོན་པ་བརྒྱུད་ནས་གསུངས་པ་དེ་སྒྲུབ་པའི་ཆེད་དུ་ཡིན་ཏེ།

5 ཙི་ཡོན་ཡུལ་གྱི་བུ་མོར་སྨྲོས།།

ལྟོས་དང་ཁྱེད་ཚོའི་རྒྱལ་པོ་དེ།།

བོང་བུར་བཅིབས་ནས་སྙེམས་ཆུང་ངང༌།།

ཁྱེད་ཚོའི་ས་ལ་ཕེབས་བཞིན་འདུག།

ཅེས་པ་དེ་ཡིན།

6 ཉེ་གནས་དེ་རྣམས་སོང་ནས་ཡེ་ཤུས་བཀའ་གནང་བ་ལྟར་བྱས་ཏེ།

7 བོང་བུ་དང་བོང་ཕྲུག་འཁྲིད་ཡོང་ནས། རང་གི་ཕྱི་གོས་དེའི་སྟེང་ལ་བཞག་སྟེ་ཁོང་གིས་དེ་ལ་བཞུགས།

8 མི་ཚོགས་མང་པོས་རང་གི་གྱོན་པ་ལམ་ལ་བཏིང་ཞིང༌། གཞན་རྣམས་ཀྱིས་ཤིང་གི་ཡལ་ག་བཅད་དེ་ལམ་དུ་བཀྲམ།

9 ཁོང་གི་སྔོན་ནས་འགྲོ་བ་དང་རྗེས་སུ་འབྲངས་བའི་མི་རྣམས་ཀྱིས་སྐད་ཆེན་པོས།

དཱ་བིད་སྲས་ལ་ཧོ་ཟན་ནཱ།།

གཙོ་བོའི་མཚན་གྱི་ཐོག་ནས་ནི།།

ཤིན་ཏུ་མཐོ་ཤིང་བླ་ན་མེད།།

དཀོན་མཆོག་ལ་ནི་ཧོ་ཟན་ནཱ།།

ཞེས་གསུངས།

10 ཁོང་ཡེ་རུ་ཤ་ལེམ་དུ་བྱོན་དུས་མི་ཚང་མ་ཕར་ཚུར་བརྒྱུགས་ནས་ “འདི་སུ་ཡིན་” ཞེས་བཤད།

11 མི་ཚོགས་ཀྱིས་ “འདི་ནི་ག་ལིལ་ཡུལ་གྱི་ན་ཙ་རེལ་གྲོང་སྡེ་ནས་ཡིན་པའི་ལུང་སྟོན་པ་ཡེ་ཤུ་ཡིན་” ཞེས་ཟེར།

ཚོང་མཁན་རྣམས་མཆོད་ཁང་ཆེན་མོ་ནས་བསྐྲད་པ།

12 ཡེ་ཤུ་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་ཁྱམས་རར་ཕེབས་ནས། དེར་ཡོད་པའི་ཉོ་ཚོང་མཁན་རྣམས་ཕྱི་ལ་བཏོན་པར་མཛད། དངུལ་རྗེ་མཁན་གྱི་ཅོག་ཙེ་དང་ཕུག་རོན་ཚོང་མཁན་གྱི་འདུག་སྟེགས་ཀྱང་སར་བསྒྱེལ།

13 ཁོང་གིས་མི་དེ་ཚོར་ “དཀོན་མཆོག་གི་གསུང་རབ་ལས། ངའི་ཁང་པ་ལ་སྨོན་ལམ་འདེབས་སའི་ཁང་པ་ཟེར་བར་འགྱུར་ཞེས་འཁོད། འོན་ཀྱང་ཁྱོད་ཚོས་ཇག་ཚང་ལྟ་བུ་ཞིག་ཏུ་སྒྱུར་འདུག་” ཅེས་གསུངས།

14 ལོང་བ་དང་ཞ་བོ་རྣམས་མཆོད་ཁང་ཆེན་མོའི་ཁྱམས་རར་ཁོང་གི་མདུན་དུ་ཡོང་ནས་ཁོང་གིས་དེ་ཚོའི་ནད་གསོས་པར་མཛད།

15 ཡ་ཧུ་དཱ་པའི་བླ་ཆེན་དང༌། ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱིས་ཁོང་གིས་བསྒྲུབས་པའི་ངོ་མཚར་ཆེ་བའི་མཛད་པ་མཐོང་བ་དང༌། ཡང་མཆོད་ཁང་གི་ཁྱམས་རའི་ཕྲུ་གུ་རྣམས་ཀྱིས་སྐད་ཆེན་པོས་ “རྒྱལ་པོ་དཱ་བིད་ཀྱི་སྲས་ལ་ཧོ་ཟན་ནཱ་” ཞེས་སྨྲས་པ་ཐོས་ནས་ཁྲོས་ཏེ།

16 ཁོང་ལ་ “ཕྲུ་གུ་དེ་རྣམས་ཀྱིས་གང་བཤད་པ་ཐོས་སམ་” ཞེས་སྨྲས་པས་ཡེ་ཤུས་ཁོ་ཚོར་ “ཐོས་སོ། ཕྲུ་གུ་དང་འོ་འཐུང་བའི་བྱིས་པ་རྣམས་ཀྱིས་ཁྱེད་ལ་བསྟོད་བསྔགས་བྱེད་དུ་བཅུག་ཅེས་མདོ་ལས་བཀླགས་མ་མྱོང་ངམ་” ཞེས་གསུངས།

17 དེ་ནས་ཡེ་ཤུས་ཁོ་རྣམས་བཞག་སྟེ་གྲོང་ཁྱེར་ཁ་བྲལ་ནས་པེ་ཐན་ཡཱ་གྲོང་སྡེ་ལ་ཕེབས་པ་དང༌། མཚན་མོ་དེར་བཞུགས།

ཤིང་འབྲས་མེད་པའི་བསེ་ཡབ་ཤིང༌།

18 དེའི་སང་ཞོགས་རྒྱལ་སར་ཕྱིར་ཕེབས་པའི་དུས་སུ་ཡེ་ཤུ་བཀྲེས་པར་གྱུར།

19 ལམ་གྱི་ཟུར་ལ་བསེ་ཡབ་ཤིང་སྡོང་ཞིག་གཟིགས་ཏེ། དེའི་རྩར་ཕེབས་དུས་ལོ་མ་ལས་གཞན་ཅི་ཡང་མེད་པ་གཟིགས་པས་དེ་ལ་ “ད་ནས་བཟུང་འབྲས་བུ་ནམ་ཡང་མ་སྐྱེད་ཅིག་” ཅེས་གསུངས་མ་ཐག བསེ་ཡབ་ཤིང་དེ་བསྐམས།

20 དེ་མཐོང་ནས་ཉེ་གནས་རྣམས་ཡ་མཚན་དུ་གྱུར་ནས་ “བསེ་ཡབ་ཤིང་དེ་ལྟར་མགྱོགས་པོ་ཅི་ལྟར་བསྐམས་” ཞེས་དྲིས།

21 ལན་དུ་ཡེ་ཤུས་ “ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར། ཐེ་ཚོམ་མེད་པར་དད་པ་བྱས་ན། བསེ་ཡབ་ཤིང་ལ་གང་བྱས་པ་དེ་ཁྱེད་ཚོས་ཀྱང་དེ་ལྟར་བྱེད་པར་འགྱུར་བ་མ་ཟད། རི་འདི་ལ། འདི་ནས་བཀོག་པར་འགྱུར་ཞིང་རྒྱ་མཚོའི་ནང་ལ་དབྱུགས་པར་འགྱུར་ཞིག་ཅེས་ཟེར་ན། དེ་ལྟར་འགྲུབ་པར་འགྱུར་རོ།

22 དད་པའི་སྒོ་ནས་གང་སྨོན་ལམ་ཞུ་བ་ཐམས་ཅད་འཐོབ་ངེས་ཡིན་” ཞེས་གསུངས།

སྟོན་པ་ཡེ་ཤུའི་དབང་ཆ།

23 ཡེ་ཤུ་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་ཁྱམས་རར་ཕེབས་པ་དང༌། ཁོང་གིས་ཆོས་བསྟན་གནང་བའི་དུས་སུ་ཡ་ཧུ་དཱ་པའི་བླ་ཆེན་དང་ཡུལ་མི་རྣམས་ཀྱི་རྒན་པོ་ཚོ་ཁོང་གི་མདུན་དུ་ཡོང་ནས་ “ཁྱེད་ཀྱིས་དབང་ཆ་གང་གི་སྒོ་ནས་དོན་འདི་ཚོ་མཛད། ཡང་སུ་ཞིག་གིས་ཁྱེད་ལ་དོན་འདི་རྣམས་མཛད་པའི་དབང་ཆ་སྤྲད་པ་ཡིན་ནམ་” ཞེས་བཤད་པ་ལ།

24 ཡེ་ཤུས་ཁོ་ཚོར་ “ངས་ཀྱང་ཁྱེད་རྣམས་ལ་དྲི་བ་གཅིག་འདྲི་རྒྱུ་ཡིན། ཁྱེད་ཚོས་དེའི་ལན་བཏབ་ན། ངས་དོན་འདི་རྣམས་དབང་ཅི་ལྟ་བུས་མཛད་པའང་ཁྱེད་རྣམས་ལ་ཤོད་རྒྱུ་ཡིན།

25 ཡོ་ཧ་ནན་གྱིས་ཁྲུས་གསོལ་མཛད་པ་དེ་གང་ནས་བྱུང༌། དཀོན་མཆོག་ནས་བྱུང་ངམ། མི་ནས་བྱུང་” ཞེས་གསུངས་པས། ཁོ་ཚོས་ཕན་ཚུན་གཏམ་གླེང་བྱས་ཤིང་ “གལ་ཏེ་དཀོན་མཆོག་ནས་བྱུང་ཞེས་བཤད་ན། ཁོང་གིས་ང་ཚོར་འོ་ན་ཁྱེད་རྣམས་ཀྱིས་ཅིའི་ཕྱིར་ཁོང་ལ་དད་པ་མ་བྱས་སམ་ཞེས་གསུང་ངེས་ལ།

26 མི་ལས་བྱུང་ཞེས་བཤད་ན། མི་ཐམས་ཅད་ཀྱིས་ཡོ་ཧ་ནན་ལུང་སྟོན་པར་རྩི་བའི་རྐྱེན་གྱིས་ང་ཚོ་མི་ཚོགས་ལ་འཇིགས་” ཞེས་བཤད།

27 དེར་བརྟེན་ཡེ་ཤུ་ལ་ “ང་ཚོས་མི་ཤེས་” ཞེས་ལན་བཏབ་པས་ཁོང་གིས་ཁོ་ཚོར་ “དེས་ན་ངས་ཀྱང་དོན་འདི་རྣམས་དབང་ཆ་གང་གིས་བྱེད་པ་མི་ཤོད།”

བུ་གཉིས་ཀྱི་དཔེ།

28 “ད་ཁྱེད་ཚོས་ཅི་ལྟར་སེམས། མི་ཞིག་ལ་བུ་གཉིས་ཡོད་དེ། ཁོས་བུ་ཆེ་བའི་རྩར་སོང་ནས་ཁོ་ལ་བུ། དེ་རིང་རྒུན་འབྲུམ་གྱི་ལྡུམ་རར་ཕྱིན་ནས་ལས་ཀ་བྱོས་ཤིག་ཅེས་ཟེར་བ་ལ། 29 ཁོས་ང་མི་འགྲོ་ཞེས་ཟེར་བའི་རྗེས་སུ་སེམས་བསྒྱུར་ནས་སོང༌།

30 མི་དེ་བུ་ཆུང་བའི་རྩར་ཕྱིན་ནས་སྔོན་ལྟར་སྨྲས་པ་དང༌། བུ་དེས་ཡབ་ལགས། ང་འགྲོ་ཞེས་ཟེར་ནས་མ་སོང༌།

31 བུ་དེ་གཉིས་ནས་སུས་ཕའི་འདོད་པ་བཞིན་དུ་བྱས་” ཞེས་གསུངས་པ་ལ། ཁོ་ཚོས་ “ཆེ་བ་དེས་བྱས་” ཞེས་ཟེར་བས་ཡེ་ཤུས་ཁོ་རྣམས་ལ་ “ངས་ཁྱོད་རྣམས་ལ་བདེན་པར་ཟེར་རྒྱུར། ཁྲལ་སྡུད་མཁན་དང་སྨད་འཚོང་མ་རྣམས་ཁྱོད་རྣམས་ཀྱི་སྔོན་ལ་དཀོན་མཆོག་གི་རྒྱལ་སྲིད་ལ་ཞུགས།

32 གང་ཡིན་ཟེར་ན། ཁྲུས་གསོལ་མཁན་ཡོ་ཧ་ནན་ཁྱོད་ཚོའི་དྲུང་དུ་དྲང་དང་ལྡན་པའི་ལམ་བསྟན་ཏེ་ཡོང་ནའང༌། ཁྱོད་ཚོས་ཁོང་ལ་ཡིད་མ་ཆེས། ཁྲལ་སྡུད་མཁན་དང་སྨད་འཚོང་མ་རྣམས་ཀྱིས་ཡིད་ཆེས། ཁྱོད་ཚོས་དེ་མཐོང་ནའང་ཁྱོད་ཚོའི་སེམས་མ་སྒྱུར་ཞིང༌། ཁོང་ལ་ཡིད་མ་ཆེས།”

མད་ཐཱ། (22) – Matthew (22)

1 ཡེ་ཤུས་ཡང་བསྐྱར་དཔེ་བསྟན་པའི་སྒོ་ནས་ཁོ་ཚོར་

2 “དཀོན་མཆོག་གི་རྒྱལ་སྲིད་ནི་རང་གི་བུ་ལ་བག་སྟོན་བྱས་པའི་རྒྱལ་པོ་ཞིག་དང་འདྲ་བ་ཡིན།

3 བག་སྟོན་དེ་ལ་མགྲོན་ལ་བོས་པ་རྣམས་འདྲེན་པའི་ཕྱིར་གཡོག་པོ་རྣམས་བཏང་ན་ཡང༌། མགྲོན་པོ་རྣམས་ཡོང་བར་མི་འདོད།

4 རྒྱལ་པོས་གཡོག་པོ་གཞན་རྣམས་བཏང་སྟེ་ཁོ་ཚོར། མགྲོན་པོ་རྣམས་ལ། ཉོན་དང༌། ངའི་བག་སྟོན་གྲ་སྒྲིག་ཟིན་པ་ཡིན་ལ། ངའི་བ་གླང་དང་ཕྱུགས་རྒྱགས་པ་བཤས། ཐམས་ཅད་བཤམས་ཚར་བས། བག་སྟོན་ལ་ཤོག་ཅིག་ཅེས་ཟེར་ཞིག

5 འོན་ཀྱང་མགྲོན་པོ་རྣམས་ཀྱིས་དེ་ལ་དོ་སྣང་མ་བྱས་པར་ཕར་སོང་སྟེ། གཅིག་རང་གི་ཞིང་ཁར་སོང༌། གཞན་གཅིག་རང་གི་ཚོང་ཁང་ལ་སོང༌།

6 གཞན་རྣམས་ཀྱིས་རྒྱལ་པོའི་གཡོག་པོ་རྣམས་བཟུང་ནས་སྡུག་པོ་བཏང་སྟེ་བསད།

7 རྒྱལ་པོ་ཤིན་ཏུ་ཁྲོས་ནས་དམག་དཔུང་བཏང་སྟེ་མི་སྲོག་གཅོད་མཁན་དེ་རྣམས་མེད་པར་བྱས་ནས་ཁོ་ཚོའི་གྲོང་ཁྱེར་མེས་བསྲེགས།

8 དེ་ནས་རང་གི་གཡོག་པོ་རྣམས་ལ། བག་སྟོན་གྲ་སྒྲིག་ཟིན་ཡོད་ཀྱང༌། མགྲོན་པོ་རྣམས་ལ་འོས་པ་མིན་པས།

9 གཞུང་ལམ་ལ་སོང་ནས་དེར་ཡོད་པ་ཐམས་ཅད་བག་སྟོན་ལ་བོས་ཤིག་ཅེས་སྨྲས།

10 གཡོག་པོ་རྣམས་ལམ་ལ་སོང་ནས། མི་བཟང་ངན་སུ་ཐུག་ཀྱང་ཐམས་ཅད་ཁྲིད་ཡོང་བས་བག་སྟོན་ཁང་མགྲོན་པོས་ཁེངས་པར་གྱུར།

11 རྒྱལ་པོ་དེ་མགྲོན་པོ་རྣམས་ལ་ལྟ་བར་ནང་དུ་ཡོང་བའི་ཚེ། བག་སྟོན་གྱི་གོས་མ་གྱོན་པ་ཞིག་མཐོང་བས།

12 ཁོ་ལ། གྲོགས་པོ། བག་སྟོན་གྱི་གོས་མེད་པར་ཁྱོད་ཅི་ལྟར་འདིར་ཡོང་ཞེས་བཤད་པས། མགྲོན་པོ་དེས་ཇི་ལྟར་ཞུ་དགོས་མིན་མ་ཤེས།

13 དེ་ནས་རྒྱལ་པོས་གཡོག་པོ་རྣམས་ལ། ཁོ་རྐང་ལག་བསྡམས་ནས། ངུ་ཞིང་སོ་ཁྲིག་ཁྲིག་འབྱུང་ས་ཕྱི་རོལ་གྱི་མུན་པའི་ནང་དུ་དབྱུགས་ཤིག་ཅེས་བཤད།

14 བོས་པ་མང་ཡང་འདམ་པ་ཉུང་” ཞེས་གསུངས།

ཁྲལ་འཇལ་དགོས་མིན།

15 དེ་ནས་ཡེ་ཤུ་ལ་ཁྲིམས་དང་འགལ་བའི་གཏམ་ཤོད་གནང་དུ་འཇུག་པའི་ཕྱིར་ཕཱ་རུ་ཤི་པ་རྣམས་སོང་ནས་ངན་ཇུས་བྱས།

