ཡོ་ཧ་ནན། – Gospel of John

ཡོ་ཧ་ནན། (1) – John (1)

1 ཐོག་མར་བཀའ་ཡོད་ལགས་པ་དང༌། བཀའ་ནི་དཀོན་མཆོག་དང་མཉམ་དུ་བཞུགས། བཀའ་དེ་དཀོན་མཆོག་ལགས་པ་ཡིན།

2 ཁོང་ནི་ཐོག་མར་དཀོན་མཆོག་དང་མཉམ་དུ་བཞུགས་ཏེ།

3 ཁོང་བརྒྱུད་ནས་ཅི་ཡོད་པ་ཐམས་ཅད་བྱུང་བ་དང༌། ཁོང་མེད་པར་ཅི་ཡང་མ་བྱུང༌།

4 ཁོང་གི་ནང་ན་དཔག་ཏུ་མེད་པའི་ཚེ་ཡོད་པ་དང༌། ཚེ་དེ་ནི་མི་ཐམས་ཅད་ཀྱི་འོད་ཡིན་ནོ།

5 འོད་དེ་མུན་པའི་ནང་དུ་འཕྲོ། མུན་པས་དེ་མནན་པར་མ་ཐུབ།

6 དཀོན་མཆོག་གིས་མི་ཞིག་མངགས་ཏེ། ཁོང་གི་མིང་ལ་ཡོ་ཧ་ནན་ཞེས་ཟེར།

7 མི་ཐམས་ཅད་ཁོང་བརྒྱུད་ནས་དད་པ་བྱེད་པའི་ཕྱིར་ཁོང་ནི་འོད་དེ་ལ་དཔང་པོ་བྱེད་པའི་ཆེད་དུ་ཕེབས།

8 ཁོང་རང་ནི་འོད་དེ་མ་ཡིན་མོད། འོད་དེ་ལ་དཔང་པོ་བྱེད་པའི་ཕྱིར་འོངས།

9 བདེན་པའི་འོད་མི་ཐམས་ཅད་ལ་འོད་གནང་བའི་ཕྱིར་འཇིག་རྟེན་ལ་བྱོན།

10 ཁོང་ནི་འཇིག་རྟེན་འདིར་བཞུགས་ཏེ། ཁོང་ཉིད་བརྒྱུད་ནས་འཇིག་རྟེན་བཀོད་ན་ཡང༌། འཇིག་རྟེན་གྱི་མི་རྣམས་ཀྱིས་ཁོང་ངོ་མ་ཤེས།

11 ཁོང་ནི་རང་གི་ཡུལ་ལ་ཕེབས་ན་ཡང༌། རང་གི་ཡུལ་མི་རྣམས་ཀྱིས་ཁོང་མ་བསུས།

12འོན་ཀྱང་སུས་ཁོང་བསུས་ནས་ཁོང་གི་མཚན་ལ་དད་པ་བྱས་ཀྱང་ཁོང་གིས་དེ་རྣམས་ལ་དཀོན་མཆོག་གི་སྲས་དང་སྲས་མོར་འགྱུར་བའི་དབང་བསྐུར་བ་དང༌།

13 དེ་རྣམས་ནི་མ་ཡི་མངལ་ལས་སྐྱེས་པ་མ་ཡིན་ལ། མི་ཡི་འདོད་པའི་དབང་གིས་མ་སྐྱེས་ཤིང་ཁྱོ་གའི་བསམ་འདུན་བཞིན་དུའང་སྐྱེས་པ་མིན། དཀོན་མཆོག་ལས་སྐྱེས་སོ།

14 བཀའ་ཞེས་པ་དེ་མི་རུ་གྱུར་བ་དང༌། ཐུགས་རྗེ་དང་བདེན་པ་ཉིད་ཀྱིས་གང་བ་ཡིན་ཏེ་ང་ཚོའི་ཁྲོད་དུ་གནས། ཁོང་གི་གཟི་བརྗིད་ཡབ་ནས་བྱུང་བའི་སྲས་གཅིག་པོའི་གཟི་བརྗིད་དེ་ང་ཚོས་མཐོང༌།

15 ཡོ་ཧ་ནན་གྱིས་ “ང་ཡི་རྗེས་སུ་ཕེབས་མཁན་ནི། ང་ལས་སྔོན་དུ་ཡོད་པས་ང་ལས་ཆེ་བ་ཡིན་ཅིང༌། ངས་སྔོན་སྨྲས་པའི་སྐྱེས་བུ་ནི་ཁོང་ཉིད་ཡིན་” ཞེས་ཁོང་གི་སྐོར་གསུངས་ནས་དཔང་པོ་བྱས་ཤིང་འབོད་སྒྲ་བསྒྲགས།

16 ཁོང་གི་ཕུན་སུམ་ཚོགས་པ་ལས་ང་ཚོ་ཚང་མར་ཐུགས་རྗེ་ཡང་ཡང་ཐོབ།

17 དཀོན་མཆོག་གིས་ལུང་སྟོན་པ་མོ་ཤེ་བརྒྱུད་ནས་ཡ་ཧུ་དཱ་པའི་ཆོས་ཁྲིམས་གནང་མོད། ཐུགས་རྗེ་དང་བདེན་པ་ཉིད་ནི་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་བྱུང༌།

18 མི་སུས་ཀྱང་དཀོན་མཆོག་གཏན་ནས་མ་མཐོང༌། ཡབ་དཀོན་མཆོག་གི་སྐུ་པང་ལ་བཞུགས་པའི་སྲས་གཅིག་པོས་འཇིག་རྟེན་ཀུན་ལ་ཁོང་གི་སྐོར་གསལ་སྟོན་མཛད།

ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་དཔང་པོ་བྱས་པ།

19ཡེ་རུ་ཤ་ལེམ་གྲོང་ཁྱེར་ལ་ཡོད་པའི་ཡ་ཧུ་དཱ་པའི་ཆོས་དཔོན་རིགས་ཀྱིས་ཡ་ཧུ་དཱ་པའི་བླ་མ་རྣམས་དང་ལེ་ཝི་པ་ཟེར་བའི་མཆོད་གཡོག་པོ་རྣམས་ཡོ་ཧ་ནན་གྱི་དྲུང་དུ་བཏང་ནས། ཁོང་ལ་ཁྱེད་སུ་ཡིན་ཞེས་འདྲི་པའི་ཕྱིར།

20 ཡོ་ཧ་ནན་གྱིས་སྦ་གསང་ཅི་ཡང་མེད་པར་དྲང་པོར་གསུངས་ཏེ་ “ང་ནི་སྐྱབས་མགོན་མཱ་ཤི་ཀ་མིན་” ཞེས་དཔང་པོ་བྱས།

21 མི་དེ་ཚོས་ “བྱས་ན་ཁྱེད་སུ་ཡིན། ཁྱེད་ལུང་སྟོན་པ་ཨེ་ལི་ཡཱ་ཡིན་ནམ་” ཞེས་ཟེར་བ་དང་ཁོང་གིས་ “མ་ཡིན་” ཞེས་གསུངས། ཁོ་ཚོས་ “ཁྱེད་ལུང་སྟོན་པ་ཞེས་པ་དེ་ཡིན་ནམ་” ཞེས་དྲིས་པ་དང་ཁོང་གིས་ “མ་ཡིན་” ཞེས་གསུངས།

22 མི་དེ་རྣམས་ཀྱིས་ “ང་ཚོ་གཏོང་མཁན་རྣམས་ལ་ལན་འདེབས་དགོས་པས། ཁྱེད་རང་གིས་ཁྱེད་སུ་ཡིན་པ་ཤོད་རོགས་” ཞེས་སྨྲས་པ་དང༌།

23 ཁོང་གིས་ “ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ལས་གསུངས་པ་ལྟར།

དབེན་སྟོང་ནང་ལ་གྲགས་པའི་འབོད་སྒྲ་ཡིས།།

གཙོ་བོའི་ཕེབས་ལམ་བདེ་མོ་བཟོ་བར་གྱིས།།

ཞེས་གསུང་བའི་སྒྲ་དེ་ནི་ང་ཡིན་” ཞེས་ལན་བཏབ།

24 ཕཱ་རུ་ཤི་ཟེར་བའི་ཕྱོགས་ཁག་གིས་བཏང་ཡོད་པའི་མི་འདི་རྣམས་ཀྱིས་ཡོ་ཧ་ནན་ལ་

25 “ད་ཁྱེད་སྐྱབས་མགོན་མཱ་ཤི་ཀ་མ་ཡིན་ན། ལུང་སྟོན་པ་ཨེ་ལི་ཡཱ་ཡང་མ་ཡིན་ན། ལུང་སྟོན་པ་ཟེར་མཁན་དེ་ཡང་མ་ཡིན་པས། ཅིའི་ཕྱིར་མི་ལ་ཁྲུས་གསོལ་གནང་ངམ་” ཞེས་དྲིས།

26 དེའི་ལན་དུ་ཡོ་ཧ་ནན་གྱིས་ “ངས་མི་རྣམས་ལ་ཆུ་ཡིས་ཁྲུས་གསོལ་བྱེད་བཞིན་ཡོད། འོན་ཀྱང་ཁྱེད་རྣམས་ཀྱིས་ངོ་མི་ཤེས་པའི་སྐྱེས་བུ་དེ་ནི་ཁྱེད་ཚོའི་ཁྲོད་དུ་ཡོད།

27 ཁོང་ངའི་རྗེས་སུ་འབྱོན་ཀྱང་ང་ནི་ཁོང་གི་ལྷམ་སྒྲོག་འགྲོལ་བར་ཡང་མི་འོས་” ཞེས་བཤད།

28 སྐད་ཆ་འདི་ཡོ་ཧ་ནན་གྱིས་ཁྲུས་གསོལ་གནང་བའི་གནས་པེ་ཐན་ཡཱ་ཞེས་བྱ་བ་ཡོར་དན་གཙང་པོའི་ཕར་ཕྱོགས་སུ་བྱུང་ངོ༌།།

སྟོན་པ་ཡེ་ཤུ་ནི་དཀོན་མཆོག་གི་ལུ་གུ་ཡིན་པའི་སྐོར།

29 དེའི་ཕྱི་ཉིན་ཡོ་ཧ་ནན་གྱིས་ཡེ་ཤུ་རང་གི་མདུན་དུ་ཕེབས་པར་མཐོང་སྟེ་ “ལྟོས་དང༌། འདི་ནི་དཀོན་མཆོག་གི་ལུ་གུ་ཡིན་ཏེ་འཇིག་རྟེན་གྱི་སྡིག་ཉེས་སེལ་མཁན་ནི་ཁོང་ཉིད་ཡིན་ནོ།

30 སྔར་ངས་ང་ཡི་རྗེས་སུ་ཕེབས་མཁན་ནི། ང་ལས་སྔོན་དུ་ཡོད་པས་ང་ལས་ཆེ་བ་ཡིན་ཅིང༌། ངས་སྔོན་སྨྲས་པའི་སྐྱེས་བུ་ནི་ཁོང་ཉིད་ཡིན།

31 ང་རང་གིས་ཁོང་ངོ་མ་ཤེས། འོན་ཀྱང་ཁོང་ཡི་སི་ར་ཨེལ་ལ་ངོ་སྤྲོད་བྱེད་པའི་ཕྱིར་ཆུ་ཡིས་ཁྲུས་གསོལ་བྱེད་དུ་ང་འོངས་” ཞེས་བཤད།

32-33 ཡང་ཡོ་ཧ་ནན་གྱིས་དཔང་པོ་བྱས་ཏེ་ “དམ་པའི་ཐུགས་ཉིད་ཕུག་རོན་ལྟར་དཀོན་མཆོག་གི་ཞིང་ཁམས་ནས་བབ་སྟེ་ཁོང་གི་སྟེང་དུ་གནས་པར་ངས་མཐོང་མྱོང༌། ངས་ཁོང་ངོ་མ་ཤེས་ཡོད་ཀྱང་ང་ཆུ་ཡིས་ཁྲུས་གསོལ་དུ་མངགས་མཁན་གྱིས་ངར་འདི་སྐད་གསུངས། ཁྱོད་ཀྱིས་སུའི་ཐོག་ཏུ་དམ་པའི་ཐུགས་ཉིད་བབ་ནས་བཞུགས་པར་མཐོང་བ་དེ་ནི་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་མཁན་དེ་ཡིན་ནོ་” ཞེས་གསུངས།

34 ཁོང་གིས་ “ང་རང་གིས་དེ་བཞིན་དུ་མཐོང་མྱོང་བས། མི་འདི་ནི་དཀོན་མཆོག་གི་སྲས་ཡིན་པར་དཔང་པོ་བྱས་ཡོད་” ཅེས་གསུངས་སོ།།

ཉེ་གནས་ཐོག་མ།

35 དེའི་ཕྱི་ཉིན་ཡང་ཡོ་ཧ་ནན་ཁོང་གི་ཉེ་གནས་གཉིས་དང་མཉམ་དུ་དེར་ཡོད་དེ།

36 ཡེ་ཤུ་ཕེབས་པ་མཐོང་སྟེ་ཡོ་ཧ་ནན་གྱིས་ “ལྟོས་དང༌། འདི་ནི་དཀོན་མཆོག་གི་ལུ་གུ་ཡིན་ནོ་” ཞེས་གསུངས།

37 ཉེ་གནས་དེ་གཉིས་ཀྱིས་ཁོང་གིས་གསུངས་པ་དེ་ཐོས་ནས་ཡེ་ཤུའི་རྗེས་སུ་འབྲངས།

38 ཡེ་ཤུས་ཞལ་ཕྱིར་བསྐོར་ཏེ་རྗེས་སུ་འབྲང་མཁན་དེ་གཉིས་གཟིགས་ཏེ་ “ཁྱེད་ཚོས་ཅི་འཚོལ་བ་ཡིན་ནམ་” ཞེས་གསུངས་པས་དེ་གཉིས་ཀྱིས་ “རབ་བི། (རབ་བི་ཟེར་ན་ཡ་ཧུ་དཱ་པའི་ཆོས་ཀྱི་སློབ་དཔོན་ཡིན་) ཁྱེད་རང་ག་པར་བཞུགས་ཀྱི་ཡོད་” ཅེས་བཤད།

39 ཁོང་གིས་ “ཤོག་ལ་ལྟོས་དང་” ཞེས་གསུངས། ཁོ་གཉིས་འོངས་པ་དང་ཁོང་གི་བཞུགས་ས་མཐོང་ནས་ཕྱི་དྲོའི་ཆུ་ཚོད་བཞི་ཙམ་ཡོད་པས་ཉིན་མོ་དེ་ཁོང་དང་མཉམ་དུ་བསྡད།

40 ཡོ་ཧ་ནན་གྱིས་གསུངས་པ་དེ་ཐོས་ནས་ཡེ་ཤུའི་རྗེས་སུ་འབྲང་མཁན་དེ་གཉིས་ཀྱི་ནང་ནས་གཅིག་ནི་སི་མོན་པེ་ཏྲོ་ཡི་སྤུན་ཨན་དྲི་ཡཱ་ཡིན།

41 ཨན་དྲི་ཡཱས་ཐོག་མར་རང་གི་སྤུན་སི་མོན་ཐུག་ནས་དེ་ལ་ “ང་ཚོས་སྐྱབས་མགོན་མཱ་ཤི་ཀ་མཇལ་བྱུང་” ཞེས་ཟེར། (མཱ་ཤི་ཀ་ཟེར་ན་བྱུགས་པའི་མི་ཡི་དོན་ཡིན་)

42 དེ་ནས་ཨན་དྲི་ཡཱ་ཡིས་སི་མོན་ཡེ་ཤུའི་སྐུ་དྲུང་དུ་ཁྲིད། ཡེ་ཤུས་ཁོ་ལ་གཟིགས་ནས་ “ཁྱེད་ནི་ཡོ་ཧ་ནན་ཞེས་བྱ་བའི་བུ་སི་མོན་ཡིན་ཏེ། ཁྱེད་ཀྱི་མིང་ལ་ཀེ་ཕཱ་ཞེས་གདགས་རྒྱུ་ཡིན་” ཞེས་གསུངས། (ཀེ་ཕཱ་ཡི་དོན་ནི་པེ་ཏྲོ་ཡིན་)

ཕི་ལིབ་དང་ན་ཐན་ཨེལ་ཉེ་གནས་སུ་སྐོང་བ།

43 དེའི་སང་ཉིན་ཡེ་ཤུ་ག་ལིལ་ཡུལ་དུ་ཕེབས་པར་དགོངས་ཏེ། ཕི་ལིབ་དང་ཐུག་ནས་ཁོ་ལ་ “ངའི་རྗེས་སུ་འབྲོངས་” ཞེས་གསུངས།

44 ཕི་ལིབ་ནི་པེ་སད་དཱ་པ་ཡིན་པས། ཨན་དྲི་ཡཱ་དང་པེ་ཏྲོ་གཉིས་དང་ཕ་ཡུལ་གཅིག་པ་ཡིན།

45 ཕི་ལིབ་ན་ཐན་ཨེལ་དང་ཐུག་ནས་ཁོ་ལ་ “ལུང་སྟོན་པ་མོ་ཤེས་བཀའ་ཁྲིམས་ཀྱི་མདོའི་ནང་བྲིས་ཡོད་པ་དང༌། ལུང་སྟོན་པ་རྣམས་ཀྱིས་ཀྱང་ལུང་བསྟན་ལས་སྐྱེས་བུ་དེའི་སྐོར་བྲིས་ཡོད་པའི་ན་ཙ་རེལ་གྲོང་སྡེ་ནས་ཡིན་པ་ཡོ་སེབ་ཀྱི་བུ་ཡེ་ཤུ་ང་ཚོས་མཇལ་བྱུང་” ཞེས་བཤད།

46 ན་ཐན་ཨེལ་གྱིས་ “ན་ཙ་རེལ་ནས་དོན་ལེགས་པོ་ཞིག་འབྱུང་བར་སྲིད་དམ་” ཞེས་ཟེར་བས་ལན་དུ་ཕི་ལིབ་ཀྱིས་ “ཤོག་ལ་ལྟོས་དང་” ཞེས་གསུངས།

47 ཡེ་ཤུས་ན་ཐན་ཨེལ་དྲུང་དུ་འོང་བར་གཟིགས་ནས་ “ལྟོས་དང༌། འདི་ནི་བདེན་པའི་ཡི་སི་ར་ཨེལ་པ་ཡིན་ཏེ། སེམས་ལ་གཡོ་སྒྱུ་མེད་པ་ཞིག་ཡིན་” ཞེས་གསུངས།

48 ན་ཐན་ཨེལ་གྱིས་ཁོང་ལ་ “ཁྱེད་ཀྱིས་ང་ཇི་ལྟར་མཁྱེན་” ཞེས་ཞུས་པས་ཡེ་ཤུས་ “ཁྱེད་བསེ་ཡབ་ཤིང་གི་འོག་ལ་བསྡད་ཡོད་པའི་ཚེ། ཕི་ལིབ་ཀྱིས་ཁྱེད་མ་བོས་པའི་སྔོན་ལ་ངས་ཁྱེད་མཐོང་བྱུང་” ཞེས་གསུངས་པ་དང༌།

49 ན་ཐན་ཨེལ་གྱིས་ “རབ་བི། ཁྱེད་རང་ནི་དཀོན་མཆོག་གི་སྲས་དང་ཡི་སི་ར་ཨེལ་གྱི་རྒྱལ་པོ་ཡིན་” ཞེས་བཤད།

50 དེའི་ལན་དུ་ཡེ་ཤུས་ “ངས་ཁྱེད་བསེ་ཡབ་ཤིང་གི་འོག་ལ་མཐོང་བྱུང་ཞེས་ཁྱེད་ལ་བཤད་པས་ཁྱེད་ཀྱིས་དད་པ་བྱེད་དམ། ཁྱེད་ཀྱིས་དོན་དེ་ལས་ཆེ་བ་མཐོང་བར་འགྱུར་” ཞེས་གསུངས།

51 ཡང་ཁོང་གིས་ “ངས་ཁྱེད་རྣམས་ལ་བདེན་པ་བདེན་པར་ཟེར་རྒྱུ་ཡིན་ཏེ། དཀོན་མཆོག་གི་ཞིང་ཁམས་བྱེ་ནས། དཀོན་མཆོག་གི་ཕོ་ཉ་རྣམས་མིའི་རིགས་ཀྱི་བུ་ཟེར་མཁན་གྱི་ཐོག་ཏུ་འབབ་པ་དང་འཛེག་པར་ཁྱེད་རྣམས་ཀྱིས་མཐོང་གི་རེད་” ཅེས་གསུངས་སོ།།

ཡོ་ཧ་ནན། (2) – John (2)

1 དེ་ནས་ཉི་མ་གསུམ་པ་ལ་ག་ལིལ་ཡུལ་གྱི་ཀ་ནཱ་ཟེར་བའི་གྲོང་ཁྱེར་ལ་བག་སྟོན་ཅིག་ཡོད་དེ། ཡེ་ཤུའི་ཡུམ་དེ་རུ་ཡོད་པ་ཡིན།

2 ཡེ་ཤུ་དང་ཁོང་གི་ཉེ་གནས་རྣམས་ཀྱང་བག་སྟོན་དུ་མགྲོན་ལ་བོས།

3 རྒུན་ཆང་རྫོགས་སྐབས། ཡེ་ཤུའི་ཡུམ་གྱིས་ཁོང་ལ་ “ཁོ་ཚོར་རྒུན་ཆང་མེད་” ཅེས་གསུངས།

4 ཡེ་ཤུས་ཁོང་ལ་ “ཨ་མ་ལགས། ཁྱེད་ཀྱིས་ཅིའི་ཕྱིར་ང་རང་དོན་དེ་དང་འབྲེལ་བ་ཡོད་པར་བྱ་འདོད་དམ། ངའི་དུས་ཚོད་ད་དུང་མ་སླེབས་” ཞེས་གསུངས།

5 ཁོང་གི་ཡུམ་གྱིས་དེར་ཡོད་པའི་གཡོག་པོ་རྣམས་ལ་ “ཁོང་གིས་ཁྱེད་ཚོ་ལ་གང་གསུང་པ་བཞིན་དུ་བྱོས་ཤིག་” ཅེས་བཤད།

6 ད་ཡ་ཧུ་དཱ་པ་རྣམས་ཀྱི་གཙང་བར་བྱེད་པའི་ཆོས་ཁྲིམས་བཞིན་དུ་རྡོའི་ཆུ་བན་རེ་རེ་ལ་ཧ་ལམ་ཧྲེང་བརྒྱ་གཤོང་བ་དྲུག་དེར་བཞག་ཡོད་པ་ཡིན།

7 ཡེ་ཤུས་གཡོག་པོ་ཚོར་ “བན་འདི་ཚོ་ཆུ་ཡིས་རྒྱོངས་” ཞེས་བཀའ་གནང་བས་ཁོ་ཚོས་བན་ཡོངས་སུ་ཁེངས་པར་ཆུས་བཀང༌།

8 ཁོང་གིས་ “ད་བཅུས་ནས་གསོལ་དཔོན་ལ་སྐྱོལ་དང་” ཞེས་གསུངས་པ་དང་གཡོག་པོས་དེ་ལྟར་བྱས།

9 གསོལ་དཔོན་དེས་ཆུ་རྒུན་ཆང་དུ་གྱུར་བའི་བྲོ་བ་མྱངས་ནས། དེ་ག་ནས་བྱུང་མིན་མ་ཤེས་ཀྱང༌། གཡོག་པོ་ཆུ་འཆུ་མཁན་གྱིས་ཤེས། གསོལ་དཔོན་གྱིས་མག་པ་བོས་ཏེ་

10 “མི་གཞན་དག་ཚང་མས་སྔོན་ལ་རྒུན་ཆང་སྤུས་ལེགས་སྟེར་ནས་མགྲོན་པོ་རྣམས་ཀྱིས་མང་པོ་བཏུངས་པའི་རྗེས་སུ་རྒུན་ཆང་ཞན་པ་ཞིག་སྟེར། འོན་ཀྱང་ཁྱེད་ཀྱིས་རྒུན་ཆང་ལེགས་པོ་ད་ལྟ་བར་ཉར་ཚགས་བྱས་” ཞེས་བཤད།

11 དེ་ལྟར་ཡེ་ཤུས་ག་ལིལ་ཡུལ་གྱི་གྲོང་ཁྱེར་ཀ་ནཱ་ལ་ངོ་མཚར་བའི་རྟགས་དང་པོ་བསྟན་ཏེ། རང་གི་གཟི་བརྗིད་མངོན་པར་མཛད་པས་ཉེ་གནས་རྣམས་ཀྱིས་ཁོང་ལ་དད་པ་བྱས་སོ།

12 དེའི་རྗེས་སུ་ཡེ་ཤུ་རང་གི་ཡུམ་དང་སྐུ་མཆེད་དང༌། ཉེ་གནས་རྣམས་དང་མཉམ་དུ་ཀ་ཕར་ན་ཧུམ་ཞེས་པའི་གྲོང་ཁྱེར་ལ་མར་ཕེབས་ནས། དེར་ཉིན་ཤས་བཞུགས་སོ།།

ཚོང་པ་རྣམས་མཆོད་ཁང་ཆེན་མོ་ནས་བསྐྲད་པ།

13 ཡང་པེ་སག་ཟེར་བའི་ཡ་ཧུ་དཱ་པའི་དུས་ཆེན་ཉེ་བས། ཡེ་ཤུ་ཡེ་རུ་ཤ་ལེམ་ལ་ཡར་ཕེབས་པ་དང༌།

14 དེར་ཁོང་གིས་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་སྒོ་ར་ལ་བ་གླང་དང༌། ལུག ཕུག་རོན་བཅས་ཚོང་མཁན་དང༌། དངུལ་རྗེ་མཁན་རྣམས་བསྡད་ཡོད་པར་གཟིགས།

15 ཁོང་གིས་ཐག་པའི་རྟ་ལྕག་ཅིག་མཛད་ནས། སྒོ་རའི་ནང་ནས་ལུག་དང་བ་གླང་ཐམས་ཅད་ཕྱིར་བཏོན་པ་དང༌། དངུལ་རྗེ་མཁན་གྱི་ལྕོག་ཙེ་མགོ་རྟིང་བསློགས་ནས་དངུལ་སྒོར་གཏོར།

16 ཕུག་རོན་ཚོང་མཁན་རྣམས་ལ་ “འདི་ཐམས་ཅད་འདི་ནས་ཕྱིར་ཁྱེར་ཞིག ངའི་ཡབ་ཀྱི་གནས་མཆོག་ནི་ཚོང་རར་མ་བྱོས་” ཞེས་བཀའ་གནང༌།

17 ཁྱེད་ཀྱི་ཕོ་བྲང་གི་ཆེད་དུ་བརྩོན་སེམས་ཀྱིས་ང་མེད་པ་བཟོ་བར་བྱ་ཞེས་མདོ་ལས་བྲིས་འདུག་པ་དེ་ཉེ་གནས་རྣམས་ཀྱིས་དྲན།

