མར་ཀུ – Gospel of Mark

མར་ཀུ (1) – Mark (1)

1 དཀོན་མཆོག་གི་སྲས་ཡེ་ཤུ་མཱ་ཤི་ཀའི་འཕྲིན་བཟང་གི་ཐོག་མ་ནི།

2 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོའི་ནང་དཀོན་མཆོག་གིས་འདི་ལྟར་གསུངས།

ལྟོས་ཤིག

ང་ཡི་ཕོ་ཉ་ཁྱེད་ཀྱི་མདུན་དུ་གཏོང༌།།

དེ་ཡིས་ཁྱེད་ཀྱི་ལམ་ནི་བསལ་བར་བྱ།།

3 དབེན་སྟོང་ཡུལ་ནང་གྲགས་པའི་འབོད་སྒྲ་ཡིས།།

གཙོ་བོའི་ཆེད་དུ་ཕེབས་ལམ་གྲ་སྒྲིག་བྱོས།།

ལམ་བུ་དེ་ནི་བདེ་བར་བཟོས་ཤིག་ཨང༌།།

ཅེས་གསུངས།

4 དེའི་ཕྱིར་ཁྲུས་གསོལ་མཁན་ཡོ་ཧ་ནན་དབེན་སྟོང་ལ་བཞུགས་ཏེ།

མི་རྣམས་ལ་ཁྲུས་གསོལ་གནང་ནས།

སྡིག་ཉེས་སེལ་བའི་ཆེད་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་བའི་རྟགས་སུ་ཁྲུས་གསོལ་ལེན་དགོས་པར་བསྒྲགས།

5 ཡ་ཧུ་དཱ་ཡུལ་དང་ཡེ་རུ་ཤ་ལེམ་གྲོང་ཁྱེར་གྱི་མི་ཤིན་ཏུ་མང་པོ་ཡོ་ཧ་ནན་གྱི་དྲུང་དུ་འགྲོ་བཞིན་ཡོད་པས།

ཁོ་ཚོས་རང་གི་ལས་ངན་ཁས་བླངས་པ་དང་ཡོར་དན་གཙང་པོ་ལ་ཁོང་གིས་ཁོ་ཚོར་ཁྲུས་གསོལ་གནང༌།

6 ཡོ་ཧ་ནན་གྱིས་རྔ་མོང་གི་སྤུ་ཡི་གོས་གྱོན་པ་དང་རྐེད་པ་ལ་ཀོ་བའི་སྐེ་རགས་བཅིངས།

ཟས་ལ་འབུ་ཆ་ག་པ་དང་ཤིང་ནགས་ཀྱི་སྦྲང་རྩི་བཟས།

7 ཡོ་ཧ་ནན་གྱིས་

“ངའི་རྗེས་ལ་ང་ལས་དབང་ཆེ་བ་ཞིག་ཕེབས་ཡོང་བར་ངེས་ཏེ།

ང་བསྒུར་ནས་ཁོང་གི་ལྷམ་སྒྲོག་ཀྱང་འགྲོལ་བར་མི་འོས།

8 ངས་ཁྱེད་ཚོར་ཆུ་ཡིས་ཁྲུས་གསོལ་བྱས་པ་ཡིན།

འོན་ཀྱང་ཁོང་གིས་ཁྱེད་ཚོར་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་གནང་བར་འགྱུར་རོ་”

ཞེས་ཆོས་བསྒྲགས།

སྟོན་པ་ཡེ་ཤུས་ཁྲུས་གསོལ་བཞེས་པ།

9 དེའི་དུས་སུ་ཡེ་ཤུ་ག་ལིལ་ཡུལ་གྱི་ན་ཙ་རེལ་གྲོང་ཚོ་ནས་ཕེབས་ཤིང༌།

ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ཡེ་ཤུ་ཡོར་དན་གཙང་པོའི་ནང་ཁྲུས་གསོལ་གནང་མ་ཐག

10 ཡེ་ཤུ་ཆུ་ནས་ཡར་ཕེབས་སྐབས་ནམ་མཁའ་རལ་ཏེ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཕུག་རོན་ལྟར་རང་གི་སྟེང་ལ་བབས་པ་གཟིགས།

11 ཡང་དཀོན་མཆོག་གི་ཞིང་ཁམས་ནས་

“ཁྱེད་ནི་ངའི་གཅེས་པའི་བུ་ཡིན།

ང་རང་ཁྱེད་ལ་ཤིན་ཏུ་དགའོ་”

ཞེས་པའི་གསུང་སྐད་གཅིག་བྱུང༌།

12 དེ་ལྟར་གསུངས་མ་ཐག་ཏུ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་བསྐུལ་ཏེ་ཡེ་ཤུ་དབེན་སྟོང་ལ་མངགས།

13 ཉིན་ཞག་བཞི་བཅུའི་རིང་བདུད་སཱ་ཏན་གྱིས་དབེན་སྟོང་དུ་ཁོང་ལ་ཉམས་ཚོད་བླངས།

ཁོང་གཅན་གཟན་ཁྲོད་དུ་བཞུགས་ཤིང༌།

དཀོན་མཆོག་གི་ཕོ་ཉས་ཁོང་ལ་ཞབས་ཕྱི་ཞུས་སོ།།

སྟོན་པ་ཡེ་ཤུས་ཐོག་མའི་ཉེ་གནས་སྐོང་བ།

14 ཁྲུས་གསོལ་མཁན་ཡོ་ཧ་ནན་བཙོན་དུ་བཅུག་པའི་རྗེས་སུ་ཡེ་ཤུ་ག་ལིལ་ཡུལ་དུ་ཕེབས་ནས།

དཀོན་མཆོག་གི་འཕྲིན་བཟང་ཁྱབ་བསྒྲགས་མཛད།

15 ཁོང་གིས་

“ད་དུས་ལ་བབས་འདུག

དཀོན་མཆོག་གི་རྒྱལ་སྲིད་འཐོན་ལ་ཉེ་བར་སླེབས་པས།

ཁྱེད་ཚོས་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་ཏེ་འཕྲིན་བཟང་ལ་དད་པ་གྱིས་ཤིག་”

ཅེས་གསུངས།

16 དེ་ནས་ཡེ་ཤུ་ག་ལིལ་ཡུལ་གྱི་མཚོ་འགྲམ་བརྒྱུད་ནས་ཕེབས་དུས།

སི་མོན་དང་ཁོང་གི་གཅུང་པོ་ཨན་དྲི་ཡཱ་ཞེས་བྱ་བའི་ཉ་པ་གཉིས་ཀྱིས་མཚོ་ནང་དུ་དྲ་རྒྱ་འཕེན་བཞིན་པ་གཟིགས་ཤིང༌།

17 ཡེ་ཤུས་ཁོ་ཚོ་ལ་

“ངའི་རྗེས་སུ་ཤོག

ཁྱེད་ཀྱིས་ད་ལྟ་ཉ་འཚོལ་བ་ལྟར་རྗེས་མ་ངས་ཁྱེད་ཚོ་མི་རྣམས་འཚོལ་དུ་འཇུག་”

ཅེས་གསུངས་མ་ཐག

18 ཁོང་གཉིས་ཀྱིས་རང་གི་དྲ་རྒྱ་བཞག་ནས་ཁོང་གི་རྗེས་སུ་འབྲངས།

19 ཡེ་ཤུ་ཕར་ཙམ་ཕེབས་སྐབས་ཁོང་གིས་ཟེ་བད་ཡཱ་ཟེར་མཁན་དེའི་བུ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཀྱིས་གྲུའི་ནང་ལ་དྲ་རྒྱ་བཟོ་བཅོས་རྒྱག་བཞིན་པ་གཟིགས་ནས།

20 ཡེ་ཤུས་ལམ་སེང་ཁོ་ཚོར་

“ཚུར་ཤོག་”

ཅེས་གསུངས་པས།

ཁོ་གཉིས་ཀྱིས་རང་གི་ཕ་ཟེ་བད་ཡཱ་དང་གླ་པ་རྣམས་གྲུ་ལ་བཞག་ནས་ཁོང་གི་རྗེས་སུ་འབྲངས་པ་རེད།

སྟོན་པ་ཡེ་ཤུས་གདོན་འདྲེ་བསྐྲད་པ།

21 དེ་ནས་ཁོང་ཚོ་གྲོང་ཁྱེར་ཀ་ཕར་ན་ཧུམ་དུ་བྱོན་ནས་ངལ་གསོའི་ཉིན་མོ་སླེབས་མ་ཐག་ཡེ་ཤུ་ཡ་ཧུ་དཱ་པའི་འདུ་ཁང་དུ་ཕེབས་ཏེ།

ཆོས་བསྟན་གནང་བ་རེད།

22 ཁོང་གིས་ཁོ་ཚོར་ཆོས་སྟོན་སྟངས་ནི་ཡ་ཧུ་དཱ་པའི་ཆོས་ཁྲིམས་ལ་མཁས་པའི་མི་རྣམས་དང་མི་འདྲ་སྟེ།

དབང་ལྡན་ཞིག་གིས་གསུངས་པ་དང་འདྲ་བར་འདུག་པས།

དེ་ཐོས་པ་ཐམས་ཅད་ཡ་མཚན་ཆེན་པོར་གྱུར།

23 དེའི་སྐབས་གདོན་འདྲེ་མི་གཙང་བ་ཡིས་ཟིན་པའི་མི་ཞིག་འདུ་ཁང་ནང་ལ་ཡོད་པ་དང༌།

24 དེས་སྐད་ཆེན་པོས་

“ཀྱེ།

ན་ཙ་རེལ་པ་ཡེ་ཤུ།

ང་ཚོ་ཁྱེད་དང་འབྲེལ་བ་གང་ཡོད།

ཁྱེད་ཀྱིས་ང་ཚོ་མེད་པ་བཟོ་བར་ཕེབས་སམ།

ཁྱེད་སུ་ཡིན་པ་ངས་ཤེས་ཀྱི་ཡོད།

ཁྱེད་ནི་དཀོན་མཆོག་གི་སྐྱེས་བུ་དམ་པ་དེ་ཡིན་”

ཞེས་བཤད།

25 འོན་ཀྱང་ཡེ་ཤུས་གདོན་འདྲེ་དེར་བཀའ་གནང་ནས་

“ཁ་རོག་སྡོད།

མི་དེའི་ལུས་ནས་ཐོན་ཅིག་”

ཅེས་གསུངས་པ་དང༌།

26 མི་དེ་གཟའ་ཕོག་པ་ལྟར་ས་ལ་འགྱེལ་ནས་ཁོས་སྐད་ངན་ཆེན་པོ་བཏོན་ཞིང་གདོན་འདྲེ་མི་གཙང་བ་དེ་མི་དེའི་ལུས་ནས་ཕྱིར་ཐོན།

27 མི་ཐམས་ཅད་ཧ་ལས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་སྐད་ཆ་དྲིས་པར་

“འདི་ཅི་ཡིན།

འདི་བསྟན་པ་གསར་པ་ཡིན་ནམ།

ཁོང་གིས་དབང་ཆ་ཆེན་པོས་གདོན་འདྲེ་མི་གཙང་བ་ལ་ཡང་བཀའ་གནང་སྟེ།

གདོན་འདྲེས་ཀྱང་ཁོང་གི་བཀའ་ལ་ཉན་པར་བྱེད་”

ཅེས་བཤད།

28 དེ་མ་ཐག་ཏུ་ཁོང་གི་སྙན་གྲགས་ག་ལིལ་གྱི་ས་ཕྱོགས་གང་སར་ཁྱབ་པ་རེད།

སྟོན་པ་ཡེ་ཤུས་ནད་མི་འདྲ་བ་སེལ་གནང་བ།

29 ཁོང་ཚོ་ཡ་ཧུ་དཱ་པའི་འདུ་ཁང་ནས་ཐོན་མ་ཐག་ཡ་ཀོབ་དང་ཡོ་ཧ་ནན་གཉིས་མཉམ་དུ་སི་མོན་དང་ཨན་དྲི་ཡཱ་ཡི་ཁྱིམ་དུ་ཕེབས།

30 དེའི་དུས་སུ་སི་མོན་གྱི་བཟའ་ཟླའི་ཨ་མ་ཚ་བ་རྒྱས་ཏེ་ཉལ་ཁྲིའི་སྟེང་དུ་ཉལ་ཡོད།

ཡེ་ཤུ་ཕེབས་སྐབས་ཁྱིམ་མི་རྣམས་ཀྱིས་ཁོ་མོའི་གནས་ཚུལ་ཁོང་ལ་ཞུས།

31 ཡེ་ཤུ་ཁོ་མོའི་མདུན་དུ་ཕེབས་ཏེ་ལག་པ་ནས་འཇུས་ཤིང་ཡར་བསྐྱོར་ཏེ་ལངས་སུ་བཅུག་པ་དང༌།

ཚ་བ་འཇགས་ཏེ་ཁོ་མོས་ཁོང་རྣམས་ལ་ཞབས་ཕྱི་ཞུས་སོ།།

32 དེ་ནས་ཉི་མ་བཞུད་དེ་ས་མ་རུབ་ཙམ་ལ།

མི་ཚོས་ནད་པ་དང་གདོན་འདྲེས་ཟིན་པའི་མི་ཡེ་ཤུའི་དྲུང་དུ་ཁྲིད་ཡོང༌།

33 གྲོང་ཁྱེར་གྱི་མི་ཐམས་ཅད་སྒོའི་འགྲམ་དུ་འཛོམས་པ་དང༌།

34 ཡེ་ཤུས་དཀོན་མཆོག་གི་དབང་གི་སྒོ་ནས་ནད་རིགས་མི་འདྲ་བ་མང་པོ་སེལ་གནང་བ་མ་ཟད།

གདོན་འདྲེ་མང་པོ་བསྐྲད་དེ།

གདོན་དེ་ཚོ་སྐད་ཆ་ལབ་ཏུ་མ་བཅུག

གང་ཡིན་ཟེར་ན།

གདོན་འདྲེས་ཁོང་ངོ་ཤེས་ཀྱི་ཡོད་པས་རེད།

35 དེའི་སང་ཉིན་ནམ་མ་ལངས་པའི་སྔོན་དུ་ཡེ་ཤུ་ཡར་བཞེངས་ཏེ་དབེན་གནས་ཤིག་ཏུ་ཕེབས་ནས་དེར་སྨོན་ལམ་བསྐྱོན།

36 སི་མོན་དང་ཁོང་གི་རོགས་པ་རྣམས་ཀྱིས་ཡེ་ཤུ་བཙལ་ནས།

37 ཁོང་དང་མཇལ་རྗེས་

“མི་ཚང་མས་ཁྱེད་རང་འཚོལ་བཞིན་འདུག་”

ཅེས་ཞུས་པ་དང༌།

38 ཁོང་གིས་

“ང་ཚོ་ཉེ་འཁོར་གྱི་གྲོང་སྡེ་ལ་འགྲོ་དགོས།

ངས་དེ་ཚོ་ལ་ཡང་ཆོས་བཤད་པར་བྱ།

ང་དོན་འདིའི་ཆེད་དུ་ཡོང་བ་ཡིན་”

ཞེས་གསུངས།

39 དེའི་ཕྱིར་ཁོང་ག་ལིལ་ཡུལ་ཡོངས་ཀྱི་ཡ་ཧུ་དཱ་པའི་འདུ་ཁང་དུ་ཕེབས་ནས་ཆོས་གསུངས་ཤིང༌།

གདོན་འདྲེ་རྣམས་ཕར་བསྐྲད་དོ།།

སྟོན་པ་ཡེ་ཤུས་མཛེ་ནད་དག་པར་མཛད་པ།

40 དེའི་ཚེ་མཛེ་ནད་ཅན་ཅིག་ཁོང་གི་དྲུང་དུ་ཡོང་ནས་པུས་མོ་སར་བཙུགས་ཏེ་

“གལ་ཏེ་ཁྱེད་ཐུགས་མཉེས་པ་ཡིན་ན་ཁྱེད་ཀྱིས་ང་རང་མཛེ་ནད་དག་པར་མཛད་ཐུབ་བོ་”

ཅེས་ཞུ་བ་ཆེན་པོ་ཕུལ་བས།

41-42 ཡེ་ཤུ་སྙིང་རྗེ་སྐྱེས་ཏེ་ཕྱག་བརྐྱངས་ཤིང་མི་དེར་རེག་ནས་

“ང་དེ་བཞིན་དུ་བྱེད་འདོད་ཡོད།

དག་པར་གྱུར་ཅིག་”

ཅེས་གསུངས་མ་ཐག་མི་དེའི་མཛེ་ནད་དག་པར་གྱུར།

43-44 ཁོང་གིས་ནན་ཏན་གྱིས་མི་དེར་

“ལྟོས་དང༌།

ཁྱོད་ཀྱིས་མི་གཞན་ལ་ཅི་ཡང་ལབ་པར་མ་བྱོས་ཤིག

སོང་ལ་རང་གི་ལུས་ཡ་ཧུ་དཱ་པའི་བླ་མར་སྟོན་དང༌།

ཁོ་རྣམས་ལ་བདེན་དཔང་བྱེད་པའི་ཕྱིར་ལུང་སྟོན་པ་མོ་ཤེ་ཡིས་བཀའ་གནང་ཡོད་པ་བཞིན་མཆོད་པ་ཕུལ་ཅིག་”

ཅེས་བཀའ་གནང་སྟེ་མི་དེ་ལམ་སེང་ཕྱིར་བཏོན།

45 འོན་ཀྱང་མི་དེ་ཕྱི་ལ་སོང་ནས་གཏམ་མང་པོ་བཤད་ཅིང་གནས་ཚུལ་འདི་ཁྱབ་བསྒྲགས་བྱས་པས།

དེའི་རྗེས་སུ་ཡེ་ཤུ་གྲོང་ཁྱེར་གང་ལ་ཡང་མངོན་སུམ་དུ་ཕེབས་མ་ཐུབ་པར་ཕྱི་རོལ་གྱི་དབེན་གནས་རྣམས་སུ་བཞུགས།

ཡིན་ན་ཡང་མི་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་ཁོང་གི་དྲུང་དུ་འདུས་སོ།།

མར་ཀུ (2) – Mark (2)

1དེ་ནས་ཉི་མ་འགའ་ཤས་ཕྱིན་པའི་རྗེས་ལ་ཡེ་ཤུ་ཡང་བསྐྱར་གྲོང་ཁྱེར་ཀ་ཕར་ན་ཧུམ་ལ་ཕེབས་ནས་ཁོང་ཁང་པའི་ནང་དུ་བཞུགས་ཡོད་པའི་གཏམ་གྲགས་པ་ཙམ་གྱིས།

2-3 མི་མང་པོ་སྒོའི་འགྲམ་དུ་འཛོམས་ཏེ་ས་ཆ་སྟོང་པའང་མེད།

ཁོང་གིས་དཀོན་མཆོག་གི་བཀའ་བསྒྲགས་གནང་སྐབས་མི་འགའ་ཤས་ཡོང་ཞིང༌།

དེའི་ནང་ནས་མི་བཞི་ཡིས་གོམ་པ་སྤོ་མི་ཐུབ་པའི་ནད་པ་གཅིག་ཁུར་ནས་ཁོང་གི་དྲུང་དུ་འོངས།

4 འོན་ཀྱང་མི་ཚོགས་མང་བས་ཁོ་ཚོ་ཁོང་གི་དྲུང་དུ་མ་ཐར་སྟབས།

ཁང་པའི་ཐོག་ཁ་བཤུས་ཏེ་ཡེ་ཤུ་བཞུགས་སའི་སྒང་ལ་ཨི་ཁུང་ཆེན་པོ་ཞིག་ཕུག་ནས་ནད་པ་དང་ཉལ་ཁྲི་མཉམ་དུ་མར་ཕབ་པ་རེད།

5 ཡེ་ཤུས་ཁོ་ཚོའི་དད་པའི་སེམས་མཁྱེན་ནས་ནད་པ་དེ་ལ་

“བུ།

ཁྱོད་ཀྱི་སྡིག་ཉེས་བསལ་ཟིན་པ་ཡིན་”

ཞེས་གསུངས།

6 དེར་ཡོད་པའི་ཆོས་ཁྲིམས་ལ་མཁས་པའི་མི་འགའ་ཞིག་གི་བསམ་པ་ལ།

7 མི་འདིས་འདི་ལྟར་བཤད་པ་གང་ཡིན་ནམ།

དེས་དཀོན་མཆོག་ལ་སྐུར་བ་འདེབས་པ་རང་རེད།

དཀོན་མཆོག་གཅིག་པོས་མ་གཏོགས་གཞན་སུས་སྡིག་ཉེས་སེལ་ཐུབ་བསམས།

8 དེ་མ་ཐག་ཏུ་ཡེ་ཤུའི་ཐུགས་ལ་ཁོ་ཚོའི་བསམ་པ་མཁྱེན་ནས་འདི་ལྟར་གསུངས་

“ཁྱོད་ཚོས་བསམ་བློ་འདི་ལྟར་གཏོང་དགོས་པའི་རྒྱུ་མཚན་གང་ཡིན།

9 ནད་པ་དེར་ཁྱོད་ཀྱི་སྡིག་ཉེས་བསལ་ཟིན་ཟེར་བ་ལས་སླ་པོ་ཡིན་ནམ།

ཡང་ན་ལོངས་ལ་ཉལ་ཁྲི་ཁྱེར་ནས་སོང་ཞིག་ཟེར་བ་ལས་སླ་པོ་ཡིན།

10 འོན་ཀྱང་མིའི་རིགས་ཀྱི་བུ་ལ་འཇིག་རྟེན་འདིའི་སྟེང་སྡིག་ཉེས་སེལ་བའི་དབང་ཡོད་པ་ཁྱོད་ཚོས་ཤེས་པའི་ཕྱིར༌༌༌༌”

ཡེ་ཤུས་ནད་པ་དེ་ལ་

11 “ངས་ཁྱོད་ལ་ཟེར་རྒྱུར།

ལོངས་ལ་ཉལ་ཁྲི་ཁྱེར་ནས་ནང་ལ་ལོག་ཅིག་”

ཅེས་གསུངས།

12 མི་དེས་ལམ་སེང་ཡར་ལངས་ནས་ཉལ་ཁྲི་ཁྱེར་ཏེ་མི་ཚང་མའི་མདུན་ནས་ལོག་ཕྱིན་པས།

ཐམས་ཅད་ཡ་མཚན་ཆེན་པོ་སྐྱེས་ནས་དཀོན་མཆོག་ལ་བསྟོད་པ་ཕུལ་ཏེ་

“འདི་ལྟ་བུའི་མཛད་པ་ང་ཚོས་གཏན་ནས་མཐོང་མ་མྱོང་”

ཞེས་བཤད།

སྟོན་པ་ཡེ་ཤུས་ལེ་ཝི་ཉེ་གནས་ལ་སྐོང་བ།

13 དེ་ནས་ཡང་ཡེ་ཤུ་ག་ལིལ་ཡུལ་གྱི་མཚོའི་འགྲམ་དུ་ཕེབས་པ་དང༌།

མི་ཚང་མ་ཁོང་གི་དྲུང་དུ་འཛོམས་ནས་ཁོང་གིས་དེ་ཚོ་ལ་ཆོས་བསྟན།

14 ཡེ་ཤུ་ཕེབས་བཞིན་པའི་སྐབས་སུ་ཁོང་གིས་ཨལ་ཕཱ་ཡི་བུ་ལེ་ཝི་ཟེར་བ་དེ་ཁྲལ་ལེན་སར་བསྡད་ཡོད་པ་གཟིགས་ནས།

དེ་ལ་

“ཁྱེད་རང་ངའི་རྗེས་སུ་ཤོག་”

ཅེས་གསུངས་པས་ཁོ་ཡར་ལངས་ཏེ་ཁོང་གི་རྗེས་སུ་འབྲངས།

15 ཡེ་ཤུས་ལེ་ཝིའི་ཁྱིམ་ལ་ཞལ་ལག་བཞེས་པའི་སྐབས་སུ།

ཁྲལ་ལེན་མཁན་དང་སྡིག་ཉེས་ཅན་མང་པོ་ཞིག་ཀྱང་ཡེ་ཤུ་དང་ཁོང་གི་ཉེ་གནས་མཉམ་དུ་ཟས་ཟ་བཞིན་ཡོད།

དེ་ནི་མི་མང་པོ་ཡེ་ཤུའི་རྗེས་སུ་འབྲངས་པས་སོ།

16 ཕཱ་རུ་ཤི་ཟེར་བའི་ཕྱོགས་ཁག་གི་ཆོས་ཁྲིམས་ལ་མཁས་པའི་མི་ཚོས་ཡེ་ཤུས་ཁྲལ་ལེན་མཁན་དང་སྡིག་ཉེས་ཅན་ཚོ་མཉམ་དུ་ཞལ་ལག་བཞེས་བཞིན་པ་མཐོང་སྟེ།

ཁོ་ཚོས་ཁོང་གི་ཉེ་གནས་ཚོར་

“ཁོང་གིས་ཁྲལ་ལེན་མཁན་དང་སྡིག་ཉེས་ཅན་རྣམས་དང་མཉམ་དུ་བཟའ་བཏུང་བྱེད་པ་འདི་ཅི་ཡིན་”

ཞེས་ཟེར་བས།

17 ཡེ་ཤུས་གཏམ་དེ་གསན་ནས་

“ཁམས་བཟང་པོའི་མི་ལ་སྨན་པ་མི་དགོས་ཀྱི།

ནད་པ་ཚོ་ལ་དགོས་སོ།

ང་རང་ནི་ཆོས་དྲང་པོའི་མི་རྣམས་འབོད་དུ་ཡོང་བ་མ་ཡིན་གྱི།

མི་སྡིག་ཉེས་ཅན་རྣམས་འབོད་དུ་ཡོང་བ་ཡིན་”

ཞེས་གསུངས།

སྨྱུང་གནས་ཀྱི་སྐོར།

18 དེ་ཡང་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སློབ་མ་དང་ཕཱ་རུ་ཤི་པ་རྣམས་ཀྱིས་སྨྱུང་གནས་སྲུང་བཞིན་ཡོད་དེ།

མི་འགའ་ཞིག་ཡོང་ནས་ཡེ་ཤུ་ལ་

“ཡོ་ཧ་ནན་གྱི་སློབ་མ་དང་ཕཱ་རུ་ཤི་པའི་སློབ་མ་རྣམས་ཀྱིས་སྨྱུང་གནས་སྲུང་བཞིན་ཡོད་ནའང༌།

ཁྱེད་ཀྱི་སློབ་མ་རྣམས་ཀྱིས་སྨྱུང་གནས་མི་སྲུང་བ་ཅི་ཡིན་”

ཞེས་དྲིས།

19 ཡེ་ཤུས་

“ཆང་སའི་སྐབས།

མག་པའི་རོགས་རྣམས་མག་པ་དང་མཉམ་དུ་ཡོད་དུས་སྨྱུང་གནས་སྲུང་སྲིད་དམ།

མག་པ་ཁོ་ཚོ་དང་མཉམ་དུ་ཡོད་དུས་ཁོ་ཚོས་སྨྱུང་གནས་སྲུང་མི་སྲིད།

20 འོན་ཀྱང་མག་པ་ཁོ་ཚོ་དང་ཁ་འབྲལ་བའི་དུས་ལ་འབབ་ཡོང༌།

དུས་དེར་ཁོ་ཚོས་སྨྱུང་གནས་སྲུང་ངེས།

21 དཔེར་ན།

མི་སུས་ཀྱང་རས་མཐུག་པོས་གོས་སྲབ་པོར་ལྷན་པ་མི་རྒྱག

དེ་ལྟར་བྱས་ན་རས་མཐུག་པོ་དེས་གོས་སྲབ་པོའི་སྲུབས་ཁ་ཇེ་ཆེར་གཏོང༌།

22 ཡང་དེ་ལྟར་མི་སུ་ཞིག་ཡིན་ཡང་རྒུན་འབྲུམ་ཆང་གསར་པ་པགས་པའི་ཁུག་མ་རྙིང་པའི་ནང་བསྙལ་བར་མི་བྱ།

གལ་ཏེ་བསྙལ་ཚེ་ཆང་འཕེལ་ནས་ཁུག་མ་རྙིང་པ་གས་ཏེ་ཆང་དང་ཁུག་མ་གཉིས་ཀ་འཕྲོ་བརླག་འགྲོ་བར་འགྱུར་ངེས་པས།

རྒུན་འབྲུམ་ཆང་གསར་པ་དེ་ཁུག་མ་གསར་པའི་ནང་དུ་བླུག་གོ་”

ཞེས་གསུངས།

ངལ་གསོ་བའི་ཉིན་མོའི་སྐོར།

23 དེ་ནས་ངལ་གསོ་བའི་ཉིན་མོར་ཡེ་ཤུ་དང་ཁོང་གི་ཉེ་གནས་རྣམས་ཞིང་ཁ་ཞིག་བརྒྱུད་ནས་ཕེབས་སྐབས།

ཉེ་གནས་རྣམས་ཀྱིས་འབྲུ་ཡི་སྙེ་མ་འཐོག་བཞིན་ཡོད་པས།

24 ཕཱ་རུ་ཤི་པ་ཡིས་

“གཟིགས་དང༌།

ཁྱེད་ཀྱི་ཉེ་གནས་རྣམས་ཀྱིས་ཅིའི་ཕྱིར་ངལ་གསོ་བའི་ཉིན་མོར་དཀོན་མཆོག་གི་བཀའ་ཁྲིམས་ལྟར་བྱེད་མི་ཆོག་པའི་ལས་བྱེད་བཞིན་ཡོད་དམ་”

ཞེས་བཤད།

25 ཡེ་ཤུས་

“རྒྱལ་པོ་དཱ་བིད་དང་ཁོང་གི་འཁོར་གཡོག་རྣམས་ལྟོགས་ནས་ཟས་མེད་ཐབས་མེད་པར་གྱུར་ཏེ།

ཅི་ཞིག་བྱས་པ་ཁྱོད་ཚོས་དཀོན་མཆོག་གི་གསུང་རབ་ལས་བཀླགས་མ་མྱོང་ངམ།

26 བླ་ཆེན་གཙོ་བོ་ཨབ་ཡཱ་ཐར་ཟེར་བའི་དུས་སུ།

དཱ་བིད་ཉིད་དཀོན་མཆོག་གི་གུར་མཆོག་ཏུ་སོང་ནས་དཀོན་མཆོག་གི་སྐུ་མདུན་གྱི་བག་ལེབ་བཟས་ཤིང་འཁོར་གཡོག་རྣམས་ལའང་བྱིན།

བག་ལེབ་དེ་བཀའ་ཁྲིམས་ལྟར་ན་ཡ་ཧུ་དཱ་པའི་བླ་མ་རྣམས་ལས་གཞན་སུས་ཀྱང་ཟ་མི་ཆོག་”

ཅེས་གསུངས་པ་དང༌།

27 དེ་ནས་ཁོང་གིས་

“མི་ནི་ངལ་གསོའི་ཉིན་གྱི་དོན་དུ་མཛད་པ་མ་ཡིན་གྱི།

ངལ་གསོའི་ཉིན་མོ་ནི་མིའི་དོན་དུ་མཛད་པ་ཡིན།

28 དེ་བས་མིའི་རིགས་ཀྱི་བུ་ནི་ངལ་གསོ་བའི་ཉིན་གྱི་གཙོ་བོ་ཡིན་ནོ་”

ཞེས་གསུངས་སོ།།

མར་ཀུ (3) – Mark (3)

1 དེ་ནས་ཡང་ཡེ་ཤུ་ཡ་ཧུ་དཱ་པའི་འདུ་ཁང་དུ་ཕེབས།

དེར་ལག་པ་འཁུམས་པའི་མི་ཞིག་ཡོད།

2 ཡེ་ཤུ་ལ་ནག་ཉེས་བཙུགས་པར་འདོད་པའི་མི་རྣམས་ཀྱིས་ངལ་གསོ་བའི་ཉིན་ལ་ཁོང་གིས་མི་དེའི་ནད་སེལ་དང་མི་སེལ་བའི་ཆེད་ནན་ཏན་གྱིས་བལྟས་ཏེ་བསྡད།

3 ཡེ་ཤུས་ལག་པ་གཅིག་འཁུམས་པའི་མི་དེ་ལ་

“ཡར་ལངས་ནས་ཚུར་ཤོག་”

ཅེས་གསུངས་ཤིང༌།

4 ཡང་མི་དེ་རྣམས་ལ་

“དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་མི་རྣམས་ལ་ངལ་གསོ་བའི་ཉིན་མོར་ལས་བཟང་པོ་བྱེད་ཆོག་གམ་ཡང་ན་ལས་ངན་པ་བྱེད་ཆོག

སྲོག་སྐྱོབ་ཆོག་གམ་ཡང་ན་སྲོག་གཅོད་ཆོག་”

ཅེས་དྲིས།

འོན་ཀྱང་དེ་ཚོས་ཁ་རོག་བསྡད།

5 ཡེ་ཤུ་ཐུགས་ཁྲོས་ནས་མི་དེ་རྣམས་ལ་རིམ་གྱིས་གཟིགས་ཤིང་དེ་ཚོའི་སེམས་མཁྲེགས་པོ་ཡིན་པར་ཐུགས་སྐྱོ་སྟེ།

མི་དེར་

“ལག་པ་རྐྱོངས་ཤིག་”

ཅེས་གསུངས་པས་ཁོས་ལག་པ་བརྐྱངས་ཤིང་ནད་སེལ་བར་གྱུར།

6 དེ་ནས་ཕཱ་རུ་ཤི་པ་རྣམས་ཕྱི་ལ་སོང་མ་ཐག་ཏུ་རྒྱལ་པོ་ཧེ་རོ་དཱེ་ཞེས་བྱ་བའི་ཕྱོགས་ཁག་གི་མི་དང་མཉམ་དུ་ཡེ་ཤུ་དགྲོང་རྒྱུའི་ངན་ཇུས་བྱས།

མི་མང་པོའི་ནད་སེལ་གནང་བ།

7 དེ་ནས་ཡེ་ཤུ་དང་ཁོང་གི་ཉེ་གནས་རྣམས་ཕྱིར་མཚོ་འགྲམ་དུ་ཕེབས་པ་ལ།

མི་ཚོགས་མང་པོ་ཞིག་ག་ལིལ་ཡུལ་ནས་ཁོང་གི་རྗེས་སུ་འབྲངས་པ་མ་ཟད།

8 ཁོང་གིས་མཛད་པའི་དོན་རྣམས་ཐོས་པས་གཞན་མི་མང་པོས་ཀྱང་ཡ་ཧུ་དཱ་ཡུལ་དང་ཡེ་རུ་ཤ་ལེམ་གྲོང་ཁྱེར།