16 ཁོ་ཚོའི་ཉེ་གནས་དང༌། ཧེ་རོ་དཱེའི་ཕྱོགས་ཁག་གི་མི་འགའ་ཞིག་ཁོང་གི་མདུན་དུ་བཏང་ནས་ཁོང་ལ་ “སློབ་དཔོན་ལགས། ཁྱེད་ནི་རང་གཤིས་དྲང་པོ་ཡིན་ཞིང༌། དཀོན་མཆོག་གི་ལམ་ཡང་དག་པར་བདེན་པར་སྟོན་དེ། མི་གཞན་གྱི་བསམ་པའི་དབང་དུ་མི་འགྲོ་བ་དང་ཕྱོགས་རིས་མེད་པ་ཞིག་ཡིན་པ་ངེད་ཀྱིས་ཤེས།

17 ཁྱེད་ཀྱིས་ཅི་ལྟར་དགོངས་པ་ང་ཚོར་གསུངས་རོགས། དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་ང་ཚོས་རྒྱལ་པོར་ཁྲལ་འཇལ་རུང་ངམ་མི་རུང་” ཞེས་སྨྲས།

18 ཡེ་ཤུས་ཁོ་ཚོའི་ངན་སེམས་མཁྱེན་ཏེ་ཁོ་ཚོར་ “ཁ་བཤད་དོན་ལ་མི་གནས་པ་ཁྱོད་ཚོ། ང་ལ་ཉམས་ཚོད་ལེན་པའི་རྒྱུ་མཚན་ཅི།

19 ཁྲལ་གྱི་དངུལ་སྒོར་ཞིག་ང་ལ་སྟོན་དང་” ཞེས་གསུངས་པས་ཁོ་ཚོས་དངུལ་སྒོར་གཅིག་ཁྱེར་ཡོང༌།

20 ཁོང་གིས་མི་དེ་ཚོར་ “རི་མོ་དང་ཡི་གེ་འདི་སུའི་ཡིན་ནམ་” ཞེས་དྲིས་པ་ན།

21 ཁོ་ཚོས་ཁོང་ལ་ “རྒྱལ་པོའི་ཡིན་ནོ་” ཞེས་སྨྲས་པས་ཁོང་གིས་ཁོ་རྣམས་ལ་ “འོ་ན། གང་ཞིག་རྒྱལ་པོའི་ཡིན་པ་དེ་རྒྱལ་པོར་ཕུལ་ཞིག གང་ཞིག་དཀོན་མཆོག་གི་ཡིན་པ་དེ་དཀོན་མཆོག་ལ་ཕུལ་ཞིག་” ཅེས་གསུངས།

22 དེ་ཐོས་ནས་དེ་རྣམས་ངོ་མཚར་ཆེ་བར་གྱུར་དེ། ཁོང་དང་ཁ་བྲལ་ནས་ཕར་སོང༌།

སླར་གསོན་པའི་སྐོར།

23 ཉིན་དེ་རང་ལ་གཤིན་པོ་རྣམས་ལ་སླར་གསོན་པ་མེད་ཅེས་ཟེར་མཁན་སཱ་ཅུ་སེ་པ་ནང་ནས་འགའ་ཤས་ཡེ་ཤུའི་མདུན་དུ་ཡོང་སྟེ་ཁོང་ལ་

24 “སློབ་དཔོན་ལགས། ལུང་སྟོན་པ་མོ་ཤེ་ཡིས། གལ་སྲིད་སྐྱེས་པ་ཞིག་བུ་ཕྲུག་མེད་པར་ཤི་ན། ཁོའི་སྤུན་གྱིས་སྐྱེས་པ་དེའི་ཡུགས་མོ་བཟའ་ཟླ་བླངས་ནས་རང་གི་སྤུན་གྱི་དོན་ལ་རིགས་རྒྱུད་སྤེལ་དགོས་ཞེས་གསུངས།

25 ང་ཚོའི་དཀྱིལ་ལ་སྤུན་བདུན་ཡོད་དེ། དང་པོ་དེ་བཟའ་ཟླར་བླངས་ནས་བུ་ཕྲུག་མེད་པར་ཤི ཁོའི་སྤུན་གྱིས་སྐྱེས་པ་དེའི་ཡུགས་མོ་བཟའ་ཟླར་བླངས།

26 སྤུན་གཉིས་པ་དང༌། གསུམ་པ་ལ་སོགས་པ་བདུན་པའི་བར་དུ་དེ་ལྟར་བྱུང༌།

27 མཐར་བུད་མེད་དེའང་ཤི

28 འོ་ན་ཁོ་ཚོ་ཚང་མས་ཁོ་མོ་བཟའ་ཟླར་བླངས་པས། གཤིན་པོ་རྣམས་འཆི་བ་ནས་སླར་གསོན་པའི་དུས་སུ་ཁོ་མོ་ནི་སུའི་བཟའ་ཟླར་འགྱུར་” ཞེས་དྲིས། 29 ལན་དུ་ཡེ་ཤུས་ཁོ་རྣམས་ལ་ “ཁྱེད་ཚོས་གསུང་རབ་ཀྱང་མི་རྟོགས། དཀོན་མཆོག་གི་ནུས་མཐུ་ཡང་མི་རྟོགས་པས་ནོར།

30 གཤིན་པོ་རྣམས་སླར་གསོན་པའི་དུས་སུ་དེ་ཚོས་བག་མ་ཡང་མི་ལེན། བག་མར་ཡང་མི་གཏོང༌། དེ་ཚོ་དཀོན་མཆོག་གི་ཞིང་ཁམས་ཀྱི་ཕོ་ཉ་དང་འདྲ་བ་ཡིན།

31 འོན་ཀྱང་གཤིན་པོ་གསོན་པོར་ལང་དུ་གྱུར་ངེས་པའི་སྐོར་ལ། དཀོན་མཆོག་གིས་ཁྱེད་ཚོར་གསུངས་པ་སྟེ།

32 ང་ནི་ཁྱེད་ཀྱི་མེས་པོ་ཨབ་ར་ཧམ་གྱི་དཀོན་མཆོག་དང༌། ཨི་སཱག་གི་དཀོན་མཆོག ཡ་ཀོབ་ཀྱི་དཀོན་མཆོག་ཡིན་ཞེས་མ་བཀླགས་སམ། ཁོང་ནི་གཤིན་པོ་རྣམས་ཀྱི་དཀོན་མཆོག་མ་ཡིན་ཏེ། གསོན་པོ་རྣམས་ཀྱི་དཀོན་མཆོག་ཡིན་ནོ་” ཞེས་གསུངས།

33 མི་ཚོགས་ཀྱིས་དེ་ཐོས་ནས་ཁོང་གི་ཆོས་གསུངས་པ་ལ་ཡ་མཚན་ཆེན་པོ་སྐྱེས།

བཀའ་ཁྲིམས་གལ་ཆེ་ཤོས།

34 ཡེ་ཤུས་སཱ་ཅུ་སེ་པ་རྣམས་ལ་སྨྲ་རྒྱུ་མེད་པར་མཛད་པ་ཐོས་ནས་ཕཱ་རུ་ཤི་པ་རྣམས་འདུས་ཏེ།

35 ཁོ་ཚོའི་ནང་ནས་ཆོས་ཁྲིམས་ལ་མཁས་པའི་མི་ཞིག་གིས་ཁོང་ལ་ཉམས་ཚོད་ལེན་པའི་ཕྱིར་ཁོང་ལ་

36 “སློབ་དཔོན་ལགས། ཆོས་ཁྲིམས་ཀྱི་བཀའི་ནང་ནས་གལ་ཆེ་ཤོས་གང་ཡིན་” ཞེས་བཀའ་འདྲི་ཞུས།

37 ཁོང་གིས་མི་དེར་ “རང་གིས་གཙོ་བོ་དཀོན་མཆོག་ལ་བློ་གཅིག་སེམས་གཅིག་དང་ཡིད་གཅིག་གིས་བརྩེ་བར་ཟུངས་ཤིག

38 འདི་ནི་བཀའ་རྒྱ་གལ་ཆེ་ཤོས་དང་དང་པོ་དེ་ཡིན། 39 གཉིས་པ་དེ་དང་འདྲ་བ་ཡིན། དེ་ནི་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་ཟུངས།

40 བཀའ་དེ་གཉིས་ལ་ཆོས་ཁྲིམས་ཆ་ཚང་དང༌། ལུང་སྟོན་པའི་བསྟན་པ་རྟེན་ནོ་” ཞེས་གསུངས།

དཱ་བིད་ཀྱི་སྲས་སུ་ཡིན་མིན།

41 ཕཱ་རུ་ཤི་པ་རྣམས་འདུས་པའི་ཚེ་ཡེ་ཤུས་ཁོ་རྣམས་ལ་བཀའ་དྲི་གནང་སྟེ་

42 “ཁྱེད་ཚོས་སྐྱབས་མགོན་མཱ་ཤི་ཀའི་སྐོར་ཅི་ལྟར་སེམས། ཁོང་ནི་སུའི་སྲས་ཡིན་” ཞེས་གསུངས་པས་ཁོ་ཚོས་ཁོང་ལ་ “རྒྱལ་པོ་དཱ་བིད་ཀྱི་སྲས་ཡིན་” ཞེས་ཟེར།

43 ཁོང་གིས་ཁོ་ཚོར་ “འོ་ན་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་བསྐུལ་ཏེ་དཱ་བིད་ཀྱིས་ཁོང་ལ་གཙོ་བོ་ཞེས་ཟེར་བ་དེ་ཅི་ཡིན། ཁོང་གིས།

44 དཀོན་མཆོག་གིས་ནི་ང་ཡི་གཙོ་བོ་ལ།།

ཁྱེད་ཀྱི་དགྲ་རྣམས་ཁྱེད་ཀྱི་ཞབས་འོག་ཏུ།།

ང་ཡིས་མ་བཅུག་བར་དུ་ཁྱེད་རང་ཉིད།།

ང་ཡི་གཡས་སུ་དེ་བར་བཞུགས་དུ་གསོལ།།

45 རྒྱལ་པོ་དཱ་བིད་ཀྱིས་མཱ་ཤི་ཀ་ལ་གཙོ་བོ་ཞེས་ཟེར་ན། མཱ་ཤི་ཀ་ཁོང་གི་སྲས་ཅི་ལྟར་ཡིན་” ཞེས་གསུངས།

46 མི་སུས་ཀྱང་ཁོང་ལ་ལན་ཞུ་མ་ཐུབ་པས། དེའི་རྗེས་སུ་སུས་ཀྱང་ཁོང་ལ་དྲི་བ་ཅི་ཡང་ཞུ་མ་ཕོད་དོ།།

མད་ཐཱ། (23) – Gospel of Matthew (23)

1 དེ་ནས་ཡེ་ཤུས་མི་ཚོགས་དང་རང་གི་ཉེ་གནས་རྣམས་ལ་

2 “ཆོས་ཁྲིམས་ལ་མཁས་པའི་མི་དང་ཕཱ་རུ་ཤི་པ་རྣམས་ལུང་སྟོན་པ་མོ་ཤེའི་བཞུགས་ཁྲི་ལ་སྡོད་པས།

3 ཁོ་ཚོས་ཁྱེད་རྣམས་ལ་སློབ་པ་གང་ཐམས་ཅད་སྲུང་ཞིག འོན་ཀྱང་ཁོ་ཚོའི་སྤྱོད་པ་བཞིན་དུ་མ་བྱེད་ཅིག གང་ཡིན་ཞེ་ན། ཁོ་ཚོས་སྨྲ་བ་ལྟར་མི་བྱེད།

4 དེ་ཚོས་འཁུར་དཀའ་བའི་རྡོག་ཁྲེས་ལྗིད་པོ་བསྡམས་ནས་མི་གཞན་གྱི་རྒྱབ་ལ་འགེལ་ཡང༌། རང་གི་མཛུབ་མོ་གཅིག་ཙམ་གྱིས་ཀྱང་དེ་ལ་རེག་པར་མི་འདོད།

5 ཁོ་ཚོས་རང་གི་ལས་བྱས་པ་ཐམས་ཅད་མི་གཞན་གྱིས་མཐོང་བའི་ཆེད་དུ་ཡིན་ཏེ། རང་གི་སྲུང་བ་ཞེང་ཆེ་བ་དང༌། གོས་ཀྱི་མཐའ་འཛར་རིང་པོ་བྱེད།

6 དེ་ཚོས་གསོལ་སྟོན་ལ་གྲལ་མགོའི་གལ་ཆེ་ས་དང༌། འདུ་ཁང་དུ་ཁྲི་མཐོ་སར་སྡོད་པ།

7 ཁྲོམ་ལ་མི་རྣམས་ཀྱིས་ཁོ་ཚོར་ཕྱག་བྱེད་པ་དང༌། མི་རྣམས་ཀྱིས་ཁོ་ལ་རབ་བི་ཞེས་ཟེར་བར་དགའ།

8 འོན་ཀྱང་ཁྱེད་ཚོ་ཚང་མ་ཕན་ཚུན་སྤུན་ཟླ་ཡིན་ཞིང་སློབ་དཔོན་གཅིག་རང་ལས་མེད་པས་ཁྱེད་ཚོར་རབ་བི་ཟེར་བར་མ་འཇུག་ཅིག

9 ཡང་དཀོན་མཆོག་གི་ཞིང་ཁམས་སུ་བཞུགས་པ་ཁོང་གཅིག་པོ་ནི་ཁྱེད་ཀྱི་ཡབ་ཡིན་པས་འཇིག་རྟེན་སྟེང་གི་མི་སུ་ལ་ཡང་ཡབ་མ་ཟེར་ཞིག

10 སྐྱབས་མགོན་མཱ་ཤི་ཀ་གཅིག་པོ་ནི་ཁྱེད་ཚོའི་སློབ་དཔོན་ཡིན་པས་ཁྱེད་ཚོར་སློབ་དཔོན་ཟེར་བར་མ་འཇུག་ཅིག

11 ཁྱེད་ཚོའི་ནང་ནས་སུ་ཆེ་ཤོས་ཡིན་པ་དེ་ཁྱེད་ཚོའི་གཡོག་པོར་འགྱུར་དགོས།

12 རང་གིས་རང་ལ་བཀུར་སྟི་བྱེད་མཁན་དམའ་བར་འགྱུར་ཞིང༌། རང་གིས་རང་དམའ་ས་ཟིན་མཁན་ལ་བཀུར་སྟི་འཐོབ་པར་འགྱུར།

13 ཆོས་ཁྲིམས་ལ་མཁས་པའི་མི་དང༌། ཕཱ་རུ་ཤི་པ་སྟེ་ཁ་བཤད་དོན་ལ་མི་གནས་པ་ཁྱོད་ཚོ་ལ་སྡུག་བསྔལ་ཆེན་པོ་འབྱུང༌། ཅིའི་ཕྱིར་ཞེ་ན། ཁྱོད་ཚོས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྒོ་བརྒྱབ་ནས། ཁྱོད་ཚོ་རང་ནང་དུ་མ་ཞུགས་པ་དང༌། ནང་ལ་འགྲོ་བཞིན་པ་རྣམས་ཀྱང་བཀག

15 ཆོས་ཁྲིམས་ལ་མཁས་པའི་མི་དང༌། ཕཱ་རུ་ཤི་པ་སྟེ་ཁ་བཤད་དོན་ལ་མི་གནས་པ་ཁྱོད་ཚོ་ལ་སྡུག་བསྔལ་ཆེན་པོ་འབྱུང༌། ཅིའི་ཕྱིར་ཞེ་ན། མི་གཅིག་ཡ་ཧུ་དཱ་པའི་ཆོས་སུ་འཇུག་པའི་ཕྱིར་ཁྱོད་ཚོས་སྐམ་ས་དང་རྒྱ་མཚོ་གཉིས་སྐོར་ཞིང༌། མི་དེ་ཡ་ཧུ་དཱ་པར་གྱུར་ནས་ཁྱོད་ཚོ་ལས་ལྡབ་གཉིས་ཀྱིས་ལྷག་པའི་དམྱལ་ཁམས་ཀྱི་བུར་བྱེད།

16 ལམ་སྟོན་པ་ལོང་བ་ཁྱོད་ཚོ་ལ་སྡུག་བསྔལ་ཆེན་པོ་འབྱུང༌། ཁྱོད་ཚོས། གལ་ཏེ་མི་ཞིག་གིས་མཆོད་ཁང་ཆེན་མོ་དཔང་དུ་བཙུགས་ཏེ་མནའ་བསྐྱལ་ན་ཅིའང་མེད། འོན་ཀྱང་མཆོད་ཁང་ཆེན་མོའི་གསེར་དཔང་དུ་བཙུགས་ཏེ་མནའ་བསྐྱལ་ན་དེ་ཡིན་གཅིག་སྲུང་དགོས་ཞེས་ཟེར།

17 བླུན་པོ་ལོང་བ་ཁྱོད་རྣམས། གསེར་གལ་ཆེ་བ་ཡིན་ནམ། ཡང་ན་གསེར་དེ་རྩ་ཆེན་དུ་སྒྱུར་བའི་མཆོད་ཁང་ཆེན་མོ་གལ་ཆེ་བ་ཡིན།

18 ཡང་ཁྱོད་ཚོས། གལ་ཏེ་མི་ཞིག་གིས་མཆོད་ཁྲི་དཔང་དུ་བཙུགས་ཏེ་མནའ་བསྐྱལ་ན་ཅིའང་མེད། འོན་ཀྱང་མཆོད་ཁྲིའི་སྟེང་གི་མཆོད་པ་དཔང་དུ་བཙུགས་ཏེ་མནའ་བསྐྱལ་ན་དེ་ཡིན་གཅིག་སྲུང་དགོས་ཞེས་ཟེར།