18 དེ་ནས་ཡ་ཧུ་དཱ་པའི་ཆོས་དཔོན་རྣམས་ཀྱིས་ “ཁྱེད་ཀྱིས་ལས་འདི་འདྲ་མཛད་པའི་དབང་ཆ་ཡོད་པ་སྟོན་པའི་ཕྱིར་ང་ཚོ་ལ་ངོ་མཚར་བའི་དོན་གང་སྟོན་པར་མཛད་དམ་” ཞེས་དྲིས་པས།

19 ལན་དུ་ཡེ་ཤུས་ “མཆོད་ཁང་འདི་བཤིག་ན་ངས་ཉིན་ཞག་གསུམ་ལ་སླར་ཡང་རྩིག་པར་བྱའོ་” ཞེས་གསུངས།

20 ཡ་ཧུ་དཱ་པའི་ཆོས་དཔོན་རྣམས་ཀྱིས་ “མཆོད་ཁང་ཆེན་མོ་འདི་ནི་ལོ་བཞི་བཅུ་ཞེ་དྲུག་རིང་ལ་བརྩིགས་པ་ཡིན། ཁྱེད་ཀྱིས་ཞག་གསུམ་ལ་སླར་ཡང་བརྩིག་རྒྱུ་ཡིན་ནམ་” ཞེས་དྲིས།

21 འོན་ཀྱང་ཡེ་ཤུས་རང་གི་སྐུ་ལུས་ཡིན་པའི་མཆོད་ཁང་ལ་དཔེ་མཛད་དེ་གསུངས་པ་ཡིན།

22 དེས་ཁོང་འཆི་བ་ནས་སྐུ་གསོན་པོར་བཞེངས་སྐབས་ཉེ་གནས་རྣམས་ཀྱིས་གསུངས་དེ་དྲན་པ་དང༌། མདོ་དང་ཡེ་ཤུས་གསུངས་པའི་བཀའ་དེ་གཉིས་ལ་དད་པ་བྱས།

23 ཡང་ཡེ་ཤུ་པེ་སག་གི་དུས་ཆེན་ལ་ཡེ་རུ་ཤ་ལེམ་ལ་བཞུགས་པའི་ཚེ། མི་མང་པོས་ཁོང་གིས་མཛད་པའི་ངོ་མཚར་བའི་རྟགས་མཐོང་བས་ཁོང་གི་མཚན་ལ་དད་པ་བྱས།

24-25 འོན་ཀྱང་ཡེ་ཤུས་མི་ཐམས་ཅད་མཁྱེན་པས་སུས་ཀྱང་གཞན་གྱི་སྐོར་ཁོང་ལ་ཞུ་མ་དགོས་པར། མི་རྣམས་ཀྱི་སེམས་ནང་ཅི་ཡོད་པ་མཁྱེན་པས་དེ་ཚོར་བློ་གཏད་མ་མཛད་དོ།།

ཡོ་ཧ་ནན། (3) – John (3)

1 དེའི་ཚེ་ཕཱ་རུ་ཤི་ཟེར་བའི་ཕྱོགས་ཁག་ནང་ནས་མི་ནཱི་ཀོ་དེམ་བྱ་བ་ཡ་ཧུ་དཱ་པའི་དབུ་ཁྲིད་པ་ཞིག་ཡོད་དེ།

2 མཚན་མོ་ཡེ་ཤུ་མཇལ་དུ་འོངས་ནས་ “རབ་བི། ཁྱེད་ནི་དཀོན་མཆོག་གི་མདུན་ནས་ཕེབས་པའི་སྟོན་པ་ཞིག་ཡིན་པ་ང་ཚོས་ཤེས། ཅི་ལགས་ཟེར་ན། ཁྱེད་ཀྱིས་སྟོན་པར་མཛད་པའི་རྟགས་འདི་ཚོ་དཀོན་མཆོག་དང་འབྲལ་ཏེ་སུས་ཀྱང་སྟོན་པར་མི་སྲིད་” ཅེས་གསུངས་པ་ན།

3 ལན་དུ་ཡེ་ཤུས་ “ངས་ཁྱེད་ལ་བདེན་པ་བདེན་པར་ཟེར་རྒྱུར། གལ་ཏེ་མི་ཞིག་ཡང་བསྐྱར་མ་སྐྱེས་ན། དཀོན་མཆོག་གི་རྒྱལ་སྲིད་མཐོང་བར་མི་སྲིད་དོ་” ཞེས་གསུངས།

4 ནཱི་ཀོ་དེམ་གྱིས་ཁོང་ལ་ “མི་ཞིག་རྒས་ནས་ཡང་བསྐྱར་ཇི་ལྟར་སྐྱེ་སྲིད། ཁོའི་ཨ་མའི་མངལ་དུ་འཛུལ་ནས་ཐེངས་གཉིས་པར་སྐྱེ་སྲིད་དམ་” ཞེས་དྲིས།

5 ལན་དུ་ཡེ་ཤུས་ “ངས་ཁྱེད་ལ་བདེན་པ་བདེན་པར་ཟེར་རྒྱུར། གལ་ཏེ་མི་ཞིག་ཆུ་དང་དཀོན་མཆོག་གི་དམ་པའི་ཐུགས་ཉིད་བརྒྱུད་ནས་མ་སྐྱེས་ན། དཀོན་མཆོག་གི་རྒྱལ་སྲིད་དུ་འཛུལ་བར་མི་སྲིད་དོ།

6 ལུས་ནས་སྐྱེས་པ་ནི་ལུས་ཡིན་པ་ལྟར། དམ་པའི་ཐུགས་ཉིད་ལས་སྐྱེས་པ་དེ་ནི་སེམས་ཉིད་ཡིན་ནོ།

7 ངས་ཁྱེད་རང་ལ་ཁྱེད་ཚོ་ཡང་བསྐྱར་སྐྱེ་དགོས་ཞེས་བཤད་པས་ཡ་མཚན་མ་སྐྱེད།

8 ལྷགས་པ་ནི་རང་འདོད་པ་བཞིན་དུ་རྒྱག་པ་དང་དེའི་སྒྲ་ཁྱེད་ཀྱིས་ཐོས་ཀྱང༌། དེ་ག་ནས་བྱུང་དང་གང་དུ་འགྲོ་མི་ཤེས། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ནས་སྐྱེས་པ་ཐམས་ཅད་ནི་དེ་བཞིན་ཡིན་” ཞེས་གསུངས།

9 ཡང་ནཱི་ཀོ་དེམ་གྱིས་ “དེ་ཇི་ལྟར་སྲིད་” ཅེས་བཤད་པ་དང༌།

10 ལན་དུ་ཡེ་ཤུས་ “ཁྱེད་ཡི་སི་ར་ཨེལ་གྱི་སློབ་དཔོན་ཡིན་ཅིང་དོན་དེ་ཡང་མི་རྟོགས་སམ།

11 ངས་ཁྱེད་ལ་བདེན་པ་བདེན་པར་ཟེར་རྒྱུར། ང་ཚོས་གང་ཤེས་པ་དེ་བཤད། གང་མཐོང་ཡོད་པ་དེའི་དཔང་པོ་བྱེད་ཀྱང༌། དཔང་པོ་དེ་ལ་ཁྱེད་རྣམས་ཀྱིས་དང་ལེན་མི་བྱེད།

12 ངས་ཁྱེད་རྣམས་ལ་ས་སྟེང་དུ་བྱུང་བའི་དོན་བཤད་ནས་ཁྱེད་རྣམས་ཡིད་མ་ཆེས་ན། དཀོན་མཆོག་གི་ཞིང་ཁམས་ལ་བྱུང་བའི་དོན་བཤད་ན་ཁྱེད་རྣམས་ཇི་ལྟར་ཡིད་ཆེས་པར་བྱ།

13 དཀོན་མཆོག་གི་ཞིང་ཁམས་ནས་བབ་པའི་མིའི་རིགས་ཀྱི་བུ་མ་གཏོགས་པར། སུའང་ཞིང་ཁམས་ལ་ཡར་ཕེབས་མ་མྱོང༌།

14 ལུང་སྟོན་པ་མོ་ཤེ་ཡིས་འབྲོག་སྟོང་དུ་སྦྲུལ་གྱི་གཟུགས་བརྙན་ཡར་བཀྱགས་པ་ལྟར། མིའི་རིགས་ཀྱི་བུ་ཡང་འཕགས་པར་འགྱུར་དགོས་ཏེ།

15 མིའི་རིགས་ཀྱི་བུ་ལ་དད་པ་བྱེད་མཁན་ཐམས་ཅད་ལ་དཔག་ཏུ་མེད་པའི་ཚེ་ཐོབ་པར་འགྱུར་བའི་ཕྱིར་རོ།

16 དཀོན་མཆོག་གིས་རང་གི་སྲས་གཅིག་པོ་གནང་བ་ཙམ་དུ་འཇིག་རྟེན་གྱི་མི་རྣམས་ལ་བྱམས་པར་མཛད་པས། སྲས་ལ་དད་པ་བྱེད་མཁན་ཚང་མར་འཇིག་པར་མི་འགྱུར་བར་དཔག་ཏུ་མེད་པའི་ཚེ་ཐོབ་ངེས་པའོ།

17 ཡང་དཀོན་མཆོག་གིས་རང་གི་སྲས་འཇིག་རྟེན་གྱི་མིར་ཁྲིམས་གཅོད་མཛད་རྒྱུར་མ་མངགས་ཀྱིས། འཇིག་རྟེན་གྱི་མི་ཁོང་བརྒྱུད་ནས་སྐྱབས་མཛད་རྒྱུར་མངགས།

18 སྲས་ལ་དད་པ་བྱེད་མཁན་ཚོ་ལ་ཁྲིམས་བཅད་མེད་དེ། སྲས་ལ་དད་པ་མི་བྱེད་མཁན་ཚོ་ལ་ཁྲིམས་བཅད་ཟིན། དེ་ནི་དཀོན་མཆོག་གི་སྲས་གཅིག་པོའི་མཚན་ལ་དད་པ་མ་བྱས་པས་སོ།

19 ཡང་ཁྲིམས་གཅོད་དེ་འདི་ལྟར་ཡིན། འོད་དེ་འཇིག་རྟེན་དུ་ཕེབས་ཡོད་ཀྱང༌། མི་རྣམས་ཀྱི་སྤྱོད་པ་ངན་པས་དེ་ཚོ་འོད་དེ་ལས་སྡིག་ཉེས་ཀྱི་མུན་ནག་ལ་དགའོ།

20 ཅི་ལགས་ཟེར་ན། ལས་ངན་བྱེད་པ་ཐམས་ཅད་རང་གི་སྤྱོད་ངན་རྣམས་མི་མངོན་པའི་ཕྱིར་འོད་དེ་ལ་སྡང་ཞིང་འོད་ཀྱི་རྩར་མི་འོང༌།

21 འོན་ཀྱང་བདེན་པའི་དོན་ལག་ལེན་བྱེད་མཁན་རྣམས་ཀྱི་བྱ་བ་དཀོན་མཆོག་ལས་བྱུང་བ་གསལ་བར་མཐོང་བའི་ཕྱིར་མི་དེ་རྣམས་འོད་ལ་འོང་” ཞེས་གསུངས་སོ།།

སྟོན་པ་ཡེ་ཤུ་དང་ཁྲུས་གསོལ་མཁན་ཡོ་ཧ་ནན།

22 དེའི་རྗེས་སུ་ཡེ་ཤུ་དང་ཉེ་གནས་ཚོ་ཡ་ཧུ་དཱ་ཡུལ་དུ་ཕེབས་ནས། དེར་ཁོང་ཚོ་དང་མཉམ་དུ་བཞུགས་ཤིང་མི་ཚོར་ཁྲུས་གསོལ་གནང་བཞིན་ཡོད་པ་དང༌།

23 དེའི་ཚེ་ཁྲུས་གསོལ་མཁན་ཡོ་ཧ་ནན་ཡང་ས་ལིམ་དང་ཐག་ཉེ་བའི་གནས་ཨེ་ནོན་ཞེས་པ་ལ་ཆུ་མང་པོ་ཡོད་པས་ཁྲུས་གསོལ་གནང་བཞིན་ཡོད། མི་རྣམས་དེར་ཕྱིན་ཏེ་ཁྲུས་གསོལ་ཐོབ་བཞིན་པ་དང༌།

24 (དེའི་དུས་སུ་ཡོ་ཧ་ནན་ནི་ད་དུང་བཙོན་དུ་བཅུག་མེད་)

25 དེའི་ཚེ་ཡོ་ཧ་ནན་གྱི་ཉེ་གནས་རྣམས་ཆོས་ཀྱི་གཙང་ཁྲུས་བྱེད་པའི་སྐོར་ལ་ཡ་ཧུ་དཱ་པ་ཞིག་དང་རྩོད་གླེང་ཞིག་བྱུང༌།

26 མི་དེ་ཚོ་ཡོ་ཧ་ནན་གྱི་དྲུང་དུ་ཡོང་ནས་ “རབ་བི་གཟིགས་དང༌། ཁྱེད་ཀྱིས་དཔང་པོ་མཛད་པའི་མི་ཡོར་དན་གཙང་པོའི་ཕ་རོལ་ལ་ཁྱེད་དང་མཉམ་དུ་ཡོད་པ་དེས་ཁྲུས་གསོལ་གནང་བཞིན་ཡོད་དེ། མི་མང་པོ་ཁོང་གི་དྲུང་དུ་འགྲོ་བཞིན་ཡོད་” ཅེས་ཞུས་པས།

27 ལན་དུ་ཡོ་ཧ་ནན་གྱིས་ “དཀོན་མཆོག་གི་ཞིང་ཁམས་ནས་མ་གནང་ན་མི་ཞིག་ལ་ཅིའང་ཐོབ་མི་སྲིད།

28 ངས་ང་ནི་སྐྱབས་མགོན་མཱ་ཤི་ཀ་མ་ཡིན་ཏེ། ཁོང་གི་སྔོན་དུ་བཏང་བ་དེ་ཡིན་ཞེས་བཤད་པ་ཡིན་པ་ལ་ཁྱེད་ཚོ་རང་ངའི་དཔང་པོ་ཡིན།

29 སུ་ལ་བག་མ་ཡོད་པ་དེ་ནི་མག་པ་ཡིན། མག་པའི་གྲོགས་པོ་ལངས་ནས་བསྡད་ཅིང་མག་པའི་སྐད་ཐོས་པས་སེམས་ཤིན་ཏུ་དགའ། དེའི་ཕྱིར་ངའི་དགའ་བས་ཁེངས་སོ།

30 ཁོང་ནི་འཕེལ་བར་དགོས་ཤིང་ང་ནི་འགྲིབ་པར་དགོས་” ཞེས་གསུངས།

31 དཀོན་མཆོག་གི་ཞིང་ཁམས་ནས་བྱོན་པ་དེ་མི་ཐམས་ཅད་ལས་མཆོག་ཉིད། ས་གཞི་ལ་གཏོགས་པ་ནི་ས་ནས་ཡིན་ཅིང་སའི་དོན་གླེང་བ་བྱེད། དཀོན་མཆོག་གི་ཞིང་ཁམས་ནས་བྱོན་པ་དེ་བླ་ན་མེད་པ་ཡིན།

32 ཁོང་གིས་གང་མཐོང་བ་དང་ཐོས་པ་དེ་ལ་དཔང་པོ་མཛད་མོད། མི་སུས་ཀྱང་དཔང་པོ་དེ་ཁས་མི་ལེན།

33 ཁོང་གིས་དཔང་པོ་མཛད་པ་ལ་ཉན་མཁན་དེས་དཀོན་མཆོག་བདེན་པ་ཡིན་པ་རྒྱས་བཏབ།

34 དཀོན་མཆོག་གིས་དམ་པའི་ཐུགས་ཉིད་ཚད་མེད་དུ་གནང་བས། དཀོན་མཆོག་གིས་མངགས་པ་དེས་དཀོན་མཆོག་གི་བཀའ་གསུང༌།

35 ཡབ་ཀྱིས་སྲས་ལ་བྱམས་པར་མཛད་པ་དང༌། ཡོད་དོ་ཅོག་དེའི་ཕྱག་ཏུ་གནང་བ་ཡིན།

36 སྲས་ལ་དད་པ་བྱེད་མཁན་དེ་ལ་དཔག་ཏུ་མེད་པའི་ཚེ་ཡོད། སྲས་ལ་དད་པ་མི་བྱེད་པ་དེས་དཔག་ཏུ་མེད་པའི་ཚེ་མི་མྱོང་བར། དཀོན་མཆོག་གི་ཉེས་ཆད་དེ་ལ་གནས་པར་འགྱུར་རོ།།

ཡོ་ཧ་ནན། 4 – John (4)

1 དེའི་ཚེ་ཕཱ་རུ་ཤི་ཟེར་བའི་ཕྱོགས་ཁག་གིས་ཡེ་ཤུས་སློབ་མ་བསྡུས་ཤིང་ཁྲུས་གསོལ་ལེན་པ་རྣམས་ཡོ་ཧ་ནན་ལས་མང་བའི་གཏམ་ཐོས་པ་ཡེ་ཤུས་མཁྱེན་ནས།

2 (དོན་དམ་དུ་ཡེ་ཤུ་རང་ཉིད་ཀྱིས་ཁྲུས་གསོལ་མ་གནང༌། ཁོང་གི་ཉེ་གནས་ཁོ་ནས་ཁྲུས་གསོལ་གནང་བ་ཡིན་)

3 ཁོང་ཡ་ཧུ་དཱ་ཡུལ་དང་བྲལ་ནས་ག་ལིལ་ཡུལ་དུ་ཕྱིར་ཕེབས།

4 དེའི་དུས་སུ་ཁོང་ས་མར་ཡཱ་ཡུལ་བརྒྱུད་ནས་ཕེབས་དགོས་པས།

5 ཁོང་ས་མར་ཡཱ་ཡུལ་གྱི་གྲོང་ཚོ་སི་གར་ལ་ཕེབས། གྲོང་དེ་སྔར་ཡ་ཧུ་དཱ་པའི་མེས་པོ་ཡ་ཀོབ་ཀྱིས་ཁོང་གི་བུ་ཡོ་སེབ་ལ་གནང་བའི་ཞིང་དང་ཐག་ཉེ་པོ་ཡོད།

6 ཡ་ཀོབ་ཀྱི་ཁྲོན་པ་དེར་ཡོད་ཅིང༌། ཡེ་ཤུ་འགྲུལ་ནས་སྐུ་ཐང་ཆད་དེ་ཁྲོན་པའི་རྩར་བཞུགས་སྐབས་ཉིན་གུང་ཙམ་ཡིན།

7-8 ཉེ་གནས་རྣམས་གྲོང་ཚོ་ལ་ཟས་ཉོ་བར་སོང་བའི་རྗེས་སུ། ས་མར་ཡཱ་ཡུལ་གྱི་བུད་མེད་ཅིག་ཆུ་ལེན་དུ་ཡོང་བ་དང༌། ཡེ་ཤུས་ཁོ་མོར་ “ང་ལ་འཐུང་ཆུ་ཏོག་ཙམ་སྟེར་དང་” ཞེས་གསུངས།

9 བུད་མེད་དེས་ཁོང་ལ་ “ཁྱེད་ཡ་ཧུ་དཱ་པ་རེད། ང་ས་མར་ཡཱ་མ་ལྟ་བུ་ལས་འཐུང་ཆུ་སློང་བ་དེ་ཅི་ལ་སྲིད་” ཞེས་བཤད། (གང་ལགས་ཟེར་ན། ཡ་ཧུ་དཱ་པའི་མི་རིགས་ས་མར་ཡཱ་ཡི་མི་རིགས་དང་མི་འགྲོགས་)

10 ལན་དུ་ཡེ་ཤུས་ཁོ་མོར་ “གལ་ཏེ་ཁྱོད་ཀྱིས་དཀོན་མཆོག་གི་གནང་སྦྱིན་དང༌། ཁྱོད་ལ་ཆུ་སྟེར་རོགས་ཟེར་མཁན་དེ་སུ་ཡིན་པ་ཤེས་ན། ཁྱོད་ཀྱིས་ཁོང་ལ་ཞུས་ནས་ཁོས་ཁྱོད་ལ་གསོན་པའི་ཆུ་སྟེར་བ་ཡིན་” ཞེས་གསུངས།

11 ལན་དུ་བུད་མེད་དེས་ “སྐུ་ཞབས་ལགས། ཁྲོན་པ་འདི་གཏིང་རིང་པོ་ཡིན་ཅིང་ཁྱེད་ལ་ཆུ་འཆུ་བའི་སྣོད་ཀྱང་མི་འདུག་པས་གསོན་པའི་ཆུ་དེ་གང་ནས་ལེན།

12 ང་ཚོའི་མེས་པོ་ཡ་ཀོབ་ཀྱིས་ང་ཚོ་ལ་ཁྲོན་པ་འདི་གནང་སྟེ། ཁོང་རང་དང་ཁོང་གི་བུ་རྣམས་དང་ཕྱུགས་དེ་ཚོས་དེ་ནས་བཏུངས་པས། ཁྱེད་ཁོང་ལས་ཆེ་བ་ཡིན་ནམ་” ཞེས་བཤད།

13 ལན་དུ་ཡེ་ཤུས་ “སུས་ཀྱང་ཆུ་འདི་ལས་བཏུངས་ན་ཡང་བསྐྱར་སྐོམ་པར་འགྱུར།

14 འོན་ཏེ་སུས་ཀྱང་ངས་སྟེར་བའི་ཆུ་དེ་ལས་བཏུངས་ན་ནམ་ཡང་མི་སྐོམ་སྟེ། ངས་སྟེར་བའི་ཆུ་དེ་ཁོའི་ནང་ན་དཔག་ཏུ་མེད་པའི་ཚེ་ལ་ཆུ་འཕྱུར་བའི་ཆུ་མིག་ཅིག་ལྟ་བུ་ཡིན་པར་འགྱུར་” ཞེས་གསུངས།

15 བུད་མེད་དེས་ “སྐུ་ཞབས་ལགས། ཆུ་དེ་ང་ལ་གནང་རོགས། དེས་ང་སྐོམ་པར་མི་འགྱུར་ཏེ་ཆུ་ལེན་དུ་འདི་རུ་ཡང་ཡང་ཡོང་མི་དགོས་” ཞེས་ཟེར་བ་དང༌།

16 ཡེ་ཤུས་ “སོང་ལ་ཁྱོད་ཀྱི་ཁྱོ་ག་བོས་ནས་འདིར་ཤོག་” ཅེས་གསུངས་པ་ན།

17 བུད་མེད་དེས་ “ང་ལ་ཁྱོ་ག་མེད་” ཅེས་བཤད་པ་དང་ཡེ་ཤུས་ “ཁྱོད་ཀྱིས་ང་ལ་ཁྱོ་ག་མེད་ཅེས་ཟེར་བ་དེ་བདེན་པ་ཡིན།

18 སྔོན་ཆད་ཁྱོད་ལ་ཁྱོ་ག་ལྔ་ཡོད་མྱོང༌། ད་ལྟ་ཡོད་པ་དེ་ནི་ཁྱོད་ཀྱི་ཁྱོ་ག་མ་ཡིན། ཁྱོད་ཀྱིས་གཏམ་བདེན་པར་བཤད་” ཅེས་གསུངས་པ་དང༌།

19 བུད་མེད་དེས་ “སྐུ་ཞབས་ལགས། ངས་ཁྱེད་རང་ནི་ལུང་སྟོན་པ་ཞིག་ཡིན་པར་མཐོང༌།

20 ང་ཚོའི་མེས་པོས་རི་བོ་འདིའི་སྟེང་དུ་དཀོན་མཆོག་ལ་བསྙེན་བཀུར་བྱས་པ་ཡིན། འོན་ཀྱང་ཡ་ཧུ་དཱ་པ་ཁྱེད་ཚོས་དཀོན་མཆོག་ལ་བསྙེན་བཀུར་བྱེད་དགོས་པའི་གནས་ནི་ཡེ་རུ་ཤ་ལེམ་གྲོང་ཁྱེར་ཡིན་ཟེར་” ཞེས་བཤད།

21 ཡེ་ཤུས་ “ཨ་ཅག་ལགས། ང་ལ་ཡིད་ཆེས་བྱོས་དང༌། རི་བོ་འདི་དང་ཡེ་རུ་ཤ་ལེམ་དུ་ཁྱེད་ཚོས་ཡབ་ལ་བསྙེན་བཀུར་མི་ཞུ་བའི་དུས་ཤིག་ཡོང་བར་འགྱུར།

22 ཁྱེད་ཚོས་གང་མི་ཤེས་པ་དེ་ལ་བསྙེན་བཀུར་བྱེད་ཅིང༌། ང་ཚོས་གང་ཤེས་པ་དེ་ལ་བསྙེན་བཀུར་བྱེད། ཅི་ལགས་ཤེ་ན། ཐར་པ་ནི་ཡ་ཧུ་དཱ་པ་རྣམས་ནས་འབྱུང་ངོ༌།

23འོན་ཀྱང་བཅོས་མིན་གྱི་བསྙེན་བཀུར་བྱེད་པ་རྣམས་ཀྱིས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་དང་བདེན་པ་ཉིད་ཀྱི་སྒོ་ནས་ཡབ་དཀོན་མཆོག་ལ་བསྙེན་བཀུར་ཞུ་བའི་དུས་ཤིག་འོངས་བར་འགྱུར་ལ། འོང་བཞིན་པ་ཡང་ཡིན། ཡབ་དཀོན་མཆོག་ནི་དེ་ལྟ་བུའི་མི་རྣམས་ལ་དགྱེས་ཤིང་གཟིགས་སོ།

24 དཀོན་མཆོག་ནི་ཐུགས་ཉིད་ཡིན་པས། ཁོང་ལ་བསྙེན་བཀུར་བྱེད་མཁན་རྣམས་ཀྱིས་དམ་པའི་ཐུགས་ཉིད་དང་བདེན་པ་ཉིད་ཀྱི་སྒོ་ནས་བསྙེན་བཀུར་བྱེད་དགོས་” ཞེས་གསུངས།

25 བུད་མེད་དེས་ཁོང་ལ་ “སྐྱབས་མགོན་མཱ་ཤི་ཀ་(ཁོང་ནི་ཁི་རིའི་སི་ཐོ་ཡང་ཟེར་) ཕེབས་ཡོད་པར་ངས་ཤེས། ཁོང་ཕེབས་སྐབས་ང་ཚོར་དོན་ཐམས་ཅད་སྒྲོག་པར་འགྱུར་” ཞེས་བཤད།

26 ཡེ་ཤུས་ཁོ་མོར་ “ང་ནི་ཁྱེད་དང་གླེང་མོལ་བྱེད་མཁན་སྐྱབས་མགོན་མཱ་ཤི་ཀ་དེ་ཡིན་ནོ་” ཞེས་གསུངས།