ཨི་དུམ་ཡཱ་ཡུལ།

ཡོར་དན་གཙང་པོའི་ཕ་རོལ་གྱི་ས་ཆ་དང༌།

གྲོང་ཁྱེར་ཐཱ་ཨེར་དང་ཚི་དོན་སོགས་ས་ཆ་སོ་སོ་ནས་ཁོང་གི་དྲུང་དུ་ཡོང༌།

9 དེར་ཡོད་པའི་མི་ཚོགས་མང་པོས་ཁོང་མ་བཙིར་བའི་ཕྱིར།

ཁོང་གིས་ཉེ་གནས་ཚོར་གྲུ་ཆུང་ཞིག་གྲ་སྒྲིག་བྱེད་དུ་བཅུག

10 ཁོང་གིས་མི་མང་པོའི་ནད་སེལ་བར་མཛད་པས།

ནད་ཡོད་པ་ཐམས་ཅད་ཀྱིས་ཁོང་ལ་རེག་པའི་ཆེད་དུ་འཚང་ཁ་བརྒྱབ།

11 གདོན་འདྲེ་མི་གཙང་བ་དེ་ཚོས་ག་དུས་ཡིན་ཡང་ཁོང་མཐོང་བ་ཙམ་གྱིས་ཁོང་གི་དྲུང་དུ་ཕྱག་འཚལ་ཏེ་སྐད་ཆེན་པོས་

“ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་ནོ་”

ཞེས་བཤད།

12 ཡེ་ཤུས་དེ་ཚོ་ལ་ཁོང་མངོན་པར་མི་བྱེད་ཕྱིར་ནན་ཏན་གྱིས་བཀའ་གནང༌།

ཉེ་གནས་བཅུ་གཉིས་བདམས་པ།

13 དེ་ནས་ཡེ་ཤུ་རིའི་སྟེང་ལ་ཕེབས་ཏེ་རང་གི་དགོངས་པ་ལྟར་ཚུར་ཤོག་ཅེས་བཀའ་གནང་ནས་ཁོ་རྣམས་ཁོང་གི་དྲུང་དུ་ཡོང༌།

14-15 ཁོ་ཚོ་ཁོང་དང་ཉེ་བར་གནས་པ་དང༌།

ཁོང་གིས་ཁོ་ཚོ་ལ་ཆོས་ཤོད་པར་གཏོང་བ་དང་གདོན་འདྲེ་སྐྲོད་པའི་ཕྱིར་དབང་བསྐུར་ནས་དེ་རྣམས་ཉེ་གནས་བཅུ་གཉིས་ལ་བསྐོས་ཏེ་མིང་གཞན་སྐུ་ཚབ་ཅེས་ཀྱང་བཏགས།

16 ཁོང་གིས་བསྐོས་པའི་ཉེ་གནས་བཅུ་གཉིས་པོ་ནི་སི་མོན།

ཁོང་གིས་མི་དེར་མིང་པེ་ཏྲོ་ཞེས་བཏགས་པ་དང༌།

17 ཟེ་བད་ཡཱ་ཞེས་པའི་བུ་ཡ་ཀོབ་དང༌།

ཡ་ཀོབ་ཀྱི་གཅུང་པོ་ཡོ་ཧ་ནན།

དེ་གཉིས་ཀྱི་མིང་ལ་བོ་ཨ་ནེར་གེ་ཞེས་བཏགས་ཏེ་འབྲུག་གི་བུ་ཞེས་པའི་དོན་ཡིན།

18 གཞན་ཡང་ཨན་དྲི་ཡཱ་དང༌།

ཕི་ལིབ།

པར་ཐོ་ལོ་མཱ།

མད་ཐཱ།

ཐོ་མཱ་དང༌།

ཨལ་ཕཱ་ཞེས་པ་དེའི་བུ་ཡ་ཀོབ།

ཐཱ་ཨད་དེ་ཨ་སི།

རྒྱལ་གཅེས་པའི་ཕྱོགས་ཁག་གི་ཁོངས་མི་སི་མོན་དང༌།

19 རྗེས་སུ་ཡེ་ཤུ་ལ་རྒྱབ་གཏོད་བྱེད་མཁན་ཡུ་དཱ་དབྱི་སི་ཀར་རེ་བཅས་ཡིན་ནོ།།

སྟོན་པ་ཡེ་ཤུ་དང་བདུད་པེ་ཨིལ་བཟི་པད།

20 དེ་ནས་ཡེ་ཤུ་དང་ཉེ་གནས་རྣམས་ཁང་པ་ཞིག་གི་ནང་དུ་ཕེབས་པ་ན།

མི་ཚོགས་ཡང་བསྐྱར་འཛོམས་པས།

ཁོང་རྣམས་ལ་ཐ་ན་ཞལ་ཟས་བཞེས་ལོང་ཡང་མ་བྱུང༌།

21 ཁོང་གི་གཉེན་ཉེ་རྣམས་ཀྱིས་གཏམ་དེ་ཐོས་ནས་ཁོང་སྨྱོས་སོ་ཞེས་བཤད་དེ་ཁོང་བཀག་པར་ཕྱིན།

22 ཡེ་རུ་ཤ་ལེམ་ནས་མར་ཡོང་བའི་ཆོས་ཁྲིམས་ལ་མཁས་པའི་མི་ཚོས་

“ཁོང་ལ་པེ་ཨིལ་བཟི་པད་བདུད་ཞུགས་ཤིང་ཁོང་གིས་བདུད་ཀྱི་རྒྱལ་པོ་དེར་བརྟེན་ནས་གདོན་འདྲེ་སྐྲོད་”

ཅེས་བཤད།

23 ཡེ་ཤུས་ཆོས་ཁྲིམས་ལ་མཁས་པའི་མི་དེ་ཚོ་རང་གི་དྲུང་དུ་བོས་ཏེ་དཔེའི་སྒོ་ནས་དེ་རྣམས་ལ་

“བདུད་སཱ་ཏན་གྱིས་བདུད་རང་ཉིད་ཇི་ལྟར་སྐྲོད་སྲིད་དམ།

24 གལ་ཏེ་རྒྱལ་ཁབ་གཅིག་ལ་ནང་འཁྲུག་བྱུང་ན་རྒྱལ་ཁབ་དེ་བརྟན་པོར་གནས་མི་ཐུབ་པ་དང༌།

25 ཁྱིམ་ཚང་གཅིག་ལ་ནང་འཁྲུག་བྱུང་ན་ཁྱིམ་ཚང་དེའང་བརྟན་པོར་གནས་མི་ཐུབ་པ་ལྟར།

26 དེ་བཞིན་བདུད་སཱ་ཏན་གྱིས་རང་གིས་རང་ལ་རྒོལ་ན་བདུད་དེ་བརྟན་པོར་གནས་མི་ཐུབ་ཅིང་ཁོའི་དབང་མེད་པར་འགྱུར།

27 ཡང་སུས་ཀྱང་མི་སྟོབས་ཤུགས་ཆེན་པོ་ཞིག་གི་ཁང་པ་ལ་འཛུལ་ནས་དེའི་ཅ་ལག་འཕྲོག་མི་ཐུབ་སྟེ།

སྔོན་ལ་མི་དེ་བཅིངས་ནས་ཁོ་ལ་ཅི་ཡོད་པ་དེ་འཕྲོག་ཐུབ།

28 ངས་ཁྱོད་ཚོ་ལ་བདེན་པར་ཟེར་རྒྱུར།

དཀོན་མཆོག་གིས་མིའི་སྡིག་ཉེས་ཐམས་ཅད་དང་སྐུར་བ་འདེབས་པའི་སྡིག་པ་སེལ་ཐུབ་ནའང༌།

29 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་སྐུར་བ་འདེབས་མཁན་དེར་དུས་ནམ་ཡང་སྡིག་སེལ་མི་ཐོབ་པར་གཏན་དུ་སྡིག་པའི་ཆད་པ་འཁུར་དགོས་སོ་”

ཞེས་གསུངས།

30 ཁོང་གིས་འདི་ལྟར་གསུངས་དོན་ནི་མི་དེ་རྣམས་ཀྱིས་ཁོང་ཉིད་གདོན་འདྲེ་མི་གཙང་བ་ཡིས་བཟུང་འདུག་ཅེས་བཤད་པའི་རྐྱེན་གྱིས་སོ།།

བདེན་པའི་སྤུན་མཆེད།

31 དེ་ནས་ཡེ་ཤུའི་མ་ཡུམ་དང་གཅུང་པོ་ཚོ་ཕེབས་ཏེ།

ཕྱི་ལོགས་ལ་བཞེངས་ནས་མི་ཞིག་ཁོང་ཉིད་འབོད་དུ་བཏང༌།

32 མི་ཚོགས་མང་པོ་ཁོང་གི་མཐའ་བསྐོར་ལ་བསྡད་ཡོད་ཅིང༌།

དེ་ཚོས་

“གཟིགས་དང༌།

ཁྱེད་ཀྱི་མ་ཡུམ་དང་སྐུ་མཆེད་ཚོས་ཕྱི་རོལ་ནས་ཁྱེད་རང་འཚོལ་བཞིན་འདུག་”

ཅེས་ཞུས་པ་ལ།

33 ཁོང་གིས་མི་དེ་ཚོར་

“ངའི་མ་དང་ངའི་སྤུན་ནི་སུ་ཡིན་ནམ་”

ཞེས་གསུངས་ནས།

34 རང་གི་མཐའ་སྐོར་ལ་བསྡད་ཡོད་པའི་མིར་རིམ་གྱིས་གཟིགས་ནས་

“ལྟོས་དང༌།

ངའི་མ་དང་ངའི་སྤུན་ནི་མི་འདི་ཚོ་ཡིན།

35 གང་ལགས་ཟེར་ན།

དཀོན་མཆོག་གི་དགོངས་པ་བཞིན་དུ་བྱེད་མཁན་ཐམས་ཅད་ནི་ངའི་སྤུན་དང་སྲིང་མོ།

མ་ཡུམ་ཡིན་ནོ་”

ཞེས་གསུངས་སོ།།

མར་ཀུ (4) – Mark (4)

1 དེ་ནས་ཡང་ཡེ་ཤུས་ག་ལིལ་མཚོའི་འགྲམ་དུ་མི་དེ་ཚོ་ལ་ཆོས་བསྟན་ཏེ།

མི་མང་པོ་གནས་དེར་འཛོམས་པས་ཁོང་གྲུ་ཞིག་གི་ན

ང་དུ་བཞུགས་པ་དང༌།

མི་ཚོགས་ཚང་མ་མཚོ་འགྲམ་ལ་བསྡད།

2 ཁོང་གིས་དཔེའི་སྒོ་ནས་ཆོས་མང་པོ་གསུངས་པ་སྟེ་

3 “ད་ཉོན་ཅིག

སྔོན་ས་བོན་འདེབས་མཁན་ཞིག་ས་བོན་འདེབས་པར་ཕྱིན།

4 ས་བོན་གཏོར་བའི་སྐབས་སུ།

ས་བོན་ཁ་ཤས་ལམ་ཁར་འཐོར་བ་བྱ་ཚོ་འོངས་ནས་བཟས་པ་དང༌།

5 ཁ་ཤས་ནི་ས་མང་པོ་མེད་པའི་བྲག་གི་སྟེང་ལ་འཐོར་ཞིང་སའི་གཏིང་རིང་པོ་མེད་པས་ཡར་སྐྱེས་པ་མགྱོགས་ཀྱང༌།

6 ཉི་མ་ཤར་ནས་ཚིག་སྟེ་རྩ་བ་གཏིང་རིང་པོ་མེད་པས་བསྐམས།

7 ས་བོན་ཁ་ཤས་ཚེར་མའི་ནང་དུ་འཐོར་ཞིང་ཚེར་མ་སྐྱེས་ཏེ་སྒྲིབ་ནས་འབྲས་བུ་མ་སྨིན།

8 ཡང་ས་བོན་ཁ་ཤས་ས་རྒྱུ་བཟང་པོའི་ནང་དུ་ཟགས་ནས་ཆེར་སྐྱེས་ཤིང་འབྲས་བུ་སྨིན་ཏེ།

འབྲས་བུ་ཁ་ཤས་ལྡབ་སུམ་ཅུ་དང་ཁ་ཤས་ལྡབ་དྲུག་ཅུ།

ཁ་ཤས་ལྡབ་བརྒྱ་བཅས་སྨིན་ནོ་”

ཞེས་དང༌།

9 མཇུག་ཏུ་ཁོང་གིས་

“རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག་”

ཅེས་གསུངས།

10 ཡེ་ཤུ་གཅིག་པུར་བཞུགས་དུས་ཁོང་གི་ཉེ་གནས་བཅུ་གཉིས་པོ་དང་རྗེས་འབྲང་བ་རྣམས་ཀྱིས་ཁོང་ལ་དཔེའི་ནང་དོན་ཅི་ཡིན་པ་དྲིས་པའི་སྐབས།

11 ཁོང་གིས་

“དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་དེ་ཁྱེད་ཚོ་ལ་བསྟན་པ་ཡིན།

འོན་ཀྱང་ཕྱི་ཕྱོགས་ཀྱི་མི་རྣམས་ལ་ཐམས་ཅད་དཔེའི་སྒོ་ནས་བསྟན།

12 མདོ་ལས།

དེ་ཚོས་སེམས་མི་འགྱུར་ཞིང༌།།

སྡིག་ཉེས་མི་སེལ་བའི་ཕྱིར།།

ལྟ་བར་བྱེད་ཀྱང་མི་མཐོང༌།།

ཐོས་པར་བྱེད་ཀྱང་མི་རྟོགས།།”

ཞེས་གསུངས།

13 ཡང་ཁོང་གིས་

“ཁྱེད་ཚོས་དཔེ་འདིའི་དོན་ཧ་མི་གོའམ།

འོ་ན་དཔེ་ཐམས་ཅད་ཀྱི་དོན་ཇི་ལྟར་ཤེས་ཐུབ།

14 དེ་ནི་ཞིང་འདེབས་མཁན་གྱིས་ས་བོན་བཏབ་པ་ནི་དཀོན་མཆོག་གི་བཀའ་དང་འདྲ་བ་ཡིན་ཏེ།

15 ལམ་ཁར་འཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་མ་ཐག་བདུད་སཱ་ཏན་ཡོང་ནས་དེའི་སེམས་ནང་གི་བཀའ་ཕྲོགས་ནས་ཁྱེར་སོང་བ་དང་འདྲ་བ་ཡིན།

16 དེ་བཞིན་དུ་བྲག་ཡོད་པའི་ས་ལ་འཐོར་བ་ནི་ཡང་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་མ་ཐག་སེམས་དགའ་བའི་ངང་ནས་བླངས་ན་ཡང༌།

17 རང་གི་སེམས་ནང་ལ་རྩ་བ་གཏིང་རིང་པོ་ཚུགས་མེད་པས།

དུས་ཐུང་ངུ་ལ་གནས་ཀྱང་བཀའ་དེའི་དོན་དུ་སྡུག་བསྔལ་དང་གནོད་འཚེ་འབྱུང་སྐབས་དད་པ་ཉམས་པར་གྱུར་བ་དང་འདྲ།

18 ཡང་ཚེར་མའི་ནང་དུ་འཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་རྗེས།

19 འཚོ་བའི་སེམས་ཁྲལ་དང་རྒྱུ་ནོར་གྱི་བསླུ་བྲིད།

འདོད་པ་སྣ་ཚོགས་ཀྱིས་བཀའ་མནན་ནས་འབྲས་བུ་སྨིན་མ་ཐུབ་པ་དང་འདྲ་བ་ཡིན།

20 ས་རྒྱུ་བཟང་པོ་ལ་འཐོར་བ་ནི་ཡང་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་ནས་དད་པའི་ངང་ཉམས་སུ་བླངས་ཏེ་འབྲས་བུ་སྨིན་ཐུབ་པ་རྣམས་ཡིན་ཏེ།

འབྲས་བུ་ཁ་ཤས་ལྡབ་སུམ་ཅུ་དང༌།

ཁ་ཤས་ལྡབ་དྲུག་ཅུ།

ཁ་ཤས་ལྡབ་བརྒྱ་བཅས་སྨིན་པ་ལྟར་ཡིན་ནོ་”

ཞེས་གསུངས།

མར་མེ་དང་ས་བོན་གྱི་དཔེ།

21 ཡང་ཡེ་ཤུས་

“མིས་མར་མེ་ཞིག་བྲེ་ཡང་ན་ཉལ་ཁྲིའི་འོག་ཏུ་འཇོག་པ་ཡིན་ནམ།

དེ་ནི་སྟེགས་བུའི་སྟེང་དུ་འཇོག་པའི་ཕྱིར་མ་ཡིན་ནམ།

22 གང་ལགས་ཟེར་ན།

སྦས་པའི་དོན་རྣམས་མི་མངོན་པ་ཅི་ཡང་མེད་ལ།

གསང་བའི་དོན་ཐམས་ཅད་ཀྱང་མི་མངོན་པ་ཅི་ཡང་མེད་དོ།

23 རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག་”

ཅེས་གསུངས།

24 ཡང་ཁོང་གིས་

“ཁྱེད་ཚོས་གང་ཐོས་པ་དེ་ལ་གཟབ་ནན་གྱིས་ཤིག

ཁྱེད་ཚོས་སྣོད་ཚད་ཅི་ལྟ་བུ་ལས་མི་གཞན་ལ་བཅལ་ན།

ཁྱེད་ཚོར་ཡང་དེ་འདྲ་ཞིག་སྟེར་བར་མ་ཟད་དེ་ལས་ལྷག་པ་ཞིག་ཀྱང་སྟེར་བར་འགྱུར།

25 མི་སུ་ཞིག་ལ་ཡོད་པ་དེ་ལ་དེ་བས་མང་བ་སྟེར་བར་འགྱུར།

མེད་པ་དེ་ལ་གང་ཡོད་པ་དེ་ཡང་ལེན་པར་འགྱུར་རོ་”

ཞེས་གསུངས།

26 ཡང་ཁོང་གིས་

“དཀོན་མཆོག་གི་རྒྱལ་སྲིད་འདི་ནི།

མི་ཞིག་གིས་ཞིང་ལ་ས་བོན་གཏོར་བ་དང་འདྲ་སྟེ།

27 མི་འདི་མཚན་མོར་གཉིད་ཉལ་ཞིང་ཉིན་མོར་ཡར་ལངས།

ཁོས་གང་ཡིན་མི་ཤེས་པར་ས་བོན་རིམ་བཞིན་སྐྱེས་ནས་མྱུ་གུ་འབུས།

28 ས་གཞི་ཡིས་རང་བཞིན་གྱིས་འབྲས་བུ་སྐྱེད་དེ།

ཐོག་མར་མྱུ་གུ་འབུས་པ་དང་དེ་ནས་སྙེ་མ་ཐོགས་པ།

མཇུག་མཐར་སྙེ་མ་ལས་འབྲུ་རྡོག་སྨིན།

29 འབྲུ་རིགས་སྨིན་ནས་ཞིང་བརྔ་རན་པས་ས་བོན་འདེབས་མཁན་གྱིས་ཟོར་བས་འབྲེག་པའོ་”

ཞེས་གསུངས།

30 ཡང་ཁོང་གིས་

“དཀོན་མཆོག་གི་རྒྱལ་སྲིད་ལ་གང་ཞིག་གིས་བསྡུར་ཐུབ་བམ།

དཔེ་གང་ཞིག་གིས་མཚོན་ཐུབ་བམ་ཞེ་ན།

31 དེ་ནི་ཡུངས་འབྲུ་རྡོག་པོ་གཅིག་དང་འདྲ་སྟེ།

ས་ལ་འདེབས་པའི་ས་བོན་གཞན་ཐམས་ཅད་ལས་ཆུང་ཡང༌།

32 བཏབ་པའི་རྗེས་སུ་ཆེར་སྐྱེས་ནས་སྔོ་ཚོད་གཞན་རྣམས་ལས་ཆེ་བར་འགྱུར་ཞིང་དེར་ཡལ་ག་ཆེན་པོ་ཆགས་ཏེ་བྱའང་དེའི་གྲིབ་མའི་འོག་ཏུ་གནས་ཐུབ་”

ཅེས་གསུངས།

33 ཡེ་ཤུས་འདི་ལྟ་བུའི་དཔེ་མང་པོ་བཀོད་དེ།

མི་རྣམས་ཀྱིས་དོན་དེ་ཇི་ཙམ་ཧ་གོ་ཐུབ་པ་དེ་བཞིན་དུ་དཀོན་མཆོག་གི་བཀའ་གསུངས།

34 ཁོང་གིས་དཔེ་མ་བཀོད་པར་དེ་རྣམས་ལ་ཅི་ཡང་མ་གསུངས་ཤིང༌།

མི་གཞན་མེད་པའི་དུས་སུ་དཔེ་ཐམས་ཅད་ཀྱི་གོ་དོན་ཉེ་གནས་ཚོར་གསལ་བཤད་གནང་ངོ༌།།

སྟོན་པ་ཡེ་ཤུས་རླུང་འཚུབ་ཞི་བར་མཛད་པ།

35 དེ་ནས་ཉིན་དེའི་དགོང་མོར་ཡེ་ཤུས་ཉེ་གནས་ཚོར་

“ང་ཚོ་མཚོའི་ཕ་རོལ་ལ་འགྲོའོ་”

ཞེས་གསུངས།

36 ཉེ་གནས་ཚོ་མི་ཚོགས་དང་ཁ་བྲལ་ཏེ་ཡེ་ཤུ་བཞུགས་སའི་གྲུའི་ནང་འཛུལ་ནས་ཁོ་ཚོ་ཁོང་དང་མཉམ་དུ་ཕྱིན་པ་རེད།

ཁོང་ཚོ་དང་མཉམ་དུ་གྲུ་གཞན་ཡང་ཡོད།

37 དེའི་སྐབས་རླུང་འཚུབ་ཆེན་པོ་ལངས་ཏེ་རྦ་རླབས་གྲུའི་ནང་འཛུལ་ནས་གྲུ་ཆུས་ཁེངས་གྲབས་བྱས།

38 དེ་དུས་ཡེ་ཤུ་གྲུའི་མཇུག་ཏུ་སྔས་འབོལ་གྱི་སྟེང་ལ་གཟིམས་ཡོད་པས་ཉེ་གནས་ཚོས་ཁོང་མནལ་སད་དེ་

“སྟོན་པ་ལགས།

ང་ཚོ་འཆི་བ་ལ་ཐུག་པར་ཁྱེད་ཀྱིས་ཐུགས་སྣང་མི་མཛད་དམ་”

ཞེས་ཞུས།

39 ཁོང་མནལ་སད་དེ་ཡར་བཞེངས་ནས།

རླུང་ལ་བཀའ་བཀྱོན་མཛད་ཅིང་རྦ་རླབས་ལ་

“ཞི་བར་གྱུར་ལ་ཁ་རོག་སྡོད་ཅིག་”

ཅེས་བཀའ་གནང་བས།

རླུང་འཇགས་ནས་མཚོ་ཡོངས་སུ་ཞི་བར་གྱུར།

40 དེ་ནས་ཁོང་གིས་ཉེ་གནས་ཚོར་

“ཁྱོད་ཚོ་ཞེད་དགོས་དོན་གང་ཡིན།

ཁྱོད་རང་ཚོ་ད་དུང་ཡིད་ཆེས་མེད་དམ་”

ཞེས་གསུངས།

41 ཁོ་ཚོ་ཤིན་ཏུ་འཇིགས་ནས་གཅིག་གིས་གཅིག་ལ་

“འདི་སུ་ཡིན་ནམ།

རླུང་དང་རྦ་རླབས་ཀྱིས་ཀྱང་ཁོང་གི་བཀའ་ལ་ཉན་པར་བྱེད་”

ཅེས་ཟེར་རོ།།

མར་ཀུ (5) – Mark (5)

1 དེ་ནས་ཁོང་རྣམས་ག་ལིལ་མཚོའི་ཕ་རོལ་གྱི་གེ་ར་སཱ་བྱ་བའི་ཡུལ་དུ་ཕེབས་ནས།

2 ཡེ་ཤུ་གྲུ་ལས་བབས་མ་ཐག་དུར་ཁང་གི་ཁྲོད་ནས་གདོན་འདྲེ་མི་གཙང་བ་ཡིས་བཟུང་བའི་མི་ཞིག་ཁོང་དང་མཇལ་བ་དང༌།

3 མི་དེ་རྒྱུན་དུ་དུར་ཁང་གི་ཁྲོད་དུ་སྡོད་ཅིང་མི་སུས་ཀྱང་ཁོ་བཟུང་ནས་ལྕགས་ཐག་གིས་ཀྱང་འཆིང་བར་མ་ཐུབ།

4 མི་རྣམས་ཀྱིས་ཐེངས་མང་པོར་ལྕགས་ཐག་དང་རྐང་སྒྲོག་གིས་ཁོ་རང་བཅིངས་མྱོང་ནའང༌།

ཁོས་ལྕགས་ཐག་དང་རྐང་སྒྲོག་དེ་ཚོ་དུམ་བུར་བཅད་པས་མི་སུས་ཀྱང་ཁོ་འདུལ་བར་མ་ཐུབ།

5 ཁོས་ཉིན་མཚན་མེད་པར་དུར་ཁང་རྣམས་དང་རིའི་ཁྲོད་ལ་སྐད་ངན་བརྒྱབ་ཅིང་རྡོ་ཡིས་རང་ལུས་རྨས་པར་བྱེད།

6 ཁོས་རྒྱང་རིང་ནས་ཡེ་ཤུ་མཐོང་སྟེ་རྒྱུགས་འོངས་ནས་ཁོང་ལ་ཕྱག་འཚལ་བ་དང༌།

7-8 ཡེ་ཤུས་ཁོ་ལ་

“གདོན་འདྲེ་མི་གཙང་བ་ཁྱོད་མི་འདི་ལས་ཕྱིར་བུད་ཅིག་”

ཅེས་བཀའ་གནང་བས།

ཁོས་སྐད་ཆེན་པོས་

“ཀྱེ།

བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ་ལགས།

ང་ཁྱེད་དང་འབྲེལ་བ་ཅི་ཡོད།

ངས་དཀོན་མཆོག་གི་མདུན་དུ་ཁྱེད་ལ་ཞུ།

ང་ལ་མནར་གཅོད་གཏོང་བ་མ་གནང་”

ཞེས་ཞུས།

9 ཁོང་གིས་མི་དེར་

“ཁྱོད་ཀྱི་མིང་ལ་ཅི་ཟེར་”

ཞེས་དྲིས་ཤིང༌།

མི་དེས་

“ང་ཚོ་གྲངས་ཀ་མང་བའི་རྐྱེན་གྱིས་མིང་ལ་དཔུང་ཚོགས་ཟེར་”

ཞེས་ཞུས་ཤིང༌།

10 “ང་ཚོ་གནས་འདི་ནས་ཡུལ་གཞན་ལ་མ་སྐྲོད་རོགས་”

ཞེས་ཁོང་ལ་ཞུ་བ་ཡང་ཡང་ཕུལ།

11 དེའི་ཚེ་རིའི་ལོགས་སུ་ཕག་ཁྱུ་ཆེན་པོ་ཞིག་འཚོ་བཞིན་ཡོད་པ་དང༌།

12 གདོན་འདྲེ་མི་གཙང་བ་དེ་ཚོས་ཡེ་ཤུ་ལ་

“ང་ཚོ་ཕག་པ་ལ་འཛུལ་བའི་ཕྱིར་ཕག་ཁྱུའི་ཁྲོད་ལ་གཏོང་བར་མཛོད་”

ཅེས་ཞུ་བ་ཕུལ་བ་ལ།

13 ཁོང་གིས་དེ་ཚོ་ལ་དགོངས་པ་གནང་སྟེ།

གདོན་འདྲེ་མི་གཙང་བ་དེ་ཚོ་མི་དེ་ནས་ཕྱིར་ཐོན་ཏེ་ཕག་པའི་ནང་དུ་ཞུགས་ཤིང༌།

ཕག་པ་ཉིས་སྟོང་ཙམ་ཡོད་པ་ཚོ་གཡང་གཟར་དུ་མཆོངས་ཤིང་མཚོའི་ནང་དུ་ནུབ་ནས་ཤིའོ།

14 དེ་ནས་ཕག་རྫི་བྲོས་ཏེ་གྲོང་ཁྱེར་དང་སྡེ་པའི་མི་རྣམས་ལ་གནས་ཚུལ་དེ་བཤད་པས།

མི་རྣམས་ཅི་བྱུང་བར་ལྟ་རུ་ཡོང༌།

15 ཁོ་ཚོ་ཡེ་ཤུའི་དྲུང་དུ་སླེབས་དུས།

དེ་སྔོན་དཔུང་ཚོགས་ཞེས་པའི་གདོན་འདྲེས་བཟུང་བའི་མི་དེ་དྲན་པ་གསོས་ཤིང་གོས་གྱོན་ནས་བསྡད་ཡོད་པ་མཐོང་སྟེ་འཇིགས་སྣང་སྐྱེས།

16 ཡང་གནས་ཚུལ་འདི་མཐོང་བའི་མི་རྣམས་ཀྱིས་གདོན་འདྲེས་བཟུང་བའི་མི་དང་ཕག་ཁྱུ་ལ་བྱུང་བའི་ལོ་རྒྱུས་དེ་མི་ཚོགས་གཞན་ལ་བཤད་པ་དང༌།

17 མི་དེ་ཚོས་ཡེ་ཤུར་ས་ཆ་གཞན་ལ་ཕེབས་པར་ཞུ་ཞེས་ཞུ་བ་ཡང་ཡང་ཕུལ།

18 དེ་ནས་ཡེ་ཤུ་གྲུའི་ནང་དུ་བཞུགས་པའི་དུས་སུ།

དེ་སྔོན་གདོན་འདྲེས་བཟུང་བའི་མི་དེས་ཁོང་ལ་

“ང་ཡང་ཁྱེད་དང་མཉམ་དུ་ཡོང་གི་ཡིན་”

ཞེས་ཞུ་བ་ཞུས་ཀྱང༌།

19 ཁོང་གིས་ཁས་མ་བླངས་པར་མི་དེ་ལ་

“ཁྱེད་རང་གི་ནང་ལ་སོང་དང༌།

ཁྱེད་ཀྱི་དོན་དུ་དཀོན་མཆོག་གིས་ཅི་ལྟར་ལས་ཆེན་པོ་ཞིག་བསྒྲུབས་པ་དང་ཇི་ལྟར་སྙིང་རྗེ་གནང་བ་དེ་ཚོ་གཉེན་ཉེ་རྣམས་ལ་ཤོད་ཅིག་”

ཅེས་བཀའ་གནང༌།

20 དེ་ནས་མི་དེ་དེ་ཁ་པོ་ལེ་ཞེས་བྱ་བའི་ཡུལ་ལ་སོང་ནས་ཡེ་ཤུས་ཁོ་རང་གི་དོན་དུ་ཅི་མཛད་པ་རྣམས་མི་ཀུན་ལ་བསྒྲགས་ཤིང༌།

མི་ཐམས་ཅད་ངོ་མཚར་བར་གྱུར།

དྲག་པོའི་ནད་སེལ་བ་དང་བུ་མོ་འཆི་བ་ནས་སླར་གསོན་པར་མཛད་པ།

21 དེ་ནས་ཡེ་ཤུ་གྲུའི་ནང་ལ་བཞུགས་ཏེ་ཡང་བསྐྱར་མཚོའི་ཕར་ཕྱོགས་སུ་ཕེབས་པ་དང་མི་ཚོགས་མང་པོ་ཁོང་གི་དྲུང་དུ་འདུས།

ཁོང་མཚོའི་འགྲམ་དུ་བཞུགས་པ་རེད།

22 སྐབས་དེར་ས་ཆ་དེ་ལ་ཡ་ཧུ་དཱ་པའི་འདུ་ཁང་ཞིག་ཡོད་པ་དེའི་དཔོན་པོའི་མིང་ལ་ཡ་ཨིར་ཟེར་བ་ཞིག་འོངས་ནས།

ཡེ་ཤུ་མཇལ་བ་དང་ཁོང་གི་ཞབས་ལ་གཏུག་སྟེ།

ཞུ་བ་ཆེན་པོ་ཕུལ་ནས་

23 “ངའི་བུ་མོ་ཆུང་ཆུང་དེ་ཤི་གྲབས་འདུག

ཁྱེད་རང་ངའི་ནང་ལ་ཕེབས་ནས་ཁོ་མོ་ནད་ལས་ཐར་ཏེ་གསོན་པའི་ཕྱིར།

ཁྱེད་ཀྱིས་ཁོ་མོའི་ལུས་སྟེང་ལ་ཕྱག་འཇོག་པར་མཛོད་དང་”

ཅེས་ཞུས་པས།

24 ཡེ་ཤུ་ཁོང་དང་མཉམ་དུ་ཕེབས་པ་དང༌།

མི་མང་པོ་ཁོང་གི་རྗེས་སུ་འབྲངས་ནས་འཚང་ཁ་བརྒྱབ།

25 དེའི་ཚེ་བུད་མེད་གཅིག་ལོ་བཅུ་གཉིས་ཀྱི་བར་དུ་ལུས་ནས་ཁྲག་འཛིར་བའི་ནད་ཕོག་པ་ཞིག་ཡོད་དེ།

26 སྨན་པ་མང་པོས་སྨན་བཅོས་བྱས་ནས་སྡུག་བསྔལ་མང་པོ་མྱོང་ཡོད།

ཁོ་མོ་ལ་ཡོད་པའི་རྒྱུ་ནོར་ཐམས་ཅད་ཟད་ཀྱང་ཕན་འབྲས་ཅི་ཡང་མེད་པ་མ་ཟད་ནད་དེ་སྡུག་རུ་སོང་བས།

27-28 ཁོ་མོས་ཡེ་ཤུའི་སྐོར་ཐོས་ཏེ།

གལ་སྲིད་ངས་ཁོང་གི་ན་བཟའ་གཅིག་པུ་ལ་རེག་ན་ང་ནད་ལས་ཐར་འོང་བསམས་ནས་མི་ཚོགས་ཀྱི་དཀྱིལ་ནས་ཁོང་གི་རྒྱབ་ཏུ་ཡོང་ཞིང་ཁོང་གི་ན་བཟའ་ལ་རེག་པས།

29 དེ་མ་ཐག་ཏུ་ཁོ་མོའི་ཁྲག་འཛིར་བ་ཆད་དེ་རང་གི་ལུས་ནད་དེ་ལས་ཐར་བར་གྱུར་བ་ཤེས་སོ།

30 ཡེ་ཤུས་དེ་མ་ཐག་རང་གི་སྐུ་གཟུགས་ནས་ནུས་མཐུ་ཞིག་ཕྱིར་ཐོན་པ་ཐུགས་ལ་མཁྱེན་ཏེ།

མི་ཚོགས་ཀྱི་དཀྱིལ་ནས་སྐུ་ཕྱིར་འཁོར་ཏེ་

“སུས་ངའི་གོས་ལ་རེག་པ་ཡིན་ནམ་”