19 ལོང་བ་ཁྱོད་ཚོ། མཆོད་པ་ཆེ་བ་ཡིན་ནམ། ཡང་ན་མཆོད་པ་རྩ་ཆེན་དུ་སྒྱུར་བའི་མཆོད་ཁྲི་གལ་ཆེ་བ་ཡིན།

20 དེ་བས་ན། མི་སུ་ཞིག་གིས་མཆོད་ཁྲི་དཔང་དུ་བཙུགས་ཏེ་མནའ་བསྐྱལ་ན། མཆོད་ཁྲི་དང་དེའི་སྟེང་གི་ཐམས་ཅད་དཔང་དུ་བཙུགས་ཏེ་མནའ་སྐྱེལ།

21 ཡང་སུ་ཞིག་གིས་མཆོད་ཁང་དཔང་དུ་བཙུགས་ཏེ་མནའ་བསྐྱལ་ན། མཆོད་ཁང་དང་དེའི་ནང་ལ་བཞུགས་མཁན་ཁོང་དཔང་དུ་བཙུགས་ཏེ་མནའ་སྐྱེལ།

22 ཡང་སུ་ཞིག་གིས་དཀོན་མཆོག་གི་ཞིང་ཁམས་དཔང་དུ་བཙུགས་ཏེ་མནའ་བསྐྱལ་ན། དཀོན་མཆོག་གི་བཞུགས་ཁྲི་དང་དེའི་སྟེང་ལ་བཞུགས་མཁན་ཡང་དཔང་དུ་བཙུགས་ཏེ་མནའ་སྐྱེལ།

23 ཆོས་ཁྲིམས་ལ་མཁས་པའི་མི་དང༌། ཕཱ་རུ་ཤི་པ་སྟེ་ཁ་བཤད་དོན་ལ་མི་གནས་པ་ཁྱོད་ཚོ་ལ་སྡུག་བསྔལ་ཆེན་པོ་འབྱུང༌། ཅིའི་ཕྱིར་ཞེ་ན། ལྡུམ་རའི་རྩྭ་དྲི་ཞིམ་དང་གོ་སྙོད་ལ་སོགས་སྔོ་ཚོད་ཆུང་ཆུང་སྣ་ཚོགས་ཀྱི་བཅུ་ཆ་གཅིག་དཀོན་མཆོག་ལ་ཕུལ་ན་ཡང༌། ཁྱོད་ཚོས་ཁྲིམས་གཅོད་བདེན་པར་བྱེད་པ་དང༌། སྙིང་རྗེ་དང༌། དད་པ་ལ་སོགས་པའི་ཆོས་ཁྲིམས་ཀྱི་གལ་ཆེ་བའི་དོན་རྣམས་སྣང་མེད་དུ་བརྩིས། འདི་ཚོ་སྲུང་སྟེ་གཞན་རྣམས་དོར་བར་མི་རུང༌།

24 ལམ་སྟོན་པ་ལོང་བ་ཁྱོད་ཚོ། ཁྱོད་ཚོས་འབུ་ཆུང་ཆུང་བཙགས་ནས་རྔ་མོང་མིད།

25 ཆོས་ཁྲིམས་ལ་མཁས་པའི་མི་དང༌། ཕཱ་རུ་ཤི་པ་སྟེ་ཁ་བཤད་དོན་ལ་མི་གནས་པ་ཁྱོད་ཚོ་ལ་སྡུག་བསྔལ་ཆེན་པོ་འབྱུང༌། ཅིའི་ཕྱིར་ཞེ་ན། ཁྱོད་ཚོས་ཕོར་པ་དང་སྡེར་མའི་ཕྱི་ཕྱོགས་གཙང་བར་བྱེད་ནའང༌། ནང་ཕྱོགས་སུ་དེ་ཚོ་སེར་སྣ་དང་རང་འདོད་ཚ་བའི་བཙོག་པ་ཡིས་ཁེངས་།

26 ཕཱ་རུ་ཤི་པ་ལོང་བ་ཁྱོད། སྔོན་ལ་ཕོར་པ་དང་སྡེར་མའི་ནང་ཕྱོགས་གཙང་བར་བྱོས་ཤིག དེ་ནས་ཕྱི་ཕྱོགས་ཀྱང་གཙང་བར་འགྱུར།

27 ཆོས་ཁྲིམས་ལ་མཁས་པའི་མི་དང༌། ཕཱ་རུ་ཤི་པ་སྟེ་ཁ་བཤད་དོན་ལ་མི་གནས་པ་ཁྱོད་ཚོ་ལ་སྡུག་བསྔལ་ཆེན་པོ་འབྱུང༌། ཅིའི་ཕྱིར་ཞེ་ན། ཁྱོད་ཚོ་ནི་དཀར་པོར་བཟོས་པའི་དུར་ཁང་དང་འདྲ་བ་ཡིན་ཏེ་ཕྱི་ཕྱོགས་ལ་བལྟས་ན་མཛེས་ཀྱང༌། ནང་ཕྱོགས་སུ་གཤིན་པོའི་རུས་དང༌། མི་གཙང་བ་རིགས་ཀུན་གྱིས་ཁེངས་སོ།

28 དེ་ལྟར་ཁྱོད་ཚོའང་ཕྱི་ཕྱོགས་སུ་མི་རྣམས་ཀྱིས་བལྟས་ན་ཆོས་དྲང་པོ་ཡིན་པར་མཐོང་ཡང༌། ནང་ཕྱོགས་སུ་ཁ་བཤད་དོན་ལ་མི་གནས་པ་དང་ཁྲིམས་མེད་པ་ཡིས་ཁེངས།

29 ཆོས་ཁྲིམས་ལ་མཁས་པའི་མི་དང༌། ཕཱ་རུ་ཤི་པ་སྟེ་ཁ་བཤད་དོན་ལ་མི་གནས་པ་ཁྱོད་ཚོ་ལ་སྡུག་བསྔལ་ཆེན་པོ་འབྱུང༌། ཅིའི་ཕྱིར་ཞེ་ན། ཁྱོད་ཚོས་ལུང་སྟོན་པའི་དུར་ཁང་རྩིག་པ་དང༌། དྲང་ལྡན་པ་རྣམས་ཀྱི་དུར་ཁང་ལ་བརྒྱན་ཏེ།

30 ང་ཚོ་མེས་པོའི་དུས་སུ་ཡོད་པ་ཡིན་ན། ཁོ་ཚོ་དང་མཉམ་དུ་ལུང་སྟོན་པ་རྣམས་མི་གསོད་ཅེས་ཟེར།

31 དེ་ལྟར་སྨྲས་ནས་ཁྱོད་ཚོས་སོ་སོ་ལུང་སྟོན་པ་གསོད་མཁན་གྱི་རྒྱུད་པ་ཡིན་པར་དཔང་པོ་བྱེད།

32 བྱས་ན། ཁྱོད་ཚོའི་ཕ་མེས་ཀྱིས་འགོ་བཙུགས་པ་དེ་ཁྱོད་ཚོས་ཚར་བར་གྱིས་ཤིག

33 ཁྱོད་ཚོ་སྦྲུལ་གྱི་རིགས། དུག་སྦྲུལ་གྱི་རྒྱུད་རྣམས། དམྱལ་ཁམས་ཀྱི་ཆད་པ་ལས་ཅི་ལྟར་ཐར་བར་འགྱུར།

34 དེའི་ཕྱིར་ཉོན་ཞིག ངས་ལུང་སྟོན་པ་དང༌། ཤེས་རབ་ཅན་དང༌། ཆོས་ཁྲིམས་ལ་མཁས་པའི་མི་ཁྱོད་ཚོའི་རྩར་གཏོང༌། དེ་ཚོའི་ནང་ནས་ཁྱོད་ཚོས་ཁ་ཤས་གསོད། ཁ་ཤས་རྒྱང་ཤིང་ལ་རྒྱོང༌། ཁ་ཤས་འདུ་ཁང་ནང་ལ་རྟ་ལྕག་གིས་རྡུང༌། ཁ་ཤས་ལ་གྲོང་ཁྱེར་གཅིག་ནས་གཞན་ལ་རྗེས་སུ་སྙེག་སྟེ་གནོད་འཚེ་བྱེད་པས།

35 དྲང་ལྡན་གྱི་མེས་པོ་ཧ་བེལ་ནས་མཆོད་ཁང་དང་མཆོད་ཁྲི་གཉིས་བར་དུ་ཁྱོད་ཚོས་བསད་པའི་པེ་རེ་ཀི་ཡཱ་ཡི་བུ་ཟེ་ཀ་རི་ཡཱ་བར་གྱི་ས་ལ་གཟགས་པའི་ཁྲག་དེ་ཐམས་ཅད་ལ་ཁྱོད་ཚོས་འགན་ལེན་བྱེད་དགོས།

36 ངས་ཁྱོད་ཚོར་བདེན་པར་ཟེར་རྒྱུར། དེ་ཐམས་ཅད་ཀྱི་ཆད་པ་མི་རབས་འདི་ཡི་མགོ་སྟེང་དུ་འབབ་ངེས་ཡིན།”

ཡེ་རུ་ཤ་ལེམ་གྱི་ཆེད་སྨྲེ་སྔགས་འདོན་པ།

37 “ཀྱེ་ཡེ་རུ་ཤ་ལེམ། ཡེ་རུ་ཤ་ལེམ། ཁྱོད་ཀྱིས་ལུང་སྟོན་པ་རྣམས་གསོད་ཅིང་ཁྱོད་རྩར་མངག་པ་རྣམས་རྡོ་རུབ་གཏོང༌། བྱ་མོས་རང་གི་བྱ་ཕྲུག་གཤོག་པའི་འོག་ཏུ་སྡུད་པ་ལྟར་ངས་ཐེངས་མང་པོར་ཁྱོད་ཀྱི་ཕྲུ་གུ་སྡུད་པར་འདོད་ཀྱང༌། ཁྱོད་རྣམས་མ་མོས།

38 ལྟོས་ཤིག ཁྱོད་ཀྱི་གནས་ཁང་ཁྱོད་ཕྱིར་སྟོང་བར་ལུས་པར་འགྱུར།

39 ངས་ཁྱོད་རྣམས་ལ་ཟེར་རྒྱུར། ད་ནས་བཟུང་ཁྱོད་ཚོས་གཙོ་བོའི་མཚན་ཐོག་ནས་ཕེབས་མཁན་ལ་བྱིན་རླབས་གནང་བར་ཤོག་ཅེས་ཟེར་བའི་བར་དུ་ཁྱོད་ཀྱིས་ང་མཐོང་བར་མི་འགྱུར་” ཞེས་གསུངས་སོ།།

མད་ཐཱ། (24) – Matthew (24)

1 ཡེ་ཤུ་མཆོད་ཁང་ཆེན་མོའི་ཁྱམས་ར་ནས་ཕྱིར་ཕེབས་སྐབས། དེའི་ཁང་པ་རྣམས་ཁོང་ལ་སྟོན་པའི་ཕྱིར་ཉེ་གནས་རྣམས་ཡོང་བ་དང༌།

2 ཁོང་གིས་ཁོ་རྣམས་ལ་ “ཁང་པ་ཆེན་པོ་འདི་རྣམས་མཐོང་བ་ཡིན་ནམ། ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། མ་འོངས་པའི་དུས་སུ་འདི་རུ་རྡོ་ཕ་བོང་གཅིག་སྟེང་གཅིག་ཀྱང་མི་ལུས་པར་ཐམས་ཅད་གཞིག་པར་འགྱུར་རོ་” ཞེས་གསུངས།

3 ཡེ་ཤུ་སྐྱུར་རུ་ཤིང་གི་རི་སྟེང་དུ་བཞུགས་པའི་ཚེ། ཉེ་གནས་རྣམས་ཟུར་དུ་ཁོང་གི་མདུན་ལ་ཡོང་ནས་ཁོང་ལ་ “དོན་འདི་རྣམས་དུས་ནམ་ཞིག་ལ་འབྱུང་ཞིང༌། ཁྱེད་ཀྱིས་འབྱོན་པ་དང་དུས་ཀྱི་མཐའ་མའི་རྟགས་གང་ཡིན་པ་ང་ཚོར་གསུང་རོགས་” ཞེས་ཞུས།

4 ལན་དུ་ཡེ་ཤུས་དེ་རྣམས་ལ་ “མི་སུས་ཀྱང་ཁྱེད་ཚོ་མི་སླུ་བའི་ཕྱིར་དོགས་ཟོན་གྱིས་ཤིག

5 མི་མང་པོས་ངའི་མིང་ཐོག་ནས་ཡོང་སྟེ་ང་རང་མཱ་ཤི་ཀ་ཡིན་ཞེས་ཟེར་ནས་མི་མང་པོར་མགོ་སྐོར་གཏོང་ངེས་ཡིན།

6 ཁྱེད་ཚོས་དམག་འཁྲུག་དང་དམག་འཁྲུག་སྐོར་གྱི་གཏམ་ཐོས་པའི་སྐབས་སུ་མ་འཇིགས་ཤིག དོན་འདི་ཚོ་འབྱུང་ངེས་ཀྱང་དེ་ནི་དུས་རབས་ཀྱི་མཐའ་མ་ད་དུང་མ་ཡིན།

7 རྒྱུ་མཚན་ནི་མི་རིགས་དང་མི་རིགས་འཁྲུག་ཅིང་རྒྱལ་ཁམས་དང་རྒྱལ་ཁམས་འཁྲུག་པ། ས་ཆ་ཁ་ཤས་ལ་མུ་གེ་དང་ས་ཡོམ་ཡང་འབྱུང་བར་འགྱུར།

8 འདི་ཚོ་ཐམས་ཅད་ནི་སྐྱེ་ཟུག་ཐོག་མ་དང་འདྲ་བ་ཡིན།

9 དེ་ནས་ཁོ་ཚོས་ཁྱེད་རྣམས་ལ་གནོད་འཚེ་བྱེད་པར་གཏད་ནས་གསོད་པར་འགྱུར། ངའི་མིང་གི་རྐྱེན་གྱིས་མི་རིགས་ཚང་མས་ཁྱེད་རྣམས་ལ་སྡང་བར་འགྱུར།

10 དེའི་ཚེ་མི་མང་པོ་དད་པ་ལོག་པར་གྱུར་ནས་གཅིག་གིས་གཅིག་ལ་རྒྱབ་གཏོད་བྱེད་ཅིང་སྡང་ཡོང༌།

11 ལུང་སྟོན་པ་རྫུན་མ་མང་པོ་ཞིག་འབྱུང་ཞིང་མི་མང་པོར་བསླུ་བྲིད་བྱེད་པར་འགྱུར།

12 བཀའ་ཁྲིམས་དང་འགལ་བ་འཕེལ་བས་མི་མང་ཆེ་བའི་བརྩེ་སེམས་ཉམས་པར་འགྱུར།

13 འོན་ཀྱང་ཚེའི་མཐའ་མཇུག་བར་དུ་བཟོད་པ་སྒོམ་པའི་མི་དེ་ལ་ཐར་པ་འཐོབ་ངེས་ཡིན།

14 ཡང་མི་རིགས་ཐམས་ཅད་ལ་དཔང་པོ་བྱེད་པའི་ཕྱིར་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་འདི་འཇིག་རྟེན་ཧྲིལ་པོར་སྒྲོག་པར་འགྱུར་ཞིང༌། དེ་ནས་དུས་ཀྱི་མཐའ་མ་འབྱུང༌།

15 ལུང་སྟོན་པ་ད་ནི་ཨེལ་གྱིས་གསུངས་པའི་སྟོང་བར་བྱེད་མཁན་གདུག་པ་ཅན་གནས་མཆོག་ལ་ལངས་བསྡད་པར་མཐོང་བའི་ཚེ། (འདི་ཀློག་མཁན་གྱིས་ཧ་གོ་བར་གྱིས་ཤིག)

16 ཡ་ཧུ་དཱ་ཡུལ་དུ་ཡོད་པའི་མི་རྣམས་རི་ལ་བྲོས་དགོས་ངེས་ཡིན།

17 ཁང་པའི་ཐོག་ལ་ཡོད་པ་མར་འབབ་ནས་རང་གི་ཁང་པའི་ནང་ནས་ཅ་ལག་མ་ལེན་ཅིག

18 ཞིང་ཁར་ཡོད་པའི་མི་རང་གི་ཕྱི་གོས་ལེན་དུའང་ངེས་པར་དུ་ཕྱིར་མི་ལོག་ཅིག

19 ཉིན་དེ་ཚོའི་རིང་ལ་བུད་མེད་ཕྲུ་གུ་འཁོར་བ་དང་བུ་ཕྲུག་ལ་འོ་མ་སྟེར་མཁན་རྣམས་ལ་སྙིང་རེ་རྗེ།

20 ཁྱེད་ཚོ་འབྲོས་པ་དེ་དགུན་ཁར་དང༌། ཡང་ན་ངལ་གསོ་བའི་ཉིན་མོར་མི་འབྱུང་བའི་ཕྱིར་ཁྱེད་ཚོས་སྨོན་ལམ་ཐོབས་ཤིག

21 དེའི་དུས་སུ་སྡུག་བསྔལ་ཤིན་ཏུ་ཆེན་པོ་འབྱུང་ཡོང༌། དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་དེ་ཐོག་མར་འཇིག་རྟེན་བཀོད་པ་ནས་ད་ལྟའི་བར་དུ་བྱུང་མ་མྱོང་ལ་རྗེས་སུའང་རྩ་བ་ནས་འབྱུང་མི་སྲིད།