27 དེའི་ཚེ་ཉེ་གནས་ཚོ་ལོག་ཡོང་ནས། ཡེ་ཤུས་བུད་མེད་ཅིག་དང་གཏམ་བྱེད་ཀྱི་ཡོད་པ་མཐོང་ནས་ཡ་མཚན་སྐྱེས་མོད། སུས་ཀྱང་ཁྱེད་རང་ཅི་དགོངས་སམ། བུད་མེད་འདི་དང་ཅི་ལ་གསུང་གླེང་མཛད་ཅེས་བཀའ་འདྲི་མ་ཞུས།

28 བུད་མེད་དེས་རང་གི་ཆུ་སྣོད་དེར་བཞག་སྟེ། གྲོང་ཁྱེར་དུ་སོང་ནས་མི་ཚོ་ལ་

29 “ཤོག་ལ་ལྟོས་དང༌། འདི་ལ་མི་ཞིག་ཡོད་དེ་ངས་བྱས་པའི་ལས་ཀ་ཐམས་ཅད་ང་ལ་གསུངས་བྱུང་བས། སྐྱབས་མགོན་མཱ་ཤི་ཀ་ཡིན་སྲིད་དམ་” ཞེས་སྨྲས་པ་དང༌།

30 མི་དེ་ཚོ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སོང་ནས་ཡེ་ཤུའི་དྲུང་དུ་ཡོང༌།

31 དེའི་དུས་སུ་ཉེ་གནས་རྣམས་ཀྱིས་ཁོང་ལ་ “རབ་བི། ཞལ་ཟས་བཞེས་” ཞེས་ཞུས་ཀྱང༌།

32 ཁོང་གིས་ཁོ་ཚོར་ “ཁྱེད་ཚོ་ལ་རྒྱུས་མེད་པའི་ཟས་ཤིག་ང་ལ་ཡོད་” ཅེས་གསུངས།

33 དེའི་ཕྱིར་ཉེ་གནས་རྣམས་ཀྱིས་གཅིག་གིས་གཅིག་ལ་ “མི་ཞིག་གིས་ཁོང་ལ་ཟས་ཤིག་བསྐྱལ་ལམ་” ཞེས་འདྲི་བཞིན་ཡོད།

34 ཡེ་ཤུས་ཁོ་ཚོར་ “ང་མངགས་མཁན་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་བྱེད་པ་དང་ཁོང་གི་འཕྲིན་ལས་སྒྲུབ་པ་ནི་ངའི་ཟས་ཡིན།

35 ཁྱེད་ཚོའི་གཏམ་དཔེ་ལྟར་ད་དུང་ཟླ་བ་བཞི་ཡོད་དེ་དེ་ནས་ཞིང་རྔ་རན་ཡོང་བཤད་པ་མ་ཡིན་ནམ། འོན་ཀྱང་ངས་ཁྱེད་རྣམས་ལ་ཟེར་རྒྱུར། ཞིང་ལ་ལྟོས་དང༌། ད་ལྟ་ལོ་ཏོག་གསེར་གྱི་མདོག་ཏུ་གྱུར་བས་རྔ་རན་ནོ།

36 རྔ་མཁན་གྱིས་གླ་ཐོབ་ཅིང་དཔག་ཏུ་མེད་པའི་ཚེའི་ཕྱིར་འབྲས་བུ་སྡུད་བཞིན་ཡོད། དེར་བརྟེན་ས་བོན་འདེབས་མཁན་དང་ཞིང་རྔ་མཁན་གཉིས་ཀ་མཉམ་དུ་དགའ་བར་བྱེད།

37 གཅིག་གིས་འདེབས། གཅིག་གིས་རྔ་ཞེས་པའི་གཏམ་དཔེ་དེ་བཞིན་བདེན་པ་ཡིན།

38 ཁྱེད་ཚོས་ལས་མ་བྱས་པའི་ཞིང་ལ་ངས་ཁྱེད་རྣམས་རྔ་བའི་ཕྱིར་བཏང༌། གཞན་རྣམས་ཀྱིས་དེར་ལས་ཀ་བྱས་ནས། ཁྱེད་ཚོར་ནི་ལས་དེའི་ཁེ་བཟང་ཐོབ་” ཅེས་གསུངས།

39བུད་མེད་དེས་ཁོང་གིས་ངས་བྱས་པའི་ལས་ཐམས་ཅད་ང་ལ་གསུངས་པ་ཡིན་ཞེས་དཔང་པོ་བྱས་པས་གྲོང་ཁྱེར་དེའི་ས་མར་ཡཱ་པ་མང་པོས་ཡེ་ཤུ་ལ་དད་པ་བྱས།

40 དེའི་ཕྱིར་ས་མར་ཡཱ་པ་རྣམས་ཁོང་གི་དྲུང་དུ་ཡོང་སྐབས་ཁོ་ཚོ་དང་མཉམ་དུ་བཞུགས་སུ་གསོལ་ཞེས་ཞུས་པས་ཁོང་ཉིན་གཉིས་དེར་བཞུགས།

41 ཁོང་གིས་བཀའ་གསུངས་པས་མི་སྔར་ལས་ཇེ་མང་བས་དད་པ་སྐྱེས་པ་དང༌།

42 མི་དེ་ཚོས་བུད་མེད་དེར་ “ད་ང་ཚོས་ཁྱོད་ཀྱི་གཏམ་ཁོ་ན་ཐོས་པས་དད་པ་མི་བྱེད་དེ། ང་ཚོ་རང་གིས་ཐོས་པའི་རྐྱེན་གྱིས་ཁོང་ནི་དངོས་གནས་འཇིག་རྟེན་གྱི་སྐྱབས་མགོན་ཡིན་པར་ཤེས་སོ་” ཞེས་བཤད།

དཔོན་རིགས་ཤིག་གི་བུའི་ནད་གསོས་པ།

43 ཉིན་གཉིས་དེའི་རྗེས་སུ་ཁོང་ཡུལ་དེ་ནས་ག་ལིལ་ཡུལ་དུ་ཕེབས།

44 ཅི་ལགས་ཟེར་ན། ཡེ་ཤུ་ཉིད་ཀྱིས་ཕ་ཡུལ་ན་ལུང་སྟོན་པ་ལ་བཀུར་སྟི་མེད་དོ་ཞེས་དཔང་པོ་མཛད།

45 ག་ལིལ་པ་ཚོ་པེ་སག་གི་དུས་ཆེན་སྐབས་སུ་ཡེ་རུ་ཤ་ལེམ་ལ་སོང་ནས་ཁོང་གིས་མཛད་པའི་ངོ་མཚར་བའི་དོན་ཐམས་ཅད་མཐོང་བས། ཡེ་ཤུ་ག་ལིལ་ཡུལ་དུ་བྱོན་སྐབས་ཁོ་ཚོས་ཁོང་ལ་དགའ་བསུ་ཞུས།

46 ཡེ་ཤུ་ཡང་བསྐྱར་ག་ལིལ་ཡུལ་གྱི་ཀ་ནཱ་ཟེར་བའི་གྲོང་ཚོར་ཕེབས། སྔར་ཁོང་གིས་གནས་དེར་ཆུ་རྒུན་ཆང་དུ་འགྱུར་བར་མཛད། ག་ལིལ་ཡུལ་དུ་རྒྱལ་པོའི་དཔོན་རིགས་ཤིག་གི་བུ་ཀ་ཕར་ན་ཧུམ་གྲོང་ཁྱེར་དུ་ན་ཡོད།

47 དཔོན་རིགས་དེས་ཡེ་ཤུ་ནི་ཡ་ཧུ་དཱ་ཡུལ་ནས་ག་ལིལ་དུ་ཕེབས་པའི་གཏམ་ཐོས་པས་ཁོང་གི་དྲུང་དུ་ཕྱིན། ཁོའི་བུ་འཆི་བ་ལ་ཐུག་པས་ཡེ་ཤུ་ཀ་ཕར་ན་ཧུམ་དུ་མར་ཕེབས་ནས་བུའི་ནད་གསོ་བར་མཛད་པའི་ཕྱིར་ཞུ་བ་ཕུལ།

48 ཡེ་ཤུས་མི་དེར་ “གལ་ཏེ་ཁྱེད་རྣམས་ཀྱིས་རྟགས་དང་ངོ་མཚར་བའི་དོན་རྣམས་མ་མཐོང་ན་དད་པ་མི་བྱེད་” ཅེས་གསུངས།

49 ལན་དུ་རྒྱལ་པོའི་དཔོན་རིགས་དེས་ “སྐུ་ཞབས་ལགས། ངའི་བུ་མ་འཆི་གོང་ལ་ཕེབས་པར་མཛོད་” ཅེས་ཞུས།

50 ཡེ་ཤུས་ “སོང་ལ་ཁྱེད་ཀྱི་བུ་གསོན་ནོ་” ཞེས་གསུངས། དཔོན་པོ་དེས་ཡེ་ཤུས་གསུངས་པའི་བཀའ་ལ་ཡིད་ཆེས་ཏེ་ཕྱིར་ལོག་སོང་བ་དང༌།

51 ཁོང་ཕྱིར་ལོག་དུས་དེའི་གཡོག་པོ་རྣམས་ཚུར་ཡོང་བ་དང་ཁོང་ཐུག་ནས་བུ་གསོན་པའི་གཏམ་བཤད།

52 དེ་ནས་ཁོང་གིས་ནད་གསོ་བའི་ཆུ་ཚོད་དྲིས་པ་ན་ཁོ་ཚོས་ “ཁ་སང་ཕྱི་དྲོའི་ཆུ་ཚོད་དང་པོར་ཙམ་ལ་ཚ་བ་འཇགས་” ཞེས་བཤད།

53 དེ་ནས་ཡེ་ཤུས་ཁྱེད་ཀྱི་བུ་གསོན་ནོ་ཞེས་གསུངས་པའི་ཆུ་ཚོད་དེ་རང་ལ་བུ་གསོས་པར་གྱུར་བ་ཕ་ཡིས་ཤེས་ཏེ། ཕ་རང་ཉིད་དང་ཁྱིམ་མི་ཐམས་ཅད་ཀྱིས་ཡེ་ཤུ་ལ་དད་པ་བྱས།

54 འདི་ནི་ཡེ་ཤུ་ཡ་ཧུ་དཱ་ཡུལ་ནས་ག་ལིལ་དུ་ཕེབས་ནས་བསྟན་པའི་ངོ་མཚར་བའི་རྟགས་གཉིས་པ་ཡིན་ནོ།།

ཡོ་ཧ་ནན། 5 – John (5)

1 དེ་ནས་ཡ་ཧུ་དཱ་པའི་དུས་ཆེན་ཞིག་ཡོད་དེ། ཡེ་ཤུ་ཡེ་རུ་ཤ་ལེམ་གྲོང་ཁྱེར་ལ་ཡར་ཕེབས།

2 ཡེ་རུ་ཤ་ལེམ་གྱི་ལུག་སྒོའི་རྩར་རྫིང་བུ་ཞིག་ཡོད་པ་ཡ་ཧུ་དཱ་པའི་སྐད་དུ་པེ་ཐེས་དཱ་ཞེས་བྱ་བ་གཡབ་ལྔ་ཡོད་པ་ཞིག་ཡོད།

3 དེ་ཚོའི་ནང་ལ་ནད་པ་དང༌། ལོང་བ་དང༌། ཞ་བོ་དང༌། ཡན་ལག་བསྐམས་པ་སོགས་མང་པོ་ཉལ་ཡོད་པ་ཡིན།

5 མི་ཞིག་ཞ་བོ་ཆགས་ནས་ལོ་སུམ་ཅུ་སོ་བརྒྱད་སོང་བ་ཞིག་དེར་ཡོད།

6 ཡེ་ཤུས་ཞ་བོ་དེ་ཉལ་ཡོད་པ་གཟིགས་ཏེ་ཡུན་རིང་པོ་དེ་ལྟར་གནས་པ་མཁྱེན་ནས་མི་དེར་ “ཁྱེད་གསོ་བར་འགྱུར་འདོད་དམ་” ཞེས་གསུངས།

7 ཞ་བོ་དེས་ཁོང་ལ་ “སྐུ་ཞབས་ལགས། ཆུ་སྐྱོམ་སྐབས་ང་རྫིང་བུར་འཇུག་པའི་མི་ང་ལ་མེད་པས། ང་ཡོང་དུས་ངའི་སྔོན་ལ་གཞན་ཞིག་ཆུའི་ནང་དུ་འཛུལ་ཟིན་” ཞེས་བཤད།

8 ཡེ་ཤུས་ “ཡར་ལོངས་ལ་ཉལ་ཁྲི་ཁུར་ཏེ་གོམ་པར་རྒྱོབ་དང་” ཞེས་གསུངས་མ་ཐག

9 མི་དེ་དྲག་པར་གྱུར་ནས། རང་གི་ཉལ་ཁྲི་ཁུར་ནས་ཕྱིར་སོང༌། ཉིན་དེ་ནི་ངལ་གསོ་བའི་ཉིན་མོ་ཡིན་པས།

10 ཡ་ཧུ་དཱ་པའི་དཔོན་རིགས་ཚོས་ནད་གསོས་པར་གྱུར་བའི་མི་དེར་ “དེ་རིང་ངལ་གསོ་བའི་ཉིན་མོ་ཡིན་པས་ཁྲིམས་ལྟར་ཁྱོད་ཀྱིས་ཉལ་ཁྲི་འཁུར་མི་ཆོག་” ཅེས་བཤད།

11 མི་དེས་ “ངའི་ནད་སེལ་མཁན་དེས་ང་ལ་ཉལ་ཁྲི་ཁུར་ཏེ་སོང་དང་ཞེས་གསུངས་པ་ཡིན་” ཞེས་བཤད་པས།

12 ཁོ་ཚོས་ “ཉལ་ཁྲི་ཁུར་ཏེ་སོང་དང་ཞེས་ཟེར་བའི་མི་སུ་ཡིན་” ཞེས་དྲིས་ཀྱང༌།

13 ནད་ལས་ཐར་བའི་མི་དེས་ཁོང་སུ་ཡིན་པ་ངོ་མ་ཤེས། གནས་དེར་མི་ཚོགས་མང་བས་ཡེ་ཤུ་ཕེབས་ཟིན་པའི་ཕྱིར་རོ།

14 དེའི་རྗེས་སུ་ཡེ་ཤུས་མཆོད་ཁང་ཆེན་མོའི་ནང་ལ་མི་དེ་གཟིགས་ནས་ཁོ་ལ་ “ལྟོས་དང༌། ཁྱེད་རང་དྲག་པར་གྱུར་བས། ད་ནས་བཟུང་སྡིག་ཉེས་མ་བྱོས་ཤིག གལ་ཏེ་བྱས་ན་ཁྱེད་ལ་སྡུག་བསྔལ་དེ་ལས་ཆེ་བ་ཞིག་འཕོག་སྲིད་” ཅེས་གསུངས།

15 མི་དེ་ཕར་ཕྱིན་ནས་ཡ་ཧུ་དཱ་པའི་དཔོན་རིགས་ཚོར་རང་གི་ནད་སེལ་མཁན་དེ་ནི་ཡེ་ཤུ་རེད་ཅེས་བཤད།

16 ཡེ་ཤུས་ངལ་གསོ་བའི་ཉིན་མོར་དེ་ལྟར་མཛད་པས་ཡ་ཧུ་དཱ་པའི་དཔོན་རིགས་ཚོས་ཁོང་ལ་གནོད་སྐྱེལ་བར་འགོ་བཙུགས།

17 འོན་ཀྱང་ཡེ་ཤུས་ཁོ་ཚོར་ “ངའི་ཡབ་ཀྱིས་ད་ལྟའི་བར་དུ་ཡང་འཕྲིན་ལས་མཛད་དེ། ངས་ཀྱང་འཕྲིན་ལས་སྒྲུབ་བཞིན་ཡོད་” ཅེས་གསུངས་པས།

18 ཡ་ཧུ་དཱ་པའི་དཔོན་རིགས་ཀྱིས་དེ་བས་ཀྱང་ཁོང་གསོད་ཐབས་བཙལ། ཅི་ལགས་ཟེར་ན། ཡེ་ཤུས་ངལ་གསོ་བའི་ཉི་མོའི་ཁྲིམས་ལས་འགལ་བ་མ་ཟད། དཀོན་མཆོག་ང་རང་གི་ཡབ་ཡིན་ཞེས་ཟེར་བས་ཁོང་རང་དཀོན་མཆོག་དང་གཅིག་ནང་བཞིན་མཛད་པའི་ཕྱིར་རོ།།

དཀོན་མཆོག་གི་སྲས་ཀྱི་དབང་ཆ།

19 ཡང་ཡེ་ཤུས་ “ངས་ཁྱེད་རྣམས་ལ་བདེན་པ་བདེན་པར་ཟེར་རྒྱུར། སྲས་ཀྱིས་ཡབ་ལ་མ་བརྟེན་པར་ཅིའང་བྱེད་ཐུབ་མི་སྲིད། ཡབ་ཀྱིས་གང་མཛད་པ་བཞིན་དུ་སྲས་ཀྱིས་ཀྱང་མཛད། ཡབ་ཀྱིས་ཅི་མཛད་པ་དེ་མ་གཟིགས་པར་སྲས་ཀྱིས་ཅིའང་མཛད་མི་སྲིད།

20 གང་ལགས་ཟེར་ན། ཡབ་ཀྱིས་སྲས་ལ་བྱམས་པས་ཁོང་རང་གིས་གང་མཛད་པ་ཐམས་ཅད་སྲས་ལ་སྟོན་པ་མ་ཟད། དེ་ལས་ཀྱང་ངོ་མཚར་ཆེ་བའི་འཕྲིན་ལས་ཁོང་ལ་སྟོན་པར་མཛད་དེ་ཁྱེད་ཚོ་ཡ་མཚན་སྐྱེད་པར་འགྱུར།

21 ཡབ་ཀྱིས་ཇི་ལྟར་གཤིན་པོ་རྣམས་སློང་ཞིང་དེ་ཚོར་དཔག་ཏུ་མེད་པའི་ཚེ་གནང་བ་བཞིན། དེ་ལྟར་སྲས་ཀྱིས་ཀྱང་སུ་ལ་དགྱེས་པ་དེར་དཔག་ཏུ་མེད་པའི་ཚེ་གནང་ངོ༌།

22 ཡབ་ཉིད་ཀྱིས་སུ་ལའང་ཁྲིམས་གཅོད་མི་མཛད། དེ་ཡོངས་སུ་སྲས་ལ་གནང་བ་ཡིན་པས།

23 མི་ཐམས་ཅད་ཡབ་ལ་བཀུར་སྟི་ཞུ་བ་ལྟར། སྲས་ལ་ཡང་ཐམས་ཅད་ཀྱིས་བཀུར་སྟི་ཞུ་བར་འགྱུར། སྲས་ལ་བཀུར་སྟི་མི་ཞུ་མཁན་དེས་སྲས་མངགས་མཁན་ཡབ་ལའང་བཀུར་སྟི་མི་ཞུས།

24 ངས་ཁྱེད་རྣམས་ལ་བདེན་པ་བདེན་པར་ཟེར་རྒྱུར། ངའི་བཀའ་ལ་ཉན་ཅིང་ང་མངགས་མཁན་ཡབ་དཀོན་མཆོག་ལ་དད་པ་བྱེད་མཁན་ལ་དཔག་ཏུ་མེད་པའི་ཚེ་ཡོད་པ་དང༌། མི་དེ་རྣམས་ཁྲིམས་གཅོད་མི་མྱོང་བར་འཆི་བ་ནས་གསོན་པོར་གྱུར་ཡོད་དོ་” ཅེས་གསུངས།

25 ཡང་ཡེ་ཤུས་ “ངས་ཁྱེད་རྣམས་ལ་བདེན་པ་བདེན་པར་ཟེར་རྒྱུར། ཚེ་མེད་པ་ནང་བཞིན་གྱི་མི་རྣམས་ཀྱིས་དཀོན་མཆོག་གི་སྲས་ཀྱི་གསུང་སྐད་ཐོས་པའི་དུས་ལ་འབབ་པར་འགྱུར་བ་མ་ཟད། དུས་དེ་ད་ལྟ་ཡིན། ཡང་སྐད་དེ་ཐོས་པ་རྣམས་གསོན་པར་འགྱུར།

26 ཡབ་ཉིད་ཚེ་དཔག་ཏུ་མེད་པའི་འབྱུང་ཁུངས་ཡིན་པ་ལྟར། དེ་བཞིན་ཁོང་གིས་སྲས་ལའང་མི་རྣམས་ལ་དཔག་ཏུ་མེད་པའི་ཚེ་གནང་རྒྱུའི་དབང་ཆ་བྱིན་ནོ།

27 ཡང་ཁོང་མིའི་རིགས་ཀྱི་བུ་ཡིན་པས། ཡབ་ཀྱིས་སྲས་ལ་ལེགས་ཉེས་ཀྱི་ཁྲིམས་གཅོད་བྱེད་པའི་དབང་ཆ་གནང་ངོ༌།

28 དུར་ཁང་ལ་ཡོད་པ་ཐམས་ཅད་སྲས་ཀྱི་གསུང་སྐད་ཐོས་ནས་འཐོན་པའི་དུས་ལ་འབབ་ཡོང་བ་ལ་ཁྱེད་ཚོ་ཡ་མཚན་མ་སྐྱེད།

29 ལས་བཟང་པོ་བྱས་པ་ཚོར་དཔག་ཏུ་མེད་པའི་ཚེ་ཐོབ་པའི་ཕྱིར་སླར་གསོན་པར་འགྱུར་བ་དང༌། ལས་ངན་བྱས་པ་ཚོ་ཁྲིམས་གཅད་མྱོང་བའི་ཕྱིར་ལང་བར་འགྱུར་རོ་” ཞེས་གསུངས།

སྟོན་པ་ཡེ་ཤུ་ལ་དཔང་པོ་བྱས་པ།

30 ཡེ་ཤུས་ “ཡབ་ལ་མ་བརྟེན་པར་ངས་ཅིའང་བྱེད་མི་སྲིད་དེ། ཡབ་ཀྱི་བཀའ་ཇི་ལྟར་ཐོས་པ་བཞིན་དུ་ཁྲིམས་གཅོད་བྱེད། དེའི་ཕྱིར་ངའི་ཁྲིམས་ཆད་དེ་དྲང་པོ་ཡིན། གང་ལགས་ཟེར་ན། ངས་རང་གི་བསམ་ཚུལ་བཞིན་དུ་མི་བྱེད་དེ། ང་མངགས་མཁན་གྱི་དགོངས་པ་བཞིན་དུ་བྱེད།

31 གལ་ཏེ་ངས་རང་གིས་རང་ལ་དཔང་པོ་བྱས་ན། ངའི་དཔང་པོ་དེ་བདེན་པ་མ་ཡིན།

32 འོན་ཀྱང་ང་ལ་དཔང་པོ་བྱེད་མཁན་གཞན་ཞིག་ཡོད། ཡང་ཁོང་གིས་ང་ལ་དཔང་པོ་མཛད་པ་ངས་དེ་བདེན་པ་ཡིན་པར་ཤེས།

33 ཁྱེད་རྣམས་ཀྱིས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་དྲུང་དུ་བང་ཆེན་བཏང་བ་དང༌། ཡོ་ཧ་ནན་གྱིས་བདེན་པ་ལ་དཔང་པོ་བྱས།

34 འོན་ཀྱང་ངས་ནི་མི་ཡིས་དཔང་པོ་བྱེད་པ་ལ་མི་རྟེན། ཁྱེད་ཚོར་ཐར་པ་ཐོབ་པའི་ཕྱིར་ངས་དོན་འདི་ཚོ་བཤད།

35 ཡོ་ཧ་ནན་ནི་མར་མེ་འབར་ཞིང་འོད་འཕྲོ་བ་ལྟ་བུ་ཞིག་ཡོད་པ་ཡིན་ཏེ། ཁྱེད་ཚོ་ནི་འོད་དེའི་ནང་རེ་ཞིག་དགའ་ཞིང་མོས།

36 འོན་ཀྱང་ང་ཡོ་ཧ་ནན་གྱི་དཔང་པོ་ལས་ཆེ་བར་རྟེན། ཡབ་ཀྱིས་ང་ལ་འཕྲིན་ལས་སྒྲུབ་ཏུ་གནང་བ་དང་ངས་བྱེད་བཞིན་པའི་འཕྲིན་ལས་དེ་ཉིད་ཀྱིས་ང་མངགས་མཁན་ཡབ་དཀོན་མཆོག་ཡིན་པར་དཔང་པོ་བྱེད།

37 ཡང་ང་མངགས་མཁན་ཡབ་དཀོན་མཆོག་ཉིད་ཀྱིས་ཀྱང་ང་ལ་དཔང་པོ་མཛད། ཁྱོད་ཚོས་ཁོང་གི་གསུང་སྐད་ཀྱང་གཏན་ནས་མ་ཐོས། ཁོང་གི་སྐུ་དབྱིབས་ཀྱང་གཏན་ནས་མ་མཐོང༌།

38 ཁྱོད་ཚོས་ཁོང་གིས་མངགས་པ་དེ་ལ་ཡིད་མ་ཆེས་པས། ཁོང་གི་བཀའ་ཁྱོད་ཀྱི་སེམས་སུ་མི་གནས་” ཞེས་གསུངས།

39 ཡེ་ཤུས་ “ཁྱོད་ཚོས་གསུང་རབ་ནང་ལ་དཔག་ཏུ་མེད་པའི་ཚེའི་ལམ་ཡོད་བསམས་ནས་དེ་འཚོལ་ཞིབ་བྱེད། དེ་ཉིད་ཀྱིས་ང་ལ་དཔང་པོ་བྱེད་ཀྱང༌།

40 ཁྱོད་ཚོ་ལ་དཔག་ཏུ་མེད་པའི་ཚེ་ཐོབ་པའི་ཕྱིར་ངའི་སར་ཡོང་བ་མི་མོས།

41 ངས་མིའི་བཀུར་སྟི་མི་འཚོལ།

42 འོན་ཀྱང་ངས་ཁྱོད་ཚོ་རྟོགས་པ་དང༌། ཁྱོད་ཀྱིས་དཀོན་མཆོག་ལ་མི་བརྩེ་བ་དེ་ངས་ཤེས།

43 ང་ནི་ཡབ་ཀྱི་མཚན་ཐོག་ནས་ཡོང་བ་ཡིན་ཏེ་ཁྱོད་ཚོས་ང་རང་དང་ལེན་མི་བྱེད། གཞན་ཞིག་རང་གི་མིང་ཐོག་ནས་ཡོང་ན་ཁྱོད་ཀྱིས་མི་དེ་དང་ལེན་པར་བྱ།

44 ཁྱོད་ཚོ་གཅིག་གིས་གཅིག་ལ་བསྟོད་ར་བྱེད་པ་ལ་དགའ་སྟེ། དཀོན་མཆོག་གཅིག་པོ་དང་ཁོ་ན་ཡིན་པ་ལས་འབྱུང་བའི་བསྟོད་ར་མ་བཙལ་ན། ཁྱོད་ཚོས་ཡིད་ཆེས་ཇི་ལྟར་བྱེད།