ཞེས་གསུངས་ཤིང༌།

31 ཁོང་གི་ཉེ་གནས་ཚོས་ཁོང་ལ་

“མི་ཚོགས་ཀྱིས་ཁྱེད་བཙིར་ཞིང་མཐའ་བསྐོར་བ་གཟིགས་བཞིན་དུ།

ད་དུང་ང་ལ་སུས་རེག་པ་ཡིན་ཞེས་གསུངས་སམ་”

ཞེས་བཤད།

32 འོན་ཀྱང་ཁོང་གིས་སུས་དེ་ལྟར་བྱས་པ་གཟིགས་པའི་ཕྱིར་ཕྱོགས་ཀུན་ཏུ་གཟིགས།

33 དེ་ནས་བུད་མེད་དེས་རང་གི་ལུས་ལ་ཅི་ལྟར་བྱུང་བ་ཤེས་པས།

འཇིགས་ནས་འདར་ཞིང་ཁོང་གི་སྐུ་དྲུང་དུ་པུས་མོ་སར་བཙུགས་ནས་གནས་ཚུལ་ཐམས་ཅད་དྲང་པོར་ཁོང་ལ་ཞུས།

34 ཡེ་ཤུས་ཁོ་མོ་ལ་

“བུ་མོ།

ཁྱོད་ཀྱི་དད་པས་ཁྱོད་རང་ནད་ལས་ཐར་བ་ཡིན་པས།

བདེ་བའི་ངང་ནས་སོང་དང་ཁྱོད་རང་ནད་འདི་དང་བྲལ་ཏེ་གནས་པར་གྱུར་ཅིག་”

ཅེས་གསུངས།

35 ཁོང་གིས་དེ་ལྟར་གསུང་བཞིན་པའི་སྐབས་སུ།

ཡ་ཧུ་དཱ་པའི་འདུ་ཁང་གི་དཔོན་པོའི་ཁྱིམ་ནས་མི་འགའ་ཤས་ཡོང་སྟེ།

དེར་

“ཁྱེད་རང་གི་བུ་མོ་ཤི་ཚར་སོང་བས་སྟོན་པ་ལ་འོ་བརྒྱལ་ཞུས་བྱས་ག་རེ་བྱེད་”

ཅེས་ཟེར།

36 ཡེ་ཤུས་ཁོ་ཚོའི་སྐད་ཆར་ཁ་ཡ་མ་གནང་བར་དཔོན་པོ་ལ་

“ཞེད་སྣང་མ་བྱེད།

དད་པ་རང་གྱིས་ཤིག་”

ཅེས་གསུངས།

37 དེ་ནས་ཁོང་གིས་པེ་ཏྲོ་དང་ཡ་ཀོབ།

ཡ་ཀོབ་ཀྱི་སྤུན་ཡོ་ཧ་ནན་མ་གཏོགས་གཞན་སུ་ཡང་ཁོང་དང་མཉམ་དུ་ཡོང་མ་བཅུག

38 ཁོང་ཚོ་དཔོན་པོའི་ནང་ལ་ཕེབས་སྐབས།

མི་མང་པོ་ཅ་ཅོ་དང་ངུ་ཞིང་སྨྲེ་སྔགས་འདོན་པ་གཟིགས་ནས།

39 ཡེ་ཤུ་ནང་དུ་འཛུལ་ཏེ་ཁོ་ཚོར་གསུངས་པར་

“ཁྱོད་ཚོ་ཅ་ཅོ་དང་ངུ་བའི་དོན་གང་ཡིན།

བུ་མོ་འདི་ཤི་མེད་པར་གཉིད་ཁུག་འདུག་”

ཅེས་གསུངས་པས།

40 མི་དེ་ཚོས་ཁོང་ལ་ཁྲེལ་དགོད་བྱས།

ཡེ་ཤུས་ཁོ་ཚོ་ཕྱིར་བཏོན་ནས་བུ་མོའི་ཕ་མ་གཉིས་དང་ཉེ་གནས་རྣམས་མཉམ་དུ་བུ་མོའི་སར་ཕེབས་ནས།

41 བུ་མོའི་ལག་པ་ནས་འཇུས་ཏེ་

“ཏ་ལི་ཐཱ་ཀུ་མི་”

ཞེས་པའི་དོན་ནི་བུ་མོ་ཆུང་ཆུང་ལོངས་ཤིག་ཅེས་བཀའ་གནང་བས།

42 བུ་མོ་དེ་ལམ་སེང་ཡར་ལངས་ནས་གོམ་པ་བརྒྱབ།

(བུ་མོ་དེ་ལོ་བཅུ་གཉིས་ཡིན་)

འདིས་མི་ཚང་མ་ཡ་མཚན་ཆེན་པོ་སྐྱེས་པ་རེད།

43 ཡེ་ཤུས་མི་རྣམས་ལ་བཀའ་ནན་པོས་འདི་མི་གཞན་སུ་ལ་ཡང་མ་ཤོད་ཅེས་བསྐུལ་བ་དང་བུ་མོ་ལ་ཟས་སྟེར་དགོས་ཞེས་བཀའ་གནང་ངོ༌།།

མར་ཀུ (6) – Mark (6)

1 ཡེ་ཤུ་ས་ཆ་དེ་ནས་ཐོན་ཏེ་ཕ་ཡུལ་དུ་ཕེབས་པ་དང་ཉེ་གནས་རྣམས་ཀྱང་ཁོང་གི་རྗེས་སུ་འབྲངས།

2 ངལ་གསོ་བའི་ཉིན་ལ་ཡེ་ཤུས་ཡ་ཧུ་དཱ་པའི་འདུ་ཁང་ནང་ལ་ཆོས་གསུངས་ཤིང༌།

ཉན་མཁན་རྣམས་ཀྱིས་གཏམ་དེ་ཐོས་ནས་ཧ་ལས་ཏེ་

“མི་འདི་ལ་འདི་ལྟ་བུའི་དོན་རྣམས་གང་ནས་བྱུང་བ་ཡིན།

ཁོ་ལ་གནང་བའི་ཤེས་རབ་དང་ཁོས་ཅི་བྱེད་པ་དེ་ནི་ངོ་མཚར་ཅན་འདི་འདྲ་གང་ཞིག་ཡིན་ནམ།

3 མི་འདི་ནི་ཤིང་བཟོ་བ་དེ་མ་རེད་དམ།

ཁོ་རང་ནི་མིར་ཡམ་གྱི་བུ་ཡིན་ཏེ།

ཡ་ཀོབ་དང༌།

ཡོ་སེ།

ཡུ་དཱ།

སི་མོན་བཅས་ཀྱི་གཅེན་པོ་མ་ཡིན་ནམ།

ཁོའི་སྲིང་མོ་རྣམས་ཀྱང་ཡུལ་འདིར་ང་ཚོ་དང་མཉམ་དུ་བསྡད་ཡོད་པ་མ་ཡིན་ནམ་”

ཞེས་ཟེར་ཞིང་མི་དེ་རྣམས་ཕོག་ཐུག་བྱུང༌།

4 ཡེ་ཤུས་མི་དེ་རྣམས་ལ་

“ལུང་སྟོན་པ་ལ་རང་ཡུལ་གྱི་མི་དང་གཉེན་ཉེ།

རང་ཁྱིམ་ལ་མ་གཏོགས་མི་གཞན་གྱིས་གུས་པར་བྱེད་དོ་”

ཞེས་གསུངས།

5 ཁོང་གིས་ས་ཆ་དེར་ནད་པ་ཁ་ཤས་ལ་ཕྱག་བཞག་ནས་ནད་སེལ་བར་མཛད་པ་མ་གཏོགས།

ངོ་མཚར་གྱི་མཛད་པ་གཞན་མཛད་མ་ཐུབ།

6 མི་དེ་རྣམས་ལ་དད་པ་མེད་པས་ཁོང་ཡང་ཡ་མཚན་སྐྱེས་ཤིང་མཐའ་འཁོར་གྱི་ཡུལ་སྡེ་ལ་ཆོས་གསུང་བར་ཕེབས་སོ།།

ཉེ་གནས་བཅུ་གཉིས་མངགས་པ།

7 ཡེ་ཤུས་ཉེ་གནས་བཅུ་གཉིས་པོ་རང་གི་དྲུང་དུ་བོས་ཏེ།

ཁོ་ཚོར་གདོན་འདྲེ་མི་གཙང་བ་འདུལ་བའི་དབང་གནང་བ་དང་མི་གཉིས་གཉིས་ཕྱི་རུ་མངགས་ནས་

8 “ཁྱེད་ཚོ་ལམ་ལ་དབྱུག་པ་གཅིག་པུ་མ་གཏོགས་པར་གཞན་ཅི་ཡང་མ་ཁྱེར།

ལམ་རྒྱགས་དང༌།

ཁུག་མ།

ད་དུང་སྐེ་རགས་ནང་ལའང་དངུལ་ཅི་ཡང་མ་ཁྱེར་ཞིག

9 རྐང་པ་ལ་ལྷམ་གྱོན།

གོས་གཉིས་བརྩེགས་མ་གྱོན་”

ཅེས་བཀའ་གནང་བ་དང༌།

10 ཡང་ཁོང་གིས་ཁོ་ཚོར་

“ཁྱེད་ཚོ་གྲོང་ཚོ་གང་དུ་སླེབས་ནའང་མི་ཁྱིམ་ཞིག་ལ་བསྡད་ནས་ས་ཆ་དེ་ནས་ཁ་མ་བྲལ་བར་དུ་དེ་རུ་སྡོད་དང༌།

11 ཡུལ་གང་གི་མིས་ཁྱེད་ཚོར་གནས་ཚང་མི་གཏོང་ཞིང་ཁྱོད་ཚོས་ཆོས་བསྒྲགས་པ་ལའང་མི་མཉན་ན།

ཁྱེད་ཚོ་ས་ཆ་དེ་ནས་ཐོན་པའི་སྐབས་སུ།

ཁོ་རྣམས་ལ་དོན་དེར་འགན་ཁུར་དགོས་པར་བདེན་དཔང་བྱེད་པའི་ཆེད་དུ་རྐང་པའི་ཐོག་གི་ས་རྡུལ་སྤྲུགས་ཤིག་”

ཅེས་གསུངས།

12 ཉེ་གནས་ཚོས་ཕྱི་རོལ་དུ་སོང་ནས་མི་ཚོར་སྤྱོད་པ་ངན་པ་སྤངས་ཏེ་སེམས་བསྒྱུར་བའི་ཆོས་བསྒྲགས་ཤིང༌།

13 གདོན་འདྲེ་མང་པོའང་ཕྱིར་བསྐྲད་པ་དང་ནད་པ་མང་པོར་སྣུམ་བྱུགས་ཏེ་ནད་ལས་ཐར་དུ་བཅུག

ཁྲུས་གསོལ་མཁན་ཡོ་ཧ་ནན་བཀྲོངས་པའི་སྐོར།

14 དེའི་ཚེ་ཡེ་ཤུའི་མཚན་སྙན་ཡུལ་ཐམས་ཅད་ལ་ཁྱབ་པས།

རྒྱལ་པོ་ཧེ་རོ་དཱེས་ཀྱང་གཏམ་དེ་ཐོས།

མི་གཞན་གྱིས་

“ཁོང་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་གཤིན་པོ་ནས་གསོན་པོར་ལངས་སུ་གྱུར་བས།

ཁོང་ལ་ནུས་མཐུ་འདི་ལྟར་ལྡན་”

ཞེས་བཤད།

15 འོན་ཀྱང་མི་ལ་ལས་

“དེ་ནི་ལུང་སྟོན་པ་ཨེ་ལི་ཡཱ་རེད་”

ཞེས་ཟེར་བ་དང༌།

ཡང་མི་ཁ་ཤས་ཀྱིས་

“ཁོང་གནའ་རབས་ཀྱི་ལུང་སྟོན་པ་རྣམས་ཀྱི་ནང་ནས་གཅིག་དང་འདྲ་བའི་ལུང་སྟོན་པ་ཡིན་”

ཞེས་ཟེར།

16 འོན་ཀྱང་ཧེ་རོ་དཱེས་གཏམ་དེ་ཐོས་ནས་ཁོས་

“དེ་ནི་ངས་བཀའ་བསྒོས་ཏེ་མགོ་བོ་བཅད་ནས་བསད་ཟིན་པའི་ཡོ་ཧ་ནན་སླར་གསོན་པ་རེད་”

ཅེས་སྨྲས།

17-18 དེ་སྔོན་ཧེ་རོ་དཱེ་ཡིས་རང་གི་གཅུང་པོ་ཕི་ལིབ་ཀྱི་བཟའ་ཟླ་ཧེ་རོད་ཡཱ་ཟེར་བ་དེ་རང་གི་བཟའ་ཟླར་བླངས་པའི་རྐྱེན་གྱིས།

ཡོ་ཧ་ནན་གྱིས་ཧེ་རོ་དཱེ་ལ་

“དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་ཁྱེད་ཀྱིས་རང་གི་གཅུང་པོའི་བཟའ་ཟླ་ལེན་མི་ཆོག་”

ཅེས་གསུངས་པ་དང༌།

ཧེ་རོ་དཱེ་ཡིས་ཧེ་རོད་ཡཱའི་དོན་ལ་མི་བཏང་ནས་ཡོ་ཧ་ནན་བཟུང་སྟེ་བཙོན་ཁང་ལ་བཅུག

19 ཧེ་རོད་ཡཱ་ཡིས་འཁོན་འཛིན་བཅངས་ཏེ་ཡོ་ཧ་ནན་གསོད་པར་འདོད་ཀྱང་མ་ཐུབ།

20 གང་ལགས་ཟེར་ན།

ཧེ་རོ་དཱེས་ཡོ་ཧ་ནན་ནི་སྐྱེས་བུ་དྲང་ལྡན་དང་དམ་པ་ཞིག་ཡིན་པར་ཤེས་པས་ཁོང་ལ་བརྩི་བཀུར་བྱས་པ་དང་ཁོང་གནོད་པ་ལས་བསྲུངས།

ཁོས་ཡོ་ཧ་ནན་གྱི་བསླབ་བྱ་ཉན་དུས་དོན་གསལ་པོར་མི་ཤེས་ཀྱང་ཉན་པར་དགའ།

21 མཐའ་མར་ཧེ་རོད་ཡཱ་ལ་གོ་སྐབས་རྙེད་དེ།

ཧེ་རོ་དཱེའི་སྐྱེས་སྐར་གྱི་ཉིན་མོར་རང་གི་བློན་པོ་དང་དམག་དཔོན།

ག་ལིལ་ཡུལ་གྱི་མི་ཆེན་ཚོར་གསོལ་སྟོན་བཤམས་པ་དང༌།

22 ཧེ་རོད་ཡཱའི་བུ་མོའང་ནང་དུ་འོངས་ཏེ་ཞབས་བྲོ་འཁྲབ་ནས་ཧེ་རོ་དཱེ་དང་མགྲོན་པོ་རྣམས་དགའ་བར་བྱས་པས།

རྒྱལ་པོས་བུ་མོ་དེ་ལ་

“ཁྱོད་ལ་ཅི་འདོད་ཀྱང་ངར་ཤོད་ཅིག

ངས་ཁྱོད་ལ་སྟེར་རྒྱུ་ཡིན་”

ཞེས་སྨྲས་པ་དང༌།

23 ཡང་ཁོ་མོར་མནའ་བསྐྱལ་ཏེ་

“ཁྱོད་ཀྱིས་ང་རང་ལ་ཇི་དང་ཇི་སློང་བ་རྒྱལ་ཁམས་ཀྱི་ཕྱེད་ཀ་ཡིན་ཡང་ཁྱོད་ལ་སྟེར་ངེས་ཡིན་”

ཞེས་སྨྲས།

24 དེ་ནས་བུ་མོ་དེ་ཕྱི་ལ་སོང་ནས་རང་གི་ཨ་མ་ལ་

“ངས་ཅི་ཞིག་སློང་དགོས་སམ་”

ཞེས་དྲིས་པ་ལ།

ཁོ་མོའི་ཨ་མས་

“ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་སློངས་ཤིག་”

ཅེས་བཤད།

25 དེ་མ་ཐག་བུ་མོ་དེ་ལམ་སེང་རྒྱལ་པོའི་དྲུང་དུ་ཡོང་ནས་

“ངའི་རེ་བ་ལ་ད་ལྟ་མྱུར་དུ་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་མགོ་སྡེར་མའི་ནང་དུ་བཞག་ནས་ང་ལ་གནང་བར་མཛོད་”

ཅེས་ཞུས།

26 དེའི་ཚེ་རྒྱལ་པོ་ཧེ་རོ་དཱེའི་སེམས་ཤིན་ཏུ་སྐྱོ་ནའང་མགྲོན་པོ་རྣམས་ཀྱི་མདུན་ལ་མནའ་བསྐྱལ་ཡོད་པས་མི་སྟེར་ཞེས་ཟེར་མ་ཕོད།

27 དེ་མ་ཐག་ཏུ་རྒྱལ་པོས་སྲུང་དམག་ཞིག་བཏང་ནས་

“ཡོ་ཧ་ནན་གྱི་མགོ་ཁྱེར་ཤོག་”

ཅེས་བཀའ་བསྒོས་ཤིང༌།

སྲུང་དམག་བཙོན་ཁང་དུ་ཕྱིན་ནས་ཡོ་ཧ་ནན་གྱི་མགོ་བཅད་དེ།

28 མགོ་སྡེར་མའི་ནང་དུ་བཞག་ནས་ཁྱེར་ཡོང་སྟེ་ཁོ་མོ་ལ་སྤྲད་པ་དང༌།

བུ་མོ་དེས་ཀྱང་རང་གི་ཨ་མར་སྤྲད།

29 ཡོ་ཧ་ནན་གྱི་སློབ་མ་རྣམས་ཀྱིས་གཏམ་དེ་ཐོས་པས་ཚུར་ཡོང་སྟེ་ཁོང་གི་སྐུ་ཕུང་ཁུར་ནས་དུར་ཁང་དུ་བཞག

མི་ལྔ་སྟོང་ཙམ་གྱི་བཀྲེས་ལྟོགས་སེལ་བ།

30 དེ་ནས་སྐུ་ཚབ་ཚོ་ཡེ་ཤུའི་དྲུང་དུ་འཛོམས་ཏེ།

ཇི་བྱས་པ་དང་ཆོས་ཇི་བསྟན་པའི་ལོ་རྒྱུས་ཐམས་ཅད་ཁོང་ལ་ཞུས་པ་ལ།

31 དེ་རུ་ཕར་འགྲོ་ཚུར་འོང་གི་མི་མང་པོ་ཡོད་དེ།

ཁོང་རྣམས་ལ་ཞལ་ཟས་བཞེས་ལོང་ཡང་མ་བྱུང༌།

ཡེ་ཤུས་ཁོ་ཚོར་

“ད་ཁྱེད་ཚོ་ཚུར་ཤོག་ལ་ངེད་དང་ལྷན་དུ་དབེན་གནས་ཤིག་ཏུ་སོང་ནས་ངལ་ཅུང་ཙམ་གསོ་བར་བྱའོ་”

ཞེས་གསུངས་ནས།

32 ཁོང་རྣམས་མི་གཞན་མེད་པར་གྲུ་ལ་བཞུགས་ནས་དབེན་གནས་ཀྱི་ཕྱོགས་སུ་ཕེབས།

33 མི་མང་པོས་ཁོང་རྣམས་ཕེབས་བཞིན་པ་མཐོང་སྟེ།

ཁོང་རྣམས་སུ་ཡིན་ཤེས་པས་གྲོང་སྡེ་ཐམས་ཅད་ནས་རྒྱུགས་ཡོང་སྟེ་ཁོང་ཚོའི་སྔོན་ལ་སླེབས།

34 ཡེ་ཤུ་གྲུ་ལས་བབས་དུས་མི་ཚོགས་མང་པོ་ནི་རྫི་བོ་མེད་པའི་ལུག་དང་འདྲ་བར་འདུག་པ་གཟིགས་པས།

ཐུགས་བརྩེ་བའི་ངང་ནས་དེ་ཚོར་ཆོས་མང་པོ་གསུངས།

35 ཉི་མ་ནུབ་ལ་ཉེ་བའི་དུས་སུ།

ཉེ་གནས་ཚོ་ཁོང་གི་དྲུང་དུ་ཡོང་སྟེ་

“ས་ཆ་འདི་དབེན་སྟོང་ཡིན་ཞིང་ཉི་མ་ཡང་ནུབ་ལ་ཉེ་བས།

36 ཁོ་ཚོ་མཐའ་འཁོར་གྱི་ཡུལ་སྡེ་རྣམས་ལ་རང་རང་གི་ཟས་ཉོ་རུ་གཏོང་བར་མཛོད་”

ཅེས་ཁོང་ལ་ཞུས་པ་ན།

37 ཡེ་ཤུས་ཁོ་རྣམས་ལ་

“ཁྱེད་ཚོས་ཁོ་ཚོར་ཟས་སྟེར་ཅིག་”

ཅེས་གསུངས།

ཁོ་ཚོས་

“ང་ཚོ་སོང་ནས་དེ་ཎ་རིའི་དངུལ་སྒོར་གཉིས་བརྒྱ་བཏང་སྟེ་བག་ལེབ་ཉོས་ནས་ཁོ་རྣམས་ལ་སྟེར་བར་བྱའམ་”

ཞེས་ཞུས་པ་ལ།

38 ཁོང་གིས་

“ཁྱེད་རྣམས་སོང་ནས་བག་ལེབ་ཇི་ཙམ་ཡོད་པ་ལྟོས་དང་”

ཞེས་གསུངས་པ་དང༌།

ཉེ་གནས་ཚོས་ཤེས་རྗེས་ཁོང་ལ་

“བག་ལེབ་ལྔ་དང་ཉ་ཤ་གཉིས་འདུག་”

ཅེས་སྨྲས།

39 དེ་ནས་ཡེ་ཤུས་ཉེ་གནས་ཚོ་ལ་མི་ཚོ་ཚོགས་པ་ཚོགས་པ་བྱས་ཏེ་སྤང་གི་སྟེང་ལ་སྡོད་འཇུག་པའི་བཀའ་གནང་ནས།

40 མི་ཚོགས་བརྒྱ་རེའམ་ལྔ་བཅུ་རེ་བྱས་ནས་བསྡད།

41 ཡེ་ཤུས་བག་ལེབ་ལྔ་དང་ཉ་ཤ་གཉིས་པོ་ཕྱག་ཏུ་བསྣམས་ཏེ་དཀོན་མཆོག་གི་ཞིང་ཁམས་ལ་ཡར་གཟིགས་ཤིང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་རྗེས།

བག་ལེབ་དུམ་བུར་མཛད་ནས་ཉེ་གནས་ཚོ་ལ་གནང་སྟེ་མི་ཚོགས་ལ་བགོ་རུ་བཅུག

ཉ་ཤ་གཉིས་པོའང་ཁོང་གིས་བག་ལེབ་བགོས་པ་བཞིན་དུ་མཛད་ནས་ཉེ་གནས་ཚོས་ཀྱང་མི་ཚོགས་ཐམས་ཅད་ལ་བྱིན་པས།

42 མི་ཚང་མས་བཟས་ནས་ཚིམས་པར་གྱུར།

43 དེ་ནས་ཉེ་གནས་ཚོས་བག་ལེབ་དང་ཉ་ཤའི་ཟས་ལྷག་བསྡུས་ནས་སླེ་པོ་བཅུ་གཉིས་བཀང་ཞིང༌།

44 བག་ལེབ་ཟ་མཁན་ནང་ལ་སྐྱེས་པ་ཁོ་ན་ལྔ་སྟོང་ཙམ་ཡོད་པ་ཡིན་ནོ།།

སྟོན་པ་ཡེ་ཤུས་མཚོ་སྟེང་དུ་ཞབས་འཆག་པ།

45 དེ་མ་ཐག་ཡེ་ཤུས་ཉེ་གནས་རྣམས་གྲུ་ལ་སྡོད་དུ་བཅུག་སྟེ།

ཁོང་གི་སྔོན་དུ་ཆུའི་ཕ་རོལ་གྱི་གྲོང་སྡེ་པེ་སད་དཱ་ཞེས་བྱ་བར་སོང་ཞིག་ཅེས་གསུངས་ནས་མི་ཚོགས་ཕར་བཏང་གནང་ངོ༌།

46 དེ་ནས་ཡེ་ཤུ་ཁོ་ཚོ་དང་ཁ་བྲལ་རྗེས་ཁོང་གསོལ་བ་སྨོན་ལམ་འདེབས་པའི་ཕྱིར་རི་ལ་ཕེབས།

47 དགོང་མོ་ཟིན་དུས།

གྲུ་དེ་མཚོའི་དཀྱིལ་དུ་སླེབས་ཤིང༌།

ཡེ་ཤུ་གཅིག་པུ་སྐམ་སར་བཞུགས།

48 གྲུའི་མདུན་ཕྱོགས་ནས་ལྷགས་པ་བརྒྱབ་པས་ཉེ་གནས་ཚོས་གྲུའི་སྐྱ་བ་རྒྱག་པ་ལ་དཀའ་ལས་བྱུང་བ་ཁོང་གིས་གཟིགས་ནས།

མཚན་མོ་ཐུན་བཞི་པ་ཙམ་ལ་མཚོའི་སྟེང་ལ་ཁོ་ཚོའི་རྩར་ཞབས་འཆག་ཅིང་ཁོ་ཚོའི་འཁྲིས་ནས་འགྲོ་བར་དགོངས་བཞིན་པའི་སྐབས་སུ།

49 ཉེ་གནས་ཀྱིས་ཚུལ་དེ་མཐོང་ནས་གདོན་འདྲེ་ཡིན་པར་བསམས་ཏེ་སྐད་ངན་ཤོར།

50 གང་ཡིན་ཟེར་ན།

ཉེ་གནས་ཚང་མས་ཁོང་མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་པར་གྱུར།

ཡེ་ཤུས་ལམ་སེང་ཁོ་རྣམས་ལ་

“ཁྱེད་ཚོའི་སེམས་བདེ་བར་བྱོས།

ང་རང་ཡིན་པས་འཇིགས་མི་དགོས་”

ཞེས་གསུངས།

51 ཁོང་གྲུའི་ནང་དུ་ཕེབས་པ་དང་ལྷགས་པ་འཇགས་པས།

ཉེ་གནས་རྣམས་ཀྱི་སེམས་སུ་ངོ་མཚར་ཆེན་པོ་སྐྱེས།

52 ཅི་ལགས་ཟེར་ན།

ཁོ་ཚོས་བག་ལེབ་ཀྱི་དོན་ཧ་མ་གོ་སྟེ།

ཁོ་ཚོའི་སེམས་མཁྲེགས་པོ་ཡིན་པས་སོ།།

གན་ནེ་སཱ་རེལ་ཡུལ་དུ་ནད་སེལ་གནང་བ།

53 ཁོང་རྣམས་མཚོ་ག་ལིལ་བརྒལ་ནས་གན་ནེ་སཱ་རེལ་ཞེས་པའི་ས་ཆར་སླེབས་ཏེ་གྲུ་མཚོའི་འགྲམ་དུ་ཐག་པས་བཏགས་ནས་བཞག

54 གྲུ་ནས་བབས་མ་ཐག་མི་རྣམས་ཀྱིས་ཡེ་ཤུ་ངོ་ཤེས་ནས།

55 ཁོང་གང་དུ་བཞུགས་པ་ཐོས་རྗེས།

མཐའ་སྐོར་གྱི་ཡུལ་ཐམས་ཅད་བརྒྱུད་ནས་རྒྱུགས་ཏེ་ནད་པ་རྣམས་ཉལ་ཁྲིའི་སྟེང་ལ་ཁུར་ཡོང༌།

56 གྲོང་སྡེའམ་ཡང་ན་གྲོང་ཁྱེར།

གྲོང་གསེབ་བཅས་ས་ཆ་གང་དུ་ཕེབས་ནའང༌།

མི་ཚོས་ནད་པ་རྣམས་ཁྲོམ་ལ་བཞག་སྟེ།

ཡེ་ཤུ་ལ་ཁོང་གི་ན་བཟའི་ཟུར་ཁོ་ནར་རེག་ཏུ་གནང་ཞེས་ཞུ་བ་ཕུལ་བས།

ཁོང་གི་ན་བཟའ་ལ་རེག་པའི་ནད་པ་ཐམས་ཅད་ནད་ལས་ཐར་བར་གྱུར་རོ།།

 

མར་ཀུ (7) – Mark (7)

1 དེའི་ཚེ་ཕཱ་རུ་ཤི་པ་རྣམས་དང་ཡེ་རུ་ཤ་ལེམ་གྲོང་ཁྱེར་ནས་འོངས་པའི་ཆོས་ཁྲིམས་ལ་མཁས་པའི་མི་ཁག་ཅིག་ཡེ་ཤུའི་དྲུང་དུ་འདུས་ཤིང༌།

2 ཁོ་ཚོས་ཉེ་གནས་ཚོའི་ནང་ནས་འགའ་ཞིག་གིས་ཆོས་ཀྱི་ལུགས་སྲོལ་དང་མི་མཐུན་པར་ལག་པ་མི་གཙང་བའམ་མ་བཀྲུས་པར་ཟས་ཟ་བཞིན་པ་མཐོང༌།

3 (ཕཱ་རུ་ཤི་པ་དང་བཅས་པའི་ཡ་ཧུ་དཱ་པའི་མི་རིགས་ཐམས་ཅད་ཀྱིས་གནའ་མིའི་ལུགས་སྲོལ་སྲུང་ཞིང་རང་གི་ལག་པ་མ་ཁྲུས་པར་ཟས་མི་ཟ།

4 ཁྲོམ་ནས་ཕྱིར་ལོག་རྗེས་ཁྲུས་མ་བྱས་པར་ཅི་ཡང་མི་ཟ།

ད་དུང་ལུགས་སྲོལ་གཞན་ཡང་མང་པོ་ཡོད་དེ།

ཁོ་ཚོས་མི་རབས་ནས་མི་རབས་བར་དུ།

ཕོར་པ་དང་བུམ་པ།

ཟངས་སྣོད་འཁྲུད་པ་ལ་སོགས་པའི་ལུགས་སྲོལ་མང་པོ་སྲུང་དགོས་པ་ཡིན་)

5 དེ་ནས་ཕཱ་རུ་ཤི་པ་དང་ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱིས་ཡེ་ཤུ་ལ་

“ཁྱེད་ཀྱི་ཉེ་གནས་ཀྱིས་ཅིའི་ཕྱིར་གནའ་མིའི་ལུགས་སྲོལ་མི་སྲུང་བར་ལག་པ་མི་གཙང་ནའང་ཟའམ་”

ཞེས་དྲིས་པས།

6 ཡེ་ཤུས་དེ་རྣམས་ལ་

“ཁ་བཤད་དོན་ལ་མི་གནས་པ་ཁྱོད་ཚོའི་སྐོར་ལ་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་ལེགས་པར་གསུངས་ཏེ།

མི་རྒྱུད་འདི་ཡིས་ངག་ནས་ང་བཀུར་ཡང༌།།

ཁོ་ཡི་སེམས་ནི་ང་དང་ཡོངས་སུ་བྲལ།།

7 མི་ཡིས་བརྩམས་པའི་བསླབ་བྱ་རང་ལ་སྟོན།།

དེ་འདྲའི་བསྙེན་བཀུར་ང་ལ་བྱེད་དོན་མེད།།

ཅེས་ལུང་བསྟན་པ་ལྟར།

8 ཁྱོད་ཚོས་དཀོན་མཆོག་གི་བཀའ་སྤངས་ནས་མིའི་ལུགས་སྲོལ་སྲུང་བཞིན་འདུག་”

ཅེས་གསུངས་པ་དང༌།

9 “ཁྱོད་ཚོས་རང་གི་གཏམ་རྒྱུད་སྲུང་བའི་ཕྱིར་དཀོན་མཆོག་གི་བཀའ་རྣམས་སྤང་བ་ལ་མཁས།

10 དེ་ཡང་ལུང་སྟོན་པ་མོ་ཤེ་ཡིས་གསུངས་པ་ལྟར་རང་གི་ཕ་མ་གཉིས་ལ་བརྩི་བཀུར་གྱིས་ཞེས་དང༌།

ཡང་ཕ་མ་ལ་ཚིག་ངན་སྨྲ་མཁན་དེ་སྲོག་གཅོད་པར་འགྱུར་དགོས་ཞེས།

11 ཡིན་ནའང་ཁྱོད་ཚོས་གལ་ཏེ་མི་ཞིག་གིས་རང་གི་ཕ་མ་ལ།

ངས་ཁྱེད་ལ་ཕན་ཐོགས་འབྱུང་རྒྱུ་ཡིན་པ་འདི་ནི་ཁཱོར་པན་ཡིན་བཤད་ན།

(ཁཱོར་པན་ཟེར་ན་དཀོན་མཆོག་ལ་མཆོད་པ་ཕུལ་ཆེད་དུ་ཡིན་)

12 ཁྱོད་ཚོས་མི་དེ་རང་གི་ཕ་མ་ལ་དེ་ཕྱིན་ཆད་གཉེར་སྐྱོང་བྱེད་དུ་མི་འཇུག

13 ཁྱོད་ཚོས་གཏད་པའི་གཏམ་རྒྱུད་ཀྱི་ཐོག་ནས་དཀོན་མཆོག་གི་བཀའ་རྩིས་མེད་བཏང༌།

དེ་དང་འདྲ་བའི་བྱ་བ་གཞན་ཡང་མང་པོ་བྱེད་”

ཅེས་གསུངས།

14 དེ་ནས་ཡང་ཡེ་ཤུས་མི་ཚོགས་རང་གི་དྲུང་དུ་བོས་ནས་

“ཁྱེད་ཚོ་ཚང་མ་ང་ལ་མཉན་ནས་ཧ་གོ་བར་གྱིས་ཤིག

15 ཕྱི་ནས་ཁོག་པའི་ནང་ཞུགས་པ་དེས་མི་མི་གཙང་བར་བྱེད་མི་ཐུབ།

ཡིན་ན་ཡང་མིའི་ཡིད་ནང་ནས་ཕྱིར་གང་འཐོན་པ་དེས་མི་མི་གཙང་བར་བྱེད་”