22 ཡང་སྡུག་བསྔལ་གྱི་ཉིན་དེ་རྣམས་ཉུང་བར་མ་མཛད་ན། མི་སུ་ཡང་ཐར་མི་ཐུབ། འོན་ཀྱང་ཁོང་གིས་བདམས་པའི་མི་རྣམས་ཀྱི་དོན་དུ་ཉིན་དེ་རྣམས་ཇེ་ཉུང་དུ་མཛད་པར་འགྱུར།

23 དེའི་དུས་སུ་མི་སུ་ཞིག་གིས་ཁྱེད་རྣམས་ལ་ལྟོས་ཤིག སྐྱབས་མགོན་མཱ་ཤི་ཀ་འདི་རུ་ཡོད། ཡང་ན་ལྟོས་ཤིག མཱ་ཤི་ཀ་དེ་རུ་ཡོད་ཟེར་ན། དེར་ཡིད་མ་ཆེས་ཤིག

24 གང་ལགས་ཟེར་ན། མཱ་ཤི་ཀ་རྫུན་མ་དང་ལུང་སྟོན་པ་རྫུན་མ་མང་པོ་འབྱུང་སྟེ། ངོ་མཚར་ཆེ་བའི་ལས་དང་རྟགས་མཚན་བསྟན་ནས་མགོ་སྐོར་བཏང་སྲིད་ན། བདམས་པའི་མི་རྣམས་ཀྱང་མགོ་འཁོར་བར་འགྱུར།

25 ཉོན་ཞིག ངས་ཁྱེད་ཚོར་སྔོན་ལ་བཤད་པ་ཡིན།

26 དེའི་ཕྱིར་ཁོ་ཚོས་ཁྱེད་རྣམས་ལ། ལྟོས་ཤིག ཁོང་དབེན་གནས་སུ་འདུག་ཅེས་ཟེར་ན་མ་འཐོན་ཞིག ཡང་ན། ལྟོས་ཤིག ཁོང་ཁང་པའི་ཕུག་ནང་འདུག་ཅེས་ཟེར་ན་ཡིད་མ་ཆེས་ཤིག

27 རྒྱུ་མཚན་ནི་གློག་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འཁྱུག་པ་ལྟར། མིའི་རིགས་ཀྱི་བུའི་འབྱོན་པ་འབྱུང་བར་འགྱུར།

28 ཕུང་པོ་ཡོད་སར་བྱ་རྒོད་འཛོམ་པར་འགྱུར་རོ།།”

མི་རིགས་ཀྱི་བུ་འབྱོན་པའི་སྐོར།

29 “དུས་དེར་སྡུག་བསྔལ་ཆེན་པོ་དེའི་རྗེས་སུ།

ཉི་མ་སྒྲིབ་ཅིང་ཟླ་བའི་འོད་མི་སྤྲོ།།

རྒྱུ་སྐར་ཚོགས་རྣམས་ས་སྟེང་དུ་ལྷུང་ཞིང༌།།

བར་སྣང་ཁམས་ཀྱི་དབང་ལྡན་གཡོ་བར་འགྱུར།།

30 དེ་ནས་མིའི་རིགས་ཀྱི་བུའི་རྟགས་ནམ་མཁར་འབྱུང་ཞིང༌། དེའི་ཚེ་འཇིག་རྟེན་གྱི་མི་སྡེ་ཚང་མས་མྱ་ངན་བྱེད། ཁོ་ཚོས་མིའི་རིགས་ཀྱི་བུ་ནི་དབང་ཆེན་པོ་དང་གཟི་བརྗིད་ངང་ནས་ནམ་མཁའི་སྤྲིན་གྱི་ནང་ནས་འབྱོན་པར་མཐོང་ཡོང༌།

31 ཡང་དམག་དུང་གི་སྒྲ་ཆེན་པོ་དང་བཅས་པར་ཁོང་གིས་རང་གི་ཕོ་ཉ་རྣམས་མངགས་ཏེ། དེ་ཚོས་ས་གཞི་ཆེན་པོའི་མཐའ་ནས་ནམ་མཁའི་མཐའ་བར་བདམས་པའི་མི་ཐམས་ཅད་ཕྱོགས་བཞི་མཚམས་བརྒྱད་ནས་སྡུད་ཡོང༌།

32 ཁྱེད་ཚོས་བསེ་ཡབ་ཤིང་ནས་དཔེ་ཞིག་ལོངས་དང༌། དེའི་ཡལ་གར་ལོ་མ་འབུས་ནས་མཉེན་པའི་དུས་སུ། དབྱར་ཁའི་དུས་ཉེ་བར་ཡོད་པ་ཁྱེད་ཚོས་ཤེས།

33 དེ་བཞིན་དུ་ཁྱེད་ཚོས་རྟགས་མཚན་དེ་ཐམས་ཅད་འབྱུང་བ་མཐོང་ཚེ། མིའི་རིགས་ཀྱི་བུ་ཁོང་ཡང་སྒོ་འགྲམ་དུ་ཉེ་བར་སླེབས་ཡོད་པའང་རྟོགས་པར་གྱིས་ཤིག

34 ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། མི་རབས་འདི་འདའ་བར་འགྱུར་བའི་སྔོན་ལ་དོན་འདི་ཐམས་ཅད་འབྱུང་བར་འགྱུར།

35 གནམ་ས་གཉིས་ནི་འདའ་བར་འགྱུར་ཡང་ངའི་བཀའ་འདའ་བར་མི་འགྱུར་རོ།

36 ཉིན་མོ་དེ་དང་དུས་ཚོད་དེའི་སྐོར་ཡབ་དཀོན་མཆོག་གིས་མ་གཏོགས། སུས་ཀྱང་མི་ཤེས། དཀོན་མཆོག་གི་བཞུགས་གནས་ཀྱི་ཕོ་ཉ་རྣམས་ཀྱིས་ཀྱང་མི་ཤེས་ལ་སྲས་ཀྱིས་ཀྱང་མི་ཤེས།

37 མིའི་རིགས་ཀྱི་བུའི་འབྱོན་པ་ནི་ནོ་ཨའི་དུས་ལྟར་ཡིན་པར་འགྱུར།

38 གང་ལགས་ཤེ་ན། དུས་དེར་ཆུ་ལོག་མ་འབྱུང་བའི་སྔོན་ལ། ནོ་ཨ་ཁོང་གྲུ་ཆེན་གྱི་ནང་དུ་མ་ཞུགས་པའི་བར་དུ་དེ་ཚོས་བཟའ་འཐུང་བྱེད་ཅིང༌། བག་མ་གཏོང་ལེན་བྱེད་བཞིན་ཡོད།

39 ཆུ་ལོག་གིས་དེ་ཚོ་ཐམས་ཅད་ཕར་འཁྱེར་བའི་བར་དེ་ཚོས་མ་རྟོགས། མིའི་རིགས་ཀྱི་བུའི་འབྱོན་པ་དེ་ཡང་དེ་ལྟར་ཡིན་པར་འགྱུར།

40 དེའི་དུས་སུ་ཞིང་ཁར་མི་གཉིས་ཡོད་པ་ལས་གཅིག་ལེན་ཅིང་གཅིག་འབོར་བར་འགྱུར།

41 བུད་མེད་འབྲུ་འཐག་མཁན་གཉིས་ཡོད་པ་ལས། གཅིག་ལེན་ཅིང་གཅིག་འབོར་བར་འགྱུར།

42 དེ་བས་ན་ཁྱེད་ཀྱི་གཙོ་བོ་འབྱོན་པའི་ཉིན་མོ་མི་ཤེས་པས་བྱ་ར་བྱོས་ཤིག

43 ཁྱིམ་བདག་གིས་རྐུན་མ་སླེབས་པའི་དུས་དེ་ཤེས་པ་ཡིན་ན། གཉིད་མ་ལོག་པར་སྒུག་ནས་ཁང་པར་འཛུལ་དུ་མི་འཇུག་པ་དེ་རྟོགས་པར་གྱིས།

44 དེའི་ཕྱིར་ཁྱེད་ཚོའང་གྲ་སྒྲིག་བྱས་ནས་སྡོད་དགོས། གང་ལགས་ཟེར་ན། མིའི་རིགས་ཀྱི་བུ་ཁྱེད་ཀྱིས་མི་སེམས་པའི་དུས་ལ་ཕེབས་ངེས་ཡིན་ནོ།།”

གཡོག་བཟང་ངན་གཉིས།

45 “བློ་གཏད་ཆོག་པ་དང་ཤེས་རབ་དང་ལྡན་པའི་གཡོག་པོ་དེ་སུ་ཡིན། ཁྱིམ་བདག་གིས་མི་དེ་ལ་དབང་ཆ་སྤྲད་ནས་ཁོས་དུས་ལ་འབབ་སྐབས་གཡོག་པོ་གཞན་པ་རྣམས་ལ་ཟས་སྐལ་བ་སྟེར་བར་བྱེད་མཁན་དེ་ཡིན།

46 ཁྱིམ་བདག་ཡོང་ནས་ལྟ་སྐབས་དེ་ལྟར་བྱེད་བཞིན་པའི་གཡོག་པོ་ནི་བདེའོ།

47 ངས་ཁྱོད་ཚོ་ལ་བདེན་པར་ཟེར་རྒྱུར། ཁྱིམ་བདག་དེས་ཁོ་ལ་གང་ཡོད་པ་ཐམས་ཅད་གཡོག་པོ་དེའི་དབང་འོག་ཏུ་འཇུག་ངེས་ཡིན།

48 འོན་ཀྱང་གཡོག་པོ་ངན་པ་དེས་ཁྱིམ་བདག་འགྱང་བར་ཡོང་བསམས་ཤིང༌།

49 གཡོག་པོ་གཞན་རྣམས་བརྡུངས་ཏེ་ར་བཟི་མཁན་དང་མཉམ་དུ་ཟ་འཐུང་བྱས་ན།

50 གཡོག་པོས་མི་སེམས་པའི་ཉིན་དང༌། མི་ཤེས་པའི་དུས་ཚོད་ལ་ཁྱིམ་བདག་ཡོང་སྟེ།

51 ཁོ་དུམ་བུར་བཅད་ནས་ཁ་བཤད་དོན་ལ་མི་གནས་པ་རྣམས་དང་ལྷན་དུ་ངུ་ཞིང་སོ་ཁྲིག་ཁྲིག་བྱེད་པའི་གནས་དུ་འཇུག་ངེས་ཡིན་ནོ།།”

མད་ཐཱ། (25) – Matthew (25)

1 “དེའི་དུས་སུ་དཀོན་མཆོག་གི་རྒྱལ་སྲིད་ནི་སྣུམ་བཞུ་འཁུར་ཏེ་མག་པ་ཐུག་པར་སོང་བའི་བག་གཡོག་གཞོན་ནུ་མ་བཅུ་དང་འདྲ་བ་ཡིན།

2 དེ་ཚོའི་ནང་ནས་གཞོན་ནུ་མ་ལྔ་ནི་བླུན་པོ་དང༌། ལྔ་ནི་ཤེས་རབ་ཅན་ཡིན།

3 བླུན་པོ་རྣམས་ཀྱིས་སྣུམ་བཞུ་འཁྱེར་ཡང་བཞུ་སྣུམ་མ་འཁྱེར།

4 ཤེས་རབ་ལྡན་པ་རྣམས་ཀྱིས་ཁོ་ཚོའི་སྣུམ་བཞུ་དང་བཅས་པར་བཞུ་སྣུམ་ཡང་སྣོད་ནང་འཁྱེར།

5 མག་པ་འགྱང་བར་གྱུར་བས་དེ་ཚོ་ཐམས་ཅད་གཉིད་བྲོ་སྟེ་གཉིད་ལོག

6 ནམ་ཕྱེད་ལ་མི་རྣམས་ཀྱིས་སྐད་ཆེན་པོས། ལྟོས་ཤིག མག་པ་སླེབས་བྱུང༌། ཁོང་མཇལ་བར་ཤོག་ཅེས་ཟེར་བས།

7 གཞོན་ནུ་མ་ཐམས་ཅད་བླངས་ནས་སྣུམ་བཞུ་གྲ་སྒྲིག་བྱས།

8 བླུན་པོ་རྣམས་ཀྱིས་ཤེས་རབ་ལྡན་པ་རྣམས་ལ་ང་ཚོའི་སྣུམ་བཞུ་ཤི་གྲབས་འདུག་པས་ཁྱེད་ཚོའི་སྣུམ་ལས་ང་ཚོ་ལ་གནང་རོགས་ཞེས་སྨྲས།

9 ལན་དུ་ཤེས་རབ་ལྡན་པས། དེ་ལྟར་བྱས་ན་ང་ཚོ་ཚང་མ་མི་འདང་བར་འགྱུར་བས་སྣུམ་འཚོང་སར་སོང་ལ་རང་གི་དོན་དུ་སྣུམ་ཉོས་ཞེས་ཟེར།

10 བླུན་པོ་རྣམས་སྣུམ་ཉོ་བར་འགྲོ་དུས་མག་པ་སླེབས། གྲ་སྒྲིག་ཡོད་པ་རྣམས་ཁོ་དང་མཉམ་དུ་བག་སྟོན་ཁང་ལ་སོང་ནས་སྒོ་བརྒྱབ།

11 དེའི་རྗེས་སུ་གཞོན་ནུ་མ་གཞན་རྣམས་ཀྱང་སླེབས་ནས། གཙོ་བོ་ལགས། གཙོ་བོ་ལགས། སྒོ་འབྱེད་དང་ཞེས་ཞུས་ནའང༌།

12 མག་པས། ངས་ཁྱོད་རྣམས་ལ་བདེན་པར་ཟེར་རྒྱུར། ངས་ཁྱོད་རྣམས་ངོ་མི་ཤེས་ཞེས་བཤད།

13 དེའི་ཕྱིར་ཁྱེད་ཚོས་ཉིན་མོའམ་ཆུ་ཚོད་མི་ཤེས་པས་བྱ་ར་བྱོས་ཤིག”

གཡོག་པོ་གསུམ་གྱི་དཔེ།

14 “དེ་ནི་མི་ཞིག་ཡུལ་གཞན་ལ་འགྲོ་བའི་སྔོན་ལ་རང་གི་གཡོག་པོ་རྣམས་བོས་ཏེ་ཁོ་ཚོར་ཁོའི་ནོར་རྫས་གཏད་པ་ཞིག་དང་འདྲ་བ་ཡིན།

15 རེ་རེའི་ནུས་ཚད་ལྟར་ཁོས་གཅིག་ལ་གསེར་ཊམ་ཀ་ལྔ་སྟོང་དང༌། གཅིག་ལ་ཉིས་སྟོང་དང༌། གཞན་ཞིག་ལ་ཆིག་སྟོང་སྟེར་ནས་སོང༌།

16 འཕྲལ་དུ་གསེར་ཊམ་ཀ་ལྔ་སྟོང་འཐོབ་མཁན་སོང་ནས་ཉོ་ཚོང་བྱེད་པའི་སྒོ་ནས་གསེར་ཊམ་ཀ་ལྔ་སྟོང་ཁེ་བཟང་ཐོབ།

17 དེ་ལྟར་གསེར་ཊམ་ཀ་ཉིས་སྟོང་འཐོབ་མཁན་ལའང་གསེར་ཊམ་ཀ་ཉིས་སྟོང་ཁེ་བཟང་ཐོབ།

18 འོན་ཀྱང་གསེར་ཊམ་ཀ་ཆིག་སྟོང་འཐོབ་མཁན་ཕར་སོང་ནས་ས་ལ་ཁུང་ཞིག་དྲུས་པ་དང༌། རང་གི་བདག་པོའི་གསེར་ཊམ་ཀ་སྦས་ཏེ་བཞག

19 དུས་ཡུན་རིང་པོའི་རྗེས་སུ་གཡོག་པོ་དེ་རྣམས་ཀྱི་བདག་པོ་དེ་ལོག་ཡོང་ནས་རྩིས་དག་ཞུས།

20 གསེར་ཊམ་ཀ་ལྔ་སྟོང་འཐོབ་མཁན་ཡོང་ནས་གཞན་གསེར་ཊམ་ཀ་ལྔ་སྟོང་འཁྱེར་ཏེ། དཔོན་པོ་ལགས། གཟིགས་དང༌། ང་ལ་གསེར་ཊམ་ཀ་ལྔ་སྟོང་ཁེ་བཟང་བྱུང་ཞེས་སྨྲས་ནས།

21 དཔོན་པོས་ཁོ་ལ། གཡོག་པོ་བཟང་ཞིང་བློ་གཏད་ཆོག་པ་ཁྱོད། དངོས་པོ་ཉུང་ངུའི་ནང་ལ་དྲང་པོ་བྱས་པས་ངས་ཁྱོད་ལ་དངོས་པོ་མང་པོའི་དོ་དམ་པར་སྐོ་བར་བྱ། ད་ང་དང་མཉམ་དུ་དགའ་སྤྲོ་བྱེད་པར་ཤོག་ཅེས་ཟེར།

22 ཡང་གསེར་ཊམ་ཀ་ཉིས་སྟོང་འཐོབ་མཁན་ཡོང་ནས་ཁོ་ལ། དཔོན་པོ་ལགས། ཁྱེད་ཀྱིས་ང་ལ་གསེར་ཊམ་ཀ་ཉིས་སྟོང་གཏད་བྱུང༌། གཟིགས་དང༌། ང་ལ་གསེར་ཊམ་ཀ་ཉིས་སྟོང་ཁེ་བཟང་བྱུང་ཞེས་སྨྲས།

23 དཔོན་པོས་ཁོ་ལ། གཡོག་པོ་བཟང་ཞིང་བློ་གཏད་ཆོག་པ་ཁྱོད། དངོས་པོ་ཉུང་ངུའི་ནང་ལ་དྲང་པོ་བྱས་པས་ངས་ཁྱོད་ལ་དངོས་པོ་མང་པོའི་དོ་དམ་པར་སྐོ་བར་བྱ། ད་ང་དང་མཉམ་དུ་དགའ་སྤྲོ་བྱེད་པར་ཤོག་ཅེས་ཟེར།