45 ངས་ཡབ་ཀྱི་དྲུང་དུ་ཁྱོད་ཚོ་ལ་སྐྱོན་འཛུགས་བྱེད་པར་འགྱུར་རོ་ཞེས་མ་སོམས་ཤིག ཁྱོད་ཚོར་སྐྱོན་འཛུགས་བྱེད་མཁན་ནི་ཁྱོད་ཚོས་རེ་ལྟོས་བྱས་སའི་ལུང་སྟོན་པ་མོ་ཤེ་རང་ཡིན།

46 གལ་ཏེ་ཁྱོད་ཚོ་མོ་ཤེ་ལ་ཡིད་ཆེས་བྱས་པ་ཡིན་ན། ང་ལའང་ཡིད་ཆེས་བྱེད་པར་འགྱུར། ཅི་ལགས་ཟེར་ན། ཁོང་གིས་ངའི་སྐོར་བྲིས་སོ།

47 འོན་ཀྱང་ཁོང་གིས་གང་བྲིས་པར་ཡིད་ཆེས་མ་བྱས་ན། ངས་བཤད་པའི་གཏམ་ལ་ཡིད་ཆེས་བྱེད་པ་ཅི་ལ་སྲིད་” ཅེས་གསུངས་སོ།།

ཡོ་ཧ་ནན། (6) – John (6)

1 དེའི་རྗེས་སུ་ཡེ་ཤུ་ག་ལིལ་མཚོའི་ཕར་ཕྱོགས་སུ་ཕེབས། (ག་ལིལ་མཚོ་ནི་ཏི་པེར་ཡཱ་མཚོ་ཡང་ཟེར་)

2 མི་ཚོགས་མང་པོས་ཁོང་གིས་ནད་པ་ཚོ་ལ་མཛད་པའི་ངོ་མཚར་བའི་དོན་མཐོང་བས་ཁོང་གི་རྗེས་སུ་འབྲངས།

3 ཡེ་ཤུ་རི་ཞིག་ལ་ཕེབས་ནས་རང་གི་ཉེ་གནས་དང་མཉམ་དུ་དེར་བཞུགས།

4 དེའི་ཚེ་པེ་སག་ཟེར་བའི་ཡ་ཧུ་དཱ་པའི་དུས་ཆེན་སླེབས་པར་ཉེ་བ་ཡིན།

5 ཡེ་ཤུས་མི་ཚོགས་མང་པོ་ཁོང་གི་དྲུང་དུ་ཡོང་བཞིན་པ་གཟིགས་ནས་ཁོང་གིས་ཉེ་གནས་ཕི་ལིབ་ལ་ “ང་ཚོས་མི་འདི་ཚོས་ཟ་རྒྱུའི་བག་ལེབ་ག་ནས་ཉོ་བར་སྲིད་” ཅེས་གསུངས།

6 ཁོང་གིས་ཅི་ལྟར་མཛད་རྒྱུ་ཡིན་པ་མཁྱེན་ནས། ཕི་ལིབ་ལ་ཉམས་ཚོད་ལེན་པའི་ཕྱིར་དེ་ལྟར་གསུངས།

7 ལན་དུ་ཕི་ལིབ་ཀྱིས་ཁོང་ལ་ “དེ་ཎ་རིའི་དངུལ་སྒོར་ཉིས་བརྒྱའི་བག་ལེབ་མི་རེ་རེ་ལ་ཅུང་ཟད་ཅིག་ཐོབ་ཀྱང་མི་འདང་” ཞེས་ཞུས།

8 ཁོང་གི་ཉེ་གནས་རྣམས་ཀྱི་ནང་ནས་གཞན་གཅིག་སི་མོན་པེ་ཏྲོ་ཡི་སྤུན་ཨན་དྲི་ཡས་ཁོང་ལ་

9 “འདིར་ཡོད་པའི་བུ་ཞིག་ལ་ནས་ཕྱེའི་བག་ལེབ་ལྔ་དང་ཉ་ཤ་གཉིས་ཡོད་ཀྱང༌། མི་འདི་ཙམ་མང་པོ་ལ་ཅི་ཕན་” ཞེས་བཤད།

10 ཡེ་ཤུས་ “མི་དེ་ཚོ་སྡོད་དུ་ཆུག་དང་” ཞེས་གསུངས། ས་ཆ་དེར་རྩྭ་མང་པོ་ཡོད་དེ་མི་ཚོ་དེར་བསྡད། མི་ཚོགས་དེར་སྐྱེས་པ་ལྔ་སྟོང་ཙམ་ཡོད།

11དེ་ནས་ཡེ་ཤུས་བག་ལེབ་ཕྱག་ཏུ་བསྣམས་ནས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་པའི་རྗེས་ལ་ས་ལ་བསྡད་ཡོད་པའི་མི་རྣམས་ལ་བག་ལེབ་དེ་བགོད་དུ་བཅུག ཉ་ཤ་དེ་ཚོ་ལས་ཀྱང་ཁོ་ཚོས་འདོད་པ་ཙམ་ལ་བགོད་དུ་བཅུག

12 མི་ཚང་མས་བཟས་ནས་འགྲངས་པར་གྱུར་ཏེ་ཡེ་ཤུས་ཁོང་གིས་ཉེ་གནས་རྣམས་ལ་ “ད་ཅིའང་ཆུད་ཟོས་མི་འགྲོ་བའི་ཕྱིར་ཟས་ལྷག་སྡུས་དང་” ཞེས་གསུངས་པ་དང༌།

13 ཁོ་ཚོས་བསྡུས་ཏེ་མི་ཚོས་བཟས་པའི་ནས་ཕྱེའི་བག་ལེབ་ལྔ་པོ་ལས་ལུས་པའི་ཆག་དུམ་གྱིས་སླེ་པོ་བཅུ་གཉིས་བཀང༌།

14 མི་ཚོགས་ཀྱིས་ཡེ་ཤུས་མཛད་པའི་ངོ་མཚར་བའི་རྟགས་དེ་མཐོང་བས་ “འདི་ནི་དངོས་གནས་འཇིག་རྟེན་ལ་ཕེབས་རྒྱུ་ཡོད་པའི་ལུང་སྟོན་པ་དེ་ཡིན་” ཞེས་བཤད།

15 ཡེ་ཤུས་ཁོ་ཚོས་ཁོང་རང་བཟུང་ནས་བཙན་ཡོད་ཀྱིས་རྒྱལ་པོར་བསྐོ་རྩིས་ཡོད་པ་མཁྱེན་ནས་གཅིག་པུར་རི་ལ་སླར་ཕེབས།

མཚོ་སྟེང་ལ་ཞབས་ཀྱིས་བཅགས་པ།

16 དགོང་དྲོ་སླེབས་དུས་ཡེ་ཤུའི་ཉེ་གནས་རྣམས་མཚོའི་འགྲམ་ལ་མར་སོང་དུས།

17 གྲུ་ཞིག་ལ་ཞུགས་ནས་མཚོའི་ཕར་ཕྱོགས་སུ་ཀ་ཕར་ན་ཧུམ་དུ་འགྲོ་བར་བརྩམས། མུན་རུབ་ཀྱང་ཡེ་ཤུ་ཁོ་ཚོའི་རྩར་ད་དུང་མ་བྱོན།

18 རླུང་ཆེན་པོ་ཞིག་ལངས་བས་མཚོའི་རྦ་རླབས་དྲག་ཏུ་འཕྱུར་བ་དང༌།

19ཉེ་གནས་ཚོས་སྐྱ་བ་བརྒྱབ་ནས་གྲུ་དེ་སྤྱི་ལེ་ལྔ་དྲུག་ཙམ་སླེབས་སྐབས་ཁོ་ཚོས་ཡེ་ཤུ་མཚོའི་སྟེང་ལ་ཞབས་བཅགས་ཏེ་གྲུ་དང་ཉེ་བར་ཕེབས་པ་མཐོང་བས་ཁོ་ཚོ་ཤིན་ཏུ་འཇིགས།

20 འོན་ཀྱང་ཡེ་ཤུས་ “ང་རང་ཡིན་པས་མ་ཞེད་ཅིག་” ཅེས་གསུངས་པས།

21 ཁོ་ཚོ་འགྲུའི་ནང་དུ་ཁོང་བསུས་འདོད་དེ། དེ་མ་ཐག་ཏུ་གང་དུ་འགྲོ་བའི་གནས་སུ་གྲུ་སླེབས།

22 དེའི་ཕྱི་ཉིན་ག་ལིལ་མཚོའི་ཕ་རོལ་དུ་བསྡད་ཡོད་པའི་མི་ཚོགས་ཀྱིས་གྲུ་གཅིག་མ་གཏོགས་པར་གཞན་མེད་པ་དང༌། གྲུ་དེ་ལ་ཡེ་ཤུ་མ་ཕེབས་པར་ཉེ་གནས་ཚོ་གཅིག་པོར་སོང་ཟིན་པར་ཤེས།

23 ཏི་པེར་ཡཱ་ཞེས་པའི་གྲོང་ཁྱེར་ནས་གྲུ་གཞན་དག་རྣམས་ཡེ་ཤུས་བཀའ་དྲིན་ཆེ་ཞུས་ནས་ཁོ་ཚོས་བག་ལེབ་བཟས་སའི་གནས་དང་ཉེ་བར་སླེབས།

24 མི་ཚོགས་ཀྱིས་ཡེ་ཤུ་ཡང་མ་མཐོང༌། ཉེ་གནས་རྣམས་ཀྱང་མ་མཐོང་བས། གྲུ་དེ་ཚོར་ཞོན་པ་དང༌། ཡེ་ཤུ་འཚོལ་བའི་ཕྱིར་ཀ་ཕར་ན་ཧུམ་ལ་ཕྱིན།

ཚེའི་བག་ལེབ་ཀྱི་སྐོར།

25 མཚོའི་ཕར་ཕྱོགས་སུ་ཁོང་མཇལ་སྐབས་ཁོ་ཚོས་ “རབ་བི། ཁྱེད་འདིར་ནམ་ཕེབས་པ་ཡིན་” ཞེས་བཤད།

26 ལན་དུ་ཡེ་ཤུས་ “ངས་ཁྱོད་ཚོར་བདེན་པ་བདེན་པར་ཟེར་རྒྱུར། ཁྱོད་རྣམས་ང་འཚོལ་དོན་ནི་རྟགས་རྣམས་མཐོང་བས་མ་ཡིན་པར་བག་ལེབ་བཟས་ནས་འགྲངས་པའི་ཕྱིར་རོ།

27 ཟས་མི་རྟག་པ་དེ་ལ་འབད་རྩོལ་མ་བྱེད་ཀྱིས། དཔག་ཏུ་མེད་པའི་ཚེ་གནང་བའི་ཟས་དེ་ལ་འབད་རྩོལ་གྱིས་ཤིག ང་མིའི་རིགས་ཀྱི་བུ་ཡིས་ཁྱེད་ཚོ་ལ་ཟས་དེ་སྟེར་བར་བྱ། གང་ཡིན་ཟེར་ན། ཡབ་དཀོན་མཆོག་གིས་མིའི་རིགས་ཀྱི་བུ་ལ་ཁོང་གི་ཕྱག་ཐེལ་བསྐྱོན་ཡོད་པ་ཡིན་” ཞེས་གསུངས།

28 ཁོ་ཚོས་ཁོང་ལ་ “དཀོན་མཆོག་གིས་ང་ཚོར་སྒྲུབ་དགོས་པའི་ལས་རྣམས་སྒྲུབ་པའི་ཕྱིར་ང་ཚོས་ཅི་བྱེད་དགོས་” ཞེས་ཞུས་པ་དང༌།

29 ཡེ་ཤུས་ཁོ་ཚོར་ “དཀོན་མཆོག་གིས་བཏང་གནང་བ་དེ་ལ་དད་པ་བྱེད་པ་ནི་དཀོན་མཆོག་གི་སྒྲུབ་དགོས་པའི་ལས་དེ་ཡིན་ནོ་” ཞེས་གསུངས།

30 ཁོ་ཚོས་ “འོ་ན་ང་ཚོས་དེ་མཐོང་ནས་ཁྱེད་ལ་ཡིད་ཆེས་པའི་ཕྱིར་ཁྱེད་ཀྱིས་ངོ་མཚར་བའི་རྟགས་གང་ཞིག་མཛད་པར་བྱ། ཁྱེད་ཀྱིས་ལས་ཅི་ཞིག་མཛད།

31 ང་ཚོའི་ཕ་མེས་ཀྱིས་འབྲོག་སྟོང་ལ་མན་ནཱ་ཟེར་བའི་ཁ་ཟས་བཟས། མདོ་ལས་བྲིས་ཡོད་པ་ལྟར་ཁོང་གིས་ཁོ་ཚོར་དཀོན་མཆོག་གི་ཞིང་ཁམས་ནས་བག་ལེབ་ཟས་སུ་གནང་” ཞེས་བཤད།

32 ཡེ་ཤུས་ཁོ་ཚོར་ “ངས་ཁྱེད་རྣམས་ལ་བདེན་པ་བདེན་པར་ཟེར་རྒྱུར། ལུང་སྟོན་པ་མོ་ཤེ་ཡིས་ཁྱེད་རྣམས་ལ་དཀོན་མཆོག་གི་ཞིང་ཁམས་ནས་བག་ལེབ་གནང་མཁན་མ་ཡིན། ངའི་ཡབ་ཀྱིས་ཁྱེད་ཚོར་ཞིང་ཁམས་ནས་བདེན་པའི་བག་ལེབ་གནང་མཁན་དེ་ཡིན།

33 དཀོན་མཆོག་གི་བག་ལེབ་དེ་ནི་དཀོན་མཆོག་གི་ཞིང་ཁམས་ནས་བབ་སྟེ་འཇིག་རྟེན་ལ་ཚེ་གནང་མཁན་དེ་ཡིན་” ཞེས་གསུངས།

34 ཁོ་ཚོས་ “སྐུ་ཞབས་ལགས། དུས་རྒྱུན་དུ་དེ་ལྟ་བུའི་བག་ལེབ་ང་ཚོ་ལ་གནང་རོགས་” ཞེས་ཞུས་པ་དང༌།

35 ཡེ་ཤུས་ “ང་ནི་ཚེའི་བག་ལེབ་དེ་ཡིན་ནོ། ངའི་རྩར་ཡོང་མཁན་དེ་མི་ལྟོགས། ང་ལ་དད་པ་བྱེད་མཁན་དེ་ནམ་ཡང་མི་སྐོམ།

36 འོན་ཀྱང་ངས་སྔར་བཤད་པ་བཞིན་དུ་ཁྱོད་རྣམས་ཀྱིས་ང་མཐོང་ཡང་ང་ལ་ད་དུང་དད་པ་མི་བྱེད།

37 ཡབ་ཀྱིས་ང་ལ་གནང་བ་ཐམས་ཅད་ངའི་རྩར་ཡོང་ངེས་ཡིན། སུ་ངའི་རྩར་ཡོང་ན་ཡང་དེ་ངས་ནམ་ཡང་བསྐྲད་པར་མི་བྱ།

38 ང་དཀོན་མཆོག་གི་ཞིང་ཁམས་ནས་བབ་དོན་ནི་ང་རང་གི་བསམ་པ་སྒྲུབ་ཏུ་མ་ཡིན་ཏེ། ང་མངགས་མཁན་དཀོན་མཆོག་གི་དགོངས་པ་བཞིན་དུ་སྒྲུབ་པའི་ཕྱིར་ཡིན།

39 ང་མངགས་མཁན་དཀོན་མཆོག་གི་དགོངས་པ་ཅི་ཡིན་ཞེ་ན། ཁོང་གིས་ང་ལ་གནང་ཡོད་པ་ཐམས་ཅད་ལས་གཅིག་ཀྱང་མ་བརླག་པར། དེ་ཚོ་ཐམས་ཅད་དུས་ཀྱི་ཐ་མའི་ཉིན་མོར་སློང་དགོས་པ་དེ་ཡིན།

40སུས་ཀྱང་སྲས་མཇལ་ནས་ཁོང་ལ་དད་པ་བྱས་ན་དཔག་ཏུ་མེད་པའི་ཚེ་ཐོབ་སྟེ་དུས་ཀྱི་ཐ་མའི་ཉིན་ལ་ངས་དེ་ཚོ་ཐམས་ཅད་གཤིན་པོའི་ཁྲོད་ནས་སློང་བར་བྱ། དེ་ནི་ངའི་ཡབ་ཀྱི་དགོངས་པ་ཡིན་” ཞེས་གསུངས་སོ།།

41 ཡེ་ཤུས་ང་ནི་དཀོན་མཆོག་གི་ཞིང་ཁམས་ནས་བབ་པའི་བག་ལེབ་ཡིན་ཞེས་གསུངས་པས་ཡ་ཧུ་དཱ་པས་མ་རངས་པའི་གཏམ་བྱེད་བཞིན་ཡོད་དེ།

42 “ཡེ་ཤུ་ཁོ་ཡོ་སེབ་ཀྱི་བུ་མ་ཡིན་ནམ། ཁོའི་ཕ་མ་ང་ཚོས་ངོ་མི་ཤེས་སམ། ད་ལྟ་ཁོས་ང་དཀོན་མཆོག་གི་ཞིང་ཁམས་ནས་བབ་པ་ཡིན་ཞེས་ཟེར་བ་ཇི་ལྟར་ཡིན་” ཞེས་བཤད།

43 དེའི་ལན་དུ་ཡེ་ཤུས་ “ཁྱོད་ཚོའི་ཁྲོད་དུ་མ་རངས་པའི་གཏམ་མ་ཤོད།

44 ང་མངགས་མཁན་ཡབ་ཀྱིས་མི་འདྲེན་པར་སུ་ཡང་ངའི་རྩར་ཡོང་མི་སྲིད། ཡང་ངས་དུས་ཀྱི་ཐ་མའི་ཉིན་ལ་མི་དེ་གཤིན་པོའི་ཁྲོད་ནས་སློང་བར་བྱ།

45 ལུང་སྟོན་པའི་མདོ་ལ། དཀོན་མཆོག་གིས་ཁོ་ཚོ་ཐམས་ཅད་ལ་སློབ་པར་མཛད་པར་འགྱུར་ཞེས་བྲིས་ཡོད། ཡབ་ཀྱི་བཀའ་ལ་མཉན་ཅིང་ཁོང་ལས་སྤྱངས་པའི་མི་ཐམས་ཅད་ངའི་རྩར་ཡོང༌།

46 མི་སུས་ཀྱང་ཡབ་མཐོང་མྱོང་བ་ཡིན་ཞེས་བཤད་པ་མ་ཡིན་ཏེ། དཀོན་མཆོག་གི་དྲུང་ནས་ཡོང་བ་དེས་མ་གཏོགས་སུས་ཀྱང་ཡབ་མཐོང་མ་མྱོང༌།

47 ངས་ཁྱོད་རྣམས་ལ་བདེན་པ་བདེན་པར་ཟེར་རྒྱུར། ང་ལ་དད་པ་བྱེད་མཁན་དེ་ལ་དཔག་ཏུ་མེད་པའི་ཚེ་ཡོད་དོ།

48 ང་ནི་ཚེའི་བག་ལེབ་ཡིན་ནོ།

49 ཁྱོད་ཚོའི་མེས་པོས་འབྲོག་སྟོང་ལ་མན་ནཱ་ཟེར་བའི་ཁ་ཟས་བཟས་ཀྱང་ཤི།

50 འོན་ཀྱང་དཀོན་མཆོག་གི་ཞིང་ཁམས་ནས་བབ་པའི་བག་ལེབ་དེ་འདི་ལྟ་བུ་ཡིན། མི་ཞིག་གིས་དེ་ལས་བཟས་ན་འཆི་མི་སྲིད།

51 ང་ནི་ཞིང་ཁམས་ནས་བབ་པའི་ཚེ་དཔག་ཏུ་མེད་པའི་བག་ལེབ་ཡིན། མི་སུས་ཀྱང་བག་ལེབ་འདི་ལས་བཟས་ན་དུས་གཏན་དུ་གསོན་པར་འགྱུར། ཡང་འཇིག་རྟེན་གསོན་པར་བྱ་བའི་ཕྱིར་ངས་སྦྱིན་པར་བྱ་བའི་བག་ལེབ་དེ་ནི་ངའི་ཤ་ཡིན་” ཞེས་གསུངས།

52 དེའི་ཕྱིར་ཡ་ཧུ་དཱ་པས་གཅིག་གིས་གཅིག་ལ་རྩོད་གླེང་བྱས་ཏེ་ “མི་འདིས་ཁོའི་ཤ་ང་ཚོར་ཟས་སུ་སྟེར་བ་དེ་ཅི་ལ་སྲིད་” ཅེས་བཤད་པས།

53 ཡེ་ཤུས་ “ངས་ཁྱོད་རྣམས་ལ་བདེན་པ་བདེན་པར་ཟེར་རྒྱུར། གལ་ཏེ་ཁྱོད་ཚོས་མིའི་རིགས་ཀྱི་བུའི་ཤ་དེ་མ་བཟས་ཤིང༌། ཁྲག་ཡང་མ་བཏུངས་ན། ཁྱོད་ཚོར་དཔག་ཏུ་མེད་པའི་ཚེ་མེད་དོ།

54 ངའི་ཤ་ཟ་ཞིང་ངའི་ཁྲག་འཐུང་མཁན་ལ་དཔག་ཏུ་མེད་པའི་ཚེ་ཡོད་དེ། དུས་ཀྱི་ཐ་མའི་ཉིན་ལ་ངས་ཁོ་ཚོ་གཤིན་པོའི་ཁྲོད་ནས་སློང་བར་བྱ།

55 ངའི་ཤ་ནི་བདེན་པའི་ཟས་ཡིན་ཅིང༌། ངའི་ཁྲག་བདེན་པའི་བཏུང་བ་ཡིན་ནོ།

56 ངའི་ཤ་ཟ་ཞིང་ངའི་ཁྲག་འཐུང་མཁན་རྣམས་ང་དང་འགྲོགས་ཏེ་གནས་ཡོད། ང་ཡང་ཁོ་རྣམས་དང་འགྲོགས་ཏེ་གནས་སོ།

57 གཏན་ནས་གསོན་པའི་ཡབ་ཀྱིས་ང་མངགས་པ་ཡིན་ཏེ། ང་ཡབ་ལ་བརྟེན་ཏེ་གསོན་པ་བཞིན། དེ་ལྟར་ང་ཟ་མཁན་ནི་ང་ལ་བརྟེན་ཏེ་གསོན་པར་འགྱུར།

58 འདི་ནི་དཀོན་མཆོག་གི་ཞིང་ཁམས་ནས་བབ་པའི་བག་ལེབ་ཡིན། བཟས་པ་དང་ཐ་མར་ཤི་བའི་ཁྱོད་ཀྱི་མེས་པོའི་བག་ལེབ་དང་མི་འདྲ། བག་ལེབ་འདི་ཟ་མཁན་གཏན་དུ་གསོན་པར་འགྱུར་རོ་” ཞེས་གསུངས།

59 ཁོང་གིས་དོན་འདི་ཚོ་ཀ་ཕར་ན་ཧུམ་ལ་ཡོད་པའི་ཡ་ཧུ་དཱ་པའི་འདུ་ཁང་ནང་དུ་ཆོས་སྟོན་དུས་གསུངས་སོ།།

རྗེས་སུ་འབྲང་མཁན་མང་པོས་ཕྱིར་ལོག་པ།

60 ཁོང་གི་རྗེས་སུ་འབྲང་མཁན་གྱི་ནང་ནས་མང་པོས་དེ་ཐོས་ནས་ “གསུང་འདི་ཁག་པོ་ཡིན་པས་སུས་ཁས་ལེན་ཐུབ་” ཅེས་བཤད།

61 འོན་ཀྱང་ཡེ་ཤུས་རྗེས་སུ་འབྲང་མཁན་རྣམས་མ་རངས་པའི་གཏམ་ཤོད་བཞིན་པ་མཁྱེན་ནས་ཁོ་ཚོར་ “ངས་བཤད་པ་དེས་ཁྱོད་ཀྱི་དད་པ་ཉམས་སུ་འཇུག་གམ།

62 ཁྱོད་རྣམས་ཀྱིས་མིའི་རིགས་ཀྱི་བུ་སྔར་ཡོད་པའི་གནས་སུ་ལོག་འགྲོ་བར་མཐོང་ན་ཅི་བསམ་ཡོང༌།

63 མི་རྣམས་ལ་ཚེ་གནང་མཁན་ནི་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཡིན་ཏེ་མི་རྣམས་ཀྱི་འབད་རྩོལ་ཕན་མེད་དོ། ངས་ཁྱེད་ཚོར་བཤད་པའི་གཏམ་དེ་ནི་ཚེ་དང་ཐུགས་ཉིད་ཡིན།

64 འོན་ཀྱང་ཁྱོད་ཚོའི་ནང་ནས་ཁ་ཅིག་གིས་དད་པ་མི་བྱེད་” ཅེས་གསུངས། གང་ལགས་ཟེར་ན། ཡེ་ཤུས་ཐོག་མ་ནས་དད་པ་མི་བྱེད་པ་རྣམས་དང༌། ཁོང་རང་དགྲའི་དབང་དུ་གཏོང་མཁན་སུ་ཡིན་པ་མཁྱེན།

65 ཡང་ཁོང་གིས་ “དེའི་ཕྱིར་ངས་ཁྱོད་རྣམས་ལ་ངའི་ཡབ་ཀྱིས་མི་གནང་བར་སུ་ཡང་ངའི་རྩར་ཡོང་མི་སྲིད་ཅེས་བཤད་པ་ཡིན་” ཞེས་གསུངས།

66 དེའི་ཕྱིར་ཁོང་གི་རྗེས་སུ་འབྲང་མཁན་རྣམས་ལས་མི་མང་པོ་ཕྱིར་ལོག་ནས་ཁོང་དང་མ་འགྲོགས།

67 དེའི་རྐྱེན་གྱིས་ཡེ་ཤུས་ཉེ་གནས་བཅུ་གཉིས་པོ་ལ་ “ད་ཁྱེད་ཚོ་ཡང་ཕར་འགྲོ་འདོད་དམ་” ཞེས་བཀའ་འདྲི་གནང༌།

68 སི་མོན་པེ་ཏྲོས་ “གཙོ་བོ་ལགས། ང་ཚོ་སུའི་དྲུང་དུ་འགྲོ་བར་བྱ། ཁྱེད་ལ་དཔག་ཏུ་མེད་པའི་ཚེའི་གསུང་ཡོད།

69 ང་ཚོས་དད་པ་བྱས་ཤིང་ཁྱེད་ཉིད་དཀོན་མཆོག་གི་དྲུང་ནས་ཕེབས་པའི་སྐྱེས་བུ་དམ་པ་དེ་ཡིན་པར་ཤེས་” ཞེས་ཟེར།

70 ཡེ་ཤུས་ “ངས་ཁྱོད་བཅུ་གཉིས་པོ་བདམས་པ་མ་ཡིན་ནམ། འོན་ཀྱང་ཁྱོད་ཚོའི་ནང་ནས་གཅིག་ནི་བདུད་ཅིག་ཡིན་” ཞེས་གསུངས།