ཅེས་གསུངས།

17 དེ་ནས་ཁོང་མི་ཚོགས་དང་ཁ་བྲལ་ནས་ཁང་པའི་ནང་དུ་འཛུལ།

དེ་དུས་ཉེ་གནས་རྣམས་ཀྱིས་དཔེ་དེའི་དོན་བཀའ་འདྲི་ཞུས་པས།

18 ཁོང་གིས་

“ཁྱོད་ཚོས་དེའི་སྐོར་ཡང་ཤེས་ཀྱི་མེད་དམ།

ཕྱི་རོལ་ནས་ནང་དུ་འཛུལ་བའི་ཟས་དེས་མི་མི་གཙང་བར་བྱེད་མི་ཐུབ་པ་དེ་ཁྱོད་ཚོས་ཧ་མི་གོའམ།

19 གང་ཡིན་ཟེར་ན།

དེ་ནི་མིའི་སེམས་ཀྱི་ནང་དུ་མི་འགྲོ་བར་གྲོད་པའི་ནང་དུ་འགྲོ

དེ་ནས་ཕྱིར་འཐོན་”

ཞེས་གསུངས།

(ཡེ་ཤུས་གསུངས་པའི་དོན་དེ་ནི་ཟས་ཐམས་ཅད་གཙང་མ་ཡིན་པར་བསྟན་)

20 ཁོང་གིས་ད་དུང་གསུངས་པར་

“མིའི་ཡིད་ནང་ནས་ག་རེ་འཐོན་པ་དེས་མི་མི་གཙང་བར་བྱེད།

21 རྒྱུ་མཚན་ནི།

མིའི་ཡིད་ནང་ནས་བསམ་པ་ངན་པ་དང༌།

འདོད་ལོག་སྤྱོད་པ།

རྐུ་བ།

མི་སྲོག་གཅོད་པ།

22 ལོག་གཡེམ།

སེར་སྣ།

གནོད་སེམས།

མགོ་སྐོར།

འདོད་ཆགས།

ཕྲག་དོག

དམའ་འབེབས་གཏོང་བ།

ང་རྒྱལ།

དཀོན་མཆོག་གི་བཀའ་དོར་བ་སོགས།

23 ངན་པ་དེ་ཚོ་ཐམས་ཅད་མིའི་ནང་ནས་ཕྱིར་འཐོན་ཏེ་མི་མི་གཙང་བར་བྱེད་”

ཅེས་གསུངས།

དད་སེམས་ཆེ་བའི་བུད་མེད།

24 དེ་ནས་ཡེ་ཤུ་ཡར་བཞེངས་ནས་ཡུལ་ཐཱ་ཨེར་དང་ཚི་དོན་ཞེས་པའི་གྲོང་ཁྱེར་ལ་ཕེབས་ཤིང༌།

ཁོང་ཁྱིམ་ཚང་ཞིག་གི་ནང་ལ་ཕེབས་ནས་མི་གཞན་སུ་ལའང་ཤེས་སུ་མི་འཇུག་དགོངས་ཀྱང་གསང་མ་ཐུབ།

25 དེའི་དུས་སུ་བུད་མེད་ཅིག་ཡོད་པ་དེའི་བུ་མོ་ཆུང་ངུ་གདོན་འདྲེ་མི་གཙང་བ་ཡིས་བཟུང་ཡོད་པས།

བུད་མེད་དེས་ཡེ་ཤུའི་གནས་ཚུལ་ཐོས་ནས་ཁོང་གི་མདུན་དུ་ཡོང་སྟེ་པུས་མོ་ས་ལ་བཙུགས་ནས་ཕྱག་འཚལ།

26 ཁོ་མོ་ནི་སི་རུ་ཕེ་ནི་ཀེ་ཡུལ་ནས་ཡིན་པའི་གྷི་རིག་མི་རིགས་ཀྱི་བུད་མེད་ཅིག་ཡིན་ཞིང༌།

ཁོ་མོས་ཡེ་ཤུ་ལ་གདོན་འདྲེ་དེ་བུ་མོ་ལས་ཕར་སྐྲོད་པར་མཛོད་ཅེས་ཞུ་བ་ཡང་ཡང་ཞུས་པ་ན།

27 ཡེ་ཤུས་

“སྔོན་ལ་ཕྲུ་གུ་རྣམས་ཀྱི་གྲོད་ཁོག་འགྲང་དུ་ཆུག

ཕྲུ་གུའི་ཟས་སྐལ་ཁྱི་ལ་སྟེར་བར་མི་རུང་”

ཞེས་གསུངས།

28 ཡང་ཁོ་མོས་

“ལགས་སོ།

སྟོན་པ་ལགས།

ཡིན་ནའང་ཅོག་ཙེའི་འོག་ལ་ཡོད་པའི་ཁྱིས་ཀྱང་ཕྲུ་གུའི་ཟས་སར་ཟགས་པ་རྣམས་ཟའོ་”

ཞེས་ཞུས་པས།

29 ཡང་ཡེ་ཤུས་

“ཁྱོད་ཀྱིས་སྐད་ཆ་འདི་སྐད་སྨྲས་པའི་རྐྱེན་གྱིས་ཁྱོད་ཕྱིར་སོང་དང༌།

གདོན་འདྲེ་དེ་ཁྱོད་ཀྱི་བུ་མོའི་གཟུགས་ནས་ཐོན་ཚར་རོ་”

ཞེས་གསུངས།

30 བུད་མེད་དེ་རང་གི་ཁང་པ་ལ་ལོག་སོང་བ་དང༌།

གདོན་ཐོན་ཚར་ནས་བུ་མོ་དེ་ཉལ་ཁྲིའི་སྟེང་ལ་ཉལ་འདུག་པ་མཐོང་ངོ༌།།

འོན་པའི་ནད་སེལ་གནང་བ།

31 དེ་ནས་ཡེ་ཤུ་ཐཱ་ཨེར་གྱི་ཡུལ་ནས་ཚི་དོན་ཡུལ་སྡེ་བརྒྱུད་ནས།

མཚོ་ག་ལིལ་གྱི་ཕྱོགས་སུ་དེ་ཁ་པོ་ལེ་ཡུལ་ལ་ཕེབས།

32 མི་འགའ་ཞིག་གིས་རྣ་བ་འོན་ཞིང་སྐད་ཆ་ཡག་པོ་ཤོད་མི་ཐུབ་པའི་མི་ཞིག་ཡེ་ཤུའི་དྲུང་དུ་ཁྲིད་ཡོང་སྟེ།

ཁོང་ལ་མི་དེའི་ལུས་སྟེང་ལ་ཕྱག་འཇོག་པར་ཞུ་བ་ཕུལ།

33 ཡེ་ཤུས་མི་དེ་མི་ཚོགས་ཀྱི་ཁྲོད་ནས་ཟུར་དུ་ཁྲིད་དེ།

ཁོང་གིས་ཕྱག་མཛུབ་ཁོའི་རྣ་བ་གཉིས་ལ་བཅུག་ཅིང་ལྗགས་ཆུ་གཏོར་ནས་ཁོའི་ལྕེ་ལ་རེག་པ་དང༌།

34 ཡང་དཀོན་མཆོག་གི་ཞིང་ཁམས་ལ་ཡར་གཟིགས་ཤིང་དབུགས་རིང་ཕྱུང་སྟེ་མི་དེ་ལ་

“ཨེ་ཕ་ཐ་”

ཞེས་གསུངས།

དེའི་དོན་ནི་ཕྱེ་བར་གྱུར་ཞིག་ཅེས་པའོ།

35 དེ་མ་ཐག་མི་དེའི་རྣ་བ་ཕྱེ་ཞིང་ལྕེའི་འཆིང་བ་ཡང་གྲོལ་ཏེ་སྐད་ཆ་གསལ་པོར་སྨྲས།

36 དེ་ནས་ཡེ་ཤུས་ཁོ་ཚོར་དོན་འདི་མི་གཞན་སུ་ལའང་མ་ཤོད་ཅིག་ཅེས་བཀའ་གནང༌།

འོན་ཀྱང་ཁོང་གིས་ཇི་ལྟར་བཀའ་གནང་ཡང་མི་དེ་ཚོས་དེ་བས་ཀྱང་མི་ཀུན་ལ་བསྒྲགས།

37 མི་ཚོགས་རྣམས་ཤིན་ཏུ་ངོ་མཚར་བར་གྱུར་ནས་

“ཁོང་གིས་ཐམས་ཅད་ལེགས་པར་མཛད་དེ།

ཐ་ན་འོན་པ་རྣམས་ལ་ཐོས་པར་མཛད་ཅིང་སྐད་ཆ་ཤོད་མི་ཐུབ་པ་རྣམས་ཀྱང་བཤད་ཐུབ་པར་མཛད་”

ཅེས་སྨྲས་སོ།།

མར་ཀུ (8) – Mark (8)

1 དེའི་དུས་སུ།

ཡང་བསྐྱར་མི་མང་པོ་ཞིག་དེར་འདུས་ཏེ།

ཁོ་ཚོར་ཟ་རྒྱུ་ཅི་ཡང་མེད་པས་ཡེ་ཤུས་ཁོང་གི་ཉེ་གནས་ཚོ་བོས་ཏེ་

2 “མི་ཚོགས་འདི་ང་དང་མཉམ་དུ་བསྡད་ནས་ཉིན་ཞག་གསུམ་སོང་ཞིང༌།

ད་ཆ་ཟས་ཅི་ཡང་མེད་པས་ཁོ་ཚོ་སྙིང་རྗེ་བར་འདུག

3 ཁོ་ཚོའི་ནང་ནས་མི་ཁ་ཤས་རྒྱང་རིང་ནས་ཡོང་བས།

གལ་ཏེ་ངས་ཁོ་ཚོ་གྲོད་པ་སྟོང་བར་ལོག་ཏུ་བཅུག་ན།

ལམ་བར་དུ་བཀྲེས་ཤིང་ལྟོགས་ཏེ་དྲན་མེད་དུ་བརྒྱལ་བར་ངེས་”

ཞེས་གསུངས།

4 ཉེ་གནས་ཚོས་ཁོང་ལ་

“མི་འདི་རྣམས་འགྲང་བར་བྱེད་པའི་བག་ལེབ་ནི་དབེན་སྟོང་འདི་རུ་ག་ནས་རྙེད་ཐུབ་བམ་”

ཞེས་ཞུས།

5 ཡེ་ཤུས་

“ཁྱེད་ཚོར་བག་ལེབ་ཅི་ཙམ་ཡོད་”

ཅེས་བཀའ་འདྲི་གནང་བས།

ཁོ་ཚོས་

“བདུན་ཡོད་”

ཅེས་ཞུས།

6 དེ་ནས་ཁོང་གིས་མི་ཚོགས་ལ་བཀའ་གནང་ནས་ས་ལ་སྡོད་དུ་བཅུག

བག་ལེབ་བདུན་པོ་ཕྱག་ཏུ་བསྣམས་ཏེ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་རྗེས།

བག་ལེབ་དུམ་བུར་བྱས་ནས་ཉེ་གནས་རྣམས་ལ་སྤྲད་ཅིང་ཁོ་ཚོས་མི་ཚོགས་ལ་བྱིན།

7 ཡང་ཉ་ཤ་ཆུང་ངུ་ཁ་ཤས་ཡོད་པ་ཡེ་ཤུས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་པའི་རྗེས་ལ་དེ་ཡང་བག་ལེབ་བགོས་པ་བཞིན་དུ་མཛད་ནས་མི་ཚོགས་ལ་སྟེར་བའི་བཀའ་གནང༌།

8 དེ་ནས་མི་ཚོགས་ཚང་མས་བཟས་ནས་འགྲངས་ཤིང་ཁོ་ཚོས་ཟས་ལྷག་བསྡུ་གསོག་བྱས་པ་སླེ་པོ་བཀང་བ་བདུན་བྱུང༌།

9 དེར་མི་སྟོང་ཕྲག་བཞི་ཙམ་ཡོད་པ་ཡིན།

ཡང་ཁོང་གིས་མི་དེ་ཚོ་འགྲོ་རུ་བཅུག

10 དེ་མ་ཐག་ཁོང་ཉེ་གནས་རྣམས་དང་མཉམ་དུ་གྲུ་ལ་བཞུགས་ནས་དཱལ་མ་ནུ་ཐ་ཞེས་བྱ་བའི་ཡུལ་ཕྱོགས་སུ་ཕེབས།

ཕཱ་རུ་ཤི་པ་རྣམས་ཀྱིས་སྟོན་པ་ཡེ་ཤུ་ལ་ཉམས་ཚོད་ལེན་པ།

11 དེའི་ཚེ་ཕཱ་རུ་ཤི་པ་རྣམས་འོངས་ནས་ཡེ་ཤུ་ལ་རྩོད་གླེང་བྱས་ཤིང༌།

ཁོང་ལ་དཀོན་མཆོག་ནས་མངགས་པ་ཡིན་པའི་རྟགས་ཤིག་བསྟན་དུ་གསོལ་ཞུས་ནས་ཉམས་ཚོད་བྱས།

12 ཡེ་ཤུས་རང་གི་ཐུགས་ནས་དབུགས་རིང་ཕྱུང་སྟེ་

“མི་རབས་འདིས་ངོ་མཚར་བའི་རྟགས་ཤིག་ཅིའི་ཕྱིར་འཚོལ།

ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར།

མི་རབས་འདི་ལ་རྟགས་སྟོན་པར་མི་འགྱུར་རོ་”

ཞེས་གསུངས་པ་དང༌།

13 ཡེ་ཤུ་ཁོ་ཚོ་བཞག་ནས་ཡང་བསྐྱར་གྲུ་ལ་བཞུགས་ཏེ་མཚོ་ག་ལིལ་གྱི་ཕ་རོལ་ཏུ་ཕེབས་སོ།།

ཉེ་གནས་རྣམས་ལ་བཀའ་བཀྱོན་གནང་བ།

14 ཉེ་གནས་རྣམས་ཀྱིས་ལམ་རྒྱགས་འཁྱེར་རྒྱུ་བརྗེད་སོང་བས།

གྲུའི་ནང་དུ་བག་ལེབ་གཅིག་ལས་གཞན་ཟས་ཅི་ཡང་མེད།

15 དེ་ནས་ཡེ་ཤུས་

“ཁྱེད་ཚོས་བློ་རིག་བསྒྲིམས་ནས་ཕཱ་རུ་ཤི་པ་དང་ཧེ་རོ་དཱེ་ཡི་སྐྱུར་རྩི་ལ་དོགས་ཟོན་གྱིས་ཤིག་”

ཅེས་བཀའ་གནང་ཞིང༌།

16 ཉེ་གནས་རྣམས་ཀྱིས་ཕན་ཚུན་ལ་

“འདི་ནི་ང་ཚོར་བག་ལེབ་མེད་པའི་ཕྱིར་”

ཞེས་སྨྲས་པ་དང༌།

17 ཡེ་ཤུས་དེ་མཁྱེན་ནས་ཁོ་ཚོར་

“ཁྱོད་ཚོས་ཅིའི་ཕྱིར་བག་ལེབ་མེད་པའི་གཏམ་གླེང་བ་ཡིན་ནམ།

ཁྱོད་ཚོས་ད་དུང་ཡང་མི་ཤེས་ལ་ཧ་མི་གོའམ།

ཁྱོད་ཚོའི་སེམས་མཁྲེགས་པོར་གྱུར་བ་ཡིན་ནམ།

18 ཁྱོད་ཚོར་མིག་ཡོད་ཀྱང་མི་མཐོང་ངམ།

རྣ་བ་ཡོད་ཀྱང་མི་ཐོས་སམ།

ཁྱོད་ཚོས་ཅི་ཡང་མི་དྲན་ནམ།

19 ངས་བག་ལེབ་ལྔ་མི་ལྔ་སྟོང་ལ་བགོས་པའི་སྐབས་ཁྱོད་ཚོས་ཟས་ལྷག་སླེ་པོ་ཅི་ཙམ་བསྡུ་གསོག་བྱས་སམ་”

ཞེས་དྲིས་པ་ལ།

ཁོ་ཚོས་

“བཅུ་གཉིས་སོ་”

ཞེས་ཞུས།

20 “ཡང་བག་ལེབ་བདུན་མི་བཞི་སྟོང་ལ་བགོས་པའི་དུས་ཁྱོད་ཚོས་ཟས་ལྷག་སླེ་པོ་ཅི་ཙམ་བསྡུ་གསོག་བྱས་སམ་”

ཞེས་དྲིས་ཤིང༌།

ཁོ་ཚོས་

“བདུན་ནོ་”

ཞེས་ཞུས་པ་དང༌།

21 ཡེ་ཤུས་

“ཁྱོད་ཚོས་ད་དུང་མི་ཤེས་སམ་”

ཞེས་གསུངས།

ལོང་བའི་ནད་སེལ་གནང་བ།

22 དེ་ནས་ཁོང་རྣམས་པེ་སད་དཱ་ཞེས་བྱ་བའི་གྲོང་སྡེ་ལ་ཕེབས་པ་དང༌།

མི་འགའ་ཞིག་གིས་ལོང་བ་ཞིག་ཡེ་ཤུའི་དྲུང་དུ་ཁྲིད་ཡོང་སྟེ།

ཁོང་ལ་ཕྱག་གིས་རེག་པའི་ཞུ་བ་ཞུས།

23 ཁོང་གིས་ལོང་བ་དེའི་ལག་པ་ནས་འཇུས་ཏེ་གྲོང་ཚོའི་ཕྱི་རོལ་ཏུ་ཁྲིད་ཅིང༌།

དེའི་མིག་གཉིས་ལ་ལྗགས་ཆུ་གཏོར་བ་དང༌།

ཁོང་གིས་ཕྱག་ཟུང་མི་དེ་ལ་བཞག་སྟེ་

“ཁྱེད་ཀྱི་མིག་གིས་མཐོང་གི་འདུག་གམ་”

ཞེས་གསུངས་པ་དང༌།

24 མི་ལོང་བ་དེས་ཡར་བལྟས་ཏེ་

“ངས་མི་རྣམས་མཐོང༌།

འོན་ཀྱང་ཁོ་ཚོ་ཤིང་འགྲོ་བཞིན་པ་ལྟར་མཐོང་གི་འདུག་”

ཞེས་ཞུས།

25 དེ་ནས་ཡེ་ཤུས་ཡང་བསྐྱར་མི་དེའི་མིག་ལ་བཞག་པ་དང༌།

ཁོས་མིག་ནན་གྱིས་བལྟས་ནས་མིག་ཟུང་གསོས་ཏེ་དངོས་པོ་ཐམས་ཅད་གསལ་པོར་མཐོང་བར་གྱུར།

26 ཡང་ཡེ་ཤུས་མི་དེ་རང་ཁྱིམ་དུ་འགྲོ་རུ་བཅུག་སྟེ་

“གྲོང་སྡེ་འདིའི་ནང་དུ་ཡང་བསྐྱར་མ་འགྲོ་”

ཞེས་གསུངས།

པེ་ཏྲོས་སྟོན་པ་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པར་ཁས་ལེན་པ།

27 ཡང་ཡེ་ཤུ་རང་གི་ཉེ་གནས་རྣམས་དང་མཉམ་དུ་སེ་སར་རེ་ཡཱ་ཕི་ལིབ་པཱི་ཞེས་པའི་ཡུལ་གྱི་གྲོང་སྡེ་རྣམས་ལ་ཕེབས་ཏེ་ལམ་བར་དུ་ཉེ་གནས་ཚོར་

“མི་རྣམས་ཀྱིས་ང་རང་སུ་རེད་ཅེས་བཤད་བཞིན་ཡོད་དམ་”

ཞེས་གསུངས་ནས།

28 ཁོ་རྣམས་ཀྱིས་

“མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན་དང༌།

ལ་ལས་ལུང་སྟོན་པ་ཨེ་ལི་ཡཱ།

ཡང་མི་ལ་ལས་ལུང་སྟོན་པའི་ནང་གི་གཅིག་རེད་ཅེས་ཟེར་”

ཞེས་ཞུས་

29 “འོ་ན་ཁྱེད་ཚོས་བྱས་ན་ང་རང་སུ་ཡིན་ཟེར་”

ཞེས་གསུངས་པས་ལན་དུ།

པེ་ཏྲོས་

“ཁྱེད་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ནོ་”

ཞེས་ཞུས།

30 ཡེ་ཤུས་ཁོ་རྣམས་ལ་

“དོན་འདི་མི་གཞན་ལ་མ་ཤོད་”

ཅེས་ནན་གྱིས་བསྐུལ།

སྟོན་པ་ཡེ་ཤུས་དགྲོང་བར་འགྱུར་བའི་སྐོར་ལུང་བསྟན་གནང་བ།

31 དེ་ནས་ཁོང་གིས་ཉེ་གནས་ཚོར་མིའི་རིགས་ཀྱི་བུ་ནི་ངེས་པར་དུ་སྡུག་བསྔལ་མང་པོ་མྱོང་ཞིང༌།

ཡ་ཧུ་དཱ་པའི་མི་རིགས་ཀྱི་རྒན་པོ་དང་བླ་ཆེན་རྣམས།

ཆོས་ཁྲིམས་ལ་མཁས་པའི་མིས་ཁོ་རང་དོར་ནས་གསོད་པར་འགྱུར་ལ།

ཡང་ཉིན་གསུམ་གྱི་རྗེས་འཆི་བ་ནས་སླར་གསོན་པར་ལང་ངོ་ཞེས་གསུངས།

32 ཁོང་གིས་བཀའ་དེ་གསལ་པོར་གསུངས་ཤིང༌།

པེ་ཏྲོས་ཁོང་ཟུར་དུ་ཁྲིད་ནས་གཤེ་གཤེ་བཏང༌།

33 འོན་ཀྱང་ཡེ་ཤུས་ཞལ་ཕྱིར་སྐོར་ཏེ་ཉེ་གནས་ཚོར་གཟིགས་ནས་པེ་ཏྲོ་ལ་བཀའ་བཀྱོན་གནང་སྟེ་

“བདུད་སཱ་ཏན་ཁྱོད།

ངའི་རྒྱབ་ཏུ་སོང་ཞིག

ཁྱོད་ཀྱི་བསམ་པ་དཀོན་མཆོག་བཞིན་མ་ཡིན་པར་མི་བཞིན་ཡིན་ནོ་”

ཞེས་གསུངས།

34 ཁོང་གིས་མི་ཚོགས་དང་ཉེ་གནས་རྣམས་རང་གི་དྲུང་དུ་བོས་ནས་

“གལ་ཏེ་མི་སུ་ཞིག་ང་ཡི་རྗེས་སུ་འབྲང་འདོད་ན།

རང་ཉིད་དོར་ནས་རང་གི་རྒྱང་ཤིང་འཁུར་ཏེ་ང་ཡི་རྗེས་སུ་འབྲང་དགོས།

35 མི་སུས་ཀྱང་རང་གི་སྲོག་ཐར་བར་བྱེད་འདོད་པ་དེས་བརླག་པར་འགྱུར།

མི་སུས་ཀྱང་ང་རང་དང་འཕྲིན་བཟང་གི་དོན་དུ་རང་གི་སྲོག་གཏོང་པ་དེས་ཐར་བར་འགྱུར་ངེས་ཡིན།

36 མི་སུ་ལ་འཇིག་རྟེན་ཧྲིལ་པོ་ཐོབ་ཀྱང་རང་སྲོག་བརླགས་ན་ཅི་ཕན།

37 ཡང་ན་མིས་རང་གི་སྲོག་ཅི་དང་བརྗེའམ།

38 ལོག་གཡེམ་ཅན་དང་སྡིག་སྤྱོད་ཀྱི་མི་རབས་འདི་ལས་མི་སུ་ཞིག་གིས་ང་དང་ངའི་བཀའ་ངོ་ཚ་བའི་རྒྱུར་བརྩིས་ན།

མིའི་རིགས་ཀྱི་བུ་ཡང་ཡབ་དཀོན་མཆོག་གི་གཟི་བརྗིད་ལས་དམ་པའི་ཕོ་ཉ་འཁོར་དང་བཅས་པ་འཇིག་རྟེན་དུ་ཕེབས་དུས།

མི་དེ་ཡང་ངོ་ཚ་བའི་རྒྱུར་བརྩི་བར་བྱ་”

ཞེས་གསུངས།

མར་ཀུ (9) – Mark (9)

1 ཡང་ཡེ་ཤུས་ཁོ་རྣམས་ལ་

“ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར།

འདི་རུ་ལངས་ནས་སྡོད་པའི་མི་རྣམས་ཀྱི་ནང་ནས་འགའ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་དབང་ཆ་ཆེན་པོའི་སྒོ་ནས་འོང་ཚར་བ་མ་མཐོང་བའི་བར་དུ་ཅི་ནས་ཀྱང་འཆི་བ་མྱོང་བར་མི་འགྱུར་རོ་”

ཞེས་གསུངས།

སྟོན་པ་ཡེ་ཤུ་དཀོན་མཆོག་གི་སྲས་ཡིན་པའི་སྐོར།

2 ཉི་མ་དྲུག་གི་རྗེས་ལ་ཡེ་ཤུས་པེ་ཏྲོ་དང་ཡ་ཀོབ་ཡོ་ཧ་ནན་གསུམ་ཁྲིད་ནས་དབེན་པའི་ཡུལ་རི་མཐོ་པོ་ཞིག་ལ་ཕེབས།

དེ་ནས་ཁོང་ཚོའི་མདུན་དུ་ཁོང་གི་སྐུའི་རྣམ་པ་གྱུར་ཅིང༌།

3 ཁོང་གི་ན་བཟའ་འོད་འཕྲོ་བའི་ཚོན་མདོག་ཧ་ཅང་དཀར་བ།

འཇིག་རྟེན་འདིའི་སྟེང་སུས་ཀྱང་དེ་ལྟར་བཟོ་མི་ཐུབ་པའི་དཀར་པོ་ཞིག་ཏུ་གྱུར།

4 དེའི་སྐབས་ལ་ཁོང་ཚོའི་མདུན་དུ་ལུང་སྟོན་པ་ཨེ་ལི་ཡཱ་དང་མོ་ཤེ་གཉིས་མངོན་སུམ་དུ་བྱོན་ནས་ཡེ་ཤུ་དང་བཀའ་མོལ་གནང༌།

5 པེ་ཏྲོས་ཡེ་ཤུ་ལ་

“རབ་བི།

ང་ཚོ་འདིར་བསྡད་ན་ལེགས།

ང་ཚོས་བཞུགས་ས་གསུམ་བཟོ་བར་བྱ།

ཁྱེད་ལ་གཅིག་དང་མོ་ཤེ་ལ་གཅིག

ཨེ་ལི་ཡཱ་ལ་གཅིག་བཅས་ཡིན་”

ཞེས་ཞུས།

6 པེ་ཏྲོས་ཇི་ལྟར་ཞུ་དགོས་མིན་མ་ཤེས།

གང་ཡིན་ཟེར་ན།

ཁོ་ཚོ་ཧ་ཅང་སྐྲག་པས་སོ།

7 དེ་ནས་སྤྲིན་པ་ཞིག་ཡོང་ནས་ཁོང་ཚོ་བསྒྲིབས་པ་དང༌།

སྤྲིན་པ་ནས་གསུང་ཞིག་བྱུང་སྟེ་

“འདི་ནི་ངའི་གཅེས་པའི་སྲས་ཡིན།

ཁོང་ལ་ཉོན་ཅིག་”

ཅེས་གསུངས།

8 ཁོ་ཚོས་དུས་དེ་ཉིད་དུ་ཕར་ཚུར་བལྟས་པས་ཡེ་ཤུ་གཅིག་པུ་མ་གཏོགས་གཞན་སུ་ཡང་མ་མཐོང༌།

9 དེ་ནས་ཁོང་རྣམས་རི་བོ་ལས་མར་འབབ་པའི་དུས་སུ།

ཡེ་ཤུས་

“མིའི་རིགས་ཀྱི་བུ་གཤིན་པོའི་ཁྲོད་ནས་མ་ལང་བའི་བར་དུ་ཁྱེད་ཚོས་གང་མཐོང་བ་དེ་མི་གཞན་སུ་ལའང་མ་ཤོད་ཅིག་”

ཞེས་བཀའ་བསྒོས།

10 ཉེ་གནས་རྣམས་ཀྱིས་ཁོང་གི་བཀའ་སེམས་ལ་བཞག་ནས།

ཁོང་གཤིན་པོའི་ཁྲོད་ནས་ལང་བ་ཞེས་པའི་དོན་ཅི་ཡིན་པ་གཅིག་གིས་གཅིག་ལ་དྲིས།

11 ཁོ་ཚོས་

“ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱིས་ལུང་སྟོན་པ་ཨེ་ལི་ཡཱ་སྐྱབས་མགོན་མཱ་ཤི་ཀའི་སྔོན་ལ་འབྱོན་ངེས་ཡིན་ཟེར་དོན་ཅི་”

ཞེས་ཞུས་པ་ལ།

12 ཁོང་གིས་

“ལུང་སྟོན་པ་ཨེ་ལི་ཡཱ་དངོས་སུ་སྔོན་ལ་བྱོན་ཏེ་ཐམས་ཅད་སྒྲིག་པར་བྱེད།

འོ་ན་དཀོན་མཆོག་གི་གསུང་རབ་ལས་མིའི་རིགས་ཀྱི་བུ་ནི་སྡུག་བསྔལ་མང་པོ་མྱོང་བར་འགྱུར་ཞིང་མི་རྣམས་ཀྱིས་མཐོང་ཆུང་བྱེད་རྒྱུ་ཡིན་ཞེས་བྲིས་པ་ཅི་ཡིན།

13 ངས་ཁྱེད་རྣམས་ལ་ཟེར་རྒྱུར།

གསུང་རབ་ལས་ལུང་སྟོན་པ་ཨེ་ལི་ཡཱ་ཡི་སྐོར་བསྟན་ཡོད་པ་ལྟར་ཁོང་ཕེབས་ཡོད་པས།

ཁོ་ཚོས་ཁོང་ལ་རང་འདོད་པ་ལྟར་བྱས་སོ་”

ཞེས་གསུངས།

གདོན་འདྲེས་འཛིན་པའི་བྱིས་པ་ཞིག་ནས་གདོན་བསྐྲད་པ།

14 དེ་ནས་ཁོང་རྣམས་ཉེ་གནས་གཞན་གྱི་སར་ཕེབས་པ་དང༌།

མི་མང་པོས་དེ་རྣམས་ཀྱི་མཐའ་ནས་བསྐོར་ཞིང་ཡང་ཆོས་ཁྲིམས་ལ་མཁས་པའི་མི་འགའ་ཞིག་གིས་ཁོ་ཚོ་དང་རྩོད་གླེང་བྱེད་བཞིན་པ་གཟིགས།

15 དེ་ནས་མི་ཚོགས་ཐམས་ཅད་ཀྱིས་ཡེ་ཤུ་མཐོང་མ་ཐག་ཚང་མ་ངོ་མཚར་སྐྱེས་ནས་ཁོང་གི་དྲུང་དུ་རྒྱུགས་ཏེ་ཁོང་མཇལ།

16 ཡེ་ཤུས་མི་དེ་རྣམས་ལ་

“ཁྱེད་ཚོས་གང་གི་སྐོར་ལ་རྩོད་བཞིན་ཡོད་དམ་”

ཞེས་དྲིས་པ་ལ།

17 མི་ཚོགས་ཀྱི་ཁྲོད་ནས་མི་ཞིག་གིས་

“སྟོན་པ་ལགས།

ངས་ཁྱེད་ཀྱི་དྲུང་དུ་ངའི་བུ་ཁྲིད་ཡོང་བ་ཡིན།

བུ་གདོན་འདྲེ་ཞིག་གིས་བཟུང་སྟེ་སྐད་ཆ་ལབ་མི་ཐུབ་པར་གྱུར།

18 གདོན་འདྲེས་ག་དུས་ཁོ་འཛིན་ནའང༌།

ཁོ་ས་ལ་འགྱེལ་ཞིང་ཁ་ནས་ལྦུ་བ་འཐོན་ཏེ་སོ་ཁྲིག་ཁྲིག་བྱེད་ཅིང༌།

ལུས་པོའང་རེངས་པོར་འགྱུར་བས།

ངས་ཁྱེད་ཀྱི་ཉེ་གནས་རྣམས་ལ་གདོན་འདྲེ་དེ་ཕྱིར་སྐྲོད་པར་ཞུས་ཀྱང་ཁོང་ཚོས་བསྐྲད་མ་ཐུབ་བོ་”

ཞེས་ཞུས།

19 དེ་ནས་ཡེ་ཤུས་

“དད་པ་མི་བྱེད་པའི་མི་རབས་ཁྱོད་ཚོ།

ང་རང་ཁྱོད་ཚོ་དང་མཉམ་དུ་དུས་ནམ་ཞིག་གི་བར་དུ་སྡོད་དགོས་སམ།

ངས་ཁྱོད་ཚོར་དུས་ནམ་ཞིག་གི་བར་དུ་བཟོད་པར་བྱེད་དགོས་སམ།

བུ་དེ་ངའི་མདུན་དུ་ཁྲིད་ཤོག་”

ཅེས་གསུངས་ནས།

20 མི་རྣམས་ཀྱིས་བུ་དེ་ཁོང་གི་དྲུང་དུ་ཁྲིད་ཡོང༌།

གདོན་འདྲེ་དེས་ཡེ་ཤུ་མཐོང་མ་ཐག་བུ་དྲག་པོར་སྤྲུགས་པས་བུ་ས་ལ་འགྱེལ་ནས་འགྲེ་ལྡོག་བརྒྱབ་སྟེ་ཁ་ནས་ལྦུ་བ་ཐོན།

21 དེ་ནས་ཡེ་ཤུས་བུ་དེའི་ཕ་ལ་

“དུས་ནམ་ཞིག་ལ་འདི་ལྟར་གྱུར་བ་ཡིན་ནམ་”

ཞེས་དྲིས་པ་ལ་

“ཁོ་ཆུང་དུས་ནས་བཟུང་འདི་ལྟར་ཡིན།

22 གདོན་འདྲེ་དེས་ངའི་བུ་གསོད་པའི་ཕྱིར་ཐེངས་མང་པོར་མེ་དང་ཆུའི་ནང་དུ་དབྱུགས་མྱོང༌།

ཁྱེད་ཀྱིས་ང་ཚོར་རོགས་པ་ཅི་མཛད་ཐུབ་ན་དེ་གནང་བར་མཛོད།

ཐུགས་རྗེ་གཟིགས་”

ཞེས་ཞུས།

23 ཡེ་ཤུས་

“མཛད་ཐུབ་ན་ཞེས་ཅི་ཟེར།

དད་པ་བྱེད་མཁན་དེས་དོན་ཐམས་ཅད་སྒྲུབ་པར་སྲིད་”