24 དེ་ནས་གསེར་ཊམ་ཀ་ཆིག་སྟོང་འཐོབ་མཁན་ཡོང་ནས། དཔོན་པོ་ལགས། ཁྱེད་ནི་མ་བཏབ་ས་ནས་རྔ་བ་དང༌། སོན་མ་གཏོར་ས་ནས་སྡུད་མཁན་དྲག་པོ་ཞིག་ཡིན་པ་ངས་ཤེས་པས།

25 ང་འཇིགས་ཏེ་ཕར་སོང་ཞིང་གསེར་ཊམ་ཀ་དེ་ས་ལ་སྦས་ཏེ་བཞག གཟིགས་དང༌། ཁྱེད་རང་གི་ཡིན་པ་འདིར་འདུག་ཅེས་བཤད།

26 འོན་ཀྱང་དཔོན་པོས་ཁོ་ལ། གཡོག་པོ་ངན་པ་ལེ་ལོ་ཅན་ཁྱོད། ང་ནི་མ་བཏབ་ས་ནས་རྔ་བ་དང༌། སོན་མ་གཏོར་ས་ནས་སྡུད་མཁན་ཞིག་ཡིན་པ་ཤེས་སམ།

27 འོ་ན་ཁྱོད་ཀྱིས་ངའི་དངུལ་ནི་དངུལ་ཁང་ལ་བཞག་དགོས་པ་ཡིན། དེ་ནས་ངའི་དངུལ་དེ་སྐྱེད་ཀ་དང་བཅས་པར་འཐོབ་ཅེས་བཤད།

28 དེ་བས་ན། གཡོག་པོ་འདི་ནས་གསེར་ཊམ་ཀ་ཆིག་སྟོང་བླངས་ནས་གསེར་ཊམ་ཀ་ཁྲི་གཅིག་ཡོད་མཁན་ལ་སྟེར་ཞིག

29 གང་ཡིན་ཟེར་ན། སུ་ལ་ཡོད་པ་དེ་ལ་སྟེར་བར་འགྱུར་ཏེ་ལྷག་པ་ཡོད་པར་འགྱུར། འོན་ཀྱང་སུ་ལ་མེད་པ་དེ་ནས་གང་ཡོད་པའང་ལེན་པར་འགྱུར།

30 ཕན་མེད་ཀྱི་གཡོག་པོ་འདི་ངུ་ཞིང་སོ་ཁྲིག་ཁྲིག་བྱེད་ས་སྟེ་ཕྱི་རོལ་གྱི་མུན་པའི་ནང་དུ་དབྱུགས་ཤིག”

མཐའ་མཇུག་གི་ཁྲིམས་གཅོད།

31 “མིའི་རིགས་ཀྱི་བུ་ནི་ཕོ་ཉ་དང་བཅས་གཟི་བརྗིད་དང་ལྡན་པར་འབྱོན་པའི་སྐབས་སུ། རང་གི་གཟི་བརྗིད་ལྡན་པའི་བཞུགས་ཁྲི་ལ་བཞུགས་པར་འགྱུར་ཞིང༌།

32 མི་རིགས་ཐམས་ཅད་ཁོང་གི་མདུན་དུ་བསྡུད་ནས། ལུག་རྫི་ཡིས་ར་རྣམས་ལས་ལུག་སོ་སོར་འབྱེད་པ་ལྟར། ཁོང་གིས་དེ་ཚོའང་འབྱེད་པར་གྱུར་ནས།

33 ལུག་རྣམས་ཁོང་གི་གཡས་ཕྱོགས་དང༌། ར་རྣམས་ཁོང་གི་གཡོན་ཕྱོགས་སུ་འཇུག

34 དེ་ནས་རྒྱལ་པོས་གཡས་ཕྱོགས་སུ་ཡོད་པ་རྣམས་ལ། ངའི་ཡབ་ཀྱིས་བྱིན་གྱིས་རླབས་པ་ཁྱོད་རྣམས། ཤོག་ལ། འཇིག་རྟེན་བཀོད་པ་ནས་ཁྱོད་ཚོའི་ཕྱིར་བཤམས་པའི་རྒྱལ་སྲིད་འཛིན་ཞིག

35 རྒྱུ་མཚན་ནི་ཁྱོད་ཀྱིས་ང་ལྟོགས་པ་ལ་ཟས་སྟེར། སྐོམ་པ་ལ་བཏུང་བ་སྟེར། ངོ་མི་ཤེས་པ་ཡིན་པ་ལ་གནས་ཚང་བཏང༌།

36 གོས་མེད་པ་ལ་གོས་སྟེར། ན་བ་ལ་བདག་སྐྱོང་བྱས། བཙོན་ཁང་ལ་ཡོད་པ་ལ་ང་མཇལ་བར་ཡོང་ཞེས་གསུང་བར་འགྱུར།

37 དེ་ནས་དྲང་ལྡན་རྣམས་ཀྱིས། གཙོ་བོ་ལགས། ངེད་རྣམས་ཀྱིས་ཁྱེད་བཀྲེས་པའམ། སྐྱེམས་པ།

38 ཞལ་མི་ཤེས་པའམ། གོས་མེད་པར་མཐོང་སྟེ། ཞལ་ཟས་སམ། སྐྱེམས། གནས་ཚང་ངམ། ན་བཟའ་ག་དུས་ཕུལ།

39 ཡང་ན་བའམ། བཙོན་ཁང་ལ་མཐོང་སྟེ་ག་དུས་མཇལ་བར་ཡོང་ཞེས་ལན་འདེབས་པར་འགྱུར།

40 རྒྱལ་པོས་ཁོ་རྣམས་ལ། ངས་ཁྱོད་ཚོར་བདེན་པར་ཟེར་རྒྱུར། ཁྱོད་ཚོས་ངའི་སྤུན་ཟླ་ཆུང་ཤོས་འདི་རྣམས་ཀྱི་ནང་ནས་གཅིག་ལ་ཡང་དེ་ལྟར་བྱས་པ་ཙམ་གྱིས། ང་ལའང་བྱས་ཞེས་གསུང་བར་འགྱུར།

41 དེ་ནས་ཁོང་གིས་གཡོན་ཕྱོགས་སུ་ཡོད་པ་རྣམས་ལ། དམོད་པ་ཕོག་པ་ཁྱོད་ཚོ། ངའི་མདུན་ནས་བདུད་རྒྱལ་དང་ཁོའི་ཕོ་ཉ་རྣམས་ཀྱི་ཆེད་དུ་བཤམས་ཏེ་གསོད་པར་མི་བྱེད་པའི་མེ་ལ་ཕར་རྒྱུགས་ཤིག

42 རྒྱུ་མཚན་ནི་ཁྱོད་ཀྱིས་ང་ལྟོགས་པ་ལ་ཟས་མ་སྟེར། སྐོམ་པ་ལ་བཏུང་བ་མ་སྟེར།

43 ངོ་མི་ཤེས་པ་ལ་གནས་ཚང་མ་བཏང༌། གོས་མེད་པ་ལ་གོས་མ་སྟེར། ན་བ་ལ་བདག་སྐྱོང་མ་བྱས། བཙོན་ཁང་དུ་ཡོད་པ་ལ་ང་མཇལ་བར་མ་འོངས་ཞེས་གསུང་བར་འགྱུར།

44 དེ་ནས་ཁོ་ཚོས་ཀྱང༌། གཙོ་བོ་ལགས། ངེད་ཀྱིས་ཁྱེད་བཀྲེས་པའམ། སྐོམ་པ། ངོ་མི་ཤེས་པའམ། གོས་མེད་པ། ན་བའམ། བཙོན་ལ་ཡོད་པར་མཐོང་ནས་ག་དུས་བདག་སྐྱོང་མ་བྱས་ཞེས་ཟེར་བར་འགྱུར།

45 ལན་དུ་ཁོང་གིས། ངས་ཁྱོད་ཚོར་བདེན་པར་ཟེར་རྒྱུར། ཁྱོད་ཚོས་ཆུང་ཤོས་འདི་རྣམས་ཀྱི་ནང་ནས་གཅིག་ལ་ཡང་དེ་ལྟར་མ་བྱས་པ་ཙམ་གྱིས། ང་ལའང་མ་བྱས་ཞེས་གསུང་བར་འགྱུར།

46 དེ་ནས་འདི་རྣམས་མཐའ་མེད་པའི་ཆད་པར་འགྲོ་བར་འགྱུར་ལ། དྲང་ལྡན་རྣམས་དཔག་ཏུ་མེད་པའི་ཚེ་ལ་འགྲོའོ་” ཞེས་གསུངས་སོ།།

མད་ཐཱ། (26) – Matthew (26)

1 ཡེ་ཤུས་བཀའ་དེ་གསུངས་ཚར་ནས་ཁོང་གི་ཉེ་གནས་རྣམས་ལ་

2 “ཉིན་གཉིས་ཀྱི་རྗེས་སུ་པེ་སག་དུས་ཆེན་འབབ་པར་འགྱུར་ཁྱེད་རྣམས་ཀྱིས་ཤེས། མིའི་རིགས་ཀྱི་བུ་ནི་རྒྱང་ཤིང་སྒང་ལ་བརྒྱངས་པའི་སྒོ་ནས་གསོད་པར་གཏད་རྒྱུ་ཡིན་” ཞེས་གསུངས།

3 དེ་ནས་བླ་ཆེན་དང་ཡུལ་མིའི་རྒན་པོ་རྣམས་ཀ་ཡ་ཕཱ་ཞེས་ཟེར་བའི་བླ་ཆེན་གཙོ་བོའི་ཕོ་བྲང་ནང་འཛོམས་ནས།

4 ཁོ་ཚོས་ཡེ་ཤུ་ལྐོག་ཏུ་བཟུང་ནས་ཁོང་གསོད་པའི་ཇུས་ངན་བྱས་ཏེ་

5 “ཡུལ་མི་རྣམས་ཟིང་ཆ་ལངས་ཉེན་ཡོད་པས་དུས་ཆེན་ལ་མི་གཟུང་” ཞེས་སྨྲས།

རིན་ཐང་ཆེ་བའི་སྤོས་ཆུ་བླུགས་པ།

6 ཡེ་ཤུ་པེ་ཐན་ཡཱ་ཞེས་བྱ་བའི་གྲོང་སྡེའི་ནང་མཛེ་ནད་ཅན་གྱི་སྐྱེས་པ་སི་མོན་གྱི་ཁང་པ་ལ་བཞུགས་པའི་ཚེ།

7 ཁོང་གསོལ་བ་བཞེས་པའི་དུས་སུ་བུད་མེད་ཅིག་གིས་རིན་གོང་ཆེ་བའི་སྤོས་ཆུ་ཡིས་གང་བའི་རྡོ་ཀ་མ་རུའི་བུམ་པ་ཞིག་ཁྱེར་ཡོང་སྟེ། སྤོས་ཆུ་དེ་ཁོང་གི་དབུའི་སྟེང་ལ་བླུགས།

8 དེ་མཐོང་བས་ཉེ་གནས་རྣམས་ཁྲོས་ནས་ “སྤོས་ཆུ་འདི་གང་གི་དོན་ལ་འདི་ལྟར་འཕྲོ་བརླག་བཏང་བ་ཡིན།

9 དེ་རིན་ཆེན་པོར་བཙོངས་ཏེ་དབུལ་པོ་རྣམས་ལ་བྱིན་ན་ལེགས་” ཞེས་སྨྲས།

10 ཡེ་ཤུས་དེ་མཁྱེན་ནས་ཁོ་རྣམས་ལ་ “ཅིའི་ཕྱིར་ཁོ་མོ་ལ་སྡུག་པོ་གཏོང༌། ཁོ་མོས་ང་ལ་ལས་བཟང་པོ་ཞིག་བྱས་པ་ཡིན།

11 དབུལ་པོ་རྣམས་དུས་རྟག་ཏུ་ཁྱེད་ཚོ་དང་མཉམ་དུ་ཡོད་ཀྱང༌། ང་རང་ནི་དུས་རྟག་ཏུ་ཁྱེད་ཚོ་དང་མཉམ་དུ་མི་གནས།

12 ངའི་ལུས་ལ་སྤོས་ཆུ་དེ་བླུག་པའི་སྒོ་ནས་ཁོ་མོས་ང་དུར་ཁང་དུ་འཇུག་པར་གྲ་སྒྲིག་བྱས།

13 ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། འཇིག་རྟེན་ཡོངས་སུ་ངའི་འཕྲིན་བཟང་འདི་གང་དུ་བསྒྲགས་ནའང་བུད་མེད་འདིས་གང་བྱས་པ་དེ་དྲན་པའི་ཕྱིར་གཏམ་དེ་ཡང་བརྗོད་པར་འགྱུར་” ཞེས་གསུངས།

ཡུ་དཱ་ཡིས་རྒྱབ་གཏོད་བྱེད་རྒྱུ་ཁས་ལེན་བྱས་པ།

14 དེ་ནས་ཉེ་གནས་བཅུ་གཉིས་པོའི་ནང་ནས་ཡུ་དཱ་དབྱི་སི་ཀར་རེ་ཟེར་བའི་མི་ཞིག་ཡ་ཧུ་དཱ་པའི་བླ་ཆེན་རྣམས་ཀྱི་རྩར་སོང་ནས།

15 ཁོ་ཚོར་ “གལ་ཏེ་ངས་ཁོང་ཁྱེད་ཀྱི་དབང་དུ་གཏད་ན་ཁྱེད་ཀྱིས་ང་ལ་ག་རེ་སྟེར་རམ་” ཞེས་བཤད་པས། ཁོ་ཚོས་ཁོ་ལ་དངུལ་སྒོར་སུམ་ཅུ་སྟེར།

16 དེ་ནས་བཟུང་ཁོས་ཡེ་ཤུ་ཁོ་ཚོའི་ལག་ཏུ་སྤྲོད་རྒྱུའི་གོ་སྐབས་བཙལ།

སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན།

17 སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན་གྱི་ཉིན་དང་པོར་ཉེ་གནས་རྣམས་ཡེ་ཤུའི་མདུན་དུ་ཡོང་ནས་ཁོང་ལ་ “ཁྱེད་ཀྱིས་པེ་སག་གི་ཞལ་ཟས་བཞེས་པའི་ཕྱིར་ང་ཚོས་གང་དུ་གྲ་སྒྲིག་བྱེད་” ཅེས་སྨྲས་པས།

18 ཁོང་གིས་ “གྲོང་ཁྱེར་དུ་མི་ཞིག་གི་རྩར་སོང་ནས་ཁོ་ལ། སློབ་དཔོན་གྱིས་ངའི་དུས་ལ་འབབ་འདུག ངའི་ཉེ་གནས་དང་བཅས་པར་ཁྱེད་ཀྱི་ཁང་པར་པེ་སག་གི་དུས་ཆེན་སྲུང་རྒྱུ་ཡིན་ཞེས་ཟེར་ཤིག་” ཅེས་གསུངས།

19 ཉེ་གནས་རྣམས་ཀྱིས་ཡེ་ཤུའི་བཀའ་བཞིན་དུ་བྱས་ཏེ་པེ་སག་གི་གསོལ་སྟོན་བཤམས།

20 མཚན་མོའི་དུས་སུ་ཁོང་དང་ཉེ་གནས་བཅུ་གཉིས་པོ་འཁོར་དང་བཅས་པ་གསོལ་སྟོན་དུ་བཞུགས།

21 ཁོང་རྣམས་ཀྱིས་ཞལ་ཟས་བཞེས་པའི་དུས་སུ་ཁོང་གིས་ “ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། ཁྱེད་རྣམས་ལས་མི་གཅིག་གིས་ང་ལ་རྒྱབ་གཏོད་བྱེད་ངེས་” ཞེས་གསུངས།

22 ཁོ་ཚོའི་སེམས་ཤིན་ཏུ་སྐྱོ་བར་གྱུར་ཏེ། རེ་རེ་བཞིན་གྱིས་ཁོང་ལ་ “གཙོ་བོ། ང་རང་ཡིན་མི་སྲིད་” ཅེས་ཞུས་པ་དང༌།

23 ལན་དུ་ཁོང་གིས་ “ང་དང་མཉམ་དུ་ཕོར་པ་གཅིག་གི་ནང་ནས་ཟས་ཟ་མཁན་དེ་ནི་ང་ལ་རྒྱབ་གཏོད་བྱེད་མཁན་ཡིན།

24 དཀོན་མཆོག་གི་གསུང་རབ་ལས་མིའི་རིགས་ཀྱི་བུ་རང་ཉིད་ཀྱི་སྐོར་ལ་ཇི་ལྟར་ལུང་བསྟན་ཡོད་པ་བཞིན་འཆི་དགོས་ཀྱང༌། མིའི་རིགས་ཀྱི་བུ་དགྲའི་ལག་ཏུ་སྤྲོད་མཁན་དེར་ཆད་པ་ཕོག་ངེས་ཡིན་ནོ། མི་དེ་འཇིག་རྟེན་འདི་རུ་སྐྱེས་པ་ལས་མ་སྐྱེས་ན་ལེགས་” ཞེས་གསུངས།

25 ཁོང་ལ་རྒྱབ་གཏོད་བྱེད་མཁན་ཡུ་དཱ་ཡིས་ “རབ་བི། ང་རང་ཡིན་ནམ་” ཞེས་བཤད་པས་ཡེ་ཤུས་ཁོ་ལ་ “ཁྱོད་ཀྱིས་སྨྲས་པ་བཞིན་ནོ་” ཞེས་གསུངས།