71 ཁོང་གིས་གསུངས་པའི་དོན་ནི་སི་མོན་དབྱི་སི་ཀར་རེའི་བུ་ཡུ་དཱ་ཡིན། མི་འདི་ནི་བཅུ་གཉིས་པོའི་ནང་ནས་གཅིག་ཡིན་ཀྱང་རྗེས་མ་ཡེ་ཤུ་དགྲའི་དབང་དུ་གཏོང་མཁན་དེ་ཡིན་ནོ།།

ཡོ་ཧ་ནན། (7) – John (7)

1 དེའི་རྗེས་ལ་ཡེ་ཤུ་ག་ལིལ་ཡུལ་གྱི་གནས་སོ་སོར་ཕེབས། ཁོང་ཡ་ཧུ་དཱ་ཡུལ་དུ་དེ་ལྟར་ཕེབས་མི་མཉེས། གང་ལགས་ཟེར་ན། ཡ་ཧུ་དཱ་པའི་དཔོན་རིགས་རྣམས་ཀྱིས་ཁོང་དགྲོང་བའི་གོ་སྐབས་བཙལ་གྱི་ཡོད་པའི་ཕྱིར་རོ།

2 དེའི་ཚེ་ཡ་ཧུ་དཱ་པའི་སྤྱིལ་བུའི་དུས་ཆེན་ཉེ་བར་སླེབས་པས།

3 ཁོང་གི་ནུ་བོ་རྣམས་ཀྱིས་ཁོང་ལ་ “ད་ཁྱེད་ཀྱི་རྗེས་སུ་འབྲང་མཁན་རྣམས་ཀྱིས་ཁྱེད་ཀྱིས་བྱེད་པའི་ལས་རྣམས་མཐོང་བའི་ཕྱིར། ས་ཆ་འདི་དང་འབྲལ་ནས་ཡ་ཧུ་དཱ་ཡུལ་དུ་སོང་དང༌།

4 མི་སུས་ཀྱང་སྙན་གྲགས་ཅན་དུ་འགྱུར་འདོད་ན་དོན་གང་ཡང་ལྐོག་ཏུ་མི་བྱེད། གལ་ཏེ་ཁྱེད་ཀྱིས་ལས་འདི་རྣམས་མཛད་ན། འཇིག་རྟེན་ལ་མངོན་པར་མཛོད་” ཅེས་ཞུས།

5 ཁོང་གི་ནུ་བོ་རྣམས་ཀྱིས་ཀྱང་ཁོང་ལ་དད་པ་མ་བྱས་པས་སོ།

6 དེའི་ཕྱིར་ཡེ་ཤུས་ཁོ་ཚོར་ “ཁྱོད་ལ་རྒྱུན་དུ་གོ་སྐབས་ཡོད་ཀྱང༌། ངའི་དུས་ལ་ད་དུང་མ་བབ།

7 འཇིག་རྟེན་གྱི་མི་ཚོས་ཁྱོད་ཚོར་སྡང་བའི་རྒྱུ་མཚན་ཅི་ཡང་མེད། འོན་ཀྱང་ངས་དེ་ཚོས་བྱེད་པའི་ལས་ངན་པ་ཡིན་པར་དཔང་པོ་བྱེད་པས་ང་ལ་སྡང༌།

8 ཁྱོད་ཚོ་དུས་ཆེན་ལ་སོང་ཞིག ངའི་དུས་ལ་ད་དུང་མ་བབ་པས། ང་ནི་དུས་ཆེན་འདི་ལ་ད་ལྟ་མི་འགྲོ་” ཞེས་གསུངས་ནས་

9 ག་ལིལ་ཡུལ་དུ་གནས།

10 འོན་ཀྱང་ཁོང་གི་ནུ་བོ་རྣམས་དུས་ཆེན་དེ་ལ་སོང་བའི་རྗེས་སུ་ཁོང་ཡང་མངོན་སུམ་དུ་མ་ཕེབས་པར་གསང་སྟབས་ཀྱིས་དེར་ཕེབས།

11 ཡ་ཧུ་དཱ་པའི་དཔོན་རིགས་ཚོས་དུས་ཆེན་གཏོང་སར་ཁོང་བཙལ་ཏེ་ “ཁོ་གང་དུ་ཡོད་” ཅེས་བཤད།

12 མི་ཚོགས་ཀྱི་ནང་ཁོང་གི་སྐོར་ལ་ཤུབ་ཤུབ་ཏུ་སྨྲ་བའི་གཏམ་མང་པོ་བྱུང་སྟེ། ཁ་ཅིག་གིས་ “ཁོང་མི་བཟང་པོ་ཡིན་” ཞེས་བཤད་པ་དང༌། ཁ་ཅིག་གིས་ “དེ་ལྟར་མ་ཡིན། མི་མང་པོར་མགོ་སྐོར་གཏོང་མཁན་ཞིག་ཡིན་” ཞེས་བཤད།

13 འོན་ཀྱང་ཡ་ཧུ་དཱ་པའི་དཔོན་རིགས་ལ་འཇིགས་པས་སུས་ཀྱང་མངོན་སུམ་གྱི་སྒོ་ནས་ཁོང་གི་སྐོར་གཏམ་མ་བྱས།

14 དེ་ནས་དུས་ཆེན་གྱི་ཕྱེད་ཙམ་ལ་ཡེ་ཤུ་མཆོད་ཁང་ཆེན་མོའི་སྒོ་རར་ཕེབས་ནས་ཆོས་བསྟན་འགོ་བཙུགས།

15 དེར་ཡ་ཧུ་དཱ་པའི་དཔོན་རིགས་ཡ་མཚན་སྐྱེས་ནས་ “མི་འདིས་ཆོས་ནམ་ཡང་མ་བསླབས་ཀྱང༌། ཅི་ལྟར་ཆོས་ལ་མཁས་པར་གྱུར་བ་ཡིན་” ཞེས་བཤད།

16 ལན་དུ་ཡེ་ཤུས་ “ངའི་བསྟན་པ་འདི་ནི་ང་རང་གི་བསྟན་པ་མ་ཡིན་ཏེ། ང་མངགས་མཁན་དཀོན་མཆོག་ནས་བྱུང་བ་ཡིན།

17 སུ་ཡང་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་སྒྲུབ་པར་ཆོད་སེམས་བཙུགས་ན། བསྟན་པ་འདི་ནི་དཀོན་མཆོག་ནས་བྱུང་ངམ། ཡང་ན་ངས་རང་ཐོག་ནས་བཤད་པ་ཡིན་ཤེས་པར་འགྱུར།

18 རང་ལ་བརྟེན་ནས་གཏམ་བཤད་པ་ནི་རང་གི་གྲགས་པ་གཉེར། འོན་ཀྱང་རང་གཏོང་མཁན་གྱི་གྲགས་པ་གཉེར་བ་དེ་ནི་བདེན་པ་ཡིན་ཏེ། དེའི་ནང་ལ་བཅོས་མ་ཅི་ཡང་མེད།

19 ལུང་སྟོན་པ་མོ་ཤེ་ཡིས་ཁྱོད་རྣམས་ལ་བཀའ་ཁྲིམས་གནང་བ་མ་ཡིན་ནམ། ཁྱོད་ཚོའི་ནང་ནས་མི་གཅིག་ཀྱང་བཀའ་ཁྲིམས་མི་སྲུང༌། ཁྱོད་རྣམས་ཀྱིས་ང་གསོད་པའི་གོ་སྐབས་འཚོལ་བ་ཅིའི་ཕྱིར་ཡིན་” ཞེས་གསུངས་པ་དང༌།

20 ལན་དུ་མི་ཚོགས་ཀྱིས་ “ཁྱོད་ལ་འདྲེ་ཞིག་ཞུགས་འདུག སུས་ཁྱོད་གསོད་པར་འབད་བཞིན་ཡོད་” ཅེས་བཤད།

21 ཡེ་ཤུས་ “ངས་ངོ་མཚར་བའི་ལས་ཤིག་བྱས་པས་ཁྱོད་ཚོ་ཐམས་ཅད་ཡ་མཚན་སྐྱེས།

22 ལུང་སྟོན་པ་མོ་ཤེ་ཡིས་ཁྱོད་ཚོར་དཀོན་མཆོག་གིས་གནང་བའི་ཞལ་ཆད་དེ་སྲུང་བའི་རྟགས་རྒྱག་པའི་བཀའ་ཁྲིམས་གནང་ཡོད་པས། ངལ་གསོ་བའི་ཉིན་ལའང་ཁྱོད་ཚོས་རང་གི་བུ་ལ་རྟགས་དེ་རྒྱག་པའི་ལུགས་སྲོལ་སྲུང༌། (འོན་ཀྱང་དོན་དམ་དུ་ལུགས་སྲོལ་དེ་ནི་མོ་ཤེ་རང་ནས་མ་བྱུང༌། མེས་པོའི་དུས་ནས་བྱུང་)

23 ད་མོ་ཤེའི་བཀའ་ཁྲིམས་དང་མི་འགལ་བའི་ཕྱིར་ངལ་གསོ་བའི་ཉིན་ལ་མི་ཞིག་ལ་དཀོན་མཆོག་གིས་གནང་བའི་ཞལ་ཆད་དེ་སྲུང་བའི་རྟགས་ལེན་ན། ངས་ངལ་གསོ་བའི་ཉིན་ལ་མི་ཞིག་གི་ལུས་ཡོངས་སུ་གསོ་བར་བྱས་པས་ཁྱོད་ཚོ་ང་ལ་ཁྲོས་སམ།

24 ངོ་ལ་བལྟས་ཏེ་ཁྲིམས་གཅོད་མ་བྱོས། ཡང་དག་པའི་སྒོ་ནས་ཁྲིམས་གཅོད་བྱོས་ཤིག་” ཅེས་གསུངས།

སྟོན་པ་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་མིན་གྱི་སྐོར།

25 དེའི་ཕྱིར་ཡེ་རུ་ཤ་ལེམ་པ་ཁ་ཅིག་གིས་ “དཔོན་རིགས་ཚོས་གསོད་ཐབས་བྱེད་པའི་མི་འདི་མ་ཡིན་ནམ།

26 ད་ལྟོས་དང༌། ཁོང་གིས་མངོན་སུམ་དུ་གཏམ་གསུངས་བཞིན་པ་ལ་ཁོ་ཚོས་ཅི་ཡང་མི་ཟེར། དཔོན་རིགས་ཚོས་མི་འདི་སྐྱབས་མགོན་མཱ་ཤི་ཀ་ཡིན་པ་དངོས་གནས་ཤེས་སམ།

27 ང་ཚོར་མི་འདི་གང་ནས་བྱུང་བ་རྒྱུས་ཡོད། འོན་ཀྱང་སྐྱབས་མགོན་མཱ་ཤི་ཀ་འབྱོན་པའི་ཚེ་ཁོང་གང་ནས་འབྱུང་སུས་ཀྱང་མི་ཤེས་” ཞེས་ཟེར།

28 མཆོད་ཁང་ཆེན་མོའི་སྒོ་རར་ཆོས་བསྟན་པའི་སྐབས་ཡེ་ཤུས་གསུང་སྐད་ཆེན་པོས་ “ཁྱེད་ཚོས་ང་རང་སུ་ཡིན་པ་དང་གང་ནས་བྱུང་བའང་ཤེས། ངས་རང་ཉིད་ལ་བརྟེན་ནས་མ་ཡོང༌། ང་མངགས་མཁན་དཀོན་མཆོག་ཉིད་བདེན་པ་ཡིན་ཏེ། ཁྱེད་ཚོས་ཁོང་ངོ་མི་ཤེས་ཀྱང༌།

29 ངས་ཁོང་ངོ་ཤེས་སོ། གང་ལགས་ཟེར་ན། ང་ཁོང་ནས་བྱུང་སྟེ། ཁོང་གིས་ང་མངགས་པ་ཡིན་” ཞེས་གསུངས་པས།

30 ཁོ་ཚོས་ཡེ་ཤུ་འཛིན་བཟུང་བར་བཙལ་ཡང༌། ཁོང་གི་དུས་ལ་ད་དུང་མ་སླེབས་པས་མི་སུས་ཀྱང་ཁོང་ལ་ལག་པ་མ་རེག

31 འོན་ཀྱང་མི་ཚོགས་ཀྱི་ནང་ནས་མི་མང་པོས་ཡེ་ཤུ་ལ་དད་པ་བྱས་ནས་ “སྐྱབས་མགོན་མཱ་ཤི་ཀ་འབྱོན་པའི་ཚེ་མི་འདིས་བསྟན་པའི་རྟགས་ལས་མང་པོ་སྟོན་པར་འགྱུར་རམ་” ཞེས་ཟེར།

32 ཕཱ་རུ་ཤི་པ་རྣམས་ཀྱིས་མི་ཚོགས་ཀྱིས་ཁོང་གི་སྐོར་ལ་ཤུབ་ཤུབ་ཏུ་སྨྲ་བ་ཐོས་ནས། ཡ་ཧུ་དཱ་པའི་བླ་ཆེན་དང་ཕཱ་རུ་ཤི་པ་ཚོས་ཁོང་འཛིན་པའི་ཆེད་དུ་མཆོད་ཁང་གི་སྲུང་དམག་བཏང༌།

33 ཡེ་ཤུས་ “ང་ད་དུང་ཁྱོད་ཚོ་དང་མཉམ་དུ་དུས་ཐུང་ངུ་ཞིག་སྡོད་པར་འགྱུར། དེ་ནས་ང་མངགས་མཁན་གྱི་དྲུང་དུ་འགྲོ།

34 དུས་དེར་ཁྱོད་ཚོས་ང་བཙལ་ཡང་མི་རྙེད། ང་གང་དུ་ཡོད་པའི་སར་ཁྱོད་ཚོ་ཡོང་མི་ཐུབ་” ཅེས་གསུངས།

35 ཡ་ཧུ་དཱ་པའི་དཔོན་རིགས་ཀྱིས་ཕན་ཚུན་བར་ “མི་འདི་ང་ཚོས་མི་རྙེད་པའི་ས་ཆ་གང་དུ་འགྲོ་རྩི་ཡོད། ཁོ་རང་ཕྱི་རྒྱལ་ལ་ཕྱིན་ནས་ཕྱི་པ་ཚོར་ཆོས་སྟོན་ནམ།

36 ཁྱོད་ཚོས་ང་བཙལ་ཡང་མི་རྙེད་ཅིང༌། ང་གང་དུ་ཡོད་པའི་སར་ཁྱོད་ཚོ་ཡོང་མི་ཐུབ་ཅེས་བཤད་པའི་དོན་ཅི་ཡིན་” ཞེས་ཟེར།

ཚེ་སྲོག་གི་ཆུ་དང་ལྡན་པའི་གཙང་པོའི་སྐོར།

37 དེ་ནས་དུས་ཆེན་གྱི་མཐའ་མ་ཡིན་ཏེ་གལ་ཆེ་ཤོས་ཡིན་པའི་ཉིན་ལ་ཡེ་ཤུ་བཞེངས་ནས་གསུང་སྐད་ཆེན་པོས་ “མི་སུ་སྐོམ་ཡང་དེ་ངའི་མདུན་དུ་ཤོག་ལ་འཐུང་ཞིག

38 སུས་ང་ལ་དད་པ་བྱེད་ཀྱང༌། གསུང་རབ་ཀྱིས་མི་དེའི་སྐོར་གསུངས་པ་ལྟར། མི་དེ་ལས་ཚེ་སྲོག་གི་ཆུ་དང་ལྡན་པའི་གཙང་པོ་རྣམས་འབབ་ཡོང་” ཞེས་གསུངས་པའི་དོན་ནི།

39 ཡེ་ཤུ་ལ་དད་པ་བྱེད་མཁན་ཚོ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་འཐོབ་རྒྱུ་ཡིན་པ་དེ་ཡིན། ཡེ་ཤུ་ད་དུང་གཟི་བརྗིད་མ་འཕག་པས་དམ་པའི་ཐུགས་ཉིད་ད་དུང་མ་གནང་བའི་ཕྱིར་རོ།།

40 ཁོང་གིས་གསུངས་པ་དེ་ཐོས་ནས་མི་ཚོགས་ཀྱི་ནང་ནས་ལ་ལས་ “མི་འདི་ལུང་སྟོན་པ་ཞེས་པ་དེ་དངོས་གནས་ཡིན་” ཞེས་བཤད་པ་དང༌།

41 ལ་ལས་ “ཁོང་སྐྱབས་མགོན་མཱ་ཤི་ཀ་ཡིན་” ཞེས་བཤད། འོན་ཀྱང་ཁ་ཅིག་གིས་ “ག་ལིལ་ཡུལ་ནས་མཱ་ཤི་ཀ་འབྱུང་ངམ།

42 གསུང་རབ་ཀྱི་ནང་སྐྱབས་མགོན་མཱ་ཤི་ཀ་ནི་རྒྱལ་པོ་དཱ་བིད་ཀྱི་གདུང་རྒྱུད་དང༌། དཱ་བིད་ཀྱི་ཕ་ཡུལ་བེད་ལེ་ཧེམ་ནས་འབྱུང་བར་འགྱུར་ཞེས་གསུངས་ཡོད་པ་མ་ཡིན་ནམ་” ཞེས་བཤད།

43 དེ་ལྟར་མི་ཚོགས་ཀྱི་ནང་ན་ཁོང་གི་སྐོར་ལ་ལྟ་ཚུལ་མི་མཐུན་པ་བྱུང༌།

44 ཁོ་ཚོའི་ནང་ནས་ཁ་ཅིག་གིས་ཁོང་འཛིན་གཟུང་བྱེད་པར་འདོད་ནའང༌། སུས་ཀྱང་ཁོང་ལ་ལག་པ་མ་རེག

དབུ་ཁྲིད་རྣམས་ཀྱིས་སྟོན་པ་ཡེ་ཤུར་དད་པ་མ་བྱས་པ།

45 དེར་མཆོད་ཁང་གི་སྲུང་དམག་ཚོ་ཡ་ཧུ་དཱ་པའི་བླ་ཆེན་དང་ཕཱ་རུ་ཤི་པ་ཚོའི་དྲུང་དུ་ཕྱིར་ཡོང་བ་དང༌། ཁོ་ཚོས་ “ཁྱོད་ཚོ་ཅིའི་ཕྱིར་མི་དེ་ཁྲིད་མ་ཡོང་ངམ་” ཞེས་དྲིས་པ་དང༌།

46 མཆོད་ཁང་གི་སྲུང་དམག་ཚོས་ “མི་སུས་ཀྱང་དེ་ལྟར་ཆོས་གསུངས་མ་མྱོང་” ཞེས་ལན་བཏབ།

47 ཕཱ་རུ་ཤི་པ་ཚོས་ “ཁོས་ཁྱོད་ཚོར་ཡང་མགོ་སྐོར་བཏང་ངམ།

48 དབུ་ཁྲིད་པ་ཚོའམ་ཕཱ་རུ་ཤི་པ་ལས་སུ་ཞིག་གིས་དེ་ལ་དད་པ་བྱས་སམ།

49 འོན་ཀྱང་ཆོས་ཁྲིམས་མི་ཤེས་པའི་མི་ཚོགས་འདི་དཀོན་མཆོག་དང་བྲལ་བའོ་” ཞེས་བཤད།

50 ཕཱ་རུ་ཤི་ཕྱོགས་ཁག་ནང་ནས་ནཱི་ཀོ་དེམ་བྱ་བའི་མི་ཞིག་སྔར་ཡེ་ཤུ་མཇལ་དུ་ཕྱིན་པ་དེས་ཁོ་ཚོར་

51 “ང་ཚོས་ཁྲིམས་གཞུང་ལྟར་མིས་ཅི་ཞིག་བྱས་པ་མ་གོ་བར་དང་མ་ཤེས་གོང་མི་ལ་ཁྲིམས་གཏོང་ཆོག་གམ་” ཞེས་དྲིས་པ་དང༌།

52 ཁོ་ཚོས་ “ཁྱོད་ཀྱང་ག་ལིལ་པ་ཡིན་ནམ། གསུང་རབ་ལ་འཚོལ་ཞིབ་བྱོས་ཤིག ག་ལིལ་ཡུལ་ནས་ལུང་སྟོན་པ་སུ་ཡང་མི་འབྱུང་” ཞེས་ལན་བཏབ་བོ།།

ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་བཟང་བཤུས་ཡིག་སྔ་ཤོས་རྣམས་ལ་གཤམ་དུ་ཡོད་པའི་ལེའུ་

53 མི་རེ་རེ་བཞིན་ཁྱིམ་དུ་ཕྱིན།

ཡོ་ཧ་ནན། (8) – John (8)

1 དེ་ནས་ཡེ་ཤུ་སྐྱུར་རུ་ཤིང་གི་རི་ལ་ཕེབས།

2 ཐོ་རེངས་སྐབས་སུ་ཁོང་ཡང་བསྐྱར་མཆོད་ཁང་ཆེན་མོའི་རྩར་ཕེབས་པ་དང༌། མི་ཐམས་ཅད་ཁོང་གི་དྲུང་དུ་འཛོམས་ནས་ཁོང་བཞུགས་ཏེ་ཁོ་ཚོར་ཆོས་གསུངས།

3 ཡ་ཧུ་དཱ་པའི་ཆོས་ཁྲིམས་ལ་མཁས་པའི་མི་དང་ཕཱ་རུ་ཤི་པས་ལོག་གཡེམ་བྱེད་བཞིན་པའི་བུད་མེད་ཅིག་བཟུང་སྟེ་ཡེ་ཤུའི་དྲུང་དུ་ཁྲིད་ཡོང་ནས། མི་ཚོགས་ཀྱི་མདུན་ལ་ཁོ་མོ་ལང་དུ་བཅུག་ནས་ཁོང་ལ་

4 “སྟོན་པ་ལགས། བུད་མེད་འདིས་ལོག་གཡེམ་བྱེད་བཞིན་པའི་སྐབས་བཟུང་བ་ཡིན།

5 ད་ཆོས་ཁྲིམས་ལྟར་མོ་ཤེ་ཡིས་བུད་མེད་འདི་འདྲ་བ་རྣམས་རྡོ་རུབ་གཏོང་བའི་སྒོ་ནས་གསོད་དགོས་པའི་བཀའ་གནང་བས། ཁྱེད་ཀྱིས་ཅི་ལྟར་གསུང་” ཞེས་ཞུས།

6 ཁོང་ལ་སྐྱོན་གདོགས་པ་དང་བསྙོན་འཛུགས་པའི་ཆེད་དུ་དེ་ལྟར་ཞུས། འོན་ཀྱང་ཡེ་ཤུས་སྐུ་གཟུགས་སྒུར་ནས་ཕྱག་མཛུབ་ཀྱིས་ས་ལ་བྲིས།

7 ཁོ་ཚོས་ཁོང་ལ་ཡང་ཡང་བཀའ་འདྲི་ཞུས་པ་དང༌། ཁོང་ཡར་བཞེངས་ཏེ་ཁོ་ཚོར་ “ཁྱོད་ཚོའི་ནང་ནས་སྡིག་ཅན་མ་ཡིན་པ་ཞིག་གིས་ཁོ་མོ་ལ་རྡོ་དང་པོ་གཞུ་བར་ཆོག་” ཞེས་གསུངས།

8 དེ་ནས་ཡེ་ཤུས་ཡང་བསྐྱར་སྐུ་གཟུགས་སྒུར་ནས་ས་ལ་བྲིས།

9 ཁོང་གིས་གང་གསུངས་པ་ཐོས་ནས་ཁོ་ཚོ་རྒན་ཤོས་ནས་གཞོན་པའི་བར་དུ་རིམ་བཞིན་ཕྱི་རུ་སོང་ཞིང༌། ཡེ་ཤུའི་དྲུང་དུ་བུད་མེད་དེ་གཅིག་པོ་ལངས་ཏེ་ལུས།

10 ཡེ་ཤུས་ཡར་བཞེངས་ནས་ཁོ་མོར་ “བུ་མོ། ཁོ་ཚོ་གང་དུ་ཡོད། སུས་ཀྱང་ཁྱོད་ལ་ཁྲིམས་མ་བཅད་དམ་” ཞེས་གསུངས།

11 ཁོ་མོས་ “སྐུ་ཞབས་ལགས། སུས་ཀྱང་ང་ལ་ཁྲིམས་མ་བཅད་” ཅེས་བཤད་པ་དང་ཡེ་ཤུས་ “འོ་ན་ངའང་ཁྱོད་ལ་ཁྲིམས་མི་གཅོད། སོང་ལ་ད་ཕྱིན་ཆད་སྡིག་ཉེས་མ་བྱོས་ཤིག་” ཅེས་གསུངས།

སྟོན་པ་ཡེ་ཤུ་ནི་འཇིག་རྟེན་གྱི་འོད་ཡིན།

12 དེ་ནས་ཡེ་ཤུས་ཡང་བསྐྱར་ཁོ་ཚོར་ “ང་ནི་འཇིག་རྟེན་གྱི་འོད་ཡིན། སུ་ངའི་རྗེས་སུ་འབྲངས་ཀྱང་དེ་མུན་པའི་ནང་ལ་མི་འགྲུལ་བར་ཚེ་ཡི་འོད་དང་ལྡན་པར་འགྱུར་རོ་” ཞེས་གསུངས།

13 ཕཱ་རུ་ཤི་པས་ཁོང་ལ་ “ཁྱོད་ཀྱིས་རང་ལ་དཔང་པོ་བྱེད་པས། ཁྱོད་ཀྱི་དཔང་པོ་དེ་མི་བདེན་” ཞེས་ཟེར།

14 ཡེ་ཤུས་ “ངས་རང་ལ་དཔང་པོ་བྱས་ཀྱང་ངའི་དཔང་པོ་བདེན་པ་ཡིན། གང་ལགས་ཟེར་ན། ང་རང་གང་ནས་བྱུང་བ་དང་གང་དུ་འགྲོ་བ་ཤེས་ཀྱི་ཡོད། འོན་ཀྱང་ཁྱོད་ཚོས་ང་གང་ནས་བྱུང་བ་དང་གང་དུ་འགྲོ་བ་མི་ཤེས།

15 ཁྱོད་རྣམས་ཀྱིས་ངོ་ལ་བལྟས་ཏེ་ཁྲིམས་གཅོད་བྱེད། ངས་སུ་ལ་ཡང་ཁྲིམས་གཅོད་མི་བྱེད།

16 གལ་སྲིད་ངས་ཁྲིམས་གཅོད་བྱས་པ་ཡིན་ན། དེ་ནི་བདེན་པ་ཡིན། གང་ཡིན་ཟེར་ན། ང་གཅིག་པོ་མ་ཡིན་ཏེ། ང་མངགས་མཁན་ཡབ་ང་དང་མཉམ་དུ་ཡོད་པས་སོ།

17 ཁྱོད་ཚོའི་བཀའ་ཁྲིམས་ལྟར་མི་གཉིས་ཀྱིས་དཔང་པོ་བྱེད་པ་ནི་བདེན་ནོ་ཞེས་བྲིས་འདུག

18 ངས་ང་རང་ལ་དཔང་པོ་བྱེད། ང་མངགས་མཁན་ཡབ་ཀྱིས་ཀྱང་ང་ལ་དཔང་པོ་མཛད་” ཅེས་གསུངས་པ་དང༌།