ཅེས་གསུངས།

24 བུའི་ཕ་ཡིས་དེ་མ་ཐག་སྐད་ཆེན་པོས་

“ངས་དད་པ་བྱེད།

འོན་ཀྱང་ངའི་དད་པ་མི་འདང་བས་སྐྱབས་པར་མཛོད་”

ཅེས་ཞུས་པ་ལ།

25 ཡེ་ཤུས་མི་ཚོགས་རྒྱུགས་འོངས་བ་གཟིགས་པ་དང༌།

གདོན་འདྲེ་མི་གཙང་བ་དེ་ལ་

“འོན་ཞིང་ལྐུགས་པའི་གདོན་འདྲེ་ཁྱོད།

ཁོའི་ལུས་ནས་ཐོན་ཅིག

ད་ཕྱིན་ཆད་དེའི་ལུས་ལ་ཕྱིར་ལོག་མི་ཆོག་”

ཅེས་བཀའ་བཀྱོན་གནང་ནས།

26 གདོན་འདྲེ་དེ་སྐད་ངན་ཤོར་ནས་བུ་དེ་དྲག་ཏུ་སྤྲུགས་ཏེ་ཕྱིར་ཐོན་པ་དང༌།

བུ་དེ་རོ་ལྟར་གྱུར་བས་མི་མང་ཆེ་བས་

“ཁོ་ཤི་སོང་”

ཞེས་ཟེར།

27 འོན་ཀྱང་ཡེ་ཤུས་བུ་དེའི་ལག་པ་ནས་འཇུས་ཏེ་བསྐྱོར་བ་དང་ཁོ་ཡར་ལངས།

28 དེ་ནས་ཡེ་ཤུ་ཁང་པའི་ནང་དུ་འཛུལ་ཞིང་མི་གཞན་སུའང་མེད་པའི་དུས་ལ་ཉེ་གནས་རྣམས་ཀྱིས་

“ང་ཚོས་ཅིའི་ཕྱིར་གདོན་འདྲེ་བསྐྲད་མ་ཐུབ་བམ་”

ཞེས་ཞུས་ནས།

29 ཁོང་གིས་

“གདོན་འདྲེ་འདིའི་རིགས་དཀོན་མཆོག་ལ་སྨོན་ལམ་མ་གཏོགས་པར་གཞན་ཐབས་གང་གིས་ཀྱང་འཐོན་པར་མི་སྲིད་”

ཅེས་གསུངས།

སླར་གསོན་པའི་སྐོར་ཀྱི་ལུང་བསྟན།

30 དེ་ནས་ཁོང་རྣམས་ཕྱིར་ཐོན་ཏེ།

ག་ལིལ་ཡུལ་བརྒྱུད་ནས་ཕེབས་ཤིང༌།

ཡེ་ཤུས་ཉེ་གནས་ཚོར་ཆོས་བསྟན་པས་ཁོང་ཚོ་གང་དུ་ཡོད་པ་མི་གཞན་གྱིས་མི་ཤེས་པར་དགོངས།

31 ཉེ་གནས་རྣམས་ལ་

“མིའི་རིགས་ཀྱི་བུ་ནི་མི་རྣམས་ཀྱི་ལག་ཏུ་གཏད་ནས་དེ་རྣམས་ཀྱིས་ཁོ་རང་གསོད་པར་འགྱུར།

བསད་ནས་ཉིན་ཞག་གསུམ་པ་ལ་ཁོ་རང་ལང་བར་འགྱུར་ངེས་སོ་”

ཞེས་གསུངས།

32 ཉེ་གནས་རྣམས་ཀྱིས་གསུང་དེའི་དོན་ཧ་མ་གོ་ཡང་ཁོང་ལ་བཀའ་དྲི་ཞུ་མ་ཕོད།

ཉེ་གནས་རྣམས་ཀྱི་ནང་ནས་སུ་མཆོག་ཏུ་འགྱུར་བའི་སྐོར།

33 དེ་ནས་ཁོང་རྣམས་གྲོང་ཁྱེར་ཀ་ཕར་ན་ཧུམ་དུ་སླེབས་ནས།

ཡེ་ཤུས་ཁང་པའི་ནང་དུ་བཞུགས་པའི་ཚེ་ཉེ་གནས་ཚོར་

“ཁྱེད་ཚོས་ལམ་ཁར་ཅི་ཞིག་གླེང་བ་ཡིན་”

ཞེས་དྲིས་པས།

34 ཁོ་ཚོས་ལམ་ལ་ཕན་ཚུན་གཅིག་གིས་གཅིག་ལ་ཁོ་ཚོ་ནང་ནས་སུ་མཆོག་ཏུ་ཡིན་པའི་གཏམ་གླེང་བས་ཁོ་ཚོ་ཁ་རོག་བསྡད།

35 ཁོང་བཞུགས་ནས་ཉེ་གནས་བཅུ་གཉིས་པོ་བོས་ཏེ་

“མི་སུ་ཡང་མཆོག་ཏུ་འགྱུར་འདོད་ན།

ཐམས་ཅད་ཀྱི་ནང་ནས་རྟིང་མར་གྱུར་ལ་ཀུན་གྱི་གཡོག་པོ་བྱེད་དགོས་སོ་”

ཞེས་གསུངས།

36 དེ་ནས་ཡེ་ཤུས་ཕྲུ་གུ་ཆུང་ངུ་ཞིག་ཁྲིད་ཡོང་སྟེ་ཁོང་ཚོའི་དཀྱིལ་དུ་བཞག་པ་དང༌།

ཡང་ཕྲུ་གུ་དེ་ཁོང་གི་སྐུ་པང་དུ་བསྣམས་ནས་

37 “སུས་ཀྱང་ཕྲུ་གུ་ཆུང་ངུ་འདི་འདྲ་བ་རྣམས་ཀྱི་ནང་ནས་གཅིག་ངའི་མིང་གི་ཐོག་ནས་གདན་འདྲེན་པ་དེས་ང་རང་འདྲེན།

སུས་ཀྱང་ང་འདྲེན་པ་དེས་ང་རང་གདན་མི་འདྲེན་གྱིས།

ང་གཏོང་མཁན་དེ་སྤྱན་འདྲེན་ནོ་”

ཞེས་གསུངས།

དགྲ་བོ་དང་རང་ཕྱོགས་ཀྱི་སྐོར།

38 དེ་ནས་ཉེ་གནས་ཡོ་ཧ་ནན་གྱིས་ཁོང་ལ་

“སྟོན་པ་ལགས།

ང་ཚོས་མི་གཞན་ཞིག་གིས་ཁྱེད་ཀྱི་མཚན་བརྗོད་ཅིང་གདོན་འདྲེ་བསྐྲད་པ་མཐོང་བྱུང༌།

མི་དེ་ང་ཚོའི་ཁོངས་གཏོགས་མིན་པས་དོན་དེ་ལྟར་སྒྲུབ་པ་བཀག་པ་ཡིན་”

ཞེས་ཞུས་པ་ལ།

39 ཡེ་ཤུས་

“མི་གཞན་གྱིས་ངའི་མིང་བརྗོད་ཅིང་ངོ་མཚར་ཅན་གྱི་དོན་བྱས་རྗེས་མྱུར་དུ་ང་ལ་ཚིག་ངན་སྨྲ་བར་མི་ཐུབ་པས་འགོག་པར་མ་བྱེད།

40 སུས་ཀྱང་ང་ཚོ་ལ་དགྲ་མི་བྱེད་པ་དེས་ངེད་ཀྱི་ཕྱོགས་བྱེད།

41 ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར།

མི་སུ་ཞིག་གིས་ཁྱེད་ཚོ་སྐྱབས་མགོན་མཱ་ཤི་ཀའི་ཡིན་པའི་ཕྱིར་ཁྱེད་ཚོ་ལ་ཆུ་ཕོར་པ་གང་སྟེར་ན།

མི་དེའི་བྱ་དགའ་ཅི་ནས་ཀྱང་བརླག་པར་མི་འགྱུར་”

ཞེས་གསུངས་སོ།།

སྡིག་ཉེས་འགོག་པའི་སྐོར།

42 དེ་ནས་ཡེ་ཤུས་

“མི་སུ་ཞིག་གིས་ང་ལ་དད་པ་བྱེད་པའི་བུ་ཕྲུག་འདི་ཚོ་ལས་གཅིག་སླུ་བར་བྱས་ན།

མི་དེའི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་ཞིག་བཏགས་ནས་རྒྱ་མཚོའི་ནང་དུ་དབྱུགས་ན་ལེགས་སོ།

43 དཔེར་ན།

གལ་ཏེ་ཁྱེད་ཀྱི་ལག་པས་ཁྱེད་སླུ་བར་བྱས་ན།

ལག་པ་དེ་ཆོད་ཅིག

ཁྱེད་རང་ལག་པ་གཉིས་དང་ལྡན་ཏེ་དམྱལ་བར་ཞི་བ་མེད་པའི་མེ་རུ་འཇུག་པ་ལས།

ལག་རྡུམ་དུ་གྱུར་ཡང་ཚེ་དཔག་ཏུ་མེད་པར་འཇུག་པ་དེ་ལེགས།

45 གལ་ཏེ་ཁྱེད་ཀྱི་རྐང་པས་ཁྱེད་ལ་སྡིག་ཉེས་བྱེད་དུ་བཅུག་ན།

རྐང་པ་དེ་ཆོད་ཅིག

རྐང་པ་གཉིས་དང་ལྡན་པར་དམྱལ་བའི་གནས་སུ་འཇུག་པ་ལས།

ཞ་བོར་གྱུར་ཡང་ཚེ་དཔག་ཏུ་མེད་པ་ཐོབ་པ་དེ་ལེགས།

47 གལ་ཏེ་ཁྱེད་ཀྱི་མིག་གིས་ཁྱེད་སླུ་བར་བྱས་ན།

མིག་དེ་བཏོན་ནས་དོར་ཅིག

ཁྱེད་རང་མིག་ཟུང་དང་ལྡན་པར་དམྱལ་བའི་གནས་སུ་འཇུག་པ་ལས།

མིག་ཡ་གཅིག་མེད་ནའང་དཀོན་མཆོག་གི་རྒྱལ་སྲིད་དུ་འགྲོ་བ་དེ་ལེགས།

48 དམྱལ་བའི་གནས་སུ་འབུ་ཡང་མི་འཆི་ལ་མེ་ཡང་མི་ཤིའོ།

49 གང་ལགས་ཟེར་ན།

མི་སུ་ཡིན་ཡང་མེ་ཡིས་ཚྭ་རྒྱག་པར་འགྱུར།

50 ཚྭ་ནི་ཡག་པོ་ཡིན་ཡང་ཚྭའི་བྲོ་བ་ཡལ་ན།

དེའི་བྲོ་བ་གང་གིས་གསོ་བར་བྱེད་དམ།

ཁྱེད་ཚོར་ཚྭའི་ཁྱད་ཆོས་ལྡན་སྟེ་ཕན་ཚུན་མཐུན་ནས་སྡོད་ཅིག་”

ཅེས་གསུངས་སོ།།

མར་ཀུ (10) – Mark (10)

1 དེ་ནས་ཡེ་ཤུ་ཡར་བཞེངས་ཏེ་ཡོར་དན་གཙང་པོའི་ཕར་ཕྱོགས་ཀྱི་ཡ་ཧུ་དཱ་ཡུལ་དུ་ཕེབས་པ་དང༌།

མི་ཚོགས་མང་པོ་ཡང་བསྐྱར་ཁོང་གི་དྲུང་དུ་འཛོམས་ཤིང༌།

ཁོང་རང་གི་ལུགས་སྲོལ་ལྟར་དེ་རྣམས་ལ་ཆོས་གསུངས།

2 ཕཱ་རུ་ཤི་པ་རྣམས་ཀྱིས་ཁོང་ལ་ཉམས་ཚོད་བྱེད་ཕྱིར་ཁོང་གི་དྲུང་དུ་ཡོང་སྟེ་

“དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་སྐྱེས་པས་རང་གི་བཟའ་ཟླ་བཞག་ཆོག་གམ་”

ཞེས་ཞུས།

3 ཁོང་གིས་

“ལུང་སྟོན་པ་མོ་ཤེ་ཡིས་ཁྱེད་རྣམས་ལ་བཀའ་གང་གནང་ཡོད་”

ཅེས་གསུངས་པས།

4 ཁོ་ཚོས་

“མོ་ཤེ་ཡིས་བཟའ་ཚང་ཁ་བྲལ་བའི་ཡི་གེ་བྲིས་ནས་བཞག་ཆོག་ཅེས་བཀའ་གནང་ངོ་”

ཞེས་ཞུས་པ་ལ།

5 ཡེ་ཤུས་

“ཁྱོད་ཚོའི་སེམས་མཁྲེགས་པོ་ཡིན་པས་མོ་ཤེ་ཡིས་བཀའ་འདི་ལྟར་གནང་བ་ཡིན་ཏེ།

6 འོན་ཀྱང་ཐོག་མ་འཇིག་རྟེན་འདི་བཀོད་དུས་ནས་དཀོན་མཆོག་གིས་མི་ཕོ་མོ་གཉིས་མཛད་པ་ཡིན།

7 དེའི་རྐྱེན་གྱིས་སྐྱེས་པས་རང་གི་ཕ་མ་བཞག་ནས་རང་གི་བཟའ་ཟླ་དང་མཉམ་དུ་འདུས་ཤིང༌།

8 ཁོ་གཉིས་ཤ་རུས་གཅིག་ཏུ་གྱུར་ནས་སོ་སོ་བ་མིན་ཏེ་གཅིག་རང་ཡིན།

9 དེའི་ཕྱིར་དཀོན་མཆོག་གིས་གང་སྦྲེལ་བར་མཛད་པ་དེ་མི་སུས་ཀྱང་ཕྲལ་བར་མི་རུང་”

ཞེས་གསུངས།

10 ཁང་པའི་ནང་དུ་ཉེ་གནས་རྣམས་ཀྱིས་ཁོང་ལ་སླར་ཡང་གསུང་དེའི་དོན་དྲིས་ནས།

11 ཁོང་གིས་

“སྐྱེས་པ་སུ་ཞིག་གིས་རང་གི་བཟའ་ཟླ་བཞག་ནས་བཟའ་ཟླ་གཞན་ཞིག་བླངས་ན་དེ་ནི་ལོག་གཡེམ་བྱས་པ་ཡིན་ལ་བཟའ་ཟླ་དང་པོར་ཉེས་པ་བསགས་པ་ཡང་ཡིན།

12 ཡང་བུད་མེད་ཅིག་གིས་རང་གི་སྐྱེས་པ་བཞག་ནས་སྐྱེས་པ་གཞན་དང་འགྲོགས་ན་དེའང་ལོག་གཡེམ་བྱས་པ་ཡིན་”

ཞེས་གསུངས།

བྱིས་པ་རྣམས་ལ་བྱིན་གྱིས་བརླབས་པ།

13 དེ་ནས་མི་འགའ་ཞིག་གིས་བྱིས་པ་རྣམས་ཁོང་གི་དྲུང་དུ་ཕྱག་གིས་རེག་པའི་ཕྱིར་ཁྲིད་ཡོང་སྟེ།

ཉེ་གནས་རྣམས་ཀྱིས་ཁོ་ཚོ་ལ་བཀའ་བཀྱོན་བཏང༌།

14 ཡེ་ཤུས་དེ་གཟིགས་ཏེ་ཐུགས་མ་མཉེས་པར་

“དཀོན་མཆོག་གི་རྒྱལ་སྲིད་ནི་འདི་ལྟ་བུ་རྣམས་ལ་གཏོགས་པ་ཡིན་པས།

བྱིས་པ་རྣམས་མ་འགོག་པར་ངའི་དྲུང་དུ་འོང་དུ་ཆུག་ཅིག

15 ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར།

སུ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་བྱིས་པའི་ཚུལ་དུ་མི་བླངས་ན།

དེའི་ནང་དུ་ཅི་ནས་ཀྱང་འགྲོ་མི་ཐུབ་བོ་”

ཞེས་གསུངས་ནས།

16 ཁོང་གིས་བྱིས་པ་དེ་རྣམས་སྐུ་པང་དུ་བསྣམས་ཤིང་ཕྱག་བཞག་སྟེ་བྱིན་གྱིས་བརླབས།

མི་ཕྱུག་པོ་ཞིག་ལ་ཆོས་གསུངས་པ།

17 དེ་ནས་ཡེ་ཤུ་ལམ་དུ་ཕེབས་པའི་སྐབས་སུ།

མི་ཞིག་རྒྱུགས་ཡོང་ནས་ཁོང་གི་དྲུང་དུ་པུས་མོ་སར་བཙུགས་ཏེ་

“སྟོན་པ་བཟང་པོ་ལགས།

དཔག་ཏུ་མེད་པའི་ཚེ་ཐོབ་ཕྱིར་ངས་གང་ཞིག་བྱ་དགོས་སམ་”

ཞེས་ཞུས།

18 འོན་ཀྱང་ཁོང་གིས་

“ཁྱེད་ཀྱིས་ང་ལ་ཅིའི་ཕྱིར་བཟང་པོ་ཟེར།

དཀོན་མཆོག་གཅིག་པུ་ལས་གཞན་བཟང་པོ་གཅིག་ཀྱང་མེད།

19 མིའི་སྲོག་མ་གཅོད།

ལོག་གཡེམ་མ་བྱེད།

རྐུ་མ་མ་རྐུས།

རྫུན་གྱི་དཔང་པོ་མ་བྱེད།

མགོ་སྐོར་མ་གཏོང༌།

རང་གི་ཕ་མར་བརྩི་བཀུར་བྱོས་ཤིག་ཅེས་གསུངས་པའི་བཀའ་ཁྲིམས་འདི་ཚོ་ཁྱེད་ཀྱིས་ཤེས་”

ཞེས་གསུངས།

20 ཡང་མི་དེས་

“སྟོན་པ་ལགས།

ངས་ཆུང་དུས་ནས་བཀའ་འདི་ཐམས་ཅད་བསྲུངས་པ་ཡིན་”

ཞེས་ཞུས།

21 ཡེ་ཤུས་ཁོ་ལ་གཟིགས་ནས་བྱམས་པར་མཛད་ཅིང་

“ཁྱོད་ལ་ད་དུང་དོན་གཅིག་མི་ཚང་བས།

ཁྱོད་སོང་ནས་རང་ལ་ཡོད་པ་ཐམས་ཅད་བཙོང་སྟེ་དབུལ་པོ་རྣམས་ལ་བྱིན་ཅིག

དེ་ནས་ཁྱོད་ལ་དཀོན་མཆོག་གི་ཞིང་ཁམས་ནས་ནོར་ཐོབ་པར་འགྱུར་བ་དང༌།

ཤོག

ངའི་རྗེས་སུ་འབྲོངས་”

ཞེས་གསུངས་པ་ལ།

22 མི་དེར་རྒྱུ་ནོར་མང་པོ་ཡོད་པས་གསུང་དེ་ཐོས་ནས་ངོ་མདོག་འགྱུར་ཞིང་སེམས་པ་སྐྱོ་པོར་གྱུར་ཏེ་ཕྱིར་སོང༌།

23 དེ་ནས་ཡེ་ཤུས་འཁོར་ལ་གཟིགས་ཤིང་ཉེ་གནས་རྣམས་ལ་

“ཕྱུག་པོ་རྣམས་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་འགྲོ་བ་ཤིན་ཏུ་དཀའོ་”

ཞེས་གསུངས་པས།

24 ཁོང་གི་གསུང་དེར་ཉེ་གནས་ཧ་ལས་སོ།

འོན་ཀྱང་ཡེ་ཤུས་སླར་ཡང་དེ་རྣམས་ལ་

“བུ་ཚོ།

དཀོན་མཆོག་གི་རྒྱལ་སྲིད་དུ་འགྲོ་བ་ནི་ཤིན་ཏུ་དཀའོ།

25 མི་ཕྱུག་པོ་ཞིག་དཀོན་མཆོག་གི་རྒྱལ་སྲིད་ནང་ལ་འགྲོ་བ་ལས་རྔ་མོང་ཞིག་ཁབ་མིག་བརྒྱུད་ནས་འགྲོ་བ་སླའོ་”

ཞེས་གསུངས་པ་དང༌།

26 ཉེ་གནས་རྣམས་དེ་བས་ཧང་སང་ཞིང་ཁོང་ལ་

“འོ་ན་སུ་ཞིག་ལ་ཐར་བ་ཐོབ་ཐུབ་བམ་”

ཞེས་ཞུས།

27 ཡེ་ཤུས་ཁོ་རྣམས་ལ་གཟིགས་ཏེ་

“དེ་ནི་མི་ལ་མི་སྲིད་ཀྱང་དཀོན་མཆོག་ལ་སྲིད་དོ།

དཀོན་མཆོག་ལ་ཐམས་ཅད་འགྲུབ་པར་སྲིད་དོ་”

ཞེས་གསུངས།

28 དེ་ནས་པེ་ཏྲོས་

“གཟིགས་དང༌།

ང་ཚོས་ཐམས་ཅད་དོར་ནས་ཁྱེད་ཀྱི་རྗེས་སུ་འབྲངས་པ་ཡིན་”

ཞེས་ཞུས་པ་ལ།

29 ཡེ་ཤུས་

“ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར།

མི་སུ་ཞིག་གིས་ང་དང་འཕྲིན་བཟང་གི་དོན་དུ་རང་གི་ཁྱིམ་ཚང་ངམ།

སྤུན་ནམ།

སྲིང་མོ་འམ།

ཕ་མའམ།

བུ་ཕྲུག་གམ།

ས་ཞིང་བཅས་བཞག་ན།

30 མི་དེ་ལ་ཚེ་འདིར་ཁྱིམ་ཚང་དང༌།

སྤུན།

སྲིང་མོ།

མ།

བུ་ཕྲུག

ས་ཞིང་སོགས་ལྡབ་བརྒྱ་འགྱུར་ཐོབ་པར་མ་ཟད་འཚེ་བ་ཡང་ཡོང་ཞིང༌།

མ་འོངས་པར་དཔག་ཏུ་མེད་པའི་ཚེ་འཐོབ་པར་ངེས།

31 འོན་ཀྱང་དང་པོ་ཡིན་པའི་མི་མང་པོ་མཐའ་མར་འགྱུར་ཞིང་མཐའ་མ་ཡིན་པ་མང་པོའང་དང་པོར་འགྱུར་འོང་”

ཞེས་གསུངས་སོ།།

སྟོན་པ་ཡེ་ཤུས་སླར་ཡང་དགྲོང་རྒྱུ་ཡིན་པའི་སྐོར་ལུང་བསྟན་གནང་བ།

32 དེ་ནས་ཁོང་རྣམས་ཡེ་རུ་ཤ་ལེམ་ལ་ཕེབས་པའི་ལམ་དུ།

ཡེ་ཤུ་ཁོ་རྣམས་ཀྱི་སྔོན་ལ་ཕེབས་ཤིང་ཉེ་གནས་རྣམས་ཡ་མཚན་སྐྱེས་པ་དང་རྗེས་སུ་འབྲང་མཁན་རྣམས་འཇིགས།

ཁོང་གིས་ཡང་བསྐྱར་ཉེ་གནས་བཅུ་གཉིས་པོ་ཟུར་ལ་ཁྲིད་དེ།

རང་ལ་གང་འབྱུང་རྒྱུ་ཡིན་པའི་གནས་ཚུལ་རྣམས་གསུངས་པ་འདི་ལྟར་ཏེ་

33 “ལྟོས་དང༌།

ང་ཚོ་ད་ལྟ་ཡེ་རུ་ཤ་ལེམ་གྲོང་ཁྱེར་དུ་འགྲོ་བཞིན་ཡོད།

མིའི་རིགས་ཀྱི་བུ་ནི་ཡ་ཧུ་དཱ་པའི་བླ་ཆེན་དང་ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱི་དབང་དུ་བཏང་ནས།

ཁོ་ཚོས་ཁོ་རང་གསོད་དགོས་པའི་ཁྲིམས་ཐག་བཅད་ནས་ཡ་ཧུ་དཱ་པ་མིན་པ་རྣམས་ལ་གཏད་ཡོང༌།

34 ཁོ་ཚོས་ཁོ་རང་ལ་འཕྱ་དམོད་བྱེད་པ་དང༌།

མཆིལ་མ་གཏོར་བ་དང་རྟ་ལྕག་གིས་བརྡུངས་ནས་གསོད་པར་འགྱུར།

དེ་ནས་ཉིན་ཞག་གསུམ་སོང་ནས་སླར་ཡང་གསོན་པོར་ལང་ངེས་ཡིན་”

ཞེས་གསུངས།

ཡ་ཀོབ་དང་ཡོ་ཧ་ནན་གྱི་ཞུ་བ།

35 དེ་ནས་ཟེ་བད་ཡཱ་ཞེས་པ་དེའི་བུ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཡེ་ཤུའི་དྲུང་དུ་ཡོང་སྟེ་

“སྟོན་པ་ལགས།

ངེད་གཉིས་ཀྱིས་ཁྱེད་ལ་གང་ཞུས་པ་དེ་གནང་བར་ཞུ་”

ཞེས་ཞུས་པ་ལ།

36 ཁོང་གིས་

“ངས་ཁྱོད་ཚོའི་དོན་དུ་ཅི་བྱེད་དགོས་སམ་”

ཞེས་གསུངས།

37 ཡང་དེ་གཉིས་ཀྱིས་

“ཁྱེད་ཀྱི་གཟི་བརྗིད་ཀྱི་ཁྲོད་དུ་ངེད་གཉིས་ལས་གཅིག་ཁྱེད་ཀྱི་གཡས་ཕྱོགས་དང་གཅིག་གཡོན་ཕྱོགས་སུ་སྡོད་དུ་འཇུག་པར་མཛོད་”

ཅེས་ཞུས།

38 ཡེ་ཤུས་

“ཁྱེད་གཉིས་ཀྱིས་གང་ཞུ་བའི་དོན་མི་ཤེས་ཏེ།

ངས་འཐུང་དགོས་པའི་སྡུག་བསྔལ་གྱི་ཕོར་པ་དེ་ལས་འཐུང་ཐུབ་བམ།

ངས་ལེན་དགོས་པའི་ཁྲུས་གསོལ་ལེན་ཐུབ་བམ་”

ཞེས་གསུངས་པ་ན།

39 དེ་གཉིས་ཀྱིས་ཁོང་ལ་

“ཐུབ་བོ་”

ཞེས་ཞུས།

ཡེ་ཤུས་

“ངས་འཐུང་བའི་ཕོར་པ་དེ་ཁྱེད་གཉིས་ཀྱིས་འཐུང་ཡོང༌།

ངས་ལེན་པའི་ཁྲུས་གསོལ་ཡང་ལེན་ཡོང༌།

40 འོན་ཀྱང་ངའི་གཡས་གཡོན་ལ་སྡོད་དུ་འཇུག་པའི་དབང་ཆ་དེ་ང་ལ་མེད།

མི་སུ་ལ་བཤམས་པ་ཡིན་པ་དེ་ལ་འཐོབ་བོ་”

ཞེས་གསུངས།

41 ཉེ་གནས་བཅུ་པོས་གཏམ་དེ་ཐོས་དུས་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ལ་ཁོང་ཁྲོ་སྐྱེས།

42 ཡེ་ཤུས་ཁོ་ཚོ་རང་གི་དྲུང་དུ་བོས་ཏེ་

“ཁྱེད་ཚོས་ཤེས་པ་ལྟར།

ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ནང་ནས་དཔོན་པོའི་རིགས་སུ་གྱུར་བ་རྣམས་ཀྱིས་ཁོ་ཚོར་དབང་བྱེད་ཅིང༌།

མི་ཆེན་པོ་རྣམས་ཀྱིས་ཁོ་ཚོར་དབང་བསྒྱུར།

43 འོན་ཀྱང་ཁྱེད་ཚོའི་ནང་དུ་དེ་ལྟར་མ་ཡིན།

ཁྱེད་ཚོ་ལས་སུ་ཞིག་ཆེན་པོར་འགྱུར་འདོད་པ་དེ་ཁྱེད་ཚོའི་གཡོག་པོར་འགྱུར་དགོས་ཤིང༌།

44 ཁྱེད་ཚོ་ལས་སུ་ཞིག་དང་པོར་འགྱུར་འདོད་པ་དེ་མི་ཀུན་གྱི་བྲན་གཡོག་ཏུ་འགྱུར་དགོས།

45 གང་ལགས་ཟེར་ན།

མིའི་རིགས་ཀྱི་བུ་ཡང་གཞན་གྱིས་རང་ལ་གཡོག་བྱེད་པའི་ཕྱིར་ཡོང་བ་མ་ཡིན་པར།

གཞན་ལ་གཡོག་བྱེད་པ་དང་རང་སྲོག་ཕུལ་ནས་མི་མང་པོ་ལ་ཐར་པ་ཐོབ་པའི་ཕྱིར་ཡོང་བ་ཡིན་”

ཞེས་གསུངས།

པར་ཐི་མེ་ཟི་ཞེས་པའི་མིག་ལོང་བའི་སྐོར།

46 དེ་ནས་ཡེ་རུ་ཀོ་གྲོང་ཁྱེར་དུ་ཕེབས་ཤིང༌།

ཁོང་ཉེ་གནས་དང་མི་ཚོགས་མང་པོ་མཉམ་དུ་ཡེ་རུ་ཀོ་ནས་ཐོན་པའི་སྐབས་སུ།

ཐི་མེ་ཟིའི་བུ་མིང་ལ་པར་ཐི་མེ་ཟི་ཞེས་པའི་སྤྲང་པོ་ལོང་བ་ཞིག་ལམ་ཁར་བསྡད་ཡོད།

47 སྤྲང་པོ་དེས་ན་ཙ་རེལ་པ་ཡེ་ཤུ་ཕེབས་པའི་གཏམ་ཐོས་ནས་སྐད་ཆེན་པོས་

“ཀྱེ།

ཡེ་ཤུ་དཱ་བིད་ཀྱི་སྲས།

ང་ལ་ཐུགས་རྗེས་གཟིགས་དང་”

ཞེས་ཞུས།

48 མི་མང་པོས་ཁོ་ལ་ཁ་རོག་སྡོད་ཅེས་ནན་གྱིས་བསྐུལ་ནའང༌།

ཁོས་དེ་བས་སྐད་ཆེན་པོས་

“ཀྱེ།

དཱ་བིད་ཀྱི་སྲས་ཁྱེད་ཀྱིས་ང་ལ་ཐུགས་རྗེས་གཟིགས་རོགས་”

ཞེས་ཞུས།

49 དེ་ནས་ཡེ་ཤུས་ཕེབས་མཚམས་བཞག་སྟེ་

“ལོང་བ་དེ་ཚུར་ལ་བོས་ཤིག་”

ཅེས་གསུངས་པ་དང༌།

ཁོ་ཚོས་ལོང་བ་དེ་སྐད་བཏང་ཞིང་དེ་ལ་

“བློ་བདེ་བར་གྱིས།

ཁོང་གིས་ཁྱོད་ལ་ཚུར་ཤོག་ཅེས་གསུངས།

ཡར་ལོངས་”

ཞེས་བཤད།

50 ཁོས་རང་གི་སྟོད་གོས་བསྐྱུར་ནས་མགྱོགས་པོར་ཡར་ལངས་ཏེ་ཁོང་གི་སྐུ་མདུན་དུ་ཡོང༌།

51 ཡེ་ཤུས་

“ངས་ཁྱེད་ལ་གང་བྱེད་དགོས་སམ་”

ཞེས་གསུངས་པ་དང༌།

མི་ལོང་བ་དེས་

“སློབ་དཔོན་ལགས།

ངའི་མིག་གིས་མཐོང་ནུས་པར་མཛོད་”

ཅེས་ཞུས་པ་ན།

52 ཡེ་ཤུས་

“ད་ལྟ་ཁྱེད་རང་སོང་དང༌།

ཁྱེད་ཀྱི་དད་པས་གསོས་ཟིན་ནོ་”

ཞེས་གསུངས་མ་ཐག་ཁོའི་མིག་གིས་མཐོང་བར་གྱུར་བས།

ཁོ་རང་ལམ་བར་ནས་ཡེ་ཤུའི་རྗེས་སུ་འབྲངས་སོ།།

མར་ཀུ (11) – Mark (11)

1 ཁོང་རྣམས་ཡེ་རུ་ཤ་ལེམ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་ཕེབས་སྐབས།

སྐྱུར་རུ་ཤིང་གི་རིའི་ངོས་སུ་ཡོད་པའི་གྲོང་སྡེ་པེ་ཕ་གེ་དང་པེ་ཐན་ཡཱ་ས་ཆ་དེར་ཡེ་ཤུས་ཉེ་གནས་གཉིས་མངགས་ཏེ།

2 ཁོ་ཚོར་

“ཁྱེད་ཚོ་མདུན་ལ་ཡོད་པའི་གྲོང་སྡེ་དེ་ལ་སོང་དང༌།

དེར་སླེབས་མ་ཐག་དུ་མི་སུས་ཀྱང་བཞོན་མ་མྱོང་བའི་བོང་གསར་ཞིག་བཏགས་ཡོད་པ་མཐོང་བར་འགྱུར།

དེ་བཀྲོལ་ནས་འདིར་ཁྲིད་ཤོག

3 གལ་སྲིད་མི་གཞན་གྱིས་ཁྱེད་གཉིས་ལ་ཅིའི་ཕྱིར་དེ་ལྟར་བྱེད་པ་ཡིན་ནམ་ཞེས་དྲིས་ན།

ཁྱེད་ཀྱིས་འདི་ང་ཚོའི་གཙོ་བོ་ལ་མཁོ་བ་ཡིན་ཞེས་སྨྲོས་དང༌།

ཁོང་གིས་འཁྱུག་ཙམ་ནས་ལོག་གཏོང་ངོ་”

ཞེས་གསུངས།

4 ཁོ་ཚོ་སོང་ནས་སྒོའི་ཕྱི་རོལ་གྱི་སྲང་ལམ་དུ་བོང་གསར་ཞིག་བཏགས་འདུག་པ་མཐོང་སྟེ་བཀྲོལ་བ་དང༌།

5 དེར་ཡོད་པའི་མི་རྣམས་ལས་འགའ་ཞིག་གིས་ཁོ་ཚོ་ལ་

“ཅིའི་ཕྱིར་བོང་གསར་དེ་བཀྲོལ་བ་ཡིན་ནམ་”

ཞེས་དྲིས་པ་ན།

6 ཁོ་ཚོས་ཡེ་ཤུའི་བཀའ་ལྟར་ལན་བཏབ་པས།

མི་དེ་རྣམས་ཀྱིས་ཁོ་གཉིས་བཏང༌།

7 བོང་གསར་ཁྲིད་ནས་ཡེ་ཤུའི་དྲུང་དུ་སླེབས་རྗེས་ཁོ་གཉིས་ཀྱིས་རང་གི་གོས་བོང་གསར་གྱི་རྒྱབ་ཏུ་བཏིང་པ་དང་ཁོང་དེ་ལ་བཅིབས།