གཙོ་བོའི་ཞལ་ཟས་འགོ་བཙུགས་པ།

26 ཁོང་རྣམས་ཀྱིས་ཞལ་ཟས་བཞེས་པའི་དུས་སུ་ཡེ་ཤུས་བག་ལེབ་ཕྱག་ཏུ་བསྣམས་ཤིང༌། དཀོན་མཆོག་ལ་བསྟོད་པ་ཕུལ་རྗེས་དུམ་བུར་བགོས་ནས་ཉེ་གནས་རྣམས་ལ་གནང་སྟེ་ “འདི་ནི་ངའི་ལུས་ཡིན་པས་ཁྱེད་ཚོས་ལོངས་ནས་ཟོ་ཞིག་” ཅེས་གསུངས།

27 དེ་ནས་ཁོང་གིས་ཕོར་པ་ཞིག་ཕྱག་ཏུ་བསྣམས་ཤིང་བཀའ་དྲིན་ཆེ་ཞུས་ནས་ཁོ་ཚོར་གནང་སྟེ་ “འདི་ལས་ཁྱེད་ཐམས་ཅད་འཐུང་ཞིག

28 འདི་ནི་ངའི་ཁྲག་ཡིན་ཏེ། ཞལ་ཆད་ཀྱི་ཁྲག་འདི་མི་མང་པོའི་སྡིག་ཉེས་སེལ་བའི་ཆེད་དུ་འཐོན་ནོ།

29 ངས་ཁྱེད་ཚོ་ལ་ཟེར་རྒྱུར། ངའི་ཡབ་ཀྱི་རྒྱལ་སྲིད་ནང་རྒུན་ཆང་གསར་པ་ཁྱེད་ཚོ་དང་མཉམ་དུ་མ་འཐུང་བའི་ཉིན་མོའི་བར་དུ། ངས་རྒུན་ཆང་འདི་རྩ་བ་ནས་མི་འཐུང་” ཞེས་གསུངས།

30 ཁོང་རྣམས་ཀྱིས་གསུང་མགུར་བླངས་ནས་སྐྱུར་རུ་ཤིང་གི་རི་བོར་ཕེབས་སོ།།

སྟོན་པ་ཡེ་ཤུས་པེ་ཏྲོའི་སྐོར་ལུང་བསྟན་གནང་བ།

31 དེ་ནས་ཡེ་ཤུས་ཁོ་ཚོར་ “དཀོན་མཆོག་གི་གསུང་རབ་ཀྱི་མདོ་ལ་བཀོད་པ་ལྟར།

ང་ཡིས་ལུག་རྫི་རྡུང་ནས་བསད།།

དེ་རྗེས་ལུག་ཁྱུ་འཐོར་བར་འགྱུར།།

ངའི་རྐྱེན་གྱིས་མཚན་འདིར་ཁྱོད་ཚོ་ཐམས་ཅད་ང་དང་བྲལ་ནས་འབྲོས་པར་འགྱུར།

32 འོན་ཀྱང་ང་འཆི་བ་ནས་སླར་གསོན་པར་འཇུག་རྗེས་ཁྱེད་ཚོའི་སྔོན་ལ་ག་ལིལ་ཡུལ་དུ་འགྲོ་ངེས་ཡིན་” ཞེས་གསུངས།

33 པེ་ཏྲོས་ཁོང་ལ་ “ཁྱེད་རང་ལ་གང་འབྱུང་རྒྱུའི་རྐྱེན་གྱིས་ཐམས་ཅད་ཁྱེད་དང་བྲལ་ནའང་ང་ནི་མི་འབྲལ་ལོ་” ཞེས་ཞུས་པ་ལ།

34 ཡེ་ཤུས་ཁོ་ལ་ “ངས་ཁྱེད་ལ་བདེན་པར་ཟེར་རྒྱུར། དེ་རིང་གི་མཚན་མོ་འདི་རང་ལ་བྱ་ཕོས་སྐད་མ་གྲགས་པའི་སྔོན་ལ་ཁྱེད་ཀྱིས་ང་རང་སུ་ཡིན་མི་ཤེས་ཞེས་ཐེངས་གསུམ་ཟེར་བར་ངེས་སོ་” ཞེས་གསུངས།

35 པེ་ཏྲོས་ཁོང་ལ་ “ང་ནི་ཁྱེད་དང་མཉམ་དུ་ཤི་དགོས་ཀྱང་ཁྱེད་སུ་ཡིན་མི་ཤེས་ཞེས་ཟེར་མི་སྲིད་” ཅེས་ནན་གྱིས་ཞུས། ཉེ་གནས་ཐམས་ཅད་ཀྱིས་ཀྱང་དེ་ལྟར་སྨྲས།

གེད་སེམ་མཱ་ནེ་སྡུམ་རར་གསོལ་བ་བཏབ་པ།

36 དེ་ནས་ཡེ་ཤུ་དང་ཁོང་གི་ཉེ་གནས་རྣམས་གེད་སེམ་མཱ་ནེ་ཞེས་བྱ་བའི་གནས་སུ་ཕེབས་པ་དང༌། ཁོང་གིས་ཁོ་རྣམས་ལ་ “ང་དེར་སོང་སྟེ་གསོལ་བ་འདེབས་དུས་ཁྱེད་ཚོ་གནས་འདིར་སྡོད་ཅིག་” ཅེས་གསུངས།

37 པེ་ཏྲོ་དང་ཟེ་བད་ཡཱ་ཟེར་མཁན་གྱི་བུ་གཉིས་འཁྲིད་པ་དང༌། ཁོང་ཐུགས་ཤིན་ཏུ་སྐྱོ་ཞིང་འཁྲུགས་པར་གྱུར་ཏེ།

38 ཁོ་ཚོར་ “ངའི་ཡིད་ཤིན་ཏུ་སྐྱོ་ཞིང་འཆི་ལ་ཉེ་བས། ང་དང་མཉམ་དུ་འདི་རུ་གཉིད་མ་ལོག་པར་བྱ་ར་བྱོས་ཤིག་” ཅེས་གསུངས།

39 དེ་ནས་ཁོང་ཅུང་ཟད་ཕར་ཕེབས་ནས་ཕྱག་འཚལ་ཏེ་ “ངའི་ཡབ་ལགས། སྲིད་ན་སྡུག་བསྔལ་གྱི་ཕོར་པ་འདི་ང་ལས་ཕར་ལེན་མཛོད། འོན་ཀྱང་ངའི་བསམ་པ་བཞིན་དུ་མིན་པར་ཁྱེད་ཀྱི་དགོངས་པ་བཞིན་དུ་གྱུར་ཅིག་” ཅེས་གསོལ་བ་བཏབ།

40 ཁོང་ཚུར་ཕེབས་སྐབས་དེ་རྣམས་གཉིད་ལོག་གི་ཡོད་པར་གཟིགས་ནས་པེ་ཏྲོ་ལ་ “འོ་ན། ཁྱོད་ཚོས་ཆུ་ཚོད་གཅིག་ཙམ་ལའང་ང་དང་མཉམ་དུ་བྱ་ར་བྱེད་མ་ཐུབ་བམ།

41 ཁྱེད་སླུ་བར་མི་འགྱུར་བའི་ཕྱིར་བྱ་ར་བྱོས་ལ་སྨོན་ལམ་ཐོབས་ཤིག ཁྱེད་ཀྱི་སེམས་ནས་དེ་ལྟར་བྱེད་བསམ་ཡང་ལུས་པོའི་ནུས་ཤུགས་ཞན་པ་ཡིན་” ཞེས་གསུངས།

42 ཡང་ཐེངས་གཉིས་པར་ཕར་ཕེབས་ཏེ་ཁོང་གིས་ “ངའི་ཡབ་ལགས། སྡུག་བསྔལ་གྱི་ཕོར་པ་འདི་ངས་མ་འཐུང་བར་ང་ལས་ཕར་ལེན་མི་སྲིད་ན། ཁྱེད་ཀྱི་དགོངས་པ་བཞིན་དུ་གྱུར་ཅིག་” ཅེས་གསོལ་བ་བཏབ།

43 ཁོང་ཚུར་ཕེབས་ནས་ཁོ་རྣམས་མིག་ལྗིད་པོ་ཆགས་པས་གཉིད་ཁུག་ཡོད་པར་གཟིགས།

44 ཁོ་ཚོ་དང་ཁ་བྲལ་ནས་ཕར་ཕེབས་ཏེ། སྔོན་གྱི་ཚིག་དེ་རང་གསུངས་ཏེ་ཁོང་གིས་ཐེངས་གསུམ་པར་གསོལ་སྨོན་བཏབ།

45 དེ་ནས་ཁོང་ཉེ་གནས་ཀྱི་རྩར་ཕེབས་ཏེ་ཁོ་ཚོར་ “ཁྱེད་ཚོ་ད་དུང་གཉིད་ལོག་ནས་ངལ་གསོའམ། ལྟོས་ཤིག མིའི་རིགས་ཀྱི་བུ་སྡིག་ཅན་རྣམས་ཀྱི་དབང་དུ་སྤྲོད་པར་བྱེད་པའི་དུས་ལ་འབབ་འདུག

46 ལོངས་ལ་འགྲོ ལྟོས་ཤིག ང་ལ་རྒྱབ་གཏོད་བྱེད་མཁན་དེ་ཉེ་བར་སླེབས་” ཞེས་གསུངས།

སྟོན་པ་ཡེ་ཤུ་འཛིན་བཟུང་བྱས་པ།

47 ཁོང་གིས་དེ་ལྟར་གསུངས་དུས་ཉེ་གནས་བཅུ་གཉིས་པོ་ལས་ཡུ་དཱ་དང་མཉམ་དུ། ཡ་ཧུ་དཱ་པའི་བླ་ཆེན་དང་ཡུལ་མི་རྣམས་ཀྱི་རྒན་པོས་བཏང་བའི་མི་ཚོགས་མང་པོ་ཞིག་ལག་ཏུ་རལ་གྲི་དང་དབྱུག་པ་འཁྱེར་ཏེ་ས་ཆ་དེར་སླེབས།

48 ཁོང་ལ་རྒྱབ་གཏོད་བྱེད་མཁན་དེས་སྔོན་ནས་ཁོ་ཚོར་གསང་བརྡ་གྲ་སྒྲིག་བྱས་ཏེ་ “ངས་སུ་ལ་འོ་བྱས་པ་དེ་ཁོང་རང་ཡིན་པས་ཟུངས་ཤིག་” ཅེས་བཤད།

49 འཕྲལ་དུ་ཡེ་ཤུའི་མདུན་དུ་ཡོང་ནས་ཡུ་དཱ་ཡིས་ “རབ་བི། ཁྱེད་ལ་ཞི་བདེ་ལྡན་པར་གྱུར་ཅིག་” ཅེས་ཟེར་ནས་འགྲམ་པར་འོ་ཡིས་འཚམས་འདྲི་ཞུས་པ་ལ།

50 ཡེ་ཤུས་ཁོ་ལ་ “གྲོགས་པོ། ཁྱོད་ཀྱིས་གང་བྱེད་པར་ཡོང་བ་དེ་བྱོས་” ཞེས་གསུངས། དེ་རྗེས་ཁོ་ཚོ་ཡོང་ནས་ཁོང་གི་ལུས་ནས་ཟིན་ཏེ་འཛིན་བཟུང་བྱས་པས།

51 ཡེ་ཤུ་དང་མཉམ་དུ་ཡོད་པ་ཞིག་གིས་རལ་གྲི་བཟུང་ནས་བཏོན་ཏེ་ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོའི་གཡོག་པོའི་རྣ་བ་ཡ་གཅིག་བཅད།

52 དེ་ནས་ཡེ་ཤུས་ཁོ་ལ་ “རལ་གྲི་དེ་ཤུབས་སུ་ཆུག་ཅིག གང་ཡིན་ཞེ་ན། རལ་གྲི་འདོན་ཚད་རལ་གྲི་ཡིས་གསོད་པར་འགྱུར།

53 ངའི་ཡབ་ཀྱིས་ཞིང་ཁམས་ཀྱི་ཕོ་ཉའི་དམག་དཔུང་བཅུ་གཉིས་ལས་མང་བ་ང་ལ་འཕྲལ་དུ་མངགས་པའི་ཕྱིར་ངས་ཁོང་ལ་ཞུ་མི་ཐུབ་པ་དེ་སེམས་སམ།

54 འོན་ཀྱང་དེ་ལྟར་བྱས་ན། འདི་ལྟར་འབྱུང་དགོས་པའི་མདོ་དེ་ཅི་ལྟར་འགྲུབ་” ཅེས་གསུངས།

55 དེའི་ཚེ་ཡེ་ཤུས་མི་ཚོགས་ལ་ “རལ་གྲི་དང་དབྱུག་པ་ཁྱེར་ནས་ང་ཇག་པ་ལྟར་འཛིན་དུ་ཡོང་ངམ། ང་ནི་ཉིན་རེ་བཞིན་མཆོད་ཁང་ཆེན་མོར་བསྡད་དེ་ཆོས་བསྟན་ཡང་ཁྱེད་ཚོས་ང་མ་བཟུང༌།

56 འོན་ཀྱང་ལུང་སྟོན་པའི་མདོ་འགྲུབ་པའི་ཕྱིར་བྱ་བ་འདི་ཐམས་ཅད་བྱུང་ངོ་” ཞེས་གསུངས་རྗེས་ཉེ་གནས་ཐམས་ཅད་ཁོང་བཞག་སྟེ་བྲོས།

སྟོན་པ་ཡེ་ཤུ་བླ་ཆེན་རྣམས་ཀྱི་ཁྲིམས་རར་ཁྲིད་པ།

57 ཁོང་འཛིན་མཁན་རྣམས་ཀྱིས་བླ་ཆེན་གཙོ་བོ་ཀ་ཡ་ཕཱ་ཡི་མདུན་དུ་ཁྲིད། དེར་ཆོས་ཁྲིམས་ལ་མཁས་པའི་མི་དང་རྒན་པོ་རྣམས་འཛོམས།

58 པེ་ཏྲོ་རྒྱང་རིང་ནས་ཁོང་གི་རྗེས་སུ་འབྲངས་ཏེ། བླ་ཆེན་གཙོ་བོའི་སྒོ་རའི་བར་སོང་ནས་ནང་དུ་ཞུགས་པ་དང༌། དེའི་རྗེས་སུ་གང་འབྱུང་བ་ལྟ་བའི་ཕྱིར་སྲུང་དམག་རྣམས་དང་མཉམ་དུ་བསྡད།

59 ཡ་ཧུ་དཱ་པའི་བླ་ཆེན་རྣམས་དང་ཡ་ཧུ་དཱ་པའི་རྒྱལ་ཚོགས་ཀྱི་མི་ཐམས་ཅད་ཀྱིས་ཁོང་སྲོག་གཅོད་གཏོང་བའི་ཕྱིར་སྙད་འདོགས་བཙལ་ནས།

60 རྫུན་གྱི་དཔང་པོ་བྱེད་མཁན་མང་པོ་ཡོང་ནའང་སྐྱོན་མ་རྙེད། མཇུག་ཏུ་མི་གཉིས་ཡོང་ནས།

61 ཁོ་ཚོས་ “མི་འདི་ཡིས་ངས་དཀོན་མཆོག་གི་མཆོད་ཁང་ཆེན་མོ་བཤིག་ནས་ཉིན་གསུམ་ལ་རྩིག་ཐུབ་ཅེས་ཟེར་བ་ང་ཚོས་ཐོས་” ཞེས་ཟེར།

62 བླ་ཆེན་གཙོ་བོ་ཡར་ལངས་ཏེ་ཡེ་ཤུ་ལ་ “མི་འདི་རྣམས་ཀྱིས་ཁྱོད་ལ་དཔང་པོ་བྱེད་པ་དེ་ཅི་ཡིན། ཁྱོད་ཀྱིས་ལན་ཅི་ཡང་མི་འདེབས་སམ་” ཞེས་དྲིས་པ་ལ།

63 ཁོང་གིས་ཅི་ཡང་མ་གསུངས་པས་བླ་ཆེན་གཙོ་བོས་ཁོང་ལ་ “ངས་ཁྱོད་ལ་གཏན་དུ་གནས་པའི་དཀོན་མཆོག་གི་སྒོ་ནས་ཁྱོད་ཀྱིས་མནའ་སྐྱེལ་ཏེ། ཁྱོད་ནི་དཀོན་མཆོག་གི་སྲས་སྐྱབས་མགོན་མཱ་ཤི་ཀ་ཡིན་ནམ་མ་ཡིན་ང་ཚོ་ལ་ཤོད་ཅིག་” ཅེས་སྨྲས།

64 ཡེ་ཤུས་ཁོ་ལ་ “ཁྱེད་ཀྱིས་གསུངས་པ་དེ་ལྟར་ཡིན། ཡང་ངས་ཁྱེད་ཚོར་ཟེར་རྒྱུར། རྗེས་མ་ཁྱེད་ཚོས་མིའི་རིགས་ཀྱི་བུ་ཁོང་ཉིད་དབང་ཀུན་དང་ལྡན་པའི་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་ཏེ་ནམ་མཁའི་སྤྲིན་དང་བཅས་འབྱོན་པ་མཐོང་བར་འགྱུར་” ཞེས་གསུངས།

65 དེ་ཐོས་ནས་བླ་ཆེན་གཙོ་བོས་རང་གི་ཕྱི་གོས་དབྲལ་ཏེ་ “ཁོས་དཀོན་མཆོག་ལ་སྐུར་བ་བཏབ། ད་དུང་ང་ཚོར་དཔང་པོ་ཅི་ལ་དགོས། ཉོན་ཞིག ཁོས་དཀོན་མཆོག་ལ་སྐུར་བ་བཏབ་པར་ཁྱེད་ཚོས་ད་ལྟ་ཐོས།

66 ཁྱེད་ཚོར་བསམ་འཆར་ཅི་ཡོད་” ཅེས་སྨྲས་པ་ན། ཁོ་ཚོས་ “ཁོ་སྲོག་གཅོད་གཏོང་འོས་” ཞེས་བཤད།