19 ཁོ་ཚོས་ཁོང་ལ་ “ཁྱོད་ཀྱི་ཡབ་གང་དུ་ཡོད་” ཅེས་ཞུས། ཡེ་ཤུས་ “ཁྱོད་རྣམས་ཀྱིས་ང་ཡང་ངོ་མི་ཤེས། ངའི་ཡབ་ཀྱང་ངོ་མི་ཤེས། ཁྱོད་རྣམས་ཀྱིས་ང་ངོ་ཤེས་ན། ངའི་ཡབ་ཀྱང་ངོ་ཤེས་” ཞེས་གསུངས།

20 གསུང་དེ་ནི་ཡེ་ཤུས་མཆོད་ཁང་ཆེན་མོའི་དངུལ་འབུལ་ས་དང་ཉེ་བར་ཆོས་སྟོན་དུས་གསུངས་པ་ཡིན་ཀྱང༌། ཁོང་གི་དུས་ལ་ད་དུང་མ་བབ་པས་མི་སུས་ཀྱང་ཁོང་འཛིན་བཟུང་མ་བྱས།

21 དེ་ནས་ཁོང་གིས་ཡང་ཁོ་ཚོར་ “ང་ཕར་འགྲོ་སྟེ། ཁྱོད་ཚོས་ང་བཙལ་ཡང༌། ཁྱོད་ཚོ་རང་གི་སྡིག་ཉེས་ནང་དུ་འཆི་བར་འགྱུར་རོ། ང་གང་དུ་འགྲོ་བའི་གནས་སུ་ཁྱོད་ཚོ་ཡོང་མི་སྲིད་” ཅེས་གསུངས།

22 དེའི་ཕྱིར་ཡ་ཧུ་དཱ་པ་ཚོས་ “ང་གང་དུ་འགྲོ་བའི་གནས་སུ་ཁྱོད་ཚོ་ཡོང་མི་ཐུབ་ཅེས་ཟེར་ནི་རང་གི་སྲོག་རང་གིས་གཅོད་དམ་ཞེས་པའི་དོན་ཡིན་ནམ་” ཞེས་དྲིས་པ་དང༌།

23 ཡེ་ཤུས་ཁོ་ཚོར་ “ཁྱོད་རྣམས་འོག་ནས་ཡིན། ང་ནི་སྟེང་ནས་ཡིན། ཁྱོད་རྣམས་འཇིག་རྟེན་འདི་ལ་གཏོགས་ཏེ། ང་ནི་འཇིག་རྟེན་འདི་ལ་མི་གཏོགས།

24 དེའི་ཕྱིར་ངས་ཁྱོད་ཚོར་ཁྱོད་ཚོ་རང་གི་སྡིག་ཉེས་ནང་དུ་འཆི་བར་འགྱུར་ཞེས་བཤད། གལ་སྲིད་ཁྱོད་ཚོས་ང་ཁོང་ཡིན་པར་དད་པ་མ་བྱས་ན། ཁྱོད་ཚོ་རང་གི་སྡིག་ཉེས་ནང་དུ་འཆི་བར་འགྱུར་” ཞེས་གསུངས་པ་དང༌།

25 ཁོ་ཚོས་ “ཁྱེད་སུ་ཡིན་” ཞེས་ཞུས་པས། ཡེ་ཤུས་ “ངས་ཐོག་མ་ནས་ཁྱོད་ཚོར་གང་བཤད་དམ།

26 ངར་ཁྱོད་ཚོའི་སྐོར་གྱི་གཏམ་དང་ཁྲིམས་གཅོད་བྱ་རྒྱུ་མང་པོ་ཡོད། འོན་ཀྱང་ང་མངགས་མཁན་དེ་བདེན་པ་ཡིན་པས། ངས་ཁོང་ནས་གང་ཐོས་པ་ཁོ་ན་དེ་ཚོ་ནི་འཇིག་རྟེན་ལ་སྒྲོག་” ཅེས་གསུངས།

27 ཁོང་གིས་ཡབ་དཀོན་མཆོག་གི་སྐོར་གསུངས་པ་ཁོ་ཚོས་ཧ་མ་གོ་བས།

28 ཡེ་ཤུས་ “ཁྱོད་རྣམས་ཀྱིས་མིའི་རིགས་ཀྱི་བུ་འཕགས་པའི་ཚེ། ང་ནི་ཁོང་ཡིན་པར་ཤེས་ཤིང༌། ངས་ཡབ་ལ་མ་བརྟེན་པར་ཅི་ཡང་མི་བྱེད་དེ། ཡབ་ཀྱིས་ང་ལ་གསུངས་གནང་བ་ཁོ་ནར་ངས་དེ་སྨྲའོ།

29 ཡང་ང་མངགས་མཁན་དེ་ང་དང་མཉམ་དུ་ཡོད། ངས་རྟག་ཏུ་ཡབ་ཀྱི་ཐུགས་མཉེས་པར་བྱེད་པས། ཁོང་གིས་ང་གཅིག་པུར་མ་ལུས་པར་མཛད་” ཅེས་གསུངས།

30 ཁོང་གིས་དེ་ལྟར་གསུངས་དུས་མི་མང་པོས་ཁོང་ལ་དད་པ་བྱས་སོ།།

མེས་པོ་ཨབ་ར་ཧམ་གྱི་བུ་རྒྱུད་ཀྱི་སྐོར།

31 དེ་ནས་ཡེ་ཤུས་ཁོང་ལ་དད་པ་ཡོད་པའི་ཡ་ཧུ་དཱ་པ་ཚོར་ “གལ་སྲིད་ཁྱེད་རྣམས་ཀྱིས་ངའི་བཀའ་ལ་མུ་མཐུད་ནས་མཉན་ན། ཁྱེད་ཚོ་ངའི་སློབ་མ་དངོས་གནས་ཡིན་ཏེ།

32 བདེན་པ་ཉིད་ཅི་ཡིན་ཤེས་པའི་སྒོ་ནས་ཁྱེད་ཚོ་སྒྲོལ་བར་འགྱུར་” ཞེས་གསུངས།

33 ལན་དུ་ཁོ་ཚོས་ “ང་ཚོ་མེས་པོ་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་ཅིང་མི་གཞན་གྱི་བྲན་གཡོག་གཏན་ནས་བྱེད་མ་མྱོང་བས། ཁྱེད་ཀྱིས་ཁྱེད་ཚོ་སྒྲོལ་བར་འགྱུར་ཞེས་གསུངས་པའི་དོན་ཅི་ཡིན་” ཞེས་ཞུས།

34 ཡེ་ཤུས་ “ངས་ཁྱེད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། སུས་ཀྱང་སྡིག་ཉེས་བྱེད་པ་དེ་སྡིག་པའི་བྲན་གཡོག་ཡིན།

35 བྲན་གཡོག་དེ་བདག་པོའི་ཁྱིམ་ལ་རྟག་ཏུ་མི་གནས། འོན་ཀྱང་སྲས་ནི་རྟག་ཏུ་གནས།

36 དེའི་ཕྱིར་སྲས་ཀྱིས་ཁྱེད་ཚོ་བསྒྲལ་ན་ཁྱེད་ཚོ་དངོས་སུ་གྲོལ་བར་འགྱུར་རོ།

37 ངས་ཁྱོད་ཚོ་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་པར་ཤེས་ཀྱང༌། ངའི་བཀའ་ཁྱོད་ཚོའི་སེམས་ཀྱི་ནང་ལ་གནས་ས་མེད་པས་ཁྱོད་ཚོས་ང་གསོད་པའི་གོ་སྐབས་འཚོལ།

38 ངས་ང་རང་གི་ཡབ་ཀྱི་དྲུང་ནས་གང་མཐོང་ཡོད་པ་དེའི་སྐོར་ཤོད་པར་བྱེད། འོན་ཀྱང་ཁྱོད་ཚོས་རང་གི་ཕ་ནས་གང་ཐོས་པ་བཞིན་དུ་བྱེད་” ཅེས་གསུངས།

39 ཁོ་ཚོས་ “ང་ཚོའི་ཕ་ནི་མེས་པོ་ཨབ་ར་ཧམ་ཡིན་” ཞེས་བཤད་པ་དང་ཡེ་ཤུས་ “ཁྱོད་ཚོ་ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་ན། ཁྱོད་ཚོས་ཁོང་གི་སྤྱོད་ལམ་བཞིན་དུ་བྱེད་པར་འགྱུར།

40 ད་ངས་དཀོན་མཆོག་ནས་ཐོས་པའི་བདེན་པ་དེ་ཁྱོད་ཚོ་ལ་བཤད་ཡོད་པས་ཁྱོད་ཚོས་ང་གསོད་རྒྱུ་འབད། ཨབ་ར་ཧམ་གྱིས་དེ་ལྟར་མ་བྱས།

41 ཁྱོད་ཚོས་རང་གི་ཕའི་ལས་བཞིན་དུ་བྱེད་” ཅེས་གསུངས། ཁོ་ཚོས་ཁོང་ལ་ “ང་ཚོ་ནི་བྱི་ཕྲུག་མ་ཡིན། དཀོན་མཆོག་ཉིད་ང་ཚོའི་ཡབ་གཅིག་པོ་ཡིན་” ཞེས་བཤད་པ་དང༌།

42 ཡེ་ཤུས་ཁོ་ཚོར་ “གལ་ཏེ་དཀོན་མཆོག་ཁྱོད་ཚོའི་ཡབ་ཡིན་ན། ཁྱོད་ཚོས་ང་ལ་གཅེས་པར་འགྱུར། གང་ལགས་ཟེར་ན། ང་དཀོན་མཆོག་ནས་ཡོང་སྟེ་ད་ལྟ་འདིར་ཡོད། ང་ནི་རང་ལ་བརྟེན་ནས་མ་ཡོང་སྟེ། དཀོན་མཆོག་གིས་ང་མངགས་པ་ཡིན་པའི་ཕྱིར་རོ།

43 ཁྱོད་ཚོས་ཅིའི་ཕྱིར་ངའི་གཏམ་ཧ་མི་གོ དེ་ནི་ངའི་བཀའ་དེ་ཁས་མི་ལེན་པའི་ཕྱིར་རོ།

44 ཁྱོད་ཚོའི་ཕ་བདུད་ཡིན་པས། ཁྱོད་རང་གི་ཕའི་འདོད་པ་བཞིན་དུ་བྱེད་པར་དགའ། བདུད་ནི་ཐོག་མ་ནས་སྲོག་གཅོད་མཁན་ཡིན་ཏེ། བདེན་པ་ཉིད་དང་འབྲལ་བས་ཁོའི་ནང་བདེན་པ་ཅི་ཡང་མེད། ཁོས་རྫུན་ཤོད་པའི་སྐབས་སུ་ཁོའི་རང་བཞིན་ལྟར་རྗོད། ཅི་ལགས་ཟེར་ན། ཁོ་རྫུན་གཏམ་ཤོད་མཁན་ཡིན་ཏེ། རྫུན་གྱི་ཕ་ཡང་ཡིན་ནོ།

45 འོན་ཀྱང་ངས་བདེན་གཏམ་ཤོད་ཀྱི་ཡོད་པས། ཁྱོད་ཚོ་ང་ལ་ཡིད་མི་ཆེས།

46 ཁྱོད་ཚོའི་ནང་ནས་སུས་ང་སྡིག་ཅན་ཡིན་པར་ར་སྤྲོད་བྱེད་ཐུབ། ངས་ཁྱོད་ཚོར་བདེན་པ་བཤད་ན་ཁྱོད་ཅིའི་ཕྱིར་ང་ལ་ཡིད་མི་ཆེས།

47 དཀོན་མཆོག་ལ་གཏོགས་པའི་མི་ཚོས་ཁོང་གི་བཀའ་ལ་ཉན། ཁྱོད་ཚོ་དཀོན་མཆོག་ལ་མི་གཏོགས་པས་ཁོང་གི་བཀའ་ལ་མི་ཉན་” ཞེས་གསུངས།

48 ལན་དུ་ཡ་ཧུ་དཱ་པས་ཁོང་ལ་ “ང་ཚོས་ཁྱོད་ནི་ས་མར་ཡཱ་པ་ཡིན་ཏེ་འདྲེ་ཡིས་ཟིན་པ་ཡིན་བཤད་པ་དེ་མི་བདེན་ནམ་” ཞེས་བཤད།

49 ཡེ་ཤུས་ “ང་ནི་འདྲེ་ཡིས་མ་ཟིན། ངས་ཡབ་ལ་བཀུར་སྟི་བྱེད། འོན་ཀྱང་ཁྱོད་ཚོས་ང་ལ་སྨོད་བཞིན་འདུག

50 ངས་རང་གི་བཀུར་སྟི་མི་འཚོལ། འོན་ཀྱང་དེ་འཚོལ་མཁན་ཞིག་ཡོད་ཅིང་ཁོང་ནི་ཁྲིམས་དཔོན་ཡིན།

51 ངས་ཁྱོད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། མི་ཞིག་གིས་ངའི་བཀའ་སྲུང་མཁན་འཆི་བ་ནམ་ཡང་མི་མྱོང་” ཞེས་གསུངས།

52 ཡ་ཧུ་དཱ་པས་ཁོང་ལ་ “ད་ཁྱོད་འདྲེ་ཡིས་ཟིན་ཡོད་པ་ང་ཚོས་ངེས་པར་དུ་ཤེས། མེས་པོ་ཨབ་ར་ཧམ་དང་ལུང་སྟོན་པ་ཚོ་འདས་ཟིན་མོད། འོན་ཀྱང་ཁྱོད་ཀྱིས་ངའི་བཀའ་སྲུང་མཁན་འཆི་བ་ནམ་ཡང་མི་མྱོང་ཞེས་བཤད།

53 ཁྱོད་ནི་ང་ཚོའི་མེས་པོ་ཨབ་ར་ཧམ་གྲོངས་པ་དེ་ལས་ཆེ་བ་ཡིན་ནམ། ལུང་སྟོན་པ་ཚོ་ཡང་གྲོངས། ཁྱོད་ཀྱིས་རང་སུ་ཡིན་པར་སེམས་” ཞེས་བཤད་པ་དང༌།

54 ཡེ་ཤུས་ “ངས་ང་རང་ལ་བཀུར་སྟི་བྱས་ན་བཀུར་སྟི་དེ་ནི་དོན་མེད་དོ། ངའི་ཡབ་ཀྱིས་ང་ལ་བཀུར་སྟི་མཛད། ཁྱོད་ཚོས་དེ་ནི་ང་ཚོའི་དཀོན་མཆོག་ཡིན་ཞེས་ཟེར་ཡང༌།

55 ཁྱོད་ཚོས་ཁོང་ངོ་མི་ཤེས། ངས་ཁོང་ངོ་ཤེས་སོ། གལ་སྲིད་ངས་དཀོན་མཆོག་ངོ་མི་ཤེས་ཞེས་བཤད་ན་ཁྱོད་དང་འདྲ་བར་རྫུན་ཤོད་མཁན་ཡིན། འོན་ཀྱང་ངས་ཁོང་ངོ་ཤེས་ཏེ་ཁོང་གི་བཀའ་སྲུང༌།

56 ཁྱོད་ཚོའི་ཕ་མེས་ཨབ་ར་ཧམ་གྱིས་ངའི་འཇིག་རྟེན་དུ་ཡོང་བའི་དུས་སྐབས་མཐོང་བས་དགའ་མགུ་ཡི་རངས་ཏེ། དེ་མཐོང་ནས་དགའ་བར་གྱུར་” ཞེས་གསུངས།

57 ཡ་ཧུ་དཱ་པས་ཁོང་ལ་ “ཁྱོད་ནི་ལོ་ལྔ་བཅུ་མ་ལོན་ཀྱང་ཨབ་ར་ཧམ་མཐོང་མྱོང་ངམ་” ཞེས་ཞུས།

58 ཡེ་ཤུས་ “ངས་ཁྱོད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། ཨབ་ར་ཧམ་མ་སྐྱེས་པའི་སྔོན་ལ་ངའོ་” ཞེས་གསུངས་པས།

59 ཁོ་ཚོས་ཁོང་ལ་རྡོ་རུབ་གཏོང་བའི་ཕྱིར་རྡོ་བསྒྲུགས། འོན་ཀྱང་ཡེ་ཤུ་གསང་བའི་ངང་མཆོད་ཁང་ཆེན་མོ་ནས་ཕར་ཕེབས་སོ།།

ཡོ་ཧ་ནན། (9) – John (9)

1 ཡེ་ཤུ་ལམ་ལ་ཕེབས་སྐབས་སྐྱེས་དུས་ནས་ལོང་བ་ཡིན་པའི་མི་ཞིག་གཟིགས་པ་དང༌།

2 ཁོང་གི་ཉེ་གནས་རྣམས་ཀྱིས་ཁོང་ལ་ “རབ་བི། མི་དེ་ལོང་བར་སྐྱེས་པའི་རྒྱུ་རྐྱེན་ཅི་ཡིན། ཁོ་རང་ངམ་ཁོའི་ཕ་མ་སུས་སྡིག་ཉེས་བསགས་སམ་” ཞེས་ཞུས་པ་དང༌།

3 ཡེ་ཤུས་ “མི་འདིས་སྡིག་ཉེས་བསགས་པས་མ་ཡིན་ལ། ཕ་མས་བསགས་པས་ཀྱང་མ་ཡིན། དཀོན་མཆོག་གི་མཛད་པ་ཁོའི་ཚེ་ལ་མངོན་པར་འགྱུར་བའི་ཕྱིར་ཁོང་ནི་ལོང་བར་སྐྱེས་སོ།

4 ང་ཚོས་ང་མངགས་མཁན་གྱི་མཛད་པ་དེ་ཉིན་མོའི་དུས་སུ་བྱེད་དགོས། མཚན་མོ་ཤར་བའི་དུས་སུ་མི་སུས་ཀྱང་ལས་ཀ་བྱེད་མི་ཐུབ།

5 ང་འཇིག་རྟེན་དུ་ཡོད་པའི་དུས་སུ་ང་ནི་འཇིག་རྟེན་གྱི་འོད་ཡིན་ནོ་” ཞེས་གསུངས་པའི་རྗེས་སུ།

6 ཡེ་ཤུས་ས་ལ་ལྗགས་ཆབ་དོར་ནས་འདམ་བག་ཅིག་མཛད་དེ་འདམ་བག་དེ་ལོང་བ་དེའི་མིག་ཟུང་ལ་བསྐུས་ནས་དེ་ལ་

7 “སི་ལོམ་རྫིང་བུ་ལ་སོང་ནས་ངོ་ཁྲུས་དང་” ཞེས་གསུངས། (སི་ལོམ་ཞེས་པ་མངགས་པའི་དོན་ཡིན་) དེའི་ཕྱིར་ཁོ་སོང་ནས་བཀྲུས་པས་མིག་གིས་མཐོང་བར་གྱུར་ཏེ་ཚུར་ཡོང༌།

8 དེར་ཁྱིམ་མཚེས་དང་སྔར་ཁོ་སློང་མཁན་ཡིན་པར་མཐོང་ཡོད་པ་ཚོས་ “འདི་ནི་བསྡད་ནས་སློང་མཁན་དེ་མ་ཡིན་ནམ་” ཞེས་དྲིས།

9 ལ་ལས་ “ཁོ་རང་ཡིན་” ཞེས་ཟེར་བ་དང༌། ལ་ལས་ “ཁོ་མ་ཡིན། ཁོ་དང་འདྲ་བ་ཞིག་ཡིན་” ཞེས་བཤད། ཁོ་རང་ཉིད་ཀྱིས་ “ང་དེ་ཡིན་” ཞེས་བཤད།

10 མི་དེ་ཚོས་ “འོ་ན་ཁྱེད་ཀྱི་མིག་དབང་ཇི་ལྟར་གསོས་སམ་” ཞེས་དྲིས་པ་ལ།

11 མི་དེས་ “མི་ཡེ་ཤུ་ཟེར་མཁན་གྱིས་འདམ་བག་མཛད་ནས་ངའི་མིག་ཟུང་ལ་བསྐུས་ཏེ། སི་ལོམ་རྫིང་བུར་སོང་ནས་ཁྲུས་དང་ཞེས་གསུངས་པ་དང༌། ང་སོང་ནས་བཀྲུས་པས་ངའི་མིག་གིས་མཐོང་བྱུང་” ཞེས་བཤད།

12 ཁོ་ཚོས་ “མི་དེ་གང་དུ་ཡོད་” ཅེས་དྲིས་པས་ཁོས་ “ངས་མི་ཤེས་” ཞེས་ལན་བཏབ།

13 ཁོ་ཚོས་སྔར་ལོང་བ་ཡིན་པ་དེ་ཕཱ་རུ་ཤི་པ་ཚོའི་མདུན་དུ་ཁྲིད།

14 ཡེ་ཤུས་འདམ་བག་མཛད་ཅིང་མི་དེའི་མིག་ཟུང་གསོས་པར་མཛད་པའི་ཉིན་ནི་ངལ་གསོ་བའི་ཉིན་མོ་ཡིན།

15 ཕཱ་རུ་ཤི་པ་ཚོས་ཀྱང་ཡེ་ཤུས་མིག་ཇི་ལྟར་གསོས་པར་མཛད་པའི་སྐོར་ཁོ་ལ་དྲིས་པ་དང་ལན་དུ་ཁོས་ “ཁོང་གིས་ངའི་མིག་ཟུང་ལ་འདམ་བག་བསྐུས་ཏེ་ངས་བཀྲུས་ནས་མིག་གིས་མཐོང་ཐུབ་” ཅེས་ཟེར།

16 ཕཱ་རུ་ཤི་པ་ཚོའི་ནང་ནས་ཁ་ཅིག་གིས་ “མི་དེས་ངལ་གསོ་བའི་ཉིན་མོའི་བཀའ་ཁྲིམས་མི་སྲུང་བས། དཀོན་མཆོག་ནས་བྱུང་བ་མི་སྲིད་” ཅེས་བཤད། འོན་ཀྱང་ཁ་ཅིག་གིས་ “མི་སྡིག་ཅན་ཅིག་གིས་དེ་ལྟ་བུའི་རྟགས་སྟོན་པ་ཅི་ལ་སྲིད་” ཅེས་བཤད་པས་དེ་ཚོར་ལྟ་བ་མི་མཐུན་པ་བྱུང༌།

17 དེ་ནས་ཡང་ཕཱ་རུ་ཤི་པ་ཚོས་སྔོན་མ་ལོང་བ་ཡིན་པ་དེར་ “མི་དེས་ཁྱོད་རང་གི་མིག་གསོས་པར་མཛད་པས་ཁྱོད་ཀྱིས་ཅི་ལྟར་སེམས་” ཞེས་དྲིས་པ་དང་མི་དེས་ “ཁོང་ལུང་སྟོན་པ་ཞིག་ཡིན་” ཞེས་བཤད།

18 ཡ་ཧུ་དཱ་པ་ཚོས་མི་དེ་སྔར་ལོང་བ་ཡིན་ཏེ་ད་མཐོང་བ་ལ་ཡིད་མ་ཆེས་པས་དེའི་ཕ་མ་བོས་ནས།

19 དེ་གཉིས་ལ་ “འདི་ནི་ཁྱོད་ཚོའི་ཟེར་བའི་སྐྱེས་དུས་ནས་བུ་ལོང་བ་དེ་ཡིན་ནམ། ད་ཅི་ལྟར་མཐོང་བར་གྱུར་རམ་” ཞེས་དྲིས་པ་ལ།

20 ཕ་མ་གཉིས་ཀྱིས་ “འདི་ནི་ང་ཚོའི་བུ་ཡིན་ཅིང་སྐྱེས་པའི་དུས་ནས་ལོང་བ་ཡིན་པར་ང་ཚོས་ཤེས།

21 འོན་ཀྱང་ད་ལྟ་ཅི་ལྟར་མཐོང༌། ཡང་ན་མིག་སུས་གསོས་པར་མཛད་པ་མི་ཤེས། ཁོ་ན་ཚོད་ལོན་པས་ཁོ་རང་ལ་དྲིས་དང༌། ཁོ་རང་གིས་གཏམ་བཤད་ཡོང་” ཞེས་ཟེར།

22 ཁོའི་ཕ་མས་ཡ་ཧུ་དཱ་པའི་དཔོན་རིགས་ལ་འཇིགས་པའི་རྐྱེན་གྱིས་དེ་ལྟར་བཤད། ཅི་ལགས་ཟེར་ན། སུས་ཀྱང་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་བཤད་པ་དེ་ཡ་ཧུ་དཱ་པའི་འདུ་ཁང་ནས་འབུད་རྒྱུ་ཡིན་པ་ཁོ་ཚོས་སྔོན་ནས་ཐག་བཅད་པ་ཡིན།

23 དེའི་ཕྱིར་ཁོའི་ཕ་མས་ཁོ་ན་ཚོད་ལོན་པས་ཁོ་རང་ལ་དྲིས་དང་ཞེས་བཤད།

24 དེའི་ཕྱིར་ཕཱ་རུ་ཤི་པ་ཚོས་མི་སྔར་ལོང་བ་ཡིན་པ་དེ་ཡང་བསྐྱར་བོས་ནས་ཁོ་ལ་ “ཁྱོད་ཀྱིས་དཀོན་མཆོག་གི་མདུན་དུ་བདེན་པ་ཤོད་ཅིག ང་ཚོས་མི་དེ་ནི་སྡིག་ཅན་ཞིག་ཡིན་པར་ཤེས་” ཞེས་ཟེར།

25 ཁོས་ “ཁོང་སྡིག་ཅན་ཡིན་མིན་ངས་མི་ཤེས། ང་ནི་སྔར་ལོང་བ་ཡིན་ཡང་ད་ལྟ་མིག་གིས་མཐོང་བ་འདི་ངས་ཤེས་” ཞེས་བཤད།

26 དེར་ཕཱ་རུ་ཤི་པ་ཚོས་ཡང་བསྐྱར་ཁོ་ལ་ “ཁོས་ཁྱོད་ལ་གང་བྱས། ཁྱོད་ཀྱི་མིག་ཅི་ལྟར་གསོས་པར་བྱས་” ཞེས་དྲིས།

27 མི་དེས་ “ངས་སྔར་བཤད་ཀྱང་ཁྱེད་ཚོས་མ་མཉན། ཅིའི་ཕྱིར་ཡང་བསྐྱར་ཐོས་པར་དགའ། ཁྱེད་རང་ཚོའང་ཁོང་གི་ཉེ་གནས་སུ་འགྱུར་བར་འདོད་དམ་” ཞེས་བཤད།

28 ཁོ་ཚོ་ཁྲོས་ནས་ཁ་ངན་བཤད་དེ་ “ཁྱོད་ནི་མི་དེའི་ཉེ་གནས་ཡིན། འོན་ཀྱང་ང་ཚོ་ནི་ལུང་སྟོན་པ་མོ་ཤེའི་ཉེ་གནས་ཡིན།