8 མི་མང་པོས་རང་གི་གྱོན་པ་ལམ་ལ་བཏིང་ཞིང༌།

གཞན་རྣམས་ཀྱིས་ཞིང་ནང་དུ་ཡོད་པའི་སྡོང་པོའི་སྟེང་ནས་ལོ་མ་མང་བའི་ཡལ་ག་བཅད་དེ་ལམ་དུ་བཀྲམ།

9 ཁོང་གི་སྔོན་ནས་འགྲོ་བ་དང་རྗེས་སུ་འབྲངས་པའི་མི་རྣམས་ཀྱིས་སྐད་ཆེན་པོས་

“ཧོ་ཟན་ནཱ།

གཙོ་བོའི་མཚན་གྱི་ཐོག་ནས་བྱོན་པ་འདི་ལ་བྱིན་རླབས་ཡོང་བར་ཤོག

10 ང་ཚོའི་མེས་པོ་དཱ་བིད་ཀྱི་རྒྱལ་སྲིད་བྱོན་པ་འདི་ལ་བྱིན་རླབས་ཡོང་བར་ཤོག

ཤིན་ཏུ་མཐོ་ཞིང་བླ་ན་མེད་པའི་གནས་སུ་བཞུགས་པའི་དཀོན་མཆོག་ལ་ཧོ་ཟན་ནཱ་”

ཞེས་འབོད་སྒྲ་བསྒྲགས།

11 དེ་ནས་ཁོང་ཡེ་རུ་ཤ་ལེམ་ནང་ཕེབས་ཏེ།

ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོར་བྱོན་ནས་རིམ་གྱིས་མཐའ་འཁོར་ལ་གཟིགས་ཤིང༌།

མཚན་མོའི་དུས་སུ་སླེབས་པས་ཉེ་གནས་བཅུ་གཉིས་པོ་དང་མཉམ་དུ་པེ་ཐན་ཡཱ་ཞེས་པའི་གྲོང་སྡེར་ཕེབས།

འབྲས་བུ་མེད་པའི་ཤིང་སྡོང༌།

12 དེའི་ཕྱི་ཉིན་ཁོང་རྣམས་པེ་ཐན་ཡཱ་གྲོང་སྡེ་ནས་ཕར་ཕེབས་ཏེ་ཡེ་ཤུ་བཀྲེས་པར་འགྱུར་ཞིང༌།

13 རྒྱང་རིང་ནས་ལོ་མ་དང་ལྡན་པའི་བསེ་ཡབ་ཤིང་སྡོང་ཞིག་ཡོད་པ་གཟིགས་ཏེ།

ཤིང་འབྲས་ཡོད་སྲིད་དགོངས་ནས་དེའི་རྩ་ལ་ཕེབས་པ་དང༌།

བསེ་ཡབ་ཤིང་ལ་འབྲས་བུ་སྨིན་མ་རན་པས་ལོ་མ་ལས་གཞན་ཅི་ཡང་མེད་པ་གཟིགས།

14 ཡེ་ཤུས་ཤིང་ལ་གཟིགས་ཏེ་

“དུས་ད་ལྟ་ནས་བཟུང་ཁྱོད་ཀྱི་འབྲས་བུ་མི་སུས་ཀྱང་ཟ་རྒྱུ་མེད་པར་གྱུར་ཅིག་”

ཅེས་གསུངས་པ་ཉེ་གནས་རྣམས་ཀྱིས་ཐོས།

ཚོང་མཁན་རྣམས་མཆོད་ཁང་ཆེན་མོ་ནས་བསྐྲད་པ།

15 དེ་ནས་ཁོང་རྣམས་ཡེ་རུ་ཤ་ལེམ་གྲོང་ཁྱེར་དུ་ཕེབས་པ་དང་ཁོང་ཉིད་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་ཁྱམས་རར་བྱོན་ཏེ།

དེར་ཡོད་པའི་ཉོ་ཚོང་མཁན་ཐམས་ཅད་ཕྱི་ལ་བཏོན་པ་དང༌།

དངུལ་རྗེ་མཁན་གྱི་ཅོག་ཙེ་དང་ཕུག་རོན་ཚོང་མཁན་གྱི་འདུག་སྟེགས་ཀྱང་སར་བསྒྱེལ།

16 མི་སུ་ལའང་མཆོད་ཁང་ཆེན་མོའི་ཁྱམས་ར་བརྒྱུད་ནས་ཚོང་ཟོག་ཅིག་ཀྱང་འཁྱེར་དུ་མ་བཅུག

17 སྐབས་དེར་ཁོང་གིས་མི་རྣམས་ལ་

“དཀོན་མཆོག་གི་གསུང་རབ་ལས།

ངའི་གནས་ཁང་ལ་མི་རིགས་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་འདེབས་པའི་གནས་ཁང་ཟེར་བར་འགྱུར་ཞེས་གསུངས་ཡོད་པ་མིན་ནམ།

འོན་ཀྱང་ཁྱོད་ཚོས་ཇག་ཚང་ལྟ་བུ་ཞིག་ཏུ་བསྒྱུར་འདུག་”

ཅེས་གསུངས་པ་ན།

18 དེར་ཡོད་པའི་ཡ་ཧུ་དཱ་པའི་བླ་ཆེན་རྣམས་དང་ཆོས་ལ་མཁས་པའི་མི་རྣམས་ཀྱིས་གཏམ་དེ་ཐོས་ནས་ཡེ་ཤུ་ཁོང་ཇི་ལྟར་བྱས་ནས་གསོད་པའི་ཐབས་བཙལ།

གང་ལགས་ཟེར་ན།

ཁོང་ལ་འཇིགས་ཏེ།

མི་ཚོགས་ཐམས་ཅད་ཁོང་གི་ཆོས་གསུངས་པ་ལ་ངོ་མཚར་སྐྱེས་པས་སོ།

19 དེ་ནས་མཚན་མོ་ཟིན་དུས་ཡེ་ཤུ་ཉེ་གནས་དང་མཉམ་དུ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཕེབས།

དད་པའི་ནུས་མཐུ་ཡི་སྐོར།

20 དེ་ཡང་ཞོགས་པའི་དུས་སུ་ཁོང་རྣམས་ཕར་བྱོན་སྐབས་བསེ་ཡབ་ཤིང་དེ་རྩ་བ་ནས་བསྐམས་ཟིན་པ་མཐོང་ཞིང༌།

21 པེ་ཏྲོ་ཡིས་ཡེ་ཤུའི་གསུང་དེ་དྲན་ནས་

“རབ་བི་གཟིགས་དང༌།

ཁྱེད་ཀྱིས་དམོད་པ་གནང་བའི་བསེ་ཡབ་ཤིང་བསྐམས་འདུག་”

ཅེས་ཞུས་པ་ལ།

22 ཡེ་ཤུས་ཁོ་ཚོ་ལ་

“དཀོན་མཆོག་ལ་དད་པ་བྱོས་ཤིག

23 ངས་ཁྱོད་རྣམས་ལ་བདེན་པར་ཟེར་རྒྱུར།

མི་སུ་ཞིག་གིས་རི་འདི་ལ་ད་ཁྱོད་ཕར་སོང་ལ་རྒྱ་མཚོར་ལྷུང་བར་གྱུར་ཅིག་ཞེས་སྨྲས་ན།

སྨྲས་པ་བཞིན་དུ་འགྲུབ་པར་འགྱུར་ཞེས་སེམས་སུ་ཐེ་ཚོམ་མེད་པར་དད་པ་བྱས་ན།

མི་དེའི་དོན་འགྲུབ་པར་འགྱུར་རོ།

24 དེ་བས་ངས་ཁྱེད་རྣམས་ལ་ཟེར་རྒྱུར།

ཁྱེད་ཚོས་སྨོན་ལམ་གང་ཡང་འདེབས་པ་དེ་འཐོབ་ཟིན་པར་དད་པ་བྱོས་དང་འཐོབ་པར་འགྱུར་རོ།

25 ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་དཀོན་མཆོག་གིས་ཁྱེད་ཀྱི་སྡིག་ཉེས་རྣམས་སེལ་བར་འགྱུར་བའི་ཕྱིར།

ཁྱེད་ཚོ་ལངས་ནས་སྨོན་ལམ་འདེབས་སྐབས།

མི་གཞན་དང་འཁོན་འཛིན་ཡོད་ན་འཁོན་དུ་བཟུང་བར་མི་བྱའོ་”

ཞེས་གསུངས།

སྟོན་པ་ཡེ་ཤུ་དབང་དང་ལྡན་པའི་སྐོར།

27 དེ་ནས་ཡང་བསྐྱར་ཁོང་རྣམས་ཡེ་རུ་ཤ་ལེམ་གྲོང་ཁྱེར་དུ་སླེབས་ནས་ཡེ་ཤུ་མཆོད་ཁང་ཆེན་མོའི་ཁྱམས་རར་ཕེབས་པ་ན།

ཡ་ཧུ་དཱ་པའི་བླ་ཆེན་དང༌།

ཆོས་ཁྲིམས་ལ་མཁས་པའི་མི།

རྒན་པོ་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་

28 “ཁྱེད་ཀྱིས་དབང་ཆ་གང་གི་སྒོ་ནས་དོན་འདི་ཚོ་མཛད།

ཡང་ན་སུ་ཞིག་གིས་ཁྱེད་ལ་དོན་འདི་རྣམས་མཛད་པའི་དབང་ཆ་སྤྲད་པ་ཡིན་ནམ་”

ཞེས་ཞུས་པ་ལ།

29 ཡེ་ཤུས་

“ངས་ཀྱང་ཁྱེད་རྣམས་ལ་དྲི་བ་གཅིག་འདྲི་རྒྱུ་ཡིན།

དེའི་ལན་ཐོབ་ཅིག

དེ་ནས་ངས་དོན་འདི་རྣམས་དབང་ཅི་ལྟ་བུས་མཛད་པའང་ཁྱེད་རྣམས་ལ་ཤོད་རྒྱུ་ཡིན།

30 ཡོ་ཧ་ནན་གྱིས་ཁྲུས་གསོལ་མཛད་པ་དེ་དཀོན་མཆོག་ནས་བྱུང་ངམ།

མི་ནས་བྱུང༌།

ང་ལ་ལན་ཐོབ་ཅིག་”

ཅེས་གསུངས་པས།

31 མི་དེ་ཚོས་ཕན་ཚུན་གཏམ་གླེང་བྱས་ཤིང་

“གལ་ཏེ་དཀོན་མཆོག་ནས་བྱུང་ཞེས་བཤད་ན།

ཁོང་གིས་འོ་ན་ཁྱེད་རྣམས་ཀྱིས་ཅིའི་ཕྱིར་ཁོང་ལ་དད་པ་མ་བྱས་སམ་ཞེས་གསུང་ངེས་ལ།

32 ཡང་མི་ལས་བྱུང་ཞེས་བཤད་ན༌༌༌༌”

མི་ཐམས་ཅད་ཀྱིས་ཡོ་ཧ་ནན་ལུང་སྟོན་མཁན་བདེན་པར་བརྩིས་པའི་རྐྱེན་གྱིས་མི་རྣམས་ལ་འཇིགས་པས།

33 ཁོ་རྣམས་ཀྱིས་

“ང་ཚོས་མི་ཤེས་”

ཞེས་ལན་བཏབ་པས།

ཡེ་ཤུས་

“དེས་ན་ངས་ཀྱང་དོན་འདི་རྣམས་དབང་ཆ་གང་གིས་འདི་རྣམས་བྱེད་པ་མི་ཤོད་དོ་”

ཞེས་གསུངས་སོ།།

མར་ཀུ (12) – Mark (12)

1 དེ་ནས་ཡེ་ཤུས་དཔེའི་སྒོ་ནས་ཁོ་ཚོར་ཆོས་བསྟན་ཏེ་

“མི་ཞིག་གིས་རྒུན་འབྲུམ་གྱི་ལྡུམ་ར་ཞིག་བཟོས་ཤིང༌།

ཕྱོགས་བཞིར་ར་བས་བསྐོར་བ་དང༌།

རྒུན་ཆང་འཚིར་བྱེད་ཀྱི་ཆང་གཞོང་ཞིག་བརྐོས་ནས་ཐོག་ཁང་ཞིག་ཀྱང་བཟོས་རྗེས།

ལྡུམ་རའི་ལས་མཁན་རྣམས་ལ་བོགས་མར་བཏང་ནས་ཡུལ་གཞན་དུ་སོང༌།

2 དེ་ནས་དུས་རན་པས་ཁོང་གིས་ལྡུམ་རའི་ལས་མཁན་རྣམས་ནས་ལྡུམ་རའི་འབྲས་བུ་ནས་ཁོང་གི་རྒུན་འབྲུམ་གྱི་སྐལ་བ་ལེན་པའི་ཕྱིར་གཡོག་པོ་ཞིག་བཏང་བས།

3 དེ་རྣམས་ཀྱིས་གཡོག་པོ་དེ་བཟུང་ནས་བརྡུངས་རྗེས་ལག་ཟུང་སྟོང་བར་ཕྱིར་བཏང༌།

4 ཡང་ཁོང་གིས་གཡོག་པོ་གཞན་ཞིག་བཏང་བས།

དེ་ཚོས་གཡོག་པོ་དེའི་མགོར་རྨ་བཟོས་ནས་དམའ་འབེབས་བཏང༌།

5 ཡང་ཁོང་གིས་གཡོག་པོ་གཞན་ཞིག་མངགས་པའང་དེ་རྣམས་ཀྱིས་བསད།

དེ་ནས་ཁོང་གིས་གཡོག་པོ་གཞན་མང་པོ་ཞིག་བཏང་བ་ན།

དེ་རྣམས་ཀྱིས་གཡོག་པོ་ལ་ལ་བརྡུངས་ཤིང་ལ་ལ་བསད།

6 ཁོང་ལ་ད་དུང་གཅེས་པའི་བུ་ཞིག་ཡོད་དེ།

མཇུག་མཐར་ཁོང་གིས་བུ་ཡང་དེ་རྣམས་ཀྱི་རྩ་ལ་བཏང་ཞིང༌།

ཁོ་ཚོས་ངའི་བུ་ལ་བརྩི་བཀུར་བྱེད་པར་འགྱུར་ཞེས་གསུངས།

7 འོན་ཀྱང་ལྡུམ་རའི་ལས་མཁན་དེ་ཚོས་ཕན་ཚུན་ལ་མི་འདི་ནི་ཕ་ཤུལ་འཛིན་མཁན་ཡིན་པས།

ད་ཁོ་རང་བསད་ན་རྒྱུ་ནོར་དེ་ང་ཚོ་ལ་ཐོབ་ཡོང་ཞེས་སྨྲས་ཏེ།

8 ཁོ་རང་བཟུང་ཞིང་བསད་ནས་རྒུན་འབྲུམ་གྱི་ལྡུམ་རའི་ཕྱི་རོལ་ཏུ་འཕངས།

9 ད་རྒུན་འབྲུམ་གྱི་ལྡུམ་རའི་བདག་པོས་གང་བྱེད་ཡོང༌།

ཁོང་ཕེབས་ནས་ལྡུམ་རའི་ལས་མཁན་རྣམས་མེད་པར་བཟོས་ཏེ་རྒུན་འབྲུམ་གྱི་ལྡུམ་ར་མི་གཞན་ལ་སྤྲོད་པར་བྱེད།

10 དེ་ཡང་དཀོན་མཆོག་གི་གསུང་རབ་ལས།

བཟོ་བོ་རྣམས་ཀྱིས་དོར་བའི་རྡོ།།

ཁང་པའི་རྨང་རྡོར་གྱུར་བ་འདི།།

11 གཙོ་བོ་ཉིད་ཀྱིས་མཛད་པ་ཡིན།།

ངེད་ཅག་མིག་ལ་ངོ་མཚར་ཆེ།།

ཞེས་གསུངས་ཡོད་པ་ཁྱེད་རྣམས་ཀྱིས་བཀླགས་མ་མྱོང་ངམ་”

ཞེས་གསུངས་པ་དང༌།

12 ཁོ་ཚོས་དཔེ་དེ་ཁོ་ཚོའི་སྐོར་ལ་གསུངས་པ་ཤེས་ཏེ་ཡེ་ཤུ་འཛིན་པར་བསམས་ཀྱང༌།

མི་ཚོགས་ལ་འཇིགས་ཏེ་ཁོང་དང་ཁ་བྲལ་ནས་སོང་ངོ༌།།

དཔྱ་ཁྲལ་འཇལ་བའི་སྐོར།

13 ཡང་མི་དེ་ཚོས་ཡེ་ཤུ་ལ་ཁྲིམས་དང་འགལ་བའི་གཏམ་བཤད་གནང་དུ་འཇུག་ཆེད་ཕཱ་རུ་ཤི་པ་དང༌།

ཧེ་རོ་དཱེའི་ཕྱོགས་ཁག་གི་མི་འགའ་ཞིག་ཁོང་གི་དྲུང་དུ་བཏང༌།

14 ཁོ་ཚོ་ཡོང་ནས་ཁོང་ལ་

“སྟོན་པ་ལགས།

ཁྱེད་ནི་རང་གཤིས་དྲང་ཞིང་ཁྱེད་ཀྱིས་མིའི་ཕྱིའི་རྣམ་པར་མི་གཟིགས་ཤིང་མི་ཀུན་ལ་ཕྱོགས་རིས་མེད་པར་དཀོན་མཆོག་གི་ལམ་ཡང་དག་པར་བདེན་པར་སྟོན་པ་ངེད་ཀྱིས་ཤེས།

དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་ད་ལྟ་ང་ཚོས་རྒྱལ་པོར་ཁྲལ་འཇལ་རུང་ངམ་མི་རུང༌།

15 འཇལ་ལམ་མི་འཇལ་”

ཞེས་དྲིས།

ཁོང་གིས་དེ་རྣམས་ཀྱི་གཡོ་སྒྱུ་མཁྱེན་ཏེ་

“ཁྱོད་ཚོས་ང་ལ་ཉམས་ཚོད་ལེན་པའི་རྒྱུ་མཚན་ཅིའམ།

དེ་ཎ་རིའི་དངུལ་ཊམ་ཀ་གཅིག་འདི་རུ་ཁྱེར་ཤོག་དང་བལྟའོ་”

ཞེས་གསུངས་པ་དང༌།

16 ཁོ་ཚོས་གཅིག་ཁྱེར་ཡོང་ཞིང༌།

ཁོང་གིས་དེ་རྣམས་ལ་

“རི་མོ་དང་ཡི་གེ་འདི་སུའི་ཡིན་ནམ་”

ཞེས་དྲིས་པ་ན།

ཁོ་ཚོས་

“སེ་སར་རྒྱལ་པོའི་ཡིན་”

ཞེས་སྨྲས།

17 ཡང་ཡེ་ཤུས་

“གང་ཞིག་སེ་སར་རྒྱལ་པོའི་ཡིན་པ་དེ་རྒྱལ་པོ་ལ་འཇལ་ཞིང༌།

གང་ཞིག་དཀོན་མཆོག་གི་ཡིན་པ་དེ་དཀོན་མཆོག་ལ་ཕུལ་”

ཞེས་གསུངས་པས་ཁོ་ཚོ་ཁོང་ལ་ངོ་མཚར་ཆེ་བར་གྱུར།

འཆི་བ་ནས་སླར་གསོན་པའི་སྐོར།

18 དེ་ནས་ཡང་གཤིན་པོ་རྣམས་ལ་སླར་གསོན་པ་མེད་ཅེས་ཟེར་མཁན་སཱ་ཅུ་སེ་པ་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་

19 “སྟོན་པ་ལགས།

ལུང་སྟོན་པ་མོ་ཤེའི་མདོ་ལས།

གལ་སྲིད་སྐྱེས་པ་ཞིག་གི་གཅེན་པོ་ཤི་ནས་བུ་ཕྲུག་མེད་པར་བཟའ་ཟླ་གཅིག་པུ་ལུས་ན།

སྐྱེས་པ་དེས་ཁོའི་བཟའ་ཟླ་བླངས་ནས་སྤུན་གྱི་དོན་དུ་རིགས་རྒྱུད་སྤེལ་དགོས་པ་ཡིན་ནོ་ཞེས་བྲིས།

20 ད་སྤུན་བདུན་ཡོད་དེ།

སྤུན་ཆེ་བས་བཟའ་ཟླ་ཞིག་བླངས་ནས་བུ་ཕྲུག་མེད་པར་ཤི་པ་རེད།

21 ཡང་སྤུན་འབྲིང་བས་བུད་མེད་དེ་བླངས་ནས་བུ་ཕྲུག་མེད་པར་ཤི

སྤུན་ཆུང་བས་ཀྱང་དེ་ལྟར་བྱས་ནས་བུ་མ་བྱུང་བར་ཤི་ལ།

22 དེ་བཞིན་སྤུན་བདུན་པོར་བུ་ཕྲུག་མ་བྱུང་ལ་ཐམས་ཅད་ཀྱི་གཞུག་ལ་བུད་མེད་དེའང་ཤིའོ།

23 གཤིན་པོ་རྣམས་སླར་གསོན་པར་འགྱུར་བའི་དུས་སུ།

སྤུན་བདུན་པོས་བུད་མེད་དེར་གཉེན་སྒྲིག་བྱས་མྱོང་བས་ཁོ་མོ་ནི་སྤུན་བདུན་ཡོད་པ་ལས་སུའི་བཟའ་ཟླ་ཡིན་ནམ་”

ཞེས་དྲིས་པ་ན།

24 ཡེ་ཤུས་དེ་རྣམས་ལ་

“ཁྱོད་ཚོས་དཀོན་མཆོག་གི་གསུང་རབ་མི་རྟོགས་ཤིང་ཁོང་ཉིད་ཀྱི་མཐུ་སྟོབས་ཀྱང་མི་ཤེས་པས་ནོར་བ་མ་ཡིན་ནམ།

25 གང་ལགས་ཟེར་ན།

གཤིན་པོ་སླར་གསོན་པའི་སྐབས་སུ།

མི་རྣམས་ཀྱིས་ཚུར་མནའ་མ་མི་ལེན་ཞིང་ཕར་བག་མ་ཡང་མི་བསྐྱལ་བས་དཀོན་མཆོག་གི་ཕོ་ཉ་རྣམས་དང་འདྲའོ།

26 འོན་ཀྱང་གཤིན་པོ་གསོན་པོར་ལང་དུ་གྱུར་ངེས་པའི་སྐོར་ལ།

ཁྱོད་ཚོས་གསུང་རབ་ཀྱི་ལུང་སྟོན་པ་མོ་ཤེའི་མདོ་ལས་ཚེར་མའི་སྐོར་བྲིས་ཡོད་པ་དེ་ལས་དཀོན་མཆོག་གིས་མོ་ཤེ་ལ་འདི་ལྟར་གསུངས།

ང་ནི་ཁྱེད་ཀྱི་མེས་པོ་ཨབ་ར་ཧམ་གྱི་དཀོན་མཆོག་དང༌།

ཨི་སཱག་གི་དཀོན་མཆོག

ཡ་ཀོབ་ཀྱི་དཀོན་མཆོག་ཡིན་ཞེས་གསུངས་ཡོད་པ་དེ་མ་བཀླགས་སམ།

27 ཁོང་ནི་གཤིན་པོ་རྣམས་ཀྱི་དཀོན་མཆོག་མ་ཡིན་ཏེ།

གསོན་པོ་རྣམས་ཀྱི་དཀོན་མཆོག་ཡིན་པས་ཁྱོད་ཚོས་ཤིན་ཏུ་ནོར་རོ་”

ཞེས་གསུངས།

བཀའ་ཁྲིམས་ནང་ནས་གལ་ཆེ་ཤོས་ཀྱི་སྐོར།

28 ཆོས་ཁྲིམས་ལ་མཁས་པའི་མི་ཞིག་འོངས་ནས་ཁོང་ཚོའི་རྩོད་པ་ཐོས་ཏེ།

ཡེ་ཤུས་ལན་ཡག་པོ་མཛད་པ་མཐོང་བས།

ཁོང་ལ་

“བཀའ་ཁྲིམས་ཀྱི་ནང་ནས་གལ་ཆེ་ཤོས་གང་ཡིན་”

ཞེས་བཀའ་འདྲི་ཞུས།

29 དེའི་ལན་དུ་ཡེ་ཤུས་

“གལ་ཆེ་ཤོས་དང་པོ་ནི།

ཀྱེ།

ངའི་མི་རིགས་ཡི་སི་ར་ཨེལ་ཉོན་ཅིག

གཙོ་བོ་དཀོན་མཆོག་ནི་ང་ཚོའི་གཙོ་བོ་གཅིག་རང་ཡིན།

30 རང་གིས་གཙོ་བོ་དཀོན་མཆོག་ལ་བློ་གཅིག་སེམས་གཅིག་དང་ནུས་པ་ཅི་ཡོད་ཀྱིས་བརྩེ་བར་ཟུངས་ཤིག

31 གཉིས་པ་ནི།

ཁྱེད་རང་གིས་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་ཟུངས་ཤིག

འདི་གཉིས་ལས་གལ་ཆེ་བའི་བཀའ་ཁྲིམས་གཞན་མེད་”

ཅེས་གསུངས།

32 ཡང་ཆོས་ཁྲིམས་ལ་མཁས་པའི་མི་དེས་

“སྟོན་པ་ལགས།

ཁྱེད་ཀྱིས་བདེན་ཅིང་ལེགས་པར་གསུངས།

དཀོན་མཆོག་ནི་གཅིག་ཡིན།

ཁོང་ལས་གཞན་པའི་དཀོན་མཆོག་ཡོད་པ་མ་ཡིན།

33 ཁོང་ལ་བློ་གཅིག་སེམས་གཅིག་དང་ནུས་པ་ཅི་ཡོད་ཀྱིས་བརྩེ་བ་དང༌།

རང་གི་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་བྱེད་པ་དེ་ནི་སྦྱིན་སྲེག་དང་མཆོད་པ་ཐམས་ཅད་ལས་གཙོ་ཆེའོ་”

ཞེས་བརྗོད།

34 ཡེ་ཤུས་མི་དེས་བློ་གྲོས་ཀྱི་སྒོ་ནས་ལན་བཏབ་པ་གཟིགས་ནས་མི་དེ་ལ་

“ཁྱེད་རང་དཀོན་མཆོག་གི་རྒྱལ་སྲིད་དང་ཐག་རིང་པོ་མེད་”

ཅེས་གསུངས་པ་དང༌།

དེའི་རྗེས་སུ་མི་སུས་ཀྱང་ཁོང་ལ་དྲི་བ་ཅི་ཡང་འདོན་མ་ཕོད།

རྒྱལ་པོ་དཱ་བིད་ཀྱི་སྲས་ཀྱི་སྐོར།

35 ཡེ་ཤུས་མཆོད་ཁང་ཆེན་མོར་ཆོས་གསུང་བའི་སྐབས་སུ་

“ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱིས་སྐྱབས་མགོན་མཱ་ཤི་ཀ་ནི་ཇི་ལྟར་གནའ་རབས་ཀྱི་རྒྱལ་པོ་དཱ་བིད་ཀྱི་སྲས་ཡིན་ཟེར་བ་ཅི་ཟེར་ཞེ་ན།

36 རྒྱལ་པོ་དཱ་བིད་རང་གིས་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་གསུངས་ཏེ།

དཀོན་མཆོག་གིས་ནི་ང་ཡི་གཙོ་བོ་ལ།།

ཁྱེད་ཀྱི་དགྲ་རྣམས་ཁྱེད་ཀྱི་ཞབས་འོག་ཏུ།།

ང་ཡིས་མ་བཅུག་བར་དུ་ཁྱེད་རང་ཉིད།།

ང་ཡི་གཡས་སུ་དེ་བར་བཞུགས་དུ་གསོལ།།

ཅེས་གསུངས།

37 དཱ་བིད་རང་ཉིད་ཀྱིས་ཁོང་ལ་གཙོ་བོ་ཞེས་ཞུས་པས་མཱ་ཤི་ཀ་ནི་དཱ་བིད་ཀྱི་སྲས་སུ་ཇི་ལྟར་འགྱུར་བ་ཡིན་ནམ་”

ཞེས་གསུངས།

མི་ཚོགས་མང་པོས་ཀྱང་སེམས་དགའ་བའི་ངང་ནས་ཁོང་གི་གསུང་ལ་ཉན་ནོ།།

ཆོས་ཁྲིམས་ལ་མཁས་པའི་མི་ལ་དོགས་ཟོན་བྱས་པའི་སྐོར།

38 ཡེ་ཤུས་ཆོས་གསུང་བཞིན་

“ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ལ་དོགས་ཟོན་གྱིས་ཤིག

ཁོ་རྣམས་ཀྱིས་གོས་རིང་པོ་གྱོན་ཏེ་ཕར་འགྲོ་ཚུར་འོང་བྱེད་པ་དང༌།

ཁྲོམ་ལ་མི་རྣམས་ཀྱིས་ཕྱག་བྱེད་པར་མོས།

39 དེ་ཚོས་ཡ་ཧུ་དཱ་པའི་འདུ་ཁང་དུ་ཁྲི་མཐོ་ས་དང་མགྲོན་ལ་གྲལ་མགོ་ལ་སྡོད་པར་དགའ་བ་དང༌།

40 མི་དེ་རྣམས་ཀྱིས་ཡུགས་མོ་རྣམས་ཀྱི་རྒྱུ་ནོར་ཧམ་འཕྲོག་བྱེད་ཅིང་ཕྱི་ཚུལ་བཅོས་མའི་ཚུལ་གྱིས་སྨོན་ལམ་རྒྱུན་རིང་འདེབས་ཁུལ་བྱེད་པས།

མི་དེ་ཚོར་ལྷག་པར་དུ་ཆད་པ་ལྗིད་པོ་ཕོག་པར་འགྱུར་རོ་”

ཞེས་གསུངས།

ཡུགས་མོ་ཞིག་གི་འབུལ་བ།

41 དེ་ནས་ཡེ་ཤུས་མཆོད་ཁང་ཆེན་མོའི་དངུལ་འབུལ་སྒམ་ལ་ཁ་གཏད་ནས་བཞུགས་ཤིང་མང་ཚོགས་ཀྱིས་དངུལ་འབུལ་བར་གཟིགས་པ་ན།

མི་ཕྱུག་པོ་རྣམས་ཀྱིས་དངུལ་མང་པོ་ཕུལ་ཞིང༌།

42 དབུལ་པོ་ཡུགས་མོ་ཞིག་ཡོང་ནས་ཟངས་ཀྱི་སྒོར་མོ་ཆུང་ཆུང་གཉིས་ཕུལ་བ་གཟིགས། དེ་ནི་སྒོར་མོ་གཅིག་གི་རིན་ཐང་ཡིན།

43 ཁོང་གིས་ཉེ་གནས་རྣམས་རང་གི་དྲུང་དུ་བོས་ཏེ་

“ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར།

དངུལ་འབུལ་མཁན་ཐམས་ཅད་ལས་དབུལ་པོ་ཡུགས་མོ་འདིས་ཕུལ་བ་མང་ཤོས་ཡིན།

44 གང་ལགས་ཟེར་ན།

དེ་ཚོ་ཐམས་ཅད་ཀྱིས་ལོངས་སྤྱོད་ལྷག་མ་མང་པོ་ནས་ཕུལ་བ་ཡིན།

འོན་ཀྱང་ཁོ་མོ་ནི་རང་ལ་མེད་ཀྱང་ཅི་ཡོད་པ་ཐམས་ཅད་ཕུལ་བ་ཡིན་”

ཞེས་གསུངས་སོ།།

མར་ཀུ (13) – Mark (13)

1 ཡེ་ཤུ་མཆོད་ཁང་ཆེན་མོ་ནས་ཕྱིར་ཕེབས་སྐབས།

ཉེ་གནས་ལས་གཅིག་གིས་ཁོང་ལ་

“སྟོན་པ་ལགས་གཟིགས་དང༌།

འདི་ནི་ཅི་ལྟ་བུའི་རྡོ་ཆེན་པོ་དང་ཅི་ལྟ་བུའི་ཁང་པའི་བཟོ་བཀོད་ངོ་མཚར་ཆེ་བ་ཞིག་རེད་ཨང་”

ཞེས་སྨྲས་པ་ལ།

2 ཡེ་ཤུས་

“ཁྱེད་ཀྱིས་ཁང་པ་ཆེན་པོ་འདི་རྣམས་མཐོང་བ་ཡིན་ནམ།

མ་འོངས་པའི་དུས་སུ་འདི་རུ་རྡོ་ཕ་བོང་གཅིག་ཀྱང་མི་ལུས་པར་ཐམས་ཅད་གཞིག་པར་འགྱུར་རོ་”

ཞེས་གསུངས།

3 དེ་ནས་ཡེ་ཤུ་སྐྱུར་རུ་ཤིང་གི་རི་སྟེང་དུ་ཕེབས་ཏེ་མཆོད་ཁང་ཆེན་མོ་ལ་ཁ་གཏད་ནས་བཞུགས་པའི་སྐབས་སུ།

ཁོང་གི་ཉེ་གནས་པེ་ཏྲོ་དང་ཡ་ཀོབ།

ཡོ་ཧ་ནན།

ཨན་དྲི་ཡཱ་བཅས་ཀྱིས་མི་གཞན་མེད་པའི་དུས་སུ་ཁོང་ལ་འདི་ལྟར་དྲིས་

4 “དོན་འདི་རྣམས་དུས་ནམ་ཞིག་ལ་འབྱུང་ཞིང༌།

དོན་འདི་ཐམས་ཅད་འགྲུབ་པའི་ཚེ་རྟགས་གང་འབྱུང་ཡོང་གསུང་རོགས་”

ཞེས་ཞུས་པ་ན།

5 ཡེ་ཤུས་ཁོ་ཚོར་

“མི་སུས་ཀྱང་ཁྱེད་ཚོ་མི་སླུ་བའི་ཕྱིར་དོགས་ཟོན་བྱོས་ཤིག

6 མི་མང་པོས་ངའི་མིང་ཐོག་ནས་ཡོང་སྟེ་ང་རང་ཡིན་ཟེར་ཞིང་མི་མང་པོར་མགོ་སྐོར་གཏོང་ངེས་ཡིན།