67 དེ་ནས་ཁོ་ཚོས་ཁོང་གི་ཞལ་ལ་མཆིལ་མ་གཏོར་ཞིང་བརྡུངས་ཏེ་གཞན་རྣམས་ཀྱིས་འགྲམ་ལྕག་བཞུས་ནས།

68 ཁོང་ལ་ “མཱ་ཤི་ཀ་ཁྱོད། ང་ཚོ་ལ་མངོན་ཤེས་ཤོད་ཅིག ཁྱོད་ལ་གཞུ་མཁན་སུ་ཡིན་” ཞེས་སྨྲས།

པེ་ཏྲོས་སྟོན་པ་ཡེ་ཤུ་ཁས་མ་བླངས་པ།

69 པེ་ཏྲོ་ཕྱི་རོལ་དུ་སྒོ་རར་བསྡད་དུས་གཡོག་མོ་ཞིག་དེའི་རྩར་ཡོང་ནས་ “ཁྱེད་ཀྱང་ག་ལིལ་ཡུལ་གྱི་མི་ཡེ་ཤུ་དང་མཉམ་དུ་ཡོད་པ་གཅིག་ཡིན་” ཅེས་སྨྲས་པས།

70 པེ་ཏྲོས་ཁོ་ཚོ་ཚང་མའི་མདུན་དུ་ཁས་མ་བླངས་པར་ “ཁྱོད་ཀྱིས་གང་ལབ་པ་ངས་མི་ཤེས་” ཞེས་ཟེར།

71 དེ་ནས་རྒྱལ་སྒོའི་རྩར་ཕྱིར་སོང་ནས་གཡོག་མོ་གཞན་ཞིག་གིས་ཁོ་མཐོང་སྟེ་དེར་ཡོད་པ་རྣམས་ལ་ “མི་འདི་ན་ཙ་རེལ་པ་ཡེ་ཤུ་དང་མཉམ་དུ་ཡོད་” ཅེས་སྨྲས།

72 པེ་ཏྲོས་ཡང་བསྐྱར་མནའ་སྐྱེལ་ཏེ་ “ངས་མི་དེ་ངོ་མི་ཤེས་” ཞེས་ཟེར།

73 ཡུན་རིང་པོ་མ་ལོན་པར་དེར་ཡོད་པའི་མི་རྣམས་ཡོང་ནས་པེ་ཏྲོ་ལ་ “ཁྱོད་ཀྱང་ཁོ་ཚོའི་ནང་ནས་ངེས་པར་དུ་གཅིག་ཡིན། ཁྱོད་ཀྱི་སྐད་ལུགས་ནས་ཤེས་” ཞེས་སྨྲས་པ་ལ།

74 པེ་ཏྲོས་སྡིགས་དམོད་བྱེད་བཞིན་མནའ་སྐྱེལ་ཏེ་ “ངས་མི་དེ་ངོ་མི་ཤེས་” ཞེས་བཤད་མ་ཐག་ཏུ་བྱ་ཕོས་སྐད་གྲགས།

75 པེ་ཏྲོས་དེ་སྔ་ཡེ་ཤུས་ཁོ་རང་ལ་ “བྱ་ཕོས་སྐད་མ་གྲགས་པའི་སྔོན་དུ་ཁྱེད་ཀྱིས་ང་རང་སུ་ཡིན་མི་ཤེས་ཞེས་ཐེངས་གསུམ་སྨྲ་བར་ངེས་” ཞེས་གསུངས་པ་དེ་དྲན་ཏེ་ཕྱིར་སོང་ནས་མང་པོ་ངུས་སོ།།

མད་ཐཱ། (27) – Matthew (27)

1 ཞོགས་པར་ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོ་དང་ཡུལ་མི་རྣམས་ཀྱི་རྒན་པོ་ཚང་མས་ཡེ་ཤུ་གསོད་པའི་ཕྱིར་མཉམ་དུ་གྲོས་བསྡུར་བྱས།

2 ཁོ་ཚོས་ཡེ་ཤུ་བཀྱིགས་ནས་འཁྲིད་དེ་སྤྱི་ཁྱབ་པི་ལ་ཏུ་ལ་བཏད།

3 ཡེ་ཤུ་ལ་རྒྱབ་གཏོད་བྱེད་མཁན་ཡུ་དཱ་ཡིས་ཁོང་གསོད་དགོས་པའི་ཁྲིམས་ཐག་བཅད་པ་མཐོང་བས་འགྱོད་པ་སྐྱེས་ནས་དངུལ་སྒོར་སུམ་ཅུ་འཁྱེར་ཏེ་བླ་ཆེན་གཙོ་བོ་དང་རྒན་མི་རྣམས་ཀྱི་རྩར་ལོག་སྟེ།

4 ཁོ་ཚོར་ “ངས་སྐྱོན་མེད་པའི་མི་ཞིག་ལ་རྒྱབ་གཏོད་བྱས་ནས་སྡིག་ཉེས་བྱས་” ཞེས་ཟེར་བས། དེ་ཚོས་ “ང་ཚོ་ལ་འབྲེལ་བ་ཅི་ཡོད། ཁྱོད་ཀྱིས་འགན་ཁུར་དགོས་” ཞེས་སྨྲས།

5 དངུལ་སྒོར་དེ་རྣམས་མཆོད་ཁང་ཆེན་མོའི་ནང་ལ་དབྱུགས་ཤིང་ཕར་སོང་སྟེ་རང་གི་སྐེ་ཐག་པས་བསྡམས་ནས་ཤི

6 བླ་ཆེན་གཙོ་བོ་རྣམས་ཀྱིས་དངུལ་སྒོར་སུམ་ཅུ་བསྡུས་ནས་ “དངུལ་འདི་ནི་མི་གཅིག་གསོད་པའི་རིན་གོང་སྟེ་ཁྲག་རིན་ཡིན་པས། དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་མཆོད་ཁང་ཆེན་མོའི་མཛོད་ཁང་ལ་འཇོག་པར་མི་ཆོག་” ཅེས་ཟེར།

7 ཁོ་རྣམས་གྲོས་བསྡུར་བྱས་ནས། ཕྱི་མི་རྣམས་དུར་དུ་འཇུག་པའི་ཕྱིར་དངུལ་དེ་ཡིས་རྫ་མཁན་གྱི་ཞིང་ཞེས་པ་དེ་ཉོས།

8 དེའི་ཕྱིར་དེ་རིང་གི་བར་དུ་ཞིང་དེར་ཁྲག་རིན་གྱི་ཞིང་ཞེས་ཟེར།

9 དེ་ནས་ལུང་སྟོན་པ་ཡེ་རེམ་ཡཱ་ཡིས། ཡི་སི་ར་ཨེལ་གྱི་བུ་རྒྱུད་འགའ་ཤས་ཀྱིས་ཐག་གཅོད་བྱས་པའི་རིན་པ་སྟེ་དངུལ་སྒོར་སུམ་ཅུ་བླངས་ནས་

10 ཁོ་ཚོས་རྫ་མཁན་གྱི་ཞིང་ཞེས་ཟེར་བ་དེ་ཉོས། གཙོ་བོས་ང་ལ་དེ་ལྟར་བྱེད་པའི་བཀའ་གནང་བྱུང་ཞེས་པའི་གསུངས་དེ་བསྒྲུབས།*

སྟོན་པ་ཡེ་ཤུ་སྤྱི་ཁྱབ་པི་ལ་ཏུའི་དྲུང་དུ་ཁྲིད་པ།

11 ཡེ་ཤུ་སྤྱི་ཁྱབ་གྱི་དྲུང་དུ་བཞེངས་པའི་ཚེ་སྤྱི་ཁྱབ་ཀྱིས་ཁོང་ལ་ “ཁྱོད་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་” ཞེས་དྲིས་པ་ན། ཡེ་ཤུས་ཁོ་ལ་ “ཁྱེད་ཀྱིས་གསུངས་པ་ལྟར་ཡིན་” ཞེས་གསུངས།

12 བླ་ཆེན་གཙོ་བོ་དང་རྒན་པོ་རྣམས་ཀྱིས་ཁོང་ལ་ནག་ཉེས་བཙུགས་པའི་དུས་སུ་ཁོང་གིས་ལན་ཅིའང་མ་གསུངས།

13 དེ་ནས་སྤྱི་ཁྱབ་པི་ལ་ཏུ་ཡིས་ཡེ་ཤུ་ལ་ “ཁོ་ཚོས་ཁྱོད་ལ་ནག་ཉེས་ཅི་ཙམ་མང་བ་བཙུགས་པ་དེ་མི་ཐོས་སམ་” ཞེས་སྨྲས་ཀྱང༌།

14 ཁོང་གིས་ཁོ་ལ་ནག་ཉེས་གཅིག་ཙམ་ལའང་ལན་མ་གསུངས་པས་སྤྱི་ཁྱབ་ཡ་མཚན་ཆེན་པོར་གྱུར།

15 དུས་ཆེན་དེར་སྤྱི་ཁྱབ་ཀྱིས་མི་ཚོགས་ཀྱི་འདོད་པ་ལྟར་བཙོན་པ་རེ་གློད་གྲོལ་གཏོང་བའི་ལུགས་སྲོལ་ཡོད།

16 དེའི་དུས་སུ་མིང་ངན་ཀུན་ཏུ་གྲགས་པའི་བཙོན་པ་ཞིག་པར་ཨབ་པཱ་ཞེས་ཟེར་མཁན་ཡོད་པས།

17 ཁོ་ཚོ་འཛོམས་ནས་སྤྱི་ཁྱབ་པི་ལ་ཏུ་ཡིས་ཁོ་རྣམས་ལ་ “ཁྱོད་ཚོའི་ཕྱིར་ངས་སུ་གློད་ན་དགའ། པར་ཨབ་པཱ་དང༌། ཡང་ན་མཱ་ཤི་ཀ་ཞེས་ཟེར་བའི་ཡེ་ཤུ་” ཞེས་དྲིས།

18 རྒྱུ་མཚན་ནི་ཡེ་ཤུ་རྩིས་སྤྲོད་མཁན་ཚོས་ཕྲག་དོག་གིས་ཁོང་བཏད་པ་ཡིན་པར་ཁོས་ཤེས།

19 པི་ལ་ཏུ་ཁྲིམས་དཔོན་གྱི་ཁྲི་ལ་བསྡད་པའི་དུས་སུ་ཁོའི་བཟའ་ཟླ་ཡིས་ཁོ་ལ་ “མདང་ནུབ་རྨི་ལམ་ལ་ཁོའི་དོན་དུ་སེམས་འཁྲུགས་ཆེན་པོ་མྱོང་བས། སྐྱོན་མེད་པའི་མི་དེ་ལ་འབྲེལ་བ་མ་བྱེད་” ཅེས་པའི་འཕྲིན་ཞིག་བཏང༌།

20 འོན་ཀྱང་བླ་ཆེན་གཙོ་བོ་དང་རྒན་མི་རྣམས་ཀྱིས་མི་ཚོགས་ལ་པར་ཨབ་པཱ་གློད་པ་དང་ཡེ་ཤུ་གསོད་རྒྱུར་བསྐུལ།

21 སྤྱི་ཁྱབ་པི་ལ་ཏུ་ཡིས་ཁོ་ཚོར་ “མི་འདི་གཉིས་ལས་ཁྱོད་ཚོའི་ཕྱིར་ངས་སུ་གློད་པ་དགའ་” ཞེས་དྲིས་པས་ཁོ་རྣམས་ཀྱིས་ “པར་ཨབ་པཱ་” ཞེས་སྨྲས།

22 པི་ལ་ཏུ་ཡིས་ཁོ་ཚོར་ “བྱས་ན། མཱ་ཤི་ཀ་ཞེས་ཟེར་མཁན་ཡེ་ཤུ་དེ་ལ་ངས་གང་འདྲ་བྱེད་དགོས་” ཞེས་དྲིས་པས། ཁོ་ཚོ་ཚང་མས་ “རྒྱང་ཤིང་སྒང་ལ་སོད་ཅིག་” ཅེས་བཤད།

23 པི་ལ་ཏུས་ “རྒྱུ་མཚན་གང་ཡིན། ཁོས་ལས་ངན་ག་རེ་བྱས་ཡོད་” ཅེས་དྲིས། འོན་ཀྱང་མི་ཚོགས་ཀྱིས་སྐད་ཤུགས་དེ་བས་ཆེན་པོས་ “རྒྱང་ཤིང་སྒང་ལ་སོད་ཅིག་” ཅེས་བཤད།

24 པི་ལ་ཏུས་གང་ཡང་མི་སྒྲུབ་པ་མ་ཟད་དེར་ཟིང་ཆ་ལང་གྲབས་ཡོད་པ་མཐོང་བས། མི་ཚོགས་ཀྱི་དྲུང་དུ་ཆུ་ཡིས་ལག་པ་བཀྲུས་ཏེ་ཁོ་ཚོར་ “ང་ལ་མི་འདི་གསོད་པའི་འགན་མེད་པ་ཡིན་པས་ཁྱོད་ཚོས་དེའི་འགན་འཁུར་དགོས་” ཞེས་བཤད།

25 མི་ཐམས་ཅད་ཀྱིས་ “ངེད་རྣམས་དང༌། ང་ཚོའི་བུ་རྒྱུད་ཀྱིས་དེའི་འགན་འཁུར་ཡོང་” ཞེས་བཤད་པས།

26 པི་ལ་ཏུས་ཁོ་ཚོའི་ཆེད་དུ་པར་ཨབ་པཱ་གློད་དེ། ཡེ་ཤུ་རྟ་ལྕག་གིས་རྡུང་དུ་བཅུག་ནས་རྒྱང་ཤིང་སྒང་ལ་གསོད་པའི་ཕྱིར་དམག་མི་ཚོར་རྩིས་སྤྲད་དོ།།

དམག་མི་ཚོས་ཡེ་ཤུར་འཕྱ་སྨོད་བྱས་པ།

27 དེ་ནས་སྤྱི་ཁྱབ་ཀྱི་དམག་མི་ཚོས་ཡེ་ཤུ་སྤྱི་ཁྱབ་ཀྱི་ཕོ་བྲང་གི་ནང་ལ་ཁྲིད་དེ་དམག་ཁག་ཐམས་ཅད་ཁོང་གི་མདུན་དུ་བསྡུས་ནས།

28 ཁོང་གི་ན་བཟའ་ཕུད་དེ་ཕྱི་གོས་དམར་པོ་ཞིག་བསྐོན་པ་དང༌།

29 ཚེར་མས་སླས་པའི་ཅོད་པན་ཞིག་ཁོང་གི་དབུ་ལ་བསྐོན་པ་དང༌། ཕྱག་གཡས་པ་ལ་དབྱུག་པ་ཞིག་བཞག་ནས་ཁོང་གི་མདུན་དུ་པུས་མོ་སར་བཙུགས་ནས་ “ཡ་ཧུ་དཱ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ་” ཞེས་སྨྲས་ཏེ་ཁོང་ལ་བརྙས་བཅོས་བྱས།

30 ཁོ་ཚོས་ཁོང་ལ་མཆིལ་མ་གཏོར་ཞིང༌། དབུ་དབྱུག་པས་ཡང་ཡང་བརྡུངས།

31 ཁོང་ལ་བརྙས་བཅོས་བྱས་ཚར་བའི་རྗེས་སུ་ཕྱི་གོས་དམར་པོ་དེ་ཕུད་ཅིང༌། ཁོང་ལ་རང་གི་ན་བཟའ་གྱོན་དུ་བཅུག དེ་ནས་རྒྱང་ཤིང་སྟེང་ལ་གཟེར་བརྒྱབ་སྟེ་གསོད་པའི་ཕྱིར་ཕར་ཁྲིད།

སྟོན་པ་ཡེ་ཤུ་རྒྱང་ཤིང་སྟེང་དུ་བཀྲོངས་པ།

32 ཁོང་རྣམས་ཕྱི་ལ་ཕེབས་སྐབས། སི་མོན་ཞེས་བྱ་བ་ནི་སེ་རེ་ནཱ་ཞེས་པའི་གྲོང་ཁྱེར་གྱི་མི་ཞིག་དང་ཕྲད་ནས། ཁོང་གི་རྒྱང་ཤིང་འཁུར་དུ་འཇུག་ཕྱིར་བཙན་གྱིས་ཁྲིད།

33 ཡང་གོལ་ག་ཐ་ཞེས་པ་སྟེ་མགོ་རུས་ཀྱི་ས་ཆ་ཟེར་བའི་ས་དེར་སླེབས་པའི་ཚེ།

34 དམག་མི་ཚོས་ཁོང་ལ་སྨན་རྩྭ་ཁ་ཏིག་འདྲེས་པའི་རྒུན་ཆང་དྲངས། དེ་མྱངས་ནས་བཞེས་པར་མ་དགྱེས།

35 རྒྱང་ཤིང་སྟེང་དུ་ཁོང་གི་ཕྱག་ཞབས་གཉིས་ལ་གཟེར་བརྒྱབ་རྗེས། དམག་མིས་རྒྱན་བརྒྱབ་ནས་ཁོང་གི་ན་བཟའ་བགོ་བཤའ་བྱས།

36 དེ་ནས་ས་ཆ་དེར་བསྡད་ནས་ཁོང་བསྲུངས།

37 ཁོང་གི་ཉེས་ཚིག་ལ་འདི་ནི་ཡེ་ཤུ་སྟེ་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ཞེས་བྲིས་ནས་ཁོང་གི་དབུའི་སྟེང་ལ་སྦྱར།

38 ཁོང་དང་མཉམ་དུ་ཇག་པ་གཉིས་ནས་གཅིག་ཁོང་གི་གཡས་ཕྱོགས་སུ་ཡོད་པའི་རྒྱང་ཤིང་དང༌། གཅིག་ཁོང་གི་གཡོན་ཕྱོགས་སུ་ཡོད་པའི་རྒྱང་ཤིང་སྟེང་ལ་གཟེར་བརྒྱབ་ནས་བཀལ།