29 དཀོན་མཆོག་གིས་མོ་ཤེ་ལ་གསུང་གནང་ཡོད་པ་དེ་ནི་ང་ཚོས་ཤེས། འོན་ཀྱང་མི་འདི་གང་ནས་བྱུང་བ་མི་ཤེས་” ཞེས་བཤད།

30 ཡང་མི་དེས་ “ཁྱད་མཚར། ཁྱེད་ཚོས་ཁོང་གང་ནས་བྱུང་མི་ཤེས་ཀྱང༌། ཁོང་གིས་ངའི་མིག་གསོས་པར་མཛད།

31 དཀོན་མཆོག་གིས་མི་སྡིག་ཅན་ལ་མི་གསན། འོན་ཀྱང་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཅིང་ཁོང་གི་དགོངས་པ་བཞིན་དུ་བྱེད་མཁན་དེའི་སྨོན་ལམ་ལ་གསན་པར་ང་ཚོས་ཤེས།

32 འཇིག་རྟེན་གྱི་ཐོག་མ་ནས་བཟུང་སུ་ཞིག་གིས་སྐྱེས་དུས་ནས་ལོང་བ་ཞིག་གསོས་པར་མཛད་པའི་ལོ་རྒྱུས་གཏན་ནས་ཐོས་མ་མྱོང༌།

33 མི་འདི་དཀོན་མཆོག་ནས་མ་བྱུང་ན། ཅི་ཡང་མཛད་པར་མི་སྲིད་” ཅེས་བཤད།

34 ལན་དུ་ཁོ་ཚོས་ “ཁྱོད་སྐྱེས་དུས་ནས་སྡིག་ཅན་རང་ཡིན་ཡང༌། ང་ཚོར་བསླབ་བྱ་བྱེད་ཀྱི་ཡོད་དམ་” ཞེས་ཟེར་ནས་ཁོ་ཕྱི་རོལ་ཏུ་བསྐྲད།

35 ཡེ་ཤུས་མི་དེ་ཚོས་ཁོ་བསྐྲད་པའི་སྐོར་གསན་ནས། ཁོ་བཙལ་ནས་རྙེད་དེ་ཁོ་ལ་ “ཁྱེད་མིའི་རིགས་ཀྱི་བུ་ལ་དད་པ་ཡོད་དམ་” ཞེས་གསུངས།

36 མི་དེས་ “སྐུ་ཞབས་ལགས། ངས་ཁོང་ལ་དད་པ་བྱེད་པའི་ཕྱིར་ཁོང་སུ་ཡིན་པ་ང་ལ་གསུང་དང་” ཞེས་ཞུས།

37 ཡེ་ཤུས་མི་དེར་ “ཁྱེད་ཀྱིས་ཁོང་མཐོང་མྱོང་ཞིང༌། ཁྱེད་ལ་གཏམ་བྱེད་མཁན་འདི་ཉིད་ཡིན་ནོ་” ཞེས་གསུངས་པ་དང༌།

38 མི་དེས་ “གཙོ་བོ་ལགས། ང་དད་དོ་” ཞེས་ཞུས་ནས་ཁོང་ལ་བསྙེན་བཀུར་བྱས།

39 ཡེ་ཤུས་ “ང་ནི་ཁྲིམས་གཅོད་བྱེད་པའི་ཆེད་དུ་འཇིག་རྟེན་འདི་རུ་ཡོང་སྟེ། ལོང་བ་ཚོས་མཐོང་བར་བྱེད་ཅིང༌། མཐོང་བ་ཚོ་ལོང་བར་འགྱུར་བའི་ཕྱིར་རོ་” ཞེས་གསུངས།

40 ཡེ་ཤུ་དང་མཉམ་དུ་ཡོད་པའི་ཕཱ་རུ་ཤི་པ་འགའ་ཞིག་གིས་གསུང་དེ་ཐོས་ནས་ཁོང་ལ་ “ང་ཚོ་ཡང་ལོང་བ་ཡིན་ནམ་” ཞེས་ཞུས།

41 ལན་དུ་ཡེ་ཤུས་ “གལ་ཏེ་ཁྱོད་ཚོ་ལོང་བ་ཡིན་ན་སྡིག་ཉེས་ཀྱང་མེད། འོན་ཀྱང་ཁྱོད་ཀྱིས་ང་ཚོས་མཐོང་ཞེས་ཟེར་བས། ཁྱོད་ཚོའི་སྡིག་ཉེས་ནི་ལུས་སོ་” ཞེས་གསུངས་སོ།།

ཡོ་ཧ་ནན། (10) – John (10)

1 ཡེ་ཤུས་ “ངས་ཁྱེད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། སུ་ཡང་ལུག་རའི་སྒོ་ནས་ལུག་རའི་ནང་དུ་མ་འཛུལ་བར། ཕྱོགས་གཞན་ནས་འཛེག་པ་དེ་ནི་རྐུན་མ་དང་ཇག་པ་ཡིན།

2 འོན་ཀྱང་སྒོ་ནས་ལུག་རའི་ནང་དུ་འཛུལ་བ་དེ་ནི་ལུག་རྫི་ཡིན།

3 སྒོ་སྲུང་མཁན་གྱིས་ལུག་རྫི་ལ་སྒོ་ཕྱེ། ལུག་ཚོས་ལུག་རྫིའི་སྐད་ལ་ཉན། ལུག་རྫིས་རང་གི་ལུག་ཚོའི་མིང་ནས་འབོད་དེ་ཕྱི་རོལ་ཏུ་འཁྲིད།

4 དེ་ནས་རང་གི་ལུག་ཚང་མ་བཏོན་ཚར་རྗེས། དེ་ཚོའི་མདུན་དུ་འགྲོ་བ་དང༌། ལུག་ཚོས་ཁོའི་སྐད་ངོ་ཤེས་པས་ཁོའི་རྗེས་སུ་འབྲང༌།

5 འོན་ཀྱང་མི་རྒྱུས་མེད་ཀྱི་སྐད་ངོ་མི་ཤེས་པས། ལུག་ཚོས་ཁོའི་རྗེས་སུ་མི་འབྲང་སྟེ་འབྲོས་ཡོང་” ཞེས་གསུངས།

6 དཔེ་འདི་ཡེ་ཤུས་གསུངས་ཀྱང༌། ཕཱ་རུ་ཤི་པ་ཚོས་དེའི་དོན་ཧ་མ་གོ །

7 དེའི་ཕྱིར་ཡེ་ཤུས་ཁོ་ཚོར་ཡང་བསྐྱར་ “ངས་ཁྱེད་ཚོར་བདེན་པ་བདེན་པར་ཟེར་རྒྱུར། ལུག་རའི་སྒོ་དེ་ནི་ང་ཡིན།

8 ངའི་སྔོན་དུ་ཡོང་བ་ཐམས་ཅད་རྐུན་མ་དང་ཇག་པ་ཡིན་ཏེ། ལུག་རྣམས་དེ་ཚོར་མ་མཉན།

9 ང་ནི་སྒོ་དེ་ཡིན། སུ་ཡང་ང་བརྒྱུད་ནས་འཛུལ་ན་ཐར་བར་འགྱུར། ཡང་ཕྱི་འགྲོ་ནང་འཛུལ་བྱེད་ཅིང་རྩྭ་ཁ་རྙེད་པར་འགྱུར།

10 རྐུན་མས་རྐུ་བ་དང་གསོད་པ་དང་མེད་པར་བྱེད་པ་ཁོ་ནའི་ཕྱིར་ཡོང༌། འོན་ཀྱང་ང་ནི་དེ་ཚོར་དཔག་ཏུ་མེད་པའི་ཚེ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་ཡོང༌།

11 ང་ནི་ལུག་རྫི་བཟང་པོ་ཡིན། ལུག་རྫི་བཟང་པོས་ལུག་གི་དོན་དུ་རང་གི་སྲོག་གཏོང་ངོ༌།

12 གླ་པ་ནི་ལུག་རྫི་མ་ཡིན། ལུག་གི་བདག་པོ་ཡང་མ་ཡིན་པས། སྤྱང་ཀི་ཡོང་བ་མཐོང་སྐབས་ཁོས་ལུག་རྣམས་དོར་ནས་འབྲོས་པ་དང༌། སྤྱང་ཀིས་ལུག་འཁྱེར་ཞིང་ལུག་ཁྱུ་གཏོར།

13 ཁོ་ནི་གླ་པ་ཡིན་པས་ལུག་ཁྱུ་ལ་སེམས་ཁུར་མི་བྱེད་པར་འབྲོས།

14 ང་ནི་ལུག་རྫི་བཟང་པོ་ཡིན། ཇི་ལྟར་ངས་རང་གི་ལུག་རྣམས་ངོ་ཤེས་པ་དང༌། ངའི་ལུག་རྣམས་ཀྱིས་ཀྱང་ང་ངོ་ཤེས།

15 དེ་ལྟར་ཡབ་ཀྱིས་ང་ངོ་མཁྱེན་པ་དང༌། ངས་ཀྱང་ཡབ་ཀྱི་ཞལ་ངོ་ཤེས། ཡང་ངས་ལུག་གི་དོན་དུ་ང་རང་གི་སྲོག་བློས་གཏོང༌།

16 ལུག་ར་འདི་ལ་མི་གཏོགས་པའི་ལུག་གཞན་པ་ཡང་ཡོད། ངས་དེ་ཚོའང་འཁྲིད་དགོས། དེ་ཚོས་ཀྱང་ངའི་སྐད་ཉན་ཏེ་ལུག་ཁྱུ་གཅིག་ལ་རྫི་བོ་གཅིག་ཡོད་པར་འགྱུར།

17 ངས་རང་གི་སྲོག་བློས་གཏོང་བས་ཡབ་ཀྱིས་ང་ལ་བྱམས། ངས་རང་སྲོག་གཏོང་བའི་རྒྱུ་རྐྱེན་ནི་དེ་སླར་ལེན་པའི་ཕྱིར་རོ།

18 སུས་ཀྱང་ངའི་སྲོག་མི་འཕྲོག ང་ནི་རང་སྲོག་རང་གིས་གཏོང༌། ང་ལ་སྲོག་བློས་གཏོང་བའི་དབང་ཆ་ཡོད་ཅིང་སླར་གསོན་པའི་དབང་ཆ་ཡང་ཡོད། དེ་ལྟར་ངའི་ཡབ་ཀྱིས་ང་ལ་བཀའ་གནང་” ཞེས་གསུངས།

19 ཡེ་ཤུས་དེ་ལྟར་གསུངས་པས་ཡ་ཧུ་དཱ་པའི་ནང་ན་ཡང་བསྐྱར་ལྟ་བ་མི་མཐུན་པ་བྱུང༌།

20 དེ་ཚོའི་ནང་ནས་མི་མང་པོས་ “མི་འདི་འདྲེ་ཞུགས་ཏེ་སྨྱོས་པས་ཁྱོད་ཚོས་ཅིའི་ཕྱིར་ཉན་” ཞེས་བཤད།

21 འོན་ཀྱང་གཞན་རྣམས་ཀྱིས་ “གཏམ་འདི་ནི་འདྲེ་ཞུགས་པ་ཞིག་གི་གཏམ་མ་ཡིན། འདྲེ་ཡིས་མི་ལོང་བའི་མིག་གསོ་བར་བྱེད་པ་དེ་ཅི་ལ་སྲིད་” ཅེས་བཤད།

ཡ་ཧུ་དཱ་པ་རྣམས་ཀྱིས་སྟོན་པ་ཡེ་ཤུ་དང་ལེན་མ་བྱས་པ།

22 དེ་ནས་དགུན་དུས་སུ་ཡེ་རུ་ཤ་ལེམ་གྲོང་ཁྱེར་ལ་མཆོད་ཁང་ཆེན་མོའི་བསྔོ་བའི་དུས་ཆེན་གྱི་སྐབས་ལ།

23 ཡེ་ཤུ་མཆོད་ཁང་ཆེན་མོའི་རྩར་སོ་ལོ་མོན་གྱི་གཡབ་རིང་པོའི་ནང་ལ་ཞབས་བཅགས་བཞིན་པའི་དུས་སུ།

24 ཡ་ཧུ་དཱ་པ་ཡིས་ཁོང་བསྐོར་ཏེ་ “ཁྱེད་ཀྱིས་ཇི་ཙམ་བར་དུ་ང་ཚོར་ཐེ་ཚོམ་སྐྱེ་རུ་འཇུག ཁྱེད་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ན་གསལ་པོར་ཤོད་ཅིག་” ཅེས་ཞུས།

25 ཡེ་ཤུས་ “ངས་ཁྱོད་ཚོར་བཤད་ཟིན་ཡང་ཁྱོད་ཚོས་ཡིད་མི་ཆེས། ངས་ངའི་ཡབ་ཀྱི་མཚན་ཐོག་ནས་བྱས་པའི་ལས་ཀྱིས་ང་ལ་དཔང་པོ་བྱེད།

26 འོན་ཀྱང་ཁྱོད་ཚོ་ནི་ངའི་ལུག་མ་ཡིན་པས་ང་ལ་ཡིད་མི་ཆེས།

27 ངའི་ལུག་ངའི་སྐད་ལ་ཉན། ངས་དེ་ཚོ་ངོ་ཤེས་ཤིང་དེ་ཚོ་ངའི་རྗེས་སུ་འབྲང༌།

28 ཡང་ངས་དེ་ཚོར་དཔག་ཏུ་མེད་པའི་ཚེ་སྦྱིན་ཅིང་དེ་ཚོ་ནམ་ཡང་འཇིག་པར་མི་འགྱུར། སུས་ཀྱང་ངའི་ལག་ནས་འཕྲོག་མི་སྲིད།

29 ངའི་ཡབ་ཀྱིས་དེ་ཚོ་ང་ལ་གནང་བ་དང༌། ཁོང་ནི་ཐམས་ཅད་ལས་མཆོག་ཡིན། སུས་ཀྱང་དེ་ཚོ་ངའི་ཡབ་ཀྱི་ཕྱག་ནས་འཕྲོག་མི་སྲིད།

30 ང་དང་ཡབ་གཅིག་ཡིན་ནོ་” ཞེས་གསུངས།

31 ཡ་ཧུ་དཱ་པ་ཚོས་ཡང་བསྐྱར་ཁོང་ལ་རྡོ་རུབ་གཏོང་བའི་ཆེད་དུ་རྡོ་བསྒྲུགས།

32 ཡེ་ཤུས་མི་དེ་ཚོར་ “ངས་ཡབ་ནས་བྱུང་བའི་འཕྲིན་ལས་མང་པོ་ཁྱེད་ཚོར་བསྟན། ལས་དེ་ཚོའི་ནང་ནས་གང་གི་ཆེད་དུ་ཁྱེད་ཚོས་ང་ལ་རྡོ་རུབ་གཏོང་ངམ་” ཞེས་གསུངས་པ་དང༌།

33 མི་དེ་ཚོས་ “ལས་བཟང་པོ་ཞིག་གི་ཕྱིར་ང་ཚོས་ཁྱོད་ལ་རྡོ་རུབ་གཏོང་རྒྱུ་མ་ཡིན། ཁྱོད་ནི་མི་མ་གཏོགས་ཡིན་ཏེ། དཀོན་མཆོག་ཡིན་ཟེར་ནས་དཀོན་མཆོག་ལ་སྐུར་བ་བཏབ་པའི་ཕྱིར་ཡིན་” ཞེས་བཤད།

34 ཡེ་ཤུས་ “ཁྱེད་རྣམས་ཀྱི་ཆོས་ཁྲིམས་ལ་ང་ཡིས་ཁྱོད་ཚོ་ནི་ལྷ་ཡིན་ཟེར་བ་ཡིན་ཞེས་བྲིས་པ་མ་ཡིན་ནམ།

35 གསུང་རབ་དུས་གཏན་དུ་བདེན་པ་ཡིན་ཏེ། ཡང་དཀོན་མཆོག་ལ་གསུངས་པའི་མི་ནི་ལྷ་རྣམས་ཞེས་ཟེར་ཡོད་པ་ཡིན་ན།

36 ངས་ང་དཀོན་མཆོག་གི་སྲས་ཡིན་ཞེས་བཤད་པས་ཁྱོད་ཚོས་དེ་དཀོན་མཆོག་ལ་སྐུར་བ་འདེབས་པ་ཡིན་ཞེས་ཟེར་བའི་དོན་ཅི་ཡིན། དཀོན་མཆོག་གིས་དམ་པར་མཛད་ནས་འཇིག་རྟེན་དུ་མངགས་པ་དེ་ང་ཡིན།

37 ངས་ཡབ་ཀྱི་འཕྲིན་ལས་མ་བྱས་ན། ང་ལ་ཡིད་མ་ཆེས་ཤིག

38 འོན་ཀྱང་ངས་འཕྲིན་ལས་དེ་ཚོ་བྱས་ན། ཁྱོད་ཚོས་ང་ལ་ཡིད་མི་ཆེས་ཀྱང༌། འཕྲིན་ལས་དེ་ཚོར་ཡིད་ཆེས་ཤིག དེ་ནས་ཡབ་ངའི་ནང་ན་ཡོད་པ་དང༌། ང་ཡབ་ཀྱི་ནང་ན་ཡོད་པར་ཤེས་པར་འགྱུར་” ཞེས་གསུངས།

39 དེ་རྗེས་ཡ་ཧུ་དཱ་པས་ཡང་བསྐྱར་ཡེ་ཤུ་འཛིན་རྒྱུ་འབད་ཀྱང༌། ཁོང་ཁོ་ཚོའི་ལག་ནས་ཐར་ཏེ་ཕེབས།

40 ཁོང་ཡང་བསྐྱར་ཡོར་དན་གཙང་པོའི་ཕར་ཕྱོགས་སུ་སྔར་ཡོ་ཧ་ནན་གྱིས་ཁྲུས་གསོལ་གནང་བའི་གནས་སུ་ཕེབས་ནས་དེར་བཞུགས།

41 མི་མང་པོ་ཁོང་གི་དྲུང་དུ་འཛོམས་པ་དང༌། ཁོ་ཚོས་གཅིག་གིས་གཅིག་ལ་ “ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་རྟགས་གང་ཡང་བསྟན་མེད་ཀྱང༌། ཁོང་གིས་མི་འདིའི་སྐོར་གང་གསུངས་པ་ཐམས་ཅད་བདེན་པ་ཡིན་” ཞེས་བཤད།

42 ཡང་ས་ཆ་དེར་མི་མང་པོས་ཡེ་ཤུ་ལ་དད་པ་བྱས་སོ།།

ཡོ་ཧ་ནན། (11) – John (11)

1 དེ་ཡང་མི་ལཱ་ཟར་ཟེར་མཁན་པེ་ཐན་ཡཱ་གྲོང་གསེབ་ལ་ན་ནས་བསྡད་ཡོད། པེ་ཐན་ཡཱ་ནི་མར་ཐཱ་དང་ཁོ་མོའི་ནུ་མོ་མིར་ཡམ་གྱི་གྲོང་ཚོ་ཡིན།

2 མིར་ཡམ་ནི་གཙོ་བོའི་སྐུ་གཟུགས་ལ་སྤོས་ཆུ་བླུགས་ནས་ཁོང་གི་ཞབས་རང་གི་སྐྲ་ཡིས་འཕྱིས་མཁན་དེ་ཡིན། དེའི་ནུ་བོ་ལཱ་ཟར་ནད་ཀྱིས་བཏབ་པས།

3 མར་ཐཱ་དང་མིར་ཡམ་གཉིས་ཀྱིས་ཡེ་ཤུ་ལ་ “གཙོ་བོ་ལགས། ཁྱེད་ཀྱིས་བྱམས་པའི་གྲོགས་པོ་ནི་ནད་ཀྱིས་བཏབ་” ཅེས་ལན་ཅིག་བསྐུར།

4 ཡེ་ཤུས་དེ་གསན་ནས་ཁོང་གིས་ “ནད་དེ་ནི་འཆི་བའི་རྒྱུ་མ་ཡིན། དཀོན་མཆོག་གི་གཟི་བརྗིད་མངོན་པར་འགྱུར་བའི་ཕྱིར་ཡིན་ཏེ། དཀོན་མཆོག་གི་སྲས་ལ་མིས་བཀུར་སྟི་བྱ་བའི་ཆེད་དུ་བྱུང་” ཞེས་གསུངས།

5 ཡེ་ཤུས་མར་ཐཱ་དང༌། དེའི་ནུ་མོ་དང༌། ལཱ་ཟར་སྤུན་གསུམ་ལ་བྱམས་པར་མཛད་ན་ཡང༌།

6 ཁོང་གིས་ལཱ་ཟར་ནད་ཀྱིས་བཏབ་པའི་ལན་དེ་གསན་ནས་ཁོང་གང་དུ་བཞུགས་པའི་གནས་སུ་ད་དུང་ཉིན་གཉིས་བཞུགས།

7 དེ་ནས་ཁོང་གིས་ཉེ་གནས་ཚོར་ “ད་ང་ཚོ་སླར་ཡ་ཧུ་དཱ་ཡུལ་དུ་ཕྱིར་འགྲོ་” ཞེས་གསུངས་པ་དང༌།

8 ཉེ་གནས་རྣམས་ཀྱིས་ “རབ་བི། ཁ་སང་ཡ་ཧུ་དཱ་པས་ཁྱེད་ལ་རྡོ་རུབ་བཏང་སྟེ་གསོད་པར་འབད་ཀྱང༌། ད་ཡང་དེར་ཕེབས་རྒྱུ་ཡིན་ནམ་” ཞེས་ཞུས་པ་དང༌།

9 ཡེ་ཤུས་ “ཉིན་མོ་གཅིག་ལ་ཆུ་ཚོད་བཅུ་གཉིས་མེད་དམ། སུ་ཡང་ཉིན་མོར་ལམ་དུ་ཕྱིན་ན། འཇིག་རྟེན་འདིའི་འོད་མཐོང་བས་རྐང་པ་ཐོགས་ནས་སར་མི་འགྱེལ།

10 འོན་ཀྱང་སུ་ཡང་མཚན་མོ་ལམ་ལ་ཕྱིན་ན། དེ་ཚོར་འོད་མེད་པས་སར་འགྱེལ་བར་འགྱུར་” ཞེས་གསུངས་ནས།

11 ཁོང་གིས་ཁོ་ཚོར་ “ང་ཚོའི་གྲོགས་པོ་ལཱ་ཟར་གཉིད་ཁུག་སྟེ། ངས་ཁོང་གཉིད་གསོད་པར་ཆེད་དུ་འགྲོ་” ཞེས་གསུངས།

12 ཉེ་གནས་ཚོས་ཁོང་ལ་ “གཙོ་བོ་ལགས། ཁོང་གཉིད་ཁུག་ན་དྲག་ཡོང་” ཞེས་ཞུས་པ་དང༌།

13 ཡེ་ཤུས་ལཱ་ཟར་ཤི་བའི་སྐོར་གསུངས་ཀྱང༌། ཁོ་ཚོས་ཁོང་གཉིད་ཁུག་པའི་སྐོར་གསུངས་པ་བསམས།

14 དེའི་ཕྱིར་ཡེ་ཤུས་ཁོ་ཚོར་ “ལཱ་ཟར་ཤི་ཚར་བ་ཡིན།

15 ཁྱེད་ཚོས་དད་པ་བྱེད་པའི་ཕྱིར་ང་ཁོང་མཉམ་དུ་དེར་མེད་པ་ལ་དགའ། ད་ང་ཚོ་ཁོའི་རྩ་ལ་འགྲོ་” ཞེས་གསལ་པོར་གསུངས།

16 དེར་ཐོ་མཱ་མིང་གཞན་ལ་མཚེ་མར་ཡང་ཞེས་པ་དེས་ཉེ་གནས་གཞན་ཚོར་ “ཁོང་དང་མཉམ་དུ་འཆི་བའི་ཕྱིར་ང་ཚོའང་འགྲོ་” ཞེས་བཤད།

སྟོན་པ་ཡེ་ཤུ་ནི་སླར་གསོན་པ་དང་དཔག་ཏུ་མེད་པའི་ཚེ་ཡིན།

17 དེ་ནས་ཡེ་ཤུ་དེར་བྱོན་ནས་ལཱ་ཟར་གྱི་ཕུང་པོ་དུར་ཁང་དུ་བཅུག་ནས་ཞག་བཞི་སོང་བ་གཟིགས།

18 པེ་ཐན་ཡཱ་དེ་ཡེ་རུ་ཤ་ལེམ་དང་ཐག་ཉེ་ཞིང་སྤྱི་ལེ་གསུམ་ཙམ་ཡོད་པས།

19 ཡ་ཧུ་དཱ་པ་མང་པོ་མར་ཐཱ་དང་མིར་ཡམ་གྱི་ནུ་བོ་ཤི་བར་སེམས་གསོ་བའི་ཕྱིར་ཡོང༌།

20 མར་ཐཱ་ཡིས་ཡེ་ཤུ་ཕེབས་ཀྱི་ཡོད་པ་ཐོས་ནས་ཁོང་བསུ་བར་ཕྱིན། འོན་ཀྱང་མིར་ཡམ་ཁང་པར་བསྡད།

21 དེ་ནས་མར་ཐཱ་ཡིས་ཡེ་ཤུ་ལ་ “གཙོ་བོ་ལགས། ཁྱེད་རང་འདིར་བཞུགས་པ་ཡིན་ན་ངའི་ནུ་བོ་ཤི་མི་སྲིད།

22 འོན་ཀྱང་ད་ལྟའང་ཁྱེད་རང་གིས་དཀོན་མཆོག་ལ་གང་ཞུ་བ་དེ་གནང་བར་འགྱུར་བར་ངས་ཤེས་” ཞེས་ཟེར།

23 ཡེ་ཤུས་ “ཁྱེད་ཀྱི་ནུ་བོ་གསོན་པོར་ལང་བར་འགྱུར་” ཞེས་གསུངས་པ་དང༌།

24 མར་ཐཱ་ཡིས་ “དུས་ཀྱི་མཐའ་མའི་ཉིན་མོར་གཤིན་པོ་ཐམས་ཅད་གསོན་པོར་ལང་དུས་ཁོ་ཡང་སླར་གསོན་པར་འགྱུར་བ་ངས་ཤེས་” ཞེས་ཞུས།

25 ཡེ་ཤུས་ “སླར་གསོན་པ་དང་དཔག་ཏུ་མེད་པའི་ཚེ་ནི་ངའོ། སུ་ཡང་ང་ལ་དད་པ་བྱེད་མཁན་དེ་ཤི་ཡང་གསོན་པར་འགྱུར་ལ།

26 སུ་ཡང་ང་ལ་བརྟེན་ནས་གསོན་ཅིང་ང་ལ་དད་པ་བྱེད་མཁན་དེ་འཆི་མི་སྲིད། དོན་དེ་ལ་ཁྱེད་ཀྱིས་ཡིད་ཆེས་སམ་” ཞེས་གསུངས།