7 ཁྱེད་ཚོས་དམག་འཁྲུག་དང་དམག་འཁྲུག་སྐོར་གྱི་གཏམ་ཐོས་པའི་སྐབས་སུ་མ་འཇིགས་ཤིག

དོན་འདི་ཚོ་འབྱུང་ངེས་ཀྱང་དེ་ནི་དུས་རབས་ཀྱི་མཐའ་མ་ད་དུང་མ་ཡིན།

8 རྒྱུ་མཚན་ནི་མི་རིགས་དང་མི་རིགས་འཁྲུག་ཅིང་རྒྱལ་ཁམས་དང་རྒྱལ་ཁམས་འཁྲུག་པ།

ས་ཆ་ཁ་ཤས་ལ་ས་གཡོམ་དང་མུ་གེ་ཡང་འབྱུང་བར་འགྱུར།

འདི་ཚོ་ནི་སྐྱེ་ཟུག་ཐོག་མ་དང་འདྲ་བ་ཡིན།

9 འོན་ཀྱང་ཁྱེད་ཚོས་དོགས་ཟོན་བྱོས་ཤིག

ངའི་དོན་དུ་ཁྱེད་ཚོ་ཁྲིམས་ར་ལ་སྤྲོད་ཅིང༌།

ཡ་ཧུ་དཱ་པའི་འདུ་ཁང་དུ་བརྡུང་ངེས་ཡིན་ལ།

ས་གནས་དཔོན་པོ་དང་རྒྱལ་པོ་རྣམས་ལ་དཔང་པོ་བྱེད་པའི་ཕྱིར་ཁྱེད་རྣམས་ཀྱང་དེ་ཚོའི་དྲུང་དུ་འཁྲིད་པར་འགྱུར།

10 དེ་བས་སྔོན་ལ་མི་རིགས་ཀུན་ལ་ངེས་པར་དུ་འཕྲིན་བཟང་སྒྲོག་དགོས།

11 དེ་ཚོས་ཁྱེད་རྣམས་ཁྲིམས་གཅོད་པར་གཏོད་པའི་སྐབས་སུ།

ཁྱེད་ཚོས་སྔོན་ལ་གང་ཟེར་དགོས་པ་སེམས་ཁྲལ་མ་བྱེད་ཅིག

དེའི་དུས་སུ་ཁྱེད་ཚོ་ལ་གང་གནང་བ་དེ་ཤོད་ཅིག

རྒྱུ་མཚན་ནི་གཏམ་ཤོད་མཁན་དེ་ནི་ཁྱེད་རང་ཉིད་མ་ཡིན་པར་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཡིན་པས་སོ།

12 དེའི་དུས་སུ་གཅེན་གཅུང་གིས་གཅེན་གཅུང་དང༌།

ཨ་ཕས་རང་གི་བུ་ཡང་གསོད་པའི་ཕྱིར་གཏད་པར་འགྱུར།

ཕྲུ་གུ་རྣམས་ཀྱིས་ཀྱང་ཕ་མ་དགྲ་རུ་བཟུང་སྟེ་གསོད་པར་འགྱུར།

13 ཡང་ངའི་མིང་གི་དོན་དུ་མི་ཐམས་ཅད་ཀྱིས་ཁྱེད་ཚོ་ལ་སྡང་བར་བྱ།

འོན་ཀྱང་ཚེའི་མཐའ་མཇུག་བར་དུ་བཟོད་པ་སྒོམ་མཁན་དེ་ལ་ཐར་པ་འཐོབ་ངེས་ཡིན།

14 (འདི་ཀློག་མཁན་གྱིས་ཧ་གོ་བར་གྱིས་ཤིག་)

སྟོང་བར་བྱེད་མཁན་གདུག་པ་ཅན་ཁོ་མི་འོས་པའི་གནས་ལ་ལངས་བསྡད་པར་མཐོང་བའི་ཚེ།

ཡ་ཧུ་དཱ་ཡུལ་དུ་ཡོད་པའི་མི་རྣམས་རི་ལ་བྲོས་ཤིག

15 ཁང་པའི་ཐོག་ལ་ཡོད་པ་མར་མ་འབབ།

རང་གི་ཁང་པའི་ནང་ནས་ཅ་ལག་ལེན་དུ་མི་འགྲོ

16 ཞིང་ཁར་ཡོད་པའི་མི་རང་གི་གོས་ལེན་དུའང་ཕྱིར་མ་ལོག་ཅིག

17 ཉིན་དེ་ཚོའི་རིང་ལ་བུད་མེད་ཕྲུ་གུ་འཁོར་བ་དང་བུ་ཕྲུག་ལ་འོ་མ་སྟེར་བ་རྣམས་ལ་སྙིང་རེ་རྗེ།

18 དོན་དེ་དགུན་ཁར་མི་འབྱུང་བའི་ཕྱིར་ཁྱེད་ཚོས་སྨོན་ལམ་ཐོབས་ཤིག

19 དེའི་དུས་སུ་སྡུག་བསྔལ་ཤིན་ཏུ་ཆེན་པོ་འབྱུང་ཡོང༌།

དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་དེ་དཀོན་མཆོག་གིས་ཐོག་མར་འཇིག་རྟེན་བཀོད་པ་ནས་ད་ལྟའི་བར་དུ་བྱུང་མ་མྱོང་ལ་རྗེས་སུའང་རྩ་བ་ནས་འབྱུང་མི་སྲིད།

20 ཡང་གཙོ་བོ་དཀོན་མཆོག་ཁོང་གིས་ཉིན་དེ་རྣམས་ཉུང་བར་མ་མཛད་ན།

མི་སུ་ཡང་ཐར་མི་ཐུབ།

འོན་ཀྱང་ཁོང་གིས་བདམས་པའི་མི་རྣམས་ཀྱི་དོན་དུ་ཉིན་དེ་རྣམས་ཇེ་ཉུང་དུ་མཛད་པ་ཡིན།

21 དེའི་དུས་སུ་མི་སུ་ཞིག་གིས་ཁྱེད་རྣམས་ལ་ལྟོས་དང༌།

སྐྱབས་མགོན་མཱ་ཤི་ཀ་འདི་རུ་ཡོད།

ཡང་ན་ལྟོས་དང༌།

མཱ་ཤི་ཀ་དེ་རུ་ཡོད་ཟེར་ན།

དེར་ཡིད་མ་ཆེས་ཤིག

22 གང་ལགས་ཟེར་ན།

མཱ་ཤི་ཀ་དང་ལུང་སྟོན་པ་རྫུན་མ་མང་པོ་འབྱུང་སྟེ།

ངོ་མཚར་ཆེ་བའི་ལས་དང་ལྟས་བསྟན་ནས་མགོ་སྐོར་བཏང་སྲིད་ན།

བདམས་པའི་མི་རྣམས་ཀྱང་མགོ་འཁོར་བར་འགྱུར།

23 འོན་ཀྱང་ཁྱེད་རྣམས་དོགས་ཟོན་བྱོས་ཤིག

ངས་གཏམ་དེ་ཐམས་ཅད་ཁྱེད་རྣམས་ལ་སྔོན་ལ་བཤད་པ་ཡིན།

24 དུས་དེར་སྡུག་བསྔལ་ཆེན་པོ་དེའི་རྗེས་སུ།

ཉི་མ་སྒྲིབ་པ་དང་ཟླ་བས་འོད་མི་སྤྲོ།

25 སྐར་མ་ནམ་མཁའ་ནས་སར་ལྷུང་ཞིང་བར་སྣང་ཁམས་ཀྱི་དབང་ལྡན་རྣམས་གཡོ་བར་འགྱུར།

26 དེའི་དུས་སུ་མི་རྣམས་ཀྱིས་མིའི་རིགས་ཀྱི་བུ་ཁོང་རང་དབང་ཆེན་པོ་དང་གཟི་བརྗིད་ངང་ནས་སྤྲིན་གྱི་ནང་ནས་འབྱོན་པར་མཐོང་ཡོང༌།

27 དེ་ནས་ཁོང་གིས་ཕོ་ཉ་རྣམས་བཏང་སྟེ་ས་གཞི་ཆེན་པོའི་མཐའ་ནས་ནམ་མཁའི་མཐའ་བར་གྱི་བདམས་པའི་མི་ཐམས་ཅད་ཕྱོགས་བཞི་མཚམས་བརྒྱད་ནས་བསྡུ་བར་འགྱུར།

28 ཁྱེད་ཚོས་བསེ་ཡབ་ཤིང་ནས་དཔེ་ཞིག་ལོངས་དང༌།

དེའི་ཡལ་གར་ལོ་མ་འབུས་ནས་མཉེན་པའི་དུས་སུ།

དབྱར་ཁའི་དུས་ཉེ་བར་སླེབས་པ་ཁྱེད་ཚོས་ཤེས།

29 དེ་བཞིན་དུ་ཁྱེད་ཚོས་དོན་དེ་རྣམས་བྱུང་བ་མཐོང་ཚེ།

ཁོང་ཡང་སྒོ་འགྲམ་དུ་ཉེ་བར་སླེབས་ཡོད་པའང་རྟོགས་པར་གྱིས་ཤིག

30 ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར།

མི་རབས་འདི་མེད་པར་མ་གྱུར་བའི་སྔོན་ལ་དོན་འདི་ཐམས་ཅད་འབྱུང་བར་འགྱུར།

31 གནམ་ས་གཉིས་ནི་འདའ་བར་འགྱུར་ཡང་ངའི་བཀའ་འདའ་བར་མི་འགྱུར་རོ།

32 ཉིན་མོ་དེ་དང་དུས་ཚོད་དེའི་སྐོར་ཡབ་དཀོན་མཆོག་གིས་མ་གཏོགས།

སུས་ཀྱང་མི་ཤེས།

དཀོན་མཆོག་གི་བཞུགས་གནས་ཀྱི་ཕོ་ཉ་རྣམས་ཀྱིས་ཀྱང་མི་ཤེས་ལ་སྲས་ཀྱིས་ཀྱང་མི་ཤེས།

33 ནམ་དུས་ལ་བབ་པ་ཁྱེད་ཚོས་མི་ཤེས་པས་དོགས་ཟོན་བྱོས་ཤིག

གཉིད་མ་ལོག་ཅིག

34 འདི་ནི་མི་ཞིག་གིས་རང་ཁྱིམ་བཞག་ནས་ཡུལ་གཞན་དུ་འགྲོ་བའི་སྐབས་སུ།

རང་གི་གཡོག་པོ་རྣམས་ལ་དབང་ཆ་སྤྲད་པ་དང་སོ་སོར་ལས་ཀ་བགོས་པ།

སྒོ་སྲུང་མཁན་ལའང་བྱ་ར་བྱེད་པའི་བཀའ་གནང་བ་དང་འདྲའོ།

35 དེ་བས་ཁྱིམ་བདག་དེ་ནི་མཚན་མོའམ་ནམ་ཕྱེད་དམ།

བྱ་ཕོས་སྐད་རྒྱག་དུས་སམ།

སྐྱ་རེངས་ཤར་དུས་ནམ་ཞིག་ལ་ཡོང་བ་ཁྱེད་ཚོས་མི་ཤེས་པས་བྱ་ར་བྱོས་ཤིག

36 དེ་ལྟར་མ་བྱས་ན་ཁོང་གློ་བུར་དུ་ལོག་ཡོང་ནས་ཁྱེད་ཚོ་གཉིད་ལོག་པ་མཐོང་ཉེན་ཡོད།

37 ངས་ཁྱེད་ཚོ་ལ་གང་སྨྲས་པ་འདི་ངས་མི་ཐམས་ཅད་ལ་ཟེར།

བྱ་ར་གྱིས་ཤིག་”

ཅེས་གསུངས་སོ།།

མར་ཀུ (14) – Mark (14)

1 པེ་སག་དུས་ཆེན་དང་སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན་ཉིན་གཉིས་ཀྱི་སྔོན་ལ།

ཡ་ཧུ་དཱ་པའི་བླ་ཆེན་དང་ཆོས་ཁྲིམས་ལ་མཁས་པའི་མིས་གཡོ་ཐབས་ཀྱིས་ཡེ་ཤུ་འཛིན་བཟུང་དང་གསོད་པའི་གོ་སྐབས་བཙལ།

2 གང་ལགས་ཟེར་ན།

མི་དེ་ཚོས་

“ཡུལ་མི་རྣམས་ཟིང་ཆ་ལངས་ཉེན་ཡོད་པས།

དུས་ཆེན་ལ་མི་གཟུང་”

ཞེས་སྨྲས།

སྤོས་ཆུ་བླུགས་པའི་སྐོར།

3 དེ་ནས་ཡེ་ཤུ་པེ་ཐན་ཡཱ་གྲོང་སྡེའི་ནང་མཛེ་ནད་ཅན་གྱི་སྐྱེས་པ་སི་མོན་གྱི་ཁང་པ་ལ་བཞུགས་ཏེ།

གསོལ་བ་བཞེས་པའི་དུས་སུ་བུད་མེད་ཅིག་གིས་རིན་གོང་ཆེ་བའི་སྤོས་ཆུ་ལྷད་མེད་པ་ནཱར་དཱི་ཡིས་གང་བའི་རྡོ་ཀ་མ་རུའི་བུམ་པ་ཞིག་ཁྱེར་ཡོང་སྟེ།

བུམ་པ་དེའི་ཁ་བཅག་ནས་སྤོས་ཆུ་ཁོང་གི་དབུ་སྟེང་ལ་བླུགས་པས།

4 དེ་རུ་ཡོད་པའི་མི་འགའ་ཞིག་ཁྲོས་ནས་ཕན་ཚུན་

“སྤོས་ཆུ་འདི་གང་གི་དོན་ལ་འདི་ལྟར་ཆུད་ཟོས་ལ་བཏང་བ་ཡིན་ནམ།

5 སྤོས་ཆུ་འདི་དེ་ཎ་རིའི་དངུལ་སྒོར་སུམ་བརྒྱ་ལས་ལྷག་པའི་རིན་དུ་བཙོངས་ཏེ་དབུལ་པོ་རྣམས་ལ་བྱིན་ན་མི་ལེགས་སམ་”

ཞེས་སྨྲས་ཤིང་བུད་མེད་དེར་གཤེ་གཤེ་བཏང༌།

6 འོན་ཀྱང་ཡེ་ཤུས་

“ཁོ་མོ་ལ་སྡུག་པོ་མ་གཏོང༌།

ཁོ་མོའི་སེམས་ཅི་ལ་དཀྲུག

ཁོ་མོས་ང་ལ་ལས་བཟང་པོ་ཞིག་བྱས་པ་ཡིན།

7 དབུལ་པོ་རྣམས་ནི་དུས་རྟག་ཏུ་ཁྱེད་ཚོ་དང་མཉམ་དུ་ཡོད་པས།

ག་དུས་ཡིན་རུང་ཁོ་ཚོར་རོགས་པ་བྱ་འདོད་ན་བྱེད་ཐུབ།

འོན་ཀྱང་ང་རང་ནི་དུས་རྟག་ཏུ་ཁྱེད་ཚོ་དང་མཉམ་དུ་མི་གནས།

8 ཁོ་མོས་གང་ཐུབ་པ་དེ་བྱས་པ་ཡིན།

ཁོ་མོས་ང་རང་དུར་ཁང་དུ་འཇུག་པར་སྔ་མོ་ནས་ངའི་ལུས་སྟེང་ལ་སྤོས་ཆུ་བླུགས་པ་ཡིན།

9 ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར།

འཇིག་རྟེན་ཡོངས་སུ་ངའི་འཕྲིན་བཟང་འདི་གང་དུ་བསྒྲགས་ན་བུད་མེད་འདིས་གང་བྱས་པ་དེ་དྲན་པའི་ཕྱིར་གཏམ་དེ་ཡང་བརྗོད་པར་འགྱུར་”

ཞེས་གསུངས།

སྟོན་པ་ཡེ་ཤུ་ལ་རྒྱབ་གཏོད་བྱས་པའི་སྐོར།

10 ཡེ་ཤུའི་ཉེ་གནས་བཅུ་གཉིས་ཀྱི་ནང་ནས་ཡུ་དཱ་དབྱི་སི་ཀར་རེ་ཞེས་པ་དེས།

ཡ་ཧུ་དཱ་པའི་བླ་ཆེན་རྣམས་ཀྱི་རྩར་སོང་ནས་ཡེ་ཤུ་ཁོ་ཚོའི་ལག་ཏུ་སྤྲོད་རྒྱུ་བྱས་པ་རེད།

11 ཁོ་ཚོས་ཡུ་དཱ་དབྱི་སི་ཀར་རེའི་སྐད་ཆ་འདི་ཐོས་ནས་ཧ་ཅང་དགའ་པོ་བྱུང་སྟེ་ཁོ་ལ་དངུལ་སྤྲོད་རྒྱུའི་ཁས་ལེན་བྱས།

དེ་ནས་བཟུང་ཡུ་དཱས་ཡེ་ཤུ་ཁོ་ཚོའི་ལག་ཏུ་སྤྲོད་རྒྱུའི་གོ་སྐབས་བཙལ།

གཙོ་བོའི་དྲན་རྟེན་གྱི་ཞལ་ཟས་འགོ་བཙུགས་པ།

12 སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན་གྱི་ཉིན་དང་པོར།

པེ་སག་དུས་ཆེན་གྱི་ལུགས་སྲོལ་ལྟར་སྦྱིན་སྲེག་གི་ལུ་གུ་མཆོད་པ་ཕུལ་བའི་ཚེ།

ཉེ་གནས་རྣམས་ཀྱིས་ཡེ་ཤུ་ལ་

“ཁྱེད་ཀྱིས་པེ་སག་གི་ཞལ་ཟས་བཞེས་པའི་ཕྱིར་ང་ཚོ་གང་དུ་གྲ་སྒྲིག་བྱེད་པར་འགྲོ་”

ཞེས་ཞུས་པ་ལ།

13 ཁོང་གིས་ཉེ་གནས་གཉིས་བཏང་སྟེ་གསུངས་པ་

“གྲོང་ཁྱེར་དུ་སོང་དང༌།

དེར་ཆུ་བུམ་འཁྱེར་མཁན་སྐྱེས་པ་ཞིག་ཁྱེད་གཉིས་དང་འཕྲད་ཅིང༌།

དེའི་རྗེས་སུ་འབྲང་ནས་སོང་ཞིག

14 ཁོ་རང་ཁྱིམ་གང་དུ་སོང་ན་ཁྱེད་ཚོས་ཁྱིམ་དེའི་བདག་པོ་ལ་སྟོན་པས། ང་རང་དང་ཉེ་གནས་རྣམས་ཀྱིས་མཉམ་དུ་པེ་སག་གི་ཟས་ཟ་བའི་ཁང་མིག་གང་དུ་ཡོད་ཅེས་ཤོད་ཅིག

15 མི་དེས་ཁྱེད་ཚོ་ལ་ནང་ཆས་སོགས་གྲ་སྒྲིག་བྱས་ཡོད་པའི་ཐོག་ཁང་ཆེན་པོ་ཞིག་བསྟན་ཡོང༌།

གནས་དེ་རུ་གྲ་སྒྲིག་གྱིས་ཤིག་”

ཅེས་གསུངས།

16 ཉེ་གནས་དེ་གཉིས་གྲོང་ཁྱེར་དུ་སོང་སྟེ་ཁོང་གིས་གསུངས་པ་ལྟར་མཐོང་ནས་པེ་སག་གི་གསོལ་སྟོན་བཤམས།

17 མཚན་མོ་དེའི་དུས་སུ།

ཁོང་དང་ཉེ་གནས་བཅུ་གཉིས་པོ་འཁོར་དང་བཅས་པ་མཉམ་དུ་ཕེབས།

18 ཁོང་རྣམས་བཞུགས་ནས་ཞལ་ཟས་བཞེས་པའི་དུས་སུ་ཡེ་ཤུས་

“ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར།

ང་དང་མཉམ་དུ་ཟས་ཟ་མཁན་ཁྱེད་རྣམས་ལས་མི་གཅིག་གིས་ང་ལ་རྒྱབ་གཏོད་བྱེད་ངེས་སོ་”

ཞེས་གསུངས་པས།

19 ཁོ་ཚོའི་སེམས་སྐྱོ་བར་གྱུར་ཏེ།

རེ་རེ་བཞིན་གྱིས་ཁོང་ལ་

“ང་རང་ཡིན་མི་སྲིད་”

ཅེས་ཞུས།

20 ཡང་ཁོང་གིས་

“དེ་ནི་ཁྱེད་ཉེ་གནས་བཅུ་གཉིས་པོ་ལས་ང་དང་མཉམ་དུ་ཕོར་པའི་ནང་དུ་བག་ལེབ་སྦངས་ནས་ཟ་མཁན་དེ་ཡིན།

21 རྒྱུ་མཚན་ནི་དཀོན་མཆོག་གི་གསུང་རབ་ལས་མིའི་རིགས་ཀྱི་བུ་རང་ཉིད་ཀྱི་སྐོར་ལ་ཇི་ལྟར་ལུང་བསྟན་ཡོད་པ་བཞིན་འཆི་དགོས་ཀྱང༌།

མིའི་རིགས་ཀྱི་བུ་དགྲའི་ལག་ཏུ་སྤྲོད་མཁན་དེར་ཆད་པ་ཕོག་ངེས་ཡིན་ནོ།

མི་དེ་འཇིག་རྟེན་འདི་རུ་སྐྱེས་པ་ལས་མ་སྐྱེས་ན་ལེགས་སོ་”

ཞེས་གསུངས།

22 ཁོང་རྣམས་ཀྱིས་ཞལ་ཟས་བཞེས་པའི་སྐབས་སུ།

ཡེ་ཤུས་བག་ལེབ་ཕྱག་ཏུ་བསྣམས་ཤིང་དཀོན་མཆོག་ལ་བསྟོད་པ་ཕུལ་རྗེས་དུམ་བུར་བགོས་ནས་ཁོང་རྣམས་ལ་གནང་སྟེ་གསུངས་པ་

“འདི་ནི་ངའི་ལུས་ཡིན།

ཁྱེད་ཚོས་ལེན་ཅིག་”

ཅེས་གསུངས་ནས།

23 ཁོང་གིས་ཕོར་པ་ཞིག་ཕྱག་ཏུ་བསྣམས་ཤིང་བཀའ་དྲིན་ཆེ་ཞུས་ནས་ཁོང་རྣམས་ལ་གནང་བ་དང་ཚང་མས་བཏུངས།

24 ཁོང་གིས་

“འདི་ནི་ངའི་ཁྲག་ཡིན་ཏེ།

ཞལ་ཆད་ཀྱི་ཁྲག་འདི་མི་མང་པོའི་ཆེད་དུ་ཐོན།

25 ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར།

ངས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ནང་རྒུན་ཆང་གསར་པ་མ་འཐུང་བའི་ཉིན་མོའི་བར་དུ།

རྒུན་ཆང་འདི་རྩ་བ་ནས་མི་འཐུང་”

ཞེས་གསུངས།

26 དེ་ནས་ཁོང་རྣམས་ཀྱིས་གསུང་མགུར་བླངས་ནས་སྐྱུར་རུ་ཤིང་གི་རི་བོར་ཕེབས་སོ།།

ཉེ་གནས་པེ་ཏྲོའི་སྐོར་ལ་ལུང་བསྟན་པ།

27 དེ་ནས་ཡེ་ཤུས་ཁོ་ཚོར་

“དཀོན་མཆོག་གི་གསུང་རབ་ལས།

ང་ཡིས་ལུག་རྫི་རྡུང་ནས་བསད།།

དེ་རྗེས་ལུག་རྣམས་འཐོར་བར་འགྱུར།།

ཞེས་བྲིས་པ་བཞིན།

ཁྱོད་ཚོ་ཐམས་ཅད་ང་དང་བྲལ་ནས་འབྲོས་པར་འགྱུར།

28 འོན་ཀྱང་ང་འཆི་བ་ནས་གསོན་པོར་ལང་དུ་འགྱུར་རྗེས་ཁྱེད་ཚོའི་སྔོན་ལ་ག་ལིལ་ཡུལ་དུ་འགྲོ་ངེས་ཡིན་”

ཞེས་གསུངས།

29 པེ་ཏྲོས་ཁོང་ལ་

“ཐམས་ཅད་ཁྱེད་དང་བྲལ་ནའང་ང་ནི་མི་འབྲལ་”

ཞེས་ཞུས་ནས།

30 ཡེ་ཤུས་དེ་ལ་

“ངས་ཁྱེད་ལ་བདེན་པར་ཟེར་རྒྱུར།

དེ་རིང་གི་མཚན་མོ་འདི་རང་ལ་བྱ་ཕོས་སྐད་ཐེངས་གཉིས་མ་གྲགས་པའི་སྔོན་ལ་ཁྱེད་ཀྱིས་ང་རང་སུ་ཡིན་མི་ཤེས་ཞེས་ཐེངས་གསུམ་ཟེར་བར་ངེས་”

ཞེས་གསུངས།

31 འོན་ཀྱང་པེ་ཏྲོས་ཁོང་ལ་

“ང་ནི་ཁྱེད་དང་མཉམ་དུ་ཤི་དགོས་ཀྱང་ཁྱེད་སུ་ཡིན་མི་ཤེས་ཞེས་ཟེར་མི་སྲིད་”

ཅེས་ནན་གྱིས་ཞུས་ཤིང་ཉེ་གནས་གཞན་རྣམས་ཀྱིས་ཀྱང་དེ་ལྟར་ཞུས།

གེད་སེམ་མཱ་ནེ་ཞེས་པའི་སྐྱེལ་ཚལ་ནང་དུ་གསོལ་བ་བཏབ་པ།

32 དེ་ནས་ཁོང་རྣམས་གེད་སེམ་མཱ་ནེ་ཞེས་བྱ་བའི་གནས་སུ་ཕེབས་པ་དང༌།

ཁོང་གིས་རང་གི་ཉེ་གནས་རྣམས་ལ་

“ངས་གསོལ་བ་འདེབས་དུས་ཁྱེད་ཚོ་གནས་འདིར་སྡོད་ཅིག་”

ཅེས་གསུངས་ཤིང༌།

33 ཉེ་གནས་རྣམས་ལས་པེ་ཏྲོ་དང༌།

ཡ་ཀོབ།

ཡོ་ཧ་ནན་གསུམ་ཁྲིད་པ་དང༌།

དེའི་ཚེ་ཁོང་ཉིད་ཀྱི་ཐུགས་ཤིན་ཏུ་འཁྲུགས་པར་གྱུར་ཏེ་

34 “ངའི་ཡིད་ཤིན་ཏུ་སྐྱོ་ཞིང་འཆི་ལ་ཉེ་བས།

ཁྱེད་ཚོ་འདི་རུ་གཉིད་མ་ལོག་པར་དོགས་ཟོན་བྱོས་ཤིག་”

ཅེས་གསུངས་པ་དང༌།

35-36 དེ་ནས་ཁོང་ཅུང་ཟད་ཕར་ཕེབས་ནས་ཕྱག་འཚལ་ཏེ་

“གལ་སྲིད་སྒྲུབ་འོས་པ་ཡིན་ན་ང་ནི་དུས་འདི་ལས་ཐར་བར་མཛོད་ཅིག

ངའི་ཡབ་ལགས།

ཁྱེད་ཀྱིས་དོན་ཐམས་ཅད་སྒྲུབ་སྲིད་པས་སྡུག་བསྔལ་གྱི་ཕོར་པ་འདི་ང་ལས་ཕར་ལེན་མཛོད།

འོན་ཀྱང་ངའི་བསམ་པ་བཞིན་དུ་མི་འགྱུར་བར་ཁྱེད་ཀྱི་དགོངས་པ་བཞིན་དུ་གྱུར་ཅིག་”

ཅེས་གསོལ་བ་བཏབ།

37 ཁོང་ཚུར་ཕེབས་སྐབས་ཁོ་རྣམས་གཉིད་ལོག་གི་ཡོད་པར་གཟིགས་ནས་པེ་ཏྲོ་ལ་

“སི་མོན།

ཁྱེད་གཉིད་ལོག་གི་ཡོད་དམ།

ཆུ་ཚོད་གཅིག་ཙམ་ལའང་དོགས་ཟོན་བྱ་མི་ནུས་སམ།

38 ཁྱེད་བསླུ་བར་མི་འགྱུར་བའི་ཕྱིར་དོགས་ཟོན་བྱོས་ལ་སྨོན་ལམ་ཐོབས་ཤིག

སེམས་ནས་དེ་ལྟར་བྱེད་བསམས་ཀྱང་ལུས་པོའི་ནུས་ཤུགས་ཞན་པ་ཡིན་”

ཞེས་གསུངས།

39 དེ་ནས་ཡང་ཁོང་ཕར་ཕེབས་ནས་སྔ་མ་བཞིན་དུ་གསོལ་བ་བཏབ་པ་དང༌།

40 ཁོང་ཚུར་ཕེབས་ནས་ཁོ་རྣམས་སླར་ཡང་གཉིད་ལོག་གི་ཡོད་པར་གཟིགས།

ཁོ་ཚོའི་གཉིད་ཤིན་ཏུ་ལྕི་བས་ཁོང་ལ་ལན་ཅི་ཞུས་པའང་མ་ཤེས།

41 ཁོང་ཐེངས་གསུམ་པར་ཚུར་ཕེབས་ནས་

“ཁྱེད་ཚོ་ད་དུང་ཉལ་ནས་ངལ་གསོའམ།

ད་འགྲིག་སོང༌།

ད་ལྟ་དུས་ལ་བབས་སོ།

ལྟོས་དང༌།

མིའི་རིགས་ཀྱི་བུ་ནི་ད་ལྟ་སྡིག་ཉེས་ཅན་གྱི་དབང་དུ་སྤྲོད་པར་བྱེད།

42 ལྟོས་ཤིག

ང་ལ་རྒྱབ་གཏོད་བྱེད་མཁན་དེ་ཉེ་བར་སླེབས་པས།

ཡར་ལོངས་དང་ཁོ་རང་འཕྲད་དུ་འགྲོའོ་”

ཞེས་གསུངས།

སྟོན་པ་ཡེ་ཤུ་འཛིན་བཟུང་བྱས་པ།

43 དེ་ནས་ཁོང་གིས་དེ་ལྟར་གསུངས་མ་ཐག་ཉེ་གནས་བཅུ་གཉིས་པོ་ལས་ཡུ་དཱ་ཞེས་བྱ་བ་དེ་ཡ་ཧུ་དཱ་པའི་བླ་ཆེན་དང་ཆོས་ཁྲིམས་ལ་མཁས་པའི་མི།

རྒན་པོ་རྣམས་ཀྱི་ས་ནས་ལག་ཏུ་རལ་གྲི་དང་དབྱུག་པ་འཁྱེར་བའི་མི་ཚོགས་དང་བཅས་པ་དེར་སླེབས།

44 ཡེ་ཤུ་ལ་རྒྱབ་གཏོད་བྱེད་མཁན་དེས་སྔོན་ནས་ཁོ་ཚོར་གསང་བརྡ་གྲ་སྒྲིག་བྱས་ཏེ་

“ངས་སུ་ལ་འོ་བྱས་པ་དེ་ཁོང་རང་རེད།

ཁྱོད་ཚོས་ཁོང་དམ་པོར་ཟིན་ནས་ཁྲིད་ཅིག་”

ཅེས་བཤད་ཡོད།

45 ཡུ་དཱ་སླེབས་མ་ཐག་ཏུ་ཡེ་ཤུའི་དྲུང་དུ་ཡོང་ནས་

“རབ་བི་”

ཞེས་འགྲམ་པར་འོ་བྱས།

46 དེ་ནས་ཁོ་ཚོས་ཡེ་ཤུའི་ལུས་ནས་ཟིན་ཏེ་ཁོང་འཛིན་བཟུང་བྱས་པ་རེད།

47 ཉེ་འགྲམ་དུ་ལངས་ནས་བསྡད་ཡོད་པ་རྣམས་ལས་མི་ཞིག་གིས་རལ་གྲི་བཏོན་ཏེ་ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོའི་གཡོག་པོར་བརྒྱབ་ནས་རྣ་བ་ཡ་གཅིག་བཅད།

48 དེ་ནས་ཡེ་ཤུས་ཁོ་ཚོར་

“ཁྱེད་ཚོས་རལ་གྲི་དང་དབྱུག་པ་ཁྱེར་ནས་ཇག་པ་འཛིན་པ་ལྟར་ང་རང་འཛིན་དུ་ཡོང་ངམ།

49 ང་ནི་ཉིན་རེ་བཞིན་མཆོད་ཁང་ཆེན་མོར་ཆོས་བསྟན་ཏེ།

ཁྱེད་ཚོ་དང་མཉམ་དུ་སྡོད་སྐབས་ཁྱེད་ཚོས་ང་བཟུང་མེད།

འོན་ཀྱང་དོན་འདི་སྒྲུབ་པ་ནི་དཀོན་མཆོག་གི་གསུང་རབ་ཀྱི་ལུང་བསྟན་འགྲུབ་པའི་ཕྱིར་ཡིན་”

ཞེས་གསུངས་པ་དང༌།

50 ཉེ་གནས་ཐམས་ཅད་ཀྱིས་ཀྱང་ཡེ་ཤུ་དོར་ནས་བྲོས།

51 སྐབས་དེར་ལུས་ལ་རས་རྐྱང་གྱོན་པའི་གཞོན་ནུ་ཞིག་ཁོང་གི་རྗེས་སུ་འབྲངས་པ་ལ་མི་དེ་ཚོས་ཁོ་ཡང་འཛིན་གྲབས་བྱས་པས།

52 ཁོས་རས་རྐྱང་གཡུགས་ཏེ་ལུས་གཅེར་བུར་བྲོས།

སྟོན་པ་ཡེ་ཤུ་ཡ་ཧུ་དཱ་པའི་རྒྱལ་ཚོགས་ཀྱི་མདུན་དུ་ཁྲིད་པ།

53 དེ་ནས་ཡེ་ཤུ་ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོའི་དྲུང་དུ་ཁྲིད་ཅིང༌།

ཡ་ཧུ་དཱ་པའི་བླ་ཆེན་དང་རྒན་པོ།

ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱང་དེར་འཛོམས་བཞིན་ཡོད་པ་དང༌།

54 པེ་ཏྲོའང་རྒྱང་རིང་ནས་ཁོང་གི་རྗེས་སུ་འབྲངས་ཏེ་བླ་ཆེན་གཙོ་བོའི་སྒོ་རར་ཐད་ཀར་སོང་ནས་འཁོར་གཡོག་དང་མཉམ་དུ་མེར་བསྲོ་བཞིན་བསྡད།

55 དེ་ནས་ཡ་ཧུ་དཱ་པའི་བླ་ཆེན་རྣམས་དང་ཡ་ཧུ་དཱ་པའི་རྒྱལ་ཚོགས་ཀྱི་མི་ཐམས་ཅད་ཀྱིས་ཁོང་སྲོག་གཅོད་པའི་ཕྱིར་དཔང་པོ་བྱེད་མཁན་བཙལ་ཡང་མ་རྙེད།