39 གནས་དེ་བརྒྱུད་ནས་འགྲོ་བའི་མི་རྣམས་ཀྱིས་ཁོང་ལ་དམའ་འབེབས་བྱས་ནས་མགོ་གཡུག་བཞིན་དུ་

40 “ཀྱེ། མཆོད་ཁང་ཆེན་མོ་བཤིག་ནས་ཉིན་གསུམ་གྱི་ནང་སླར་རྩིག་མཁན་ཁྱོད། རང་ཉིད་སྐྱོབས་ཤིག དཀོན་མཆོག་གི་སྲས་ཡིན་ན་རྒྱང་ཤིང་སྟེང་ནས་མར་བོབས་ཤིག་” ཅེས་བཤད།

41 དེ་ལྟར་བླ་ཆེན་གཙོ་བོ་དང༌། ཆོས་ཁྲིམས་ལ་མཁས་པའི་མི་དང༌། རྒན་པོ་རྣམས་ཀྱིས་ཀྱང་ཁོང་ལ་འཕྱ་དམོད་བྱེད་དེ་

42 “ཁོས་གཞན་རྣམས་བསྐྱབས་ཀྱང༌། རང་ཉིད་སྐྱོབ་མི་ཐུབ། ཁོ་ནི་ཡི་སི་ར་ཨེལ་ཡུལ་གྱི་རྒྱལ་པོ་ཡིན། ད་ལྟ་ཁོ་རྒྱང་ཤིང་སྟེང་ནས་མར་འབབ་ན། ང་ཚོས་ཁོ་ལ་དད་པ་བྱེད་ཡོང༌།

43 ཁོས་དཀོན་མཆོག་ལ་བློ་གཏོད་བྱེད་དེ། ང་ནི་དཀོན་མཆོག་གི་སྲས་ཡིན་ཞེས་ཟེར་བས། དཀོན་མཆོག་གིས་ཁོ་ལ་ཐུགས་མཉེས་ན། ད་ལྟ་ཁོ་ཐར་བར་མཛོད་” ཅེས་སྨྲས།

44 ཁོང་དང་མཉམ་དུ་རྒྱང་ཤིང་ལ་གཟེར་བརྒྱབ་པའི་ཇག་པ་རྣམས་ཀྱིས་ཀྱང་ཁོང་ལ་དེ་བཞིན་དུ་སྨད་ར་བཏང༌།

45 ཉི་མ་བསྒྲིབས་ཏེ་ཉིན་གུང་ནས་ཆུ་ཚོད་གསུམ་པའི་བར་དུ་ལུང་པ་དེ་ཡོངས་སུ་མུན་པས་ཁེངས།

46 ཆུ་ཚོད་གསུམ་པ་ཙམ་ལ་ཡེ་ཤུས་གསུང་ཆེན་པོས་ “ཨེ་ལི། ཨེ་ལི། ལ་མ་ཤ་བག་ཐ་ནི་” ཞེས་གསུངས་པའི་དོན་ནི་ངའི་དཀོན་མཆོག ངའི་དཀོན་མཆོག ཁྱེད་ཀྱིས་ང་དོར་དགོས་དོན་ཅི་ཡིན་ཞེས་པའོ།

47 ཉེ་འགྲམ་ལ་ཡོད་པའི་མི་ཁ་ཤས་ཀྱིས་དེ་ཐོས་ནས་ “མི་འདིས་ལུང་སྟོན་པ་ཨེ་ལི་ཡཱ་འབོད་ཀྱི་འདུག་” ཅེས་བཤད།

48 འཕྲལ་དུ་ཁོ་ཚོའི་ནང་ནས་མི་ཞིག་གིས་ཕར་བརྒྱུགས་ཏེ་རྒུན་ཆང་སྐྱུར་མོའི་ནང་སྲིང་བལ་སྦངས་ནས་དབྱུག་པའི་རྩེར་བཀོན་ཏེ་ཡེ་ཤུས་བཞེས་ཕྱིར་དྲངས།

49 གཞན་རྣམས་ཀྱིས་ “སྒུག་ཅིག ལུང་སྟོན་པ་ཨེ་ལི་ཡཱ་ཁོ་སྐྱོབ་པའི་ཕྱིར་ཕེབས་མ་ཕེབས་བལྟའོ་” ཞེས་བཤད།

50 ཡེ་ཤུས་ཡང་བསྐྱར་གསུངས་ཆེན་པོ་ཞིག་བཀྱོན་ནས་སྐུ་སྲོག་བློས་བཏང་གནང་ངོ༌།

51 དེའི་སྐབས་མཆོད་ཁང་ཆེན་མོའི་ནང་གི་ཡོལ་བ་དེ་སྟེང་ནས་འོག་བར་དུམ་བུ་གཉིས་སུ་རལ། ས་གཡོས་པ་དང་བྲག་གས།

52 དུར་ཁང་གི་སྒོ་ཕྱེ་ནས་དཀོན་མཆོག་གི་མི་འཆི་བ་རྣམས་ལས་མང་པོ་གསོན་པོར་ལང་བར་གྱུར་ཏེ།

53 ཡེ་ཤུ་སྐུ་གསོན་པོར་བཞེངས་པའི་རྗེས་སུ་ཁོ་ཚོ་དུར་ཁང་ནས་ཐོན་ཞིང༌། གནས་མཆོག་ཡེ་རུ་ཤ་ལེམ་ལ་ཕྱིན་ནས་མི་མང་པོས་མཐོང་བར་གྱུར།

54 དམག་མིའི་བརྒྱ་དཔོན་དང༌། ཁོ་དང་མཉམ་དུ་ཡེ་ཤུ་སྲུང་མཁན་རྣམས་ཀྱིས་ས་ཡོམ་དང་གང་བྱུང་བ་ཐམས་ཅད་མཐོང་ནས་ཤིན་ཏུ་འཇིགས་ཏེ་ “མི་འདི་དངོས་གནས་དཀོན་མཆོག་གི་སྲས་ཡིན་ནོ་” ཞེས་སྨྲས།

55 ཡེ་ཤུ་ལ་ཞབས་ཕྱི་ཞུས་ཤིང་ག་ལིལ་ཡུལ་ནས་ཁོང་གི་རྗེས་སུ་འབྲངས་པའི་བུད་མེད་མང་པོ་ཞིག་དེར་ཡོད་དེ། རྒྱང་རིང་ནས་བལྟས།

56 ཁོ་ཚོའི་ནང་ནས་མག་དལ་གྲོང་གསེབ་ནས་ཡིན་པའི་མིར་ཡམ་དང༌། ཡ་ཀོབ་དང་ཡོ་སེབ་ཀྱི་ཨ་མ་མིར་ཡམ་དང༌། ཟེ་བད་ཡཱ་ཞེས་པའི་བུའི་ཨ་མ་ཡང་ཡོད།

སྟོན་པ་ཡེ་ཤུའི་སྐུ་སྤུར་དུར་ཁང་ནང་བཅུག་པ།

57 དེ་ནས་དགོང་མོ་ཟིན་པའི་ཚེ་ཡེ་ཤུའི་སློབ་མར་གྱུར་བ་གྲོང་ཁྱེར་ཨ་རི་མ་ཐཱའི་ཕྱུག་པོ་ཡོ་སེབ་ཟེར་མཁན་ཞིག་དེར་སླེབས།

58 མི་འདི་པི་ལ་ཏུའི་སར་ཕྱིན་ཏེ་ཡེ་ཤུའི་སྐུ་ཕུང་གནང་རོགས་ཞུས་པ་དང༌། པི་ལ་ཏུ་ཡིས་ཡོ་སེབ་ལ་སྤྲོད་རྒྱུའི་བཀའ་བཏང༌།

59 ཡོ་སེབ་ཀྱིས་ཡེ་ཤུའི་སྐུ་ཕུང་ལེན་པ་དང༌། རས་སྤུས་ལེགས་གཙང་མ་ཤིག་གིས་སྒྲིལ་ནས།

60 བྲག་ལ་བཟོས་པའི་རང་གི་དུར་ཁང་གསར་པར་བཞག་ནས། རྡོ་ཆེན་པོ་ཞིག་བསྒྲིལ་ཏེ་དུར་ཁང་གི་ཁ་བཀག་ནས་སོང༌།

61 ཡང་མིར་ཡམ་མག་དལ་མ་དང༌། མིར་ཡམ་གཞན་ཞིག་དུར་ཁང་ལ་ཁ་གཏད་ནས་དེར་བསྡད།

དུར་ཁང་བསྲུངས་པ།

62 དེའི་སང་ཉིན་སྒྲ་སྒྲིག་གི་ཉིན་མོའི་རྗེས་ཀྱི་ཉིན་མོར། བླ་ཆེན་གཙོ་བོ་དང་ཕཱ་རུ་ཤི་པ་རྣམས་པི་ལ་ཏུའི་དྲུང་དུ་འདུས་ནས།

63 ཁོ་ལ་ “སྐུ་ཞབས་ལགས། ཁོ་གསོན་པའི་དུས་སུ་མགོ་སྐོར་གཏོང་མཁན་དེས་ཉི་མ་གསུམ་གྱི་རྗེས་སུ་ང་ནི་འཆི་བ་ནས་གསོན་པོར་ལང་བར་འགྱུར་ཞེས་ཟེར་བ་དེ་ང་ཚོས་དྲན་པས།

64 ཉིན་གསུམ་པའི་བར་དུ་དུར་ཁང་སྲུང་དགོས་པའི་བཀའ་གཏོང་རོགས། དེ་མིན་ཁོའི་ཉེ་གནས་རྣམས་ཡོང་ནས་ཁོའི་རོ་ཕར་འཁྱེར་ནས་མི་རྣམས་ལ། ཁོང་འཆི་བ་ནས་སླར་གསོན་པོར་གྱུར་ཞེས་ཟེར་ཡོང་ཞེས་སྨྲས་པས། གཡོ་རྒྱུ་སྔོན་མ་ལས་མཐའ་མ་ངན་པར་འགྱུར་” ཞེས་བཤད།

65 པི་ལ་ཏུ་ཡིས་ཁོ་ཚོར་ “སྲུང་དམག་རྣམས་ཁྱོད་རྣམས་ལ་ཡོད། སོང་ལ་གང་ཐུབ་པ་དམ་པོར་སྲུང་ཞིག་” ཅེས་སྨྲས།

66 སྲུང་དམག་འཁྲིད་དེ་ཁོ་ཚོས་དུར་ཁང་གི་ཁ་རྡོ་རྒྱ་ཡིས་བཏབ་ནས་སྲུང་དམག་རྣམས་སྲུང་དུ་བཅུག་གོ །

མད་ཐཱ། (28) – Matthew (28)

1 ངལ་གསོ་བའི་ཉིན་གྱི་རྗེས་སུ་བདུན་ཕྲག་གི་ཉིན་དང་པོའི་ཉི་མ་ཤར་ཙམ་ལ། མིར་ཡམ་མག་དལ་མ་དང༌། མིར་ཡམ་གཞན་དེ་དུར་ཁང་ལ་ལྟ་བར་ཕྱིན།

2 གློ་བུར་དུ་ས་ཡོམ་ཆེན་པོ་བྱུང་སྟེ། དཀོན་མཆོག་གི་ཕོ་ཉ་ཞིག་ཞིང་ཁམས་ནས་བབས་པ་དང༌། དུར་ཁང་གི་ཁ་རྡོ་ཕར་བསྒྲིལ་ནས་དེའི་སྟེང་ལ་བཞུགས།

3 ཁོང་གི་གཟུགས་ནི་གློག་འོད་ལྟར་འཕྲོས་ཤིང༌། ན་བཟའ་གངས་ལྟར་དཀར།

4 སྲུང་དམག་རྣམས་ཁོང་ལ་འཇིགས་ནས་འདར་ཏེ་ཤི་བ་ལྟར་གྱུར།

5 ཕོ་ཉ་དེས་བུད་མེད་རྣམས་ལ་ “མ་འཇིགས་ཤིག ཁྱོད་ཚོས་རྒྱང་ཤིང་སྟེང་བཀྲོངས་པའི་ཡེ་ཤུ་འཚོལ་བཞིན་པ་ངས་ཤེས།

6 ཁོང་གིས་སྔར་གསུངས་པ་ལྟར། ཁོང་སྐུ་གསོན་པོར་བཞེངས་སུ་གྱུར་བས་འདིར་མེད། ཁོང་བཞག་སར་ལྟ་རུ་ཤོག

7 མགྱོགས་པོ་སོང་ལ་ཁོང་གི་ཉེ་གནས་རྣམས་ལ། ཁོང་འཆི་བ་ནས་གསོན་པོར་བཞེངས་སུ་གྱུར་ཞིང༌། ཁྱེད་ཚོའི་སྔོན་ལ་ག་ལིལ་ཡུལ་དུ་ཕེབས་ཏེ་དེར་ཁོང་མཇལ་ཡོང་ཞེས་སྨྲོས་ཤིག ད་ངས་ཁྱོད་ཚོར་བཤད་པ་ཡིན་” ཞེས་གསུངས།

8 བུད་མེད་དེ་རྣམས་འཇིགས་ཀྱང་དགའ་སྤྲོ་ཆེན་པོའི་ངང་ནས་མགྱོགས་པར་དུར་ཁང་ནས་ཁོང་གི་ཉེ་གནས་རྣམས་ལ་འཕྲིན་སྐྱེལ་བར་བརྒྱུགས།

9 འཕྲལ་དུ་ཡེ་ཤུས་ཁོ་རྣམས་ཐུག་སྟེ་ “བདེ་བར་གྱུར་ཅིག་” ཅེས་གསུངས། ཁོ་རྣམས་ཁོང་གི་མདུན་དུ་ཡོང་ནས་ཞབས་ལ་བཟུང་སྟེ་ཕྱག་བཙལ།

10 དེ་ནས་ཡེ་ཤུས་ཁོ་རྣམས་ལ་ “མ་འཇིགས་ཤིག ད་སོང་ལ། ངའི་སྤུན་ཟླ་རྣམས་ལ། ག་ལིལ་ཡུལ་དུ་སོང་ཞིང༌། དེར་ང་མཐོང་བར་འགྱུར་ཞེས་འཕྲིན་སྐྱེལ་ཞིག་” ཅེས་གསུངས།

སྲུང་དམག་གིས་དཀྲོག་གཏམ་བཟོས་པ།

11 བུད་མེད་རྣམས་ཕར་འགྲོ་དུས་སྲུང་དམག་རྣམས་ནང་ནས་ཁ་ཤས་གྲོང་ཁྱེར་དུ་ཡོང་སྟེ་གང་བྱུང་བ་ཐམས་ཅད་བླ་ཆེན་གཙོ་བོ་རྣམས་ལ་བཤད།

12 རྒན་པོ་རྣམས་དང་འཛོམས་ནས་གྲོས་བསྡུར་བྱས་ཏེ། དམག་མི་རྣམས་ལ་ལྐོག་རྔན་ཆེན་པོ་ཞིག་སྟེར་ནས་ཁོ་ཚོར་

13 “ཁྱོད་ཚོས་མི་ཚོར། ཁོའི་ཉེ་གནས་མཚན་མོར་ཡོང་ཞིང་ང་ཚོ་གཉིད་ཁུག་པའི་ཚེ་ཁོའི་རོ་བརྐུས་ཞེས་ཟེར་དགོས།

14 སྤྱི་ཁྱབ་ཀྱིས་གཏམ་དེ་ཐོས་ན། ང་ཚོས་ཁོ་ལ་སྐད་ཆ་བཤད་ནས་ཁྱེད་ཚོའི་རྙོག་དྲ་སེལ་ཡོང་” ཞེས་ཟེར་བས།

15 དམག་མི་རྣམས་ཀྱིས་དངུལ་དེ་བླངས་ནས་གང་བཤད་པ་ལྟར་བྱས། གཏམ་འདི་ཡ་ཧུ་དཱ་པ་རྣམས་ཀྱི་ཁྲོད་དུ་དེ་རིང་གི་བར་དུ་དར་ནས་ཡོད།

འཕྲིན་བཟང་སྒྲོག་རྒྱུའི་བཀའ་བཏང་བ།

16 ཉེ་གནས་བཅུ་གཅིག་པོ་ཡེ་ཤུས་གསུངས་པའི་ག་ལིལ་ཡུལ་གྱི་རི་ལ་སོང༌།

17 ཁོ་ཚོས་ཁོང་མཐོང་བའི་ཚེ་ཁོང་ལ་བསྙེན་བཀུར་བྱས། འོན་ཀྱང་ཁ་ཤས་ཐེ་ཚོམ་སྐྱེས།

18 ཡེ་ཤུ་ཁོ་ཚོའི་རྩར་ཕེབས་ནས་ “དཀོན་མཆོག་གི་ཞིང་ཁམས་དང་འཇིག་རྟེན་གྱི་དབང་ཆ་ཀུན་ང་ལ་གཏད་པ་ཡིན།

19 དེའི་ཕྱིར། སོང་ལ། མི་རིགས་ཐམས་ཅད་སློབ་མར་འཇུག ཡབ་དང་སྲས། དམ་པའི་ཐུགས་ཉིད་ཀྱི་མཚན་གྱི་ཐོག་ནས་ཁོ་ཚོར་ཁྲུས་གསོལ་བྱོས་ལ།

20 ངས་ཁྱེད་ཚོར་བཀའ་བསྒོས་པ་ཐམས་ཅད་སྲུང་དགོས་པར་སློབས་ཤིག ཉོན་དང༌། ང་ནི་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་གནས། དུས་ཀྱི་མཐའ་མའི་བར་དུའང་ཡོད་དོ་” ཞེས་གསུངས་སོ།། །།