56 མི་མང་པོས་རྫུན་གྱི་དཔང་པོ་བྱས་ཀྱང་དཔང་པོ་བྱས་པ་ནང་མཐུན་མ་བྱུང༌།

57 ཡང་མི་འགའ་ཞིག་ལངས་ནས་ཁོང་ལ་རྫུན་གྱི་དཔང་པོ་བྱས་ཏེ་སྨྲས་པ་

58 “ཁོས་ངས་མི་ཡི་ལག་པས་བཟོས་པའི་དཀོན་མཆོག་གི་ཕོ་བྲང་འདི་བཤིག་ནས།

ཉིན་གསུམ་ལ་མི་ཡི་ལག་པས་མ་བརྩིགས་པའི་ཕོ་བྲང་གཞན་ཞིག་རྩིག་པར་བྱའོ་ཞེས་ཟེར་བ་ང་ཚོས་ཐོས་”

ཞེས་སྨྲས།

59 འོན་ཀྱང་དཔང་པོ་བྱས་པ་དེ་ཡང་མ་མཐུན།

60 དེ་ནས་ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོ་དེ་དཀྱིལ་ནས་ཡར་ལངས་ཏེ་ཡེ་ཤུ་ལ་

“མི་འདི་རྣམས་ཀྱིས་ཁྱོད་ལ་དཔང་པོ་བྱེད་པ་འདི་ཅི་ཡིན་ནམ།

ཁྱོད་ཀྱིས་ལན་ཅི་ཡང་མི་འདེབས་སམ་”

ཞེས་དྲིས་ནས།

61 ཁོང་གིས་ཅི་ཡང་མ་གསུངས་ཤིང་བཀའ་ལན་མ་གནང༌།

ཡང་བླ་ཆེན་གཙོ་བོས་

“ཁྱོད་ནི་བསྟོད་པར་འོས་པའི་དཀོན་མཆོག་གི་སྲས་སྐྱབས་མགོན་མཱ་ཤི་ཀ་ཡིན་ནམ་”

ཞེས་དྲིས་པས།

62 ཡེ་ཤུས་

“ང་རང་ལགས་སོ།

ཡང་ཁྱེད་ཚོས་མིའི་རིགས་ཀྱི་བུ་ཁོང་ཉིད་དབང་ཀུན་དང་ལྡན་པའི་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་ཏེ་ནམ་མཁའི་སྤྲིན་དང་བཅས་འབྱོན་པ་མཐོང་ངེས་ཡིན་”

ཞེས་གསུངས།

63 བླ་ཆེན་གཙོ་བོས་རང་གི་གོས་དབྲལ་ནས་

“ད་ལྟ་ང་ཚོར་དཔང་པོ་གཞན་ཅི་ལ་དགོས།

64 ཁོས་དཀོན་མཆོག་ལ་སྐུར་བ་བཏབ་པ་ཁྱེད་ཚོས་ཀྱང་ཐོས་པས་ཁྱེད་ཚོར་བསམ་འཆར་ཅི་ཡོད་”

ཅེས་སྨྲས།

དེ་ཚོ་ཚང་མས་ཁོང་གསོད་དགོས་པའི་ཁྲིམས་ཐག་བཅད།

65 དེ་ནས་མི་འགའ་ཞིག་གིས་ཁོང་ལ་མཆིལ་མ་གཏོར་ཞིང་སྤྱན་ཟུང་རས་ཀྱིས་བཏུམས་ཏེ་འགྲམ་ལྕག་བཞུས་ཤིང་རྫོག་བརྒྱབ་ནས་ཁོང་ལ་

“ད་མངོན་ཤེས་ཤོད་ཅིག་”

ཅེས་བརྗོད་པ་དང་དམག་མི་ཚོས་ཀྱང་ཁོང་ཚུར་དྲུད་ནས་བཞུས།

པེ་ཏྲོས་སྟོན་པ་ཡེ་ཤུ་ངོ་ཤེས་པར་ཁས་མི་ལེན་པ།

66 དེ་ནས་ཉེ་གནས་པེ་ཏྲོ་ཞོལ་གྱི་སྒོ་ར་ལ་བསྡད་ཡོད་པའི་སྐབས་སུ་བླ་ཆེན་གཙོ་བོའི་གཡོག་མོ་ཞིག་ཡོང་སྟེ།

67 ཁོ་མོས་པེ་ཏྲོ་མེར་བསྲོ་བཞིན་པ་མཐོང་ཞིང་ཁོ་ལ་ཞིབ་པར་བལྟས་ནས་

“ཁྱོད་ཀྱང་ན་ཙ་རེལ་གྱི་མི་ཡེ་ཤུ་དང་མཉམ་དུ་ཡོད་པ་གཅིག་རེད་”

ཅེས་སྨྲས་པས།

68 པེ་ཏྲོས་ཁས་མ་བླངས་པར་

“ཁྱོད་ཀྱིས་གང་བཤད་པ་ངས་མི་ཤེས་ལ་ཧ་ཡང་མི་གོ་”

ཞེས་བཤད་དེ་སྒོའི་ཕྱི་རོལ་དུ་སོང་བ་དང་བྱ་ཕོས་སྐད་གྲགས་སོ།

69 ཡང་གཡོག་མོ་དེས་པེ་ཏྲོ་མཐོང་ནས་སླར་ཡང་དེ་རུ་ཡོད་པའི་མི་རྣམས་ལ་

“མི་འདི་དེ་ཚོའི་ནང་ནས་གཅིག་རེད་”

ཅེས་བཤད།

70 འོན་ཀྱང་ཁོང་གིས་ཡང་བསྐྱར་ཁས་མ་བླངས།

དེ་ནས་ཅུང་མ་འགོར་བར་དེར་ཡོད་པའི་མི་རྣམས་ཀྱིས་ཀྱང་པེ་ཏྲོ་ལ་

“ཁྱོད་ནི་ག་ལིལ་ཡུལ་གྱི་མི་ཞིག་ཡིན་པས་དངོས་གནས་དེ་ཚོའི་ནང་ནས་གཅིག་རེད་”

ཅེས་སྨྲས།

71 པེ་ཏྲོས་སྡིགས་དམོད་བྱེད་བཞིན་མནའ་བསྐྱལ་ཏེ་

“ཁྱོད་ཚོས་ཟེར་བའི་མི་དེ་ངས་ངོ་མི་ཤེས་”

ཞེས་སྨྲས།

72 དེ་མ་ཐག་ཏུ་བྱ་ཕོས་སྐད་ཐེངས་གཉིས་པ་གྲགས་པས།

པེ་ཏྲོས་དེ་སྔ་ཡེ་ཤུས་ཁོ་རང་ལ།

བྱ་ཕོས་སྐད་ཐེངས་གཉིས་མ་གྲགས་པའི་སྔོན་དུ་ཁྱེད་ཀྱིས་ང་རང་སུ་ཡིན་མི་ཤེས་ཞེས་ཐེངས་གསུམ་སྨྲ་བར་ངེས་ཞེས་གསུངས་པ་དེ་དྲན་ནས་སེམས་ཤིན་ཏུ་སྐྱོ་སྟེ་ངུས་སོ།།

མར་ཀུ (15) – Mark (15)

1 ནམ་ལངས་མ་ཐག་ཏུ་ཡ་ཧུ་དཱ་པའི་བླ་ཆེན་རྣམས་དང་རྒན་པོ།

ཆོས་ཁྲིམས་ལ་མཁས་པའི་མི་རྣམས།

རྒྱལ་ཚོགས་ཀྱི་མི་ཐམས་ཅད་མཉམ་དུ་གྲོས་བྱས་ཏེ།

ཡེ་ཤུ་བཀྱིགས་ནས་ཁྲིད་དེ་སྤྱི་ཁྱབ་པི་ལ་ཏུ་ལ་བཏད།

2 པི་ལ་ཏུས་

“ཁྱོད་ནི་ཡ་ཧུ་དཱ་པའི་མི་རིགས་ཀྱི་རྒྱལ་པོ་ཡིན་ནམ་”

ཞེས་ཁོང་ལ་དྲིས་ནས།

ཁོང་གིས་

“ཁྱེད་ཀྱིས་སྨྲས་པ་བཞིན་ཡིན་ནོ་”

ཞེས་གསུངས།

3 ཡང་ཡ་ཧུ་དཱ་པའི་བླ་ཆེན་རྣམས་ཀྱིས་ཁོང་ལ་ཉེས་སྐྱོན་མང་པོ་བཙུགས།

4 སླར་ཡང་པི་ལ་ཏུ་ཡིས་

“མི་དེ་རྣམས་ཀྱིས་ཁྱོད་ལ་ཉེས་སྐྱོན་ཇི་འདྲ་མང་པོ་འདོགས་ཀྱི་འདུག་ཨང༌།

ཁྱོད་ཀྱིས་ལན་ཅིའང་མི་འདེབས་སམ་”

ཞེས་དྲིས།

5 ཡེ་ཤུས་བཀའ་ལན་ཅི་ཡང་མ་གསུངས་པས་པི་ལ་ཏུ་ཡང་ངོ་མཚར་བར་གྱུར།

6 དུས་ཆེན་དེར་སྤྱི་ཁྱབ་པི་ལ་ཏུས་མི་ཚོགས་ཀྱི་འདོད་པ་ལྟར་བཙོན་པ་རེ་གློད་གྲོལ་གཏོང་བའི་ལུགས་སྲོལ་ཡོད།

7 མི་མིང་ལ་པར་ཨབ་པཱ་ཟེར་བ་ཞིག་ཡོད་པ་དེ་ཟིང་འཁྲུག་སྐབས་མི་བསད་མྱོང་བའི་བཙོན་པ་གཞན་དང་མཉམ་དུ་བཙོན་ཁང་ནང་ཡོད།

8 མི་ཚོགས་ཀྱིས་པི་ལ་ཏུའི་རྩར་འཛོམས་ནས་སྔོན་མའི་ལུགས་སྲོལ་ལྟར་གནང་རོགས་ཞེས་ཞུས།

9 པི་ལ་ཏུས་

“ཁྱོད་ཚོ་ལ་ཡ་ཧུ་དཱ་པའི་རྒྱལ་པོ་གློད་དགོས་ཀྱི་ཡོད་དམ་”

ཞེས་སྐད་ཆ་དྲིས།

10 དེ་ནི་པི་ལ་ཏུས་ཡ་ཧུ་དཱ་པའི་བླ་ཆེན་རྣམས་ཀྱིས་ཡེ་ཤུ་ལ་ཕྲག་དོག་བྱས་ནས་ཁོང་ལ་རྩིས་སྤྲད་པ་ཤེས་ཀྱི་ཡོད་པས་རེད།

11 འོན་ཀྱང་བླ་ཆེན་རྣམས་ཀྱིས་པར་ཨབ་པཱ་གློད་པའི་ཆེད་དུ་མི་ཚོགས་ལ་ངན་བསྐུལ་བྱས།

12 པི་ལ་ཏུས་ཡང་བསྐྱར་ཁོ་ཚོར་

“བྱས་ན་ཁྱོད་ཚོས་ཡ་ཧུ་དཱ་པའི་རྒྱལ་པོ་ཟེར་བ་དེར་ངས་གང་འདྲ་བྱེད་དགོས་སམ་”

ཞེས་དྲིས་པས།

13 ཁོ་ཚོས་སྐད་ཆེན་པོས་

“རྒྱང་ཤིང་སྒང་ལ་སོད་ཅིག་”

ཅེས་བཤད།

14 པི་ལ་ཏུས་

“རྒྱུ་མཚན་གང་ཡིན།

ཁོང་གིས་ལས་ངན་ག་རེ་བྱས་ཡོད་”

ཅེས་དྲིས།

འོན་ཀྱང་མི་ཚོགས་ཀྱིས་སྐད་ཤུགས་དེ་བས་ཆེན་པོས་

“རྒྱང་ཤིང་སྒང་ལ་སོད་ཅིག་”

ཅེས་བཤད།

15 པི་ལ་ཏུས་མི་ཚོགས་ཀྱི་འདོད་པ་བསྐོང་ཕྱིར་པར་ཨབ་པཱ་གློད་པ་དང༌།

ཡེ་ཤུ་རྟ་ལྕག་གིས་བརྡུང་རུ་བཅུག་ནས་རྒྱང་ཤིང་སྒང་ལ་གསོད་པའི་ཕྱིར་དམག་མི་ཚོར་རྩིས་སྤྲད།

སྟོན་པ་ཡེ་ཤུ་ལ་འཕྱ་དམོད་བྱས་པ།

16 དེ་ནས་དམག་མི་ཚོས་ཁོང་ཉིད་སྤྱི་ཁྱབ་ཀྱི་ཕོ་བྲང་གི་སྒོ་ར་ལ་ཁྲིད་དེ་དམག་ཁག་ཐམས་ཅད་བསྡུས་ཤིང༌།

17 དེ་ཚོས་ཁོང་གི་ལུས་ལ་མདོག་རྒྱ་སྨུག་ཅན་གྱི་ན་བཟའ་བསྐོན་པ་དང་ཚེར་མས་སླས་པའི་ཅོད་པན་ཞིག་ཀྱང་ཁོང་གི་དབུ་ལ་བསྐོན།

18 ཡང་དེ་ཚོས་ཁོང་ལ་ཕྱག་ཕུལ་ཞུ་ཁུལ་བྱས་ནས་

“ཡ་ཧུ་དཱ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ་”

ཞེས་སྨྲས་པ་དང༌།

19 ཁོང་གི་དབུ་ལ་དབྱུག་པ་ཞིག་གིས་ཡང་ཡང་བརྡེག་ཅིང་གདོང་ལ་མཆིལ་མ་གཏོར།

ཡང་པུས་མོ་སར་བཙུགས་ཏེ་ཁོང་ལ་ཕྱག་འཚལ་ཁུལ་བྱས།

20 དེ་ལྟར་ཁོང་ལ་བརྙས་བཅོས་བྱས་ཚར་རྗེས་མདོག་རྒྱ་སྨུག་ཅན་གྱི་ན་བཟའ་ཕུད་ཅིང༌།

ཁོང་ལ་རང་གི་ན་བཟའ་གྱོན་དུ་བཅུག་སྟེ་རྒྱང་ཤིང་ཐོག་ལ་གཟེར་རྒྱག་པའི་ཕྱིར་ཕར་ཁྲིད།

སྟོན་པ་ཡེ་ཤུ་རྒྱང་ཤིང་སྒང་ལ་བསད་པ།

21 ཁོང་ཚོ་ཕྱི་ལ་ཕེབས་སྐབས།

ཨ་ལིག་ཟན་ཌེར་དང་རུ་ཕུ་སུ་ཞེས་པའི་སྤུན་གཉིས་ཀྱི་ཕ་སི་མོན་ནི་སེ་རེ་ནཱ་གྲོང་ཁྱེར་གྱི་མི་ཡིན་ལ།

ཁོ་རང་གྲོང་གསེབ་ནས་འོངས།

ས་ཆ་འདི་བརྒྱུད་ནས་འགྲོ་དུས།

ཁོ་ཚོས་རྒྱང་ཤིང་འཁུར་དུ་འཇུག་ཕྱིར་མི་དེའང་བཙན་གྱིས་ཁྲིད།

22 ཡང་ཡེ་ཤུ་ཁྲིད་ནས་གོལ་གོ་ཐ་ཞེས་པ་ནི་མགོ་རུས་དང་འདྲ་བའི་ས་ཆ་ཟེར་བའི་ས་དེར་སླེབས་པ་དང༌།

23 ཁོ་ཚོས་ཁོང་ལ་གུ་གུལ་ཞེས་པའི་སྨན་འདྲེས་པའི་རྒུན་ཆང་དྲངས་ཀྱང་ཁོང་གིས་མ་བཞེས།

24 དེའི་ཚེ་དམག་མི་དེ་ཚོས་ཁོང་རྒྱང་ཤིང་སྟེང་དུ་གཟེར་བརྒྱབ་ནས་བཀལ།

མི་རེ་རེར་གང་ཐོབ་རྒྱན་བརྒྱབ་ནས་ཁོང་གི་ན་བཟའ་བགོ་བཤའ་བྱས།

25 ཁོ་ཚོས་ཡེ་ཤུ་རྒྱང་ཤིང་སྒང་ལ་གཟེར་བརྒྱབ་ནས་བཀལ་བའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་དགུ་པར་ཡིན།

26 ཁོང་གི་ཉེས་ཚིག་ལ་ཡ་ཧུ་དཱ་པའི་རྒྱལ་པོ་ཞེས་བྲིས་ཡོད།

27 ཁོང་མཉམ་དུ་ཇག་པ་གཉིས་ནས་གཅིག་ཁོང་གི་གཡས་ཕྱོགས་སུ་ཡོད་པའི་རྒྱང་ཤིང་དང་གཅིག་ཁོང་གི་གཡོན་ཕྱོགས་སུ་ཡོད་པའི་རྒྱང་ཤིང་ལ་གཟེར་བརྒྱབ།

29 གནས་དེར་བརྒྱུད་ནས་འགྲོ་བའི་མི་རྣམས་ཀྱིས་ཁོང་ལ་དམའ་འབེབས་བཏང་ནས་མགོ་གཡུག་བཞིན་

“ཀྱེ།

མཆོད་ཁང་ཆེན་མོ་བཤིག་ནས་ཉིན་གསུམ་གྱི་ནང་སླར་རྩིག་མཁན་ཁྱོད།

30 ད་ལྟ་རང་ཉིད་སྐྱོབས་དང༌།

རྒྱང་ཤིང་སྟེང་ནས་མར་བོབས་ཤིག་”

ཅེས་སྨྲས་པ་དང༌།

31 དེ་བཞིན་དུ་ཡ་ཧུ་དཱ་པའི་བླ་ཆེན་རྣམས་དང་ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱིས་ཀྱང་མཉམ་དུ་ཁོང་ལ་འཕྱ་དམོད་བྱེད་དེ་

“ཁོས་གཞན་རྣམས་སྐྱོབ་ཐུབ་པ་ལས་རང་ཉིད་སྐྱོབ་མི་ཐུབ་”

ཅེས་ཕན་ཚུན་གླེང་བ་དང་

32 “ཀྱེ།

ཡི་སི་ར་ཨེལ་གྱི་རྒྱལ་པོ་སྐྱབས་མགོན་མཱ་ཤི་ཀ

ང་ཚོས་མཐོང་ནས་དད་པ་བྱེད་པའི་ཕྱིར་ད་ལྟ་ཁྱོད་རང་རྒྱང་ཤིང་སྟེང་ནས་མར་བོབ་”

ཅེས་སྨྲས།

ཁོང་དང་མཉམ་དུ་རྒྱང་ཤིང་གཞན་ལ་གཟེར་བརྒྱབ་པའི་ཇག་པ་གཉིས་ཀྱིས་ཀྱང་ཁོང་ལ་དེ་ལྟར་སྨྲས།

སྟོན་པ་ཡེ་ཤུ་སྐུ་ཚེ་ལས་འདས་པ།

33 ཉིན་གུང་ལ་སླེབས་དུས་མུན་པས་ལུང་པ་དེ་ཡོངས་སུ་འཐིབས་ཏེ་ཆུ་ཚོད་གསུམ་པའི་བར་དུ་ལུས།

34 ཆུ་ཚོད་གསུམ་པར་ཡེ་ཤུས་གསུང་ཆེན་པོས་

“ཨེ་ལོ་ཨི།

ཨེ་ལོ་ཨི།

ལ་མ་ཤ་བག་ཐ་ནི་”

ཞེས་པའི་དོན་དག་ནི་

“ངའི་དཀོན་མཆོག

ངའི་དཀོན་མཆོག

ཁྱེད་ཀྱིས་ང་དོར་དགོས་དོན་ཅི་ཡིན་”

ཞེས་པའོ།

35 ཉེ་འགྲམ་ལ་ཡོད་པའི་མི་ཁ་ཤས་ཀྱིས་དེ་ཐོས་ནས་

“ཉོན་ཅིག

ཁོང་གིས་ལུང་སྟོན་པ་ཨེ་ལི་ཡཱ་འབོད་ཀྱི་འདུག་”

ཅེས་བཤད།

36 མི་ཞིག་གིས་ཕར་ཕྱིན་ཏེ་རྒུན་ཆང་སྐྱུར་མོའི་ནང་སྲིང་བལ་སྦངས་ནས་དབྱུག་པའི་རྩེར་བཀོན་ཏེ་ཡེ་ཤུ་ལ་འཐུང་དུ་བཅུག་ནས་

“སྒུག་ཅིག

ཨེ་ལི་ཡཱས་ཁོང་མར་ཕབ་ཆེད་ཕེབས་མ་ཕེབས་བལྟའོ་”

ཞེས་བཤད།

37 ཡེ་ཤུས་གསུངས་ཆེན་པོ་ཞིག་བསྐྱོན་ནས་སྐུ་ཚེ་ལས་འདས་སོ།

38 དེའི་སྐབས་མཆོད་ཁང་ཆེན་མོའི་ནང་གི་ཡོལ་བ་དེ་སྟེང་ནས་འོག་བར་དུམ་བུ་གཉིས་སུ་རལ།

39 རྒྱང་ཤིང་མདུན་དུ་ཡེ་ཤུ་དང་ཁ་ཐུག་ལངས་བསྡད་ཡོད་པའི་བརྒྱ་དཔོན་ཞིག་གིས་ཡེ་ཤུ་དེ་ལྟར་གྲོངས་པ་མཐོང་ནས་

“ཁོང་དཀོན་མཆོག་གི་སྲས་ཡིན་པ་དེ་བདེན་པ་རང་རེད་”

ཅེས་བཤད།

40 རྒྱང་རིང་ནས་བལྟ་བའི་བུད་མེད་རྣམས་ཀྱི་ནང་ནས་མག་དལ་གྲོང་གསེབ་ནས་ཡིན་པའི་མིར་ཡམ་དང༌།

ཡ་ཀོབ་ཆུང་བ་དང་ཡོ་སེ་གཉིས་ཀྱི་ཨ་མ་མིར་ཡམ།

བུད་མེད་ས་ལོ་མེ་ཡང་ཡོད།

41 དེ་རྣམས་ནི་ཡེ་ཤུ་ག་ལིལ་ཡུལ་དུ་བཞུགས་པའི་དུས་སུ་ཁོང་གི་རྗེས་སུ་འབྲངས་ནས་ཁོང་ལ་ཞབས་ཕྱི་ཞུས་མྱོང་ཞིང༌།

ཁོང་དང་མཉམ་དུ་ཡེ་རུ་ཤ་ལེམ་གྲོང་ཁྱེར་ལ་སོང་བའི་བུད་མེད་གཞན་མང་པོ་ཡང་གནས་འདིར་ཡོད།

སྟོན་པ་ཡེ་ཤུའི་སྐུ་ཕུང་དུར་ཁང་ནང་དུ་བཅུག་པ།

42-43 ས་མ་རུབ་ཙམ་ལ་གྲོང་ཁྱེར་ཨ་རི་མ་ཐཱའི་མི་མིང་ལ་ཡོ་སེབ་ཟེར་བ་ཞིག་སླེབས།

ཁོང་ནི་མིས་གུས་བཀུར་བྱེད་པའི་ཡ་ཧུ་དཱ་པའི་རྒྱལ་ཚོགས་ཀྱི་ཁོངས་མི་ཞིག་རེད་ལ་དཀོན་མཆོག་གི་རྒྱལ་སྲིད་སྒུག་མཁན་ཞིག་ཀྱང་རེད།

ཉིན་དེ་ནི་གྲ་སྒྲིག་གི་ཉིན་མོ་ཡིན་ཞིང་ངལ་གསོའི་ཉིན་མོའི་ཉིན་སྔོན་མ་དེ་སོང་བས།

ཡོ་སེབ་ཀྱིས་བློ་ཁོག་ཆེན་པོའི་ངང་ནས་པི་ལ་ཏུའི་སར་ཕྱིན་ཏེ་ཡེ་ཤུའི་སྐུ་ཕུང་གནང་རོགས་ཞུས།

44 པི་ལ་ཏུས་ཡེ་ཤུ་གྲོངས་ཚར་བ་ཐོས་རྗེས་ཡ་མཚན་སྐྱེས་ནས་བརྒྱ་དཔོན་སྐད་བཏང་སྟེ་ཁོང་གྲོངས་ནས་དུས་ཚོད་རིང་པོ་ཕྱིན་ཡོད་མེད་སྐད་ཆ་དྲིས།

45 བརྒྱ་དཔོན་ནས་ཡེ་ཤུ་གྲོངས་པའི་གནས་ཚུལ་ངོ་མ་ཤེས་རྗེས་ཡེ་ཤུའི་སྐུ་ཕུང་ཡོ་སེབ་ལ་སྤྲོད་རྒྱུའི་ཆོག་མཆན་གནང༌།

46 ཡོ་སེབ་ཀྱིས་རས་སྤུས་ལེགས་ཤིག་ཉོས་ཏེ་ཡེ་ཤུའི་སྐུ་ཕུང་མར་ཕབ་པ་དང་དེར་རས་ཀྱིས་བསྒྲིལ་ནས་བྲག་ལ་བརྐོས་པའི་དུར་ཁང་ཞིག་གི་ནང་ལ་བཞག

དེ་ནས་རྡོ་ཆེན་པོ་ཞིག་བསྒྲིལ་ཏེ་དུར་ཁང་གི་ཁ་བཀག

47 མག་དལ་མ་མིར་ཡམ་དང་ཡོ་སེ་ཞེས་བྱ་བའི་ཨ་མ་མིར་ཡམ་གཉིས་ཀྱིས་སྐུ་གདུང་གང་དུ་བཞག་པའི་གནས་མཐོང་ངོ༌།།

མར་ཀུ (16) – Mark (16)

1 ངལ་གསོའི་ཉིན་མོ་རྫོགས་རྗེས་གྲོང་ཁྱེར་མག་དལ་ནས་ཡིན་པའི་མིར་ཡམ་དང་ཡ་ཀོབ་ཀྱི་ཨ་མ་མིར་ཡམ།

ས་ལོ་མེ་བཅས་ཀྱིས་ཡེ་ཤུའི་སྐུ་ཕུང་ལ་འབྱུག་ཆེད་ཀྱི་དྲི་ཞིམ་འབྱུག་རྫས་ཉོས་ནས།

2 བདུན་ཕྲག་གཅིག་གི་ཉིན་དང་པོའི་ཞོགས་པ་ཉི་མ་ཤར་ཙམ་ལ་ཁོང་ཚོ་དུར་ཁང་ལ་ཕྱིན།

3 ཁོང་ཚོས་ཕན་ཚུན་

“སུས་ང་ཚོར་དུར་ཁང་གི་ཁའི་རྡོ་དེ་བསྒྲིལ་ནས་ཕར་ཕྱེ་ཡོང་”

ཞེས་སྐད་ཆ་བཤད།

4 ཁོང་ཚོས་ཡར་ལྟ་དུས་རྡོ་ཧ་ཅང་ཆེན་པོ་དེ་བསྒྲིལ་ཚར་ཡོད་པ་མཐོང༌།

5 དུར་ཁང་གི་ནང་ལ་འཛུལ་སྐབས་གཞོན་ནུ་གོས་དཀར་པོ་གྱོན་པ་ཞིག་གཡས་ཕྱོགས་སུ་བསྡད་ཡོད་པ་མཐོང་བས་ཁོང་ཚོ་འཇིགས་པ་རེད།

6 གཞོན་ནུ་དེས་ཁོང་ཚོར་

“ཞེད་མི་དགོས།

ཁྱེད་ཚོས་འཚོལ་བའི་ན་ཙ་རེལ་པ་ཡེ་ཤུ་རྒྱང་ཤིང་སྟེང་བཀལ་བ་ཁོང་སྐུ་གསོན་པོར་བཞེངས་སུ་འགྱུར་ཏེ་འདིར་མེད།

ལྟོས་དང༌།

སྐུ་ཕུང་བཞག་ས་འདི་རེད།

7 ཁྱེད་ཚོ་ཕྱིན་ནས་ཁོང་གི་ཉེ་གནས་པེ་ཏྲོ་དང་བཅས་པ་ལ་འདི་ལྟར་ཤོད།

ཡེ་ཤུས་ཁྱེད་ཚོའི་སྔོན་ལ་ག་ལིལ་ཡུལ་དུ་ཕེབས་ནས་སྔར་གསུངས་པ་བཞིན་དེར་ཁོང་མཇལ་ཡོང་”

ཞེས་བཤད།

8 ཁོང་ཚོ་འདར་ཞིང་དངངས་འཚབ་ཆེན་པོ་སྐྱེས་ནས་དུར་ཁང་ནས་ཕྱིར་བྲོས་ཏེ་སུ་ལའང་མ་བཤད།

གང་ལགས་ཟེར་ན།

ཁོང་ཚོ་ཧ་ཅང་འཇིགས་པས་སོ།།

མར་ཀུས་བྲིས་པའི་འཕྲིན་བཟང་གི་བཤུས་ཡིག་སྔ་ཤོས་ལ་གཤམ་དུ་ཡོད་པའི་ཨང་གྲངས་ 9 ནས་ 20 བར་མེད་དོ།

སྟོན་པ་ཡེ་ཤུ་མག་དལ་མ་མིར་ཡམ་དང་མཇལ་བ།

9 དེ་ཡང་བདུན་ཕྲག་གཅིག་གི་ཉིན་དང་པོའི་ཞོགས་པ་སྔ་པོར་ཡེ་ཤུ་སྐུ་གསོན་པོར་བཞེངས་ནས།

ཐོག་མར་དེ་སྔ་ཁོང་གིས་གདོན་འདྲེ་བདུན་བསྐྲད་མྱོང་བའི་མག་དལ་མ་མིར་ཡམ་ལ་སྐུ་གཟུགས་མངོན་སུམ་དུ་བསྟན་པས།

10 དེས་ཕྱི་རུ་སོང་ནས་ཡེ་ཤུའི་རྗེས་སུ་འབྲང་མཁན་རྣམས་ཀྱི་དྲུང་དུ་ཕྱིན་ཏེ་དེ་རྣམས་ངུ་ཞིང་མྱ་ངན་བྱེད་བཞིན་ཡོད་པ་ལ་གཏམ་དེ་སྨྲས་ནའང༌།

11 ཁོང་ཚོས་ཡེ་ཤུ་འཆི་བ་ལས་སླར་གསོན་པ་དང་མིར་ཡམ་གྱིས་ཁོང་མཐོང་བ་ཡིན་ཞེས་པ་དེ་ལ་ཡིད་མ་ཆེས།

12 དེའི་རྗེས་སུ་འབྲང་བ་རྣམས་ལས་མི་གཉིས་གྲོང་སྡེ་གཞན་ཞིག་ཏུ་འགྲོ་བའི་ལམ་བར་དུ།

ཁོང་གིས་རང་གི་སྐུ་གཟུགས་རྣམ་པ་གཞན་དུ་བསྒྱུར་ཏེ་ཁོ་ཚོ་ལ་མངོན་སུམ་དུ་བསྟན།

13 ཁོ་ཚོ་ལོག་ནས་རྗེས་སུ་འབྲང་བ་གཞན་རྣམས་ལ་གནས་ཚུལ་དེ་བཤད་ནའང་སུས་ཀྱང་ཁོ་ཚོ་ལ་ཡིད་མ་ཆེས།

གཙོ་བོ་ཡེ་ཤུས་ཉེ་གནས་རྣམས་ཀྱིས་འཕྲིན་བཟང་སྒྲོག་པར་མངགས་པ།

14 དེའི་རྗེས་ཉེ་གནས་བཅུ་གཅིག་པོས་ཟས་བཞེས་བཞིན་པའི་སྐབས་སུ།

ཁོང་གིས་དེ་རྣམས་ལ་རང་གི་སྐུ་གཟུགས་མངོན་སུམ་དུ་བསྟན་སྟེ།

རང་ཉིད་འཆི་བ་ལས་སླར་གསོན་རྗེས་དེ་རྣམས་རང་ཉིད་མཐོང་མཁན་རྣམས་ཀྱིས་སྨྲས་པའི་གཏམ་ལ་ཡིད་མ་ཆེས་པས།

ཁོང་གིས་དེ་རྣམས་ལ་དད་པ་མེད་པ་དང་སེམས་འཁྲེགས་པོ་ཡིན་པར་བཀའ་བཀྱོན་མཛད།

15 ཡེ་ཤུས་ཉེ་གནས་རྣམས་ལ་

“ཁྱེད་ཚོས་འཇིག་རྟེན་ཀུན་ཏུ་ཕྱིན་ནས་མི་ཐམས་ཅད་ལ་འཕྲིན་བཟང་ཁྱབ་བསྒྲགས་གྱིས་ཤིག

16 སུ་ཡང་དད་པ་བྱས་ནས་ཁྲུས་གསོལ་ཐོབ་པ་དེ་ཐར་བར་འགྱུར།

སུ་ཡང་དད་པ་མི་བྱེད་པ་དེ་ལ་ཆད་པ་གཅོད་པར་འགྱུར།

17 དད་པ་བྱེད་པ་རྣམས་ལ་ངོ་མཚར་ཆེ་བའི་ནུས་པ་འདི་ལྟར་ཡོད།

ཁོང་ཚོས་ངའི་མིང་ཐོག་ནས་གདོན་འདྲེ་སྐྲོད་ཐུབ་ཅིང་སྐད་རིགས་གཞན་ཤོད་པ།

18 དུག་སྦྲུལ་རྣམས་ལག་པས་ལེན་པ།

སྲོག་གཅོད་པའི་དུག་འཐུང་ཡང་གནོད་པ་མི་འབྱུང་བ།

ལག་པས་ནད་པར་རེག་ན་ནད་འཇོམས་པར་འགྱུར་རོ་”

ཞེས་གསུངས།

19 དེ་ལྟར་གཙོ་བོ་ཡེ་ཤུས་ཁོང་ཚོར་བཀའ་མོལ་གནང་ཚར་རྗེས།

དཀོན་མཆོག་གི་ཞིང་ཁམས་སུ་བཞེངས་པར་གྱུར་ཏེ་དཀོན་མཆོག་གི་ཕྱག་གཡས་ངོས་སུ་བཞུགས།

20 ཉེ་གནས་རྣམས་གང་སར་ཕྱིན་ནས་དཀོན་མཆོག་གི་བཀའ་ཁྱབ་བསྒྲགས་བྱས།

གཙོ་བོས་ཁོང་ཚོ་དང་མཉམ་དུ་འཕྲིན་ལས་མཛད་ཅིང་ངོ་མཚར་བའི་རྟགས་མཚན་བསྟན་པའི་སྒོ་ནས་འཕྲིན་བཟང་དེ་བདེན་པ་ཡིན་པར་ར་སྤྲོད་གནང་ངོ༌།། །།