27 མར་ཐཱས་ཁོང་ལ་ “ལགས་སོ། གཙོ་བོ་ལགས། ཁྱེད་ནི་སྐྱབས་མགོན་མཱ་ཤི་ཀ་དཀོན་མཆོག་གི་སྲས་འཇིག་རྟེན་དུ་འབྱོན་པ་དེ་ཡིན་པར་ངས་དད་པ་བྱེད་” ཅེས་ཞུས།

28 མར་ཐཱ་སོང་ནས་མིར་ཡམ་ཟུར་དུ་བོས་ཏེ་ “སྟོན་པ་འདིར་ཡོད་ཅིང་ཁྱོད་འབོད་ཀྱི་འདུག་” ཅེས་བཤད་པ་དང༌།

29 མིར་ཡམ་གྱིས་དེ་ཐོས་ནས་མགྱོགས་པོར་ལངས་ཏེ་ཁོང་གི་དྲུང་དུ་སོང༌།

30 ཡེ་ཤུ་ནི་ད་དུང་གྲོང་གསེབ་ལ་མ་ཕེབས་ཏེ་མར་ཐཱ་ཡིས་ཁོང་མཇལ་བའི་གནས་སུ་བཞུགས་ཡོད།

31 མིར་ཡམ་དང་མཉམ་དུ་ཁང་པར་བསྡད་ཅིང་སྐྱོ་རོགས་བྱེད་པའི་ཡ་ཧུ་དཱ་པ་དེ་ཚོས་ཁོ་མོ་མགྱོགས་པོར་ལངས་ནས་ཕྱི་རོལ་ཏུ་སོང་བར་མཐོང་ནས། དུར་ཁང་དུ་ངུ་བར་སོང་བསམས་ཏེ་དེའི་རྗེས་སུ་འབྲངས།

32 མིར་ཡམ་ཡེ་ཤུ་ཡོད་སར་སླེབས་པའི་ཚེ་ཁོང་མཇལ་ནས་པུས་མོ་སར་བཙུགས་ཏེ་ “གཙོ་བོ་ལགས། ཁྱེད་རང་འདིར་བཞུགས་པ་ཡིན་ན་ངའི་ནུ་བོ་ཤི་མི་སྲིད་” ཞེས་ཞུས།

33 ཡེ་ཤུས་མིར་ཡམ་དང་ཡ་ཧུ་དཱ་པ་གཞན་ཚོའང་ངུ་བར་གཟིགས་ཏེ། ཐུགས་ཤིན་ཏུ་འཁྲུགས་ནས།

34 ཁོང་གིས་ “ཁོའི་ཕུང་པོ་གང་དུ་བཞག་ཡོད་” ཅེས་གསུངས་པས་ལན་དུ་ཁོ་ཚོས་ “གཙོ་བོ་ལགས། འདིར་ཕེབས་ནས་གཟིགས་དང་” ཞེས་ཞུས་པ་དང༌།

35 དེར་ཡེ་ཤུ་བཤུམས།

36 དེའི་ཕྱིར་ཡ་ཧུ་དཱ་པས་གཅིག་གིས་གཅིག་ལ་ “ལྟོས་དང༌། ཁོང་གིས་དེ་ལ་ཤིན་ཏུ་བྱམས་པ་ཡིན་” ཞེས་བཤད།

37 འོན་ཀྱང་ཁོ་ཚོ་ལས་ཁ་ཅིག་གིས་ “མི་འདིས་ལོང་བའི་མིག་གསོས་ཐུབ་པ་ཡིན་ན། ལཱ་ཟར་ཡང་འཆི་བ་ལས་སྐྱོབ་པར་མཛད་མི་ཐུབ་བམ་” ཞེས་ཟེར།

ལཱ་ཟར་སླར་གསོན་དུ་མཛད་པ།

38 དེར་ཡང་ཡེ་ཤུ་རང་གི་ཐུགས་འཁྲུགས་ཏེ་དུར་ཁང་གི་རྩར་ཕེབས། དུར་ཁང་དེ་བྲག་ཕུག་ཅིག་ཡིན་ཅིང་དེའི་ཁ་ལ་རྡོ་ཆེན་པོ་ཞིག་བཞག་ཡོད་པ་ཡིན།

39 ཡེ་ཤུས་ “ད་རྡོ་ཕར་འཐེན་ཅིག་” ཅེས་གསུངས་ནས། གཤིན་པོའི་ཨ་ཅག་མར་ཐཱས་ “གཙོ་བོ་ལགས། ཁོ་ཤི་ནས་ཉིན་བཞི་སོང་བས་ད་དྲི་མ་ངན་པ་ཁ་ཡོང་” ཞེས་ཞུས།

40 ཡེ་ཤུས་ “སྔར་ངས་ཁྱེད་ལ་གལ་ཏེ་དད་པ་བྱས་ན་དཀོན་མཆོག་གི་གཟི་བརྗིད་མཐོང་ངེས་ཡིན་ཞེས་བཤད་པ་མ་ཡིན་ནམ་” ཞེས་གསུངས་པས།

41 ཁོ་ཚོས་རྡོ་ཕར་འཐེན། དེར་ཡེ་ཤུས་ཡར་གཟིགས་ཏེ་ “ངའི་ཡབ། ཁྱེད་ཀྱིས་ང་ལ་གསན་པས་ཐུགས་རྗེ་ཆེ།

42 ཁྱེད་ཀྱིས་རྟག་ཏུ་ངས་ཞུས་པ་ལ་གསན་པ་ཤེས་ཀྱང༌། འདིར་ཡོད་པའི་མི་ཚོས་ཁྱེད་ཀྱིས་ང་མངགས་པ་ཡིན་པར་དད་པ་བྱེད་པའི་ཕྱིར་ངས་དེ་ལྟར་ཞུས་” ཞེས་གསུངས་པའི་རྗེས་སུ།

43 ཁོང་གིས་གསུང་སྐད་ཆེན་པོས་ “ལཱ་ཟར། ཕྱིར་ཐོན་ཤོག་” ཅེས་གསུངས་མ་ཐག

44 གཤིན་པོ་རྐང་ལག་རས་ཀྱིས་བསྡམས་པ་དང༌། གདོང་པ་ཡང་རས་ཀྱིས་བཏུམས་པ་དེ་ཕྱི་རོལ་ཏུ་ཐོན། ཡེ་ཤུས་ཁོ་ཚོར་ “རས་བཀྲོལ་ལ་ཁོང་འགྲོ་རུ་ཆུག་ཅིག་” ཅེས་གསུངས།

སྟོན་པ་ཡེ་ཤུ་གསོད་རྒྱུའི་ཇུས་ངན་བཏིང་བ།

45 དེའི་ཕྱིར་མིར་ཡམ་དང་མཉམ་དུ་ཡོང་བའི་ཡ་ཧུ་དཱ་པ་མང་པོས་ཡེ་ཤུས་མཛད་པའི་དོན་དེ་མཐོང་ནས་ཁོང་ལ་དད་པ་སྐྱེས་སོ།

46 འོན་ཀྱང་ཁོ་ཚོ་ལས་འགའ་ཞིག་ཕཱ་རུ་ཤི་པ་ཚོའི་རྩར་ཕྱིན་ནས་ཡེ་ཤུས་གང་མཛད་པའི་སྐོར་བཤད།

47 དེའི་ཕྱིར་ཡ་ཧུ་དཱ་པའི་བླ་ཆེན་དང་ཕཱ་རུ་ཤི་པ་ཚོས་གྲོས་ཚོགས་བསྐོངས་ནས་ “མི་འདིས་རྟགས་མང་པོ་སྟོན་པས། ང་ཚོས་ཅི་ལྟར་བྱ།

48 གལ་སྲིད་ཁོ་ལ་དེ་ལྟར་བྱེད་བཅུག་ན་མི་ཐམས་ཅད་ཀྱིས་ཁོ་ལ་དད་པར་འགྱུར་ཞིང༌། རོ་མཱ་པ་ཚོ་ཡོང་ནས་ང་ཚོའི་གནས་མཆོག་དང་མི་རིགས་གཉིས་འཕྲོག་ཡོང་” ཞེས་ཟེར།

49 འོན་ཀྱང་ཁོ་ཚོའི་ནང་ནས་ཀ་ཡ་ཕཱ་ཞེས་པའི་མི་གཅིག་ལོ་དེར་ཡ་ཧུ་དཱ་པའི་དབུ་ཁྲིད་བླ་ཆེན་ཡིན་ཏེ། མི་དེ་ཚོར་ “ཁྱོད་ཚོས་ཅིའང་མི་ཤེས།

50 མི་དམངས་ཧྲིལ་པོ་མེད་པར་འགྱུར་བ་ལས། མི་གཅིག་མི་དམངས་ཀྱི་དོན་དུ་འཆི་བ་དེ་ཁྱོད་ཚོ་ལ་ལེགས་པ་ཡིན་པ་དེ་མི་རྟོགས་” ཅེས་བཤད།

51 འོན་ཀྱང་ཁོང་གིས་གཏམ་དེ་རང་ཐོག་ནས་མ་བཤད་དེ། ལོ་དེར་དབུ་ཁྲིད་བླ་ཆེན་ཡིན་པས་ཡེ་ཤུ་ནི་ཡ་ཧུ་དཱ་པའི་མི་རིགས་ཀྱི་དོན་དུ་འགྲོངས་རྒྱུ་ཡིན་པ་མ་ཟད།

52 གང་སར་འཐོར་བའི་དཀོན་མཆོག་གི་སྲས་དང་སྲས་མོ་རྣམས་གཅིག་ཏུ་སྡུད་པའི་ཕྱིར་ཡང་འགྲོངས་རྒྱུ་ཡིན་པ་ལུང་བསྟན།

53 དེའི་ཕྱིར་ཉིན་དེ་ནས་བཟུང་ཡ་ཧུ་དཱ་པའི་དཔོན་རིགས་ཀྱིས་ཡེ་ཤུ་དགྲོང་བའི་ཇུས་ངན་བཏིང༌།

54 དེར་བརྟེན་ཡེ་ཤུ་ཡ་ཧུ་དཱ་པའི་ནང་མངོན་སུམ་དུ་མ་ཕེབས་པར། དབེན་གནས་ས་ཁུལ་དང་ཉེ་བའི་ཨེབ་ར་ཡིམ་ཟེར་བའི་གྲོང་ཁྱེར་ལ་ཉེ་གནས་དང་བཅས་ཕེབས་ནས་བཞུགས།

55 དེའི་ཚེ་ཡ་ཧུ་དཱ་པའི་པེ་སག་གི་དུས་ཆེན་ཉེ་བར་སླེབས་པས། དུས་ཆེན་གྱི་སྔོན་ལ་མི་མང་པོ་གྲོང་གསེབ་ནས་ཡེ་རུ་ཤ་ལེམ་དུ་གཙང་སྦྲའི་ཆོ་ག་བྱེད་དུ་ཕྱིན།

56 ཁོ་ཚོས་ཡེ་ཤུ་བཙལ་བ་དང༌། མཆོད་ཁང་ཆེན་མོའི་ཁྱམས་རའི་ནང་ལངས་བསྡད་ཡོད་དུས་ཕན་ཚུན་དུ་ “ཁྱེད་ཅི་ལྟར་སེམས། ཁོང་དུས་ཆེན་འདི་ལ་ཕེབས་ཡོང་ངམ་” ཞེས་དྲིས།

57 ཡ་ཧུ་དཱ་པའི་བླ་ཆེན་དང་ཕཱ་རུ་ཤི་པ་རྣམས་ཀྱིས་ཡེ་ཤུ་འཛིན་བཟུང་བྱེད་པའི་ཆེད་དུ། སུས་ཡེ་ཤུ་གང་དུ་བཞུགས་པའི་རྒྱུས་ཡོད་ཀྱང་དེས་ཁོ་ཚོར་ཤོད་དགོས་པའི་བཀའ་བཏང་ངོ༌།།

ཡོ་ཧ་ནན། (12) – John (12)

1 པེ་སག་གི་དུས་ཆེན་སྔོན་གྱི་ཉི་མ་དྲུག་པ་ལ་ཡེ་ཤུ་པེ་ཐན་ཡཱ་གྲོང་གསེབ་ལ་བྱོན་པ་དང༌། དེ་ནི་ཁོང་གིས་སྔར་འཆི་བ་ལས་བསླངས་པའི་མི་ལཱ་ཟར་གྱི་ཕ་ཡུལ་ཡིན་ཅིང༌།

2 དེར་ཁོ་ཚོས་ཁོང་ལ་དགོང་ཟས་ཤིག་བཤམས་ནས། མར་ཐཱས་གསོལ་གཡོག་བྱས་ཏེ། ལཱ་ཟར་ཡང་ཁོང་ཚོ་དང་མཉམ་དུ་བཟས་པ་དང༌།

3 མིར་ཡམ་གྱིས་ནཱར་དཱི་ཟེར་བའི་རིན་གོང་ཆེ་བའི་སྤོས་ཆུ་ལྷད་མེད་པ་རྒྱ་མ་གང་ཙམ་བླངས་ནས། ཡེ་ཤུའི་ཞབས་ལ་བླུགས་ཏེ། རང་གི་སྐྲ་ཡིས་འཕྱིས། ཁང་པ་སྤོས་ཆུའི་དྲི་བཟང་གིས་གང་བར་གྱུར།

4 འོན་ཀྱང་རྗེས་མ་ཡེ་ཤུ་དགྲའི་དབང་དུ་གཏོང་མཁན་ཡུ་དཱ་དབྱི་སི་ཀར་རེ་ཁོང་གི་ཉེ་གནས་རྣམས་ལས་གཅིག་ཡིན་ཏེ་དེས་

5 “སྤོས་ཆུ་འདི་དེ་ཎ་རིའི་དངུལ་སྒོར་སུམ་བརྒྱར་བཙོངས་ནས་དབུལ་ཕོངས་ཚོ་ལ་སྦྱིན་པ་བཏང་ན་ལེགས་པ་མ་ཡིན་ནམ་” ཞེས་ཟེར།

6 ཁོས་དབུལ་ཕོངས་ཚོར་སྙིང་རྗེ་སྐྱེས་ནས་དེ་ལྟར་ཟེར་བ་མ་ཡིན་ཏེ། ཁོ་ནི་རྐུན་མ་ཡིན་ཅིང་ཁོས་ཐུན་མོང་གི་དངུལ་ཁུག་ཁྱེར་ཏེ་དེའི་ནང་བཅུག་ཡོད་པའི་དངུལ་ལྐོག་ལེན་བྱེད་པའི་གོམས་གཤིས་ཡོད།

7 དེ་ནས་ཡེ་ཤུས་ “ཁོ་མོར་སྡུག་པོ་མ་གཏོང་ཞིག དེ་ནི་ང་དུར་དུ་འཇུག་པའི་ཉིན་མོའི་དོན་དུ་ཡིན།

8 དབུལ་ཕོངས་ཚོ་ནི་རྟག་ཏུ་ཁྱེད་ཚོ་དང་མཉམ་དུ་ཡོད་ཀྱང༌། ང་ནི་དུས་རྒྱུན་དུ་ཁྱེད་ཚོའི་རྩར་མེད་” ཅེས་གསུངས་སོ།།

ལཱ་ཟར་ཡང་གསོད་རྒྱུའི་ཇུས་ངན་བྱས་པ།

9 དེའི་ཚེ་ཡ་ཧུ་དཱ་པའི་མི་ཚོགས་མང་པོས་ཡེ་ཤུ་དེར་བཞུགས་པ་ཐོས་ནས། ཡེ་ཤུ་མཇལ་བའི་ཆེད་དུ་མ་ཟད། ལཱ་ཟར་ཁོང་གིས་འཆི་བ་ལས་བསླངས་པ་དེར་ཡང་ལྟ་བར་ཡོང༌།

10 དེའི་ཕྱིར་ཡ་ཧུ་དཱ་པའི་བླ་ཆེན་ཚོས་ལཱ་ཟར་ཡང་གསོད་པའི་ཇུས་ངན་བྱས།

11 ཅི་ལགས་ཟེར་ན། ལཱ་ཟར་གྱི་རྐྱེན་གྱིས་ཡ་ཧུ་དཱ་པ་མང་པོ་ཆོས་དཔོན་དང་ཁ་བྲལ་ནས་ཡེ་ཤུ་ལ་དད་པ་བྱེད་པའི་ཕྱིར་རོ།།

ཡེ་རུ་ཤ་ལེམ་གྲོང་ཁྱེར་དུ་ཕེབས་པ།

12 དེའི་སང་ཉིན་པེ་སག་དུས་ཆེན་ལ་ཡོང་བའི་མི་ཚོགས་མང་པོས་ཡེ་ཤུ་ཡེ་རུ་ཤ་ལེམ་ལ་ཕེབས་བཞིན་ཡོད་པའི་གཏམ་ཐོས་ནས།

13 ཁོ་ཚོས་ཏ་ལའི་ཤིང་གི་ཡལ་ག་བླངས་ནས་ཁོང་བསུ་བར་ཕྱིན་པ་དང་སྐད་ཆེན་པོས་ “ཧོ་ཟན་ནཱ། དཀོན་མཆོག་གི་མཚན་ཐོག་ནས་ཕེབས་མཁན་ཡིན་ཏེ་ཡི་སི་ར་ཨེལ་གྱི་རྒྱལ་པོར་བྱིན་རླབས་གནང་བར་ཤོག་” ཅེས་བསྒྲགས།

14 ཡེ་ཤུས་བོང་གསར་ཞིག་ཐོབ་ནས་དེ་ལ་བཅིབས། བྱ་བ་འདི་ཚོ་གསུང་རབ་ཀྱི་མདོ་ལྟར་བྱུང་སྟེ།

15 ཀྱེ།

ཙི་ཡོན་སྲས་མོ་འཇིགས་པར་མ་འགྱུར་ཞིག །

ཁྱེད་ཀྱི་རྒྱལ་པོ་བོང་གསར་བཅིབས་ནས་ནི།།

ད་ལྟ་འབྱོན་བཞིན་འདུག་པར་ལྟོས་ཤིག་ཨང༌།།

ཞེས་མདོ་ལ་བྲིས་ཡོད།

16 དེའི་སྐབས་སུ་ཁོང་གི་ཉེ་གནས་ཚོས་དོན་འདི་ཚོ་མ་རྟོགས། འོན་ཀྱང་ཡེ་ཤུ་འཕགས་པའི་གཟི་བརྗིད་མངོན་པའི་རྗེས་སུ་དོན་དེ་རྣམས་ཁོང་གི་སྐོར་ལ་བྲིས་ཡོད་པ་དང་མི་གཞན་གྱིས་ཁོང་ལ་གང་བྱས་པ་དྲན།

17 ཡེ་ཤུས་ལཱ་ཟར་དུར་ཁང་ནས་བོས་ཤིང་འཆི་བ་ལས་བསླངས་པ་མཐོང་བའི་མི་ཚོགས་ཀྱིས་མི་གཞན་ལ་ཡེ་ཤུའི་སྐོར་དཔང་པོ་བྱེད་བཞིན་ཡོད་པས།

18 མི་མང་པོས་ཁོང་གིས་རྟགས་དེ་བསྟན་པ་ཡིན་པ་ཐོས་ཏེ་ཁོང་མཇལ་བར་སོང༌།

19 ཕཱ་རུ་ཤི་པ་ཚོས་ཕན་ཚུན་དུ་ “ལྟོས་ཤིག འཇིག་རྟེན་ཀུན་ཁོའི་རྗེས་སུ་འབྲང་བས། ང་ཚོས་ང་ཚོའི་དོན་མི་སྒྲུབ་” ཅེས་ཟེར།

སྟོན་པ་ཡེ་ཤུས་རང་ཉིད་དགྲོང་རྒྱུའི་ལུང་བསྟན་པ།

20 དེའི་ཚེ་དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་ཕྱིར་པེ་སག་གི་དུས་ཆེན་ལ་ཡོང་བའི་མི་ཚོའི་ནང་ནས་གྷི་རིག་མི་འགའ་ཞིག་ཡོད་པ་དང༌།

21 མི་དེ་ཚོ་ག་ལིལ་ཡུལ་གྱི་གྲོང་ཚོ་པེ་སད་དཱ་ནས་ཡིན་པ་ཕི་ལིབ་ཀྱི་མདུན་དུ་སོང་ནས་ “སྐུ་ཞབས་ལགས། ང་ཚོ་ཡེ་ཤུ་མཇལ་བར་འདོད་” ཅེས་ཞུས།

22 ཕི་ལིབ་སོང་ནས་ཨན་དྲི་ཡཱ་ལ་དོན་དེ་བཤད་དེ། ཨན་དྲི་ཡཱ་དང་ཕི་ལིབ་གཉིས་སོང་ནས་ཡེ་ཤུ་ལ་ཞུས།

23 ལན་དུ་ཡེ་ཤུས་དེ་གཉིས་ལ་ “ད་མིའི་རིགས་ཀྱི་བུ་ཡི་གཟི་བརྗིད་མངོན་པར་འགྱུར་བའི་དུས་ལ་འབབ།

24 ངས་ཁྱེད་ཚོར་བདེན་པ་བདེན་པར་ཟེར་རྒྱུར། གྲོའི་འབྲུ་རྡོག་སའི་ནང་ལྷུངས་ནས་མ་ཤི་ན་འབྲུ་རྡོག་ཁོ་ནར་ལུས། འོན་ཀྱང་ཤི་ན་འབྲུ་རྡོག་དེ་འབྲས་བུ་མང་པོ་སྐྱེ་བར་འགྱུར།

25 སུ་ཡང་རང་གི་སྲོག་ལ་ཆགས་པ་དེ་བརླག་པར་འགྱུར། སུས་འཇིག་རྟེན་འདིར་རང་གི་སྲོག་ལ་མ་ཆགས་པ་དེ་དཔག་ཏུ་མེད་པའི་ཚེའི་ཕྱིར་སྐྱོབ་པར་འགྱུར།

26 སུས་ང་ལ་གཡོག་བྱས་ཀྱང་དེ་ངའི་རྗེས་སུ་འབྲང་དགོས་ཤིང༌། ང་གང་དུ་ཡོད་པའི་གནས་དེར་ངའི་གཡོག་པོའང་ཡོད་པར་འགྱུར། སུས་ང་ལ་གཡོག་བྱས་ན། ཡབ་ཀྱིས་མི་དེར་བཀུར་སྟི་མཛད་དོ།།

27 ད་ངའི་སེམས་འཁྲུགས་ཏེ་ཅི་བཤད་པར་བྱ། ཀྱེ། ཡབ་ཁྱེད་ཀྱིས་ང་སྡུག་བསྔལ་གྱི་དུས་སྐབས་འདི་ལས་སྐྱོབ་པར་མཛོད་ཅིག་ཅེས་ཟེར་རམ། དེ་མི་སྲིད། གང་ཡིན་ཟེར་ན། ང་དོན་འདིའི་ཕྱིར་འཇིག་རྟེན་དུ་ཡོང་བ་ཡིན་པས་སོ།

28 ཡབ་ལགས། ཁྱེད་ཀྱི་མཚན་གཟི་བརྗིད་དང་ལྡན་པར་མཛོད་ཅིག་” ཅེས་གསུངས་པ་དང་དཀོན་མཆོག་གི་ཞིང་ཁམས་ནས་གསུང་ཞིག་བྱུང་བ་སྟེ་ “ངས་གཟི་བརྗིད་དང་ལྡན་པར་བྱས་ལ་སླར་ཡང་དེ་ལྟར་བྱ་” ཞེས་གསུངས།

29 དེར་ལངས་པའི་མི་ཚོགས་ཀྱིས་དེ་ཐོས་པ་དང༌། ལ་ལས་འབྲུག་སྒྲ་ལྡིར་བ་ཡིན་ཞེས་ཟེར་བ་དང༌། ལ་ལས་ “དཀོན་མཆོག་གི་ཕོ་ཉ་ཞིག་གིས་ཁོང་ལ་གསུངས་པ་ཡིན་” ཞེས་བཤད།

30 ཡེ་ཤུས་ “གསུང་འདི་ངའི་ཕྱིར་མ་བྱུང་གི ཁྱེད་ཚོའི་ཆེད་དུ་བྱུང༌།

31 ད་འཇིག་རྟེན་འདིའི་ཁྲིམས་གཅོད་ཀྱི་དུས་ལ་འབབ་འདུག ད་འཇིག་རྟེན་འདིའི་དབང་སྒྱུར་པ་སྐྲོད་ཀྱི་དུས་ལ་ཡང་འབབ་འདུག

32 ཡང་ང་ས་ལས་འཕག་པའི་ཚེ་ངས་མི་ཐམས་ཅད་ང་རང་གི་དྲུང་དུ་འདྲེན་པར་བྱ་” ཞེས་གསུངས་པའི་དོན་ནི།

33 ཁོང་རང་གི་འགྲོངས་ལུགས་གང་འབྱུང་བར་འགྱུར་བ་དེ་ཡིན།

34 དེའི་ཕྱིར་མི་ཚོགས་ཀྱིས་ཁོང་ལ་ “ང་ཚོས་དཀོན་མཆོག་གི་གསུང་རབ་ལས་སྐྱབས་མགོན་མཱ་ཤི་ཀ་ནི་རྒྱུན་དུ་གནས་སོ་ཞེས་བྲིས་ཡོད་པ་ཐོས་པས། ཁྱེད་ཀྱིས་མིའི་རིགས་ཀྱི་བུ་འཕག་དགོས་གསུང་བ་དེ་ཅི་ཡིན། མིའི་རིགས་ཀྱི་བུ་དེ་སུ་ཡིན་” ཞེས་ཟེར།

35 ཡེ་ཤུས་ “ད་དུང་དུས་ཐུང་ངུ་ཞིག་གི་རིང་འོད་ནི་ཁྱོད་ཚོ་དང་མཉམ་དུ་ཡོད། འོད་ཡོད་པའི་བར་དུ་འགྲུལ་ཞིག ཁྱེད་ཚོར་མུན་ནག་མི་རུབ་པའི་ཕྱིར་རོ། སུ་ཡང་མུན་པ་ལ་འགྲུལ་བ་དེ་གང་དུ་འགྲོ་མི་ཤེས།

36 འོད་ཡོད་པའི་བར་དུ་འོད་ལ་དད་པ་གྱིས་ཤིག དེ་ནི་ཁྱེད་ཚོ་འོད་ཀྱི་སྲས་སུ་འགྱུར་བའི་ཕྱིར་རོ་” ཞེས་གསུངས་པ་དང་ཡེ་ཤུས་ཕར་ཕེབས་ཏེ། ཁོང་ཁོ་ཚོ་ལ་ཡིབས་ནས་བཞུགས།

ཡ་ཧུ་དཱ་པ་རྣམས་ཀྱིས་སྟོན་པ་ཡེ་ཤུར་དད་པ་མ་བྱས་པ།

37 ཁོང་གིས་ཁོ་ཚོའི་མདུན་དུ་དེ་ལྟར་རྟགས་མང་པོ་བསྟན་ཀྱང་ཁོ་ཚོས་ཁོང་ལ་དད་པ་མ་བྱས།

38 འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱའི་ལུང་བསྟན་སྒྲུབ་པའི་ཆེད་དུ་ཡིན། ཁོང་གིས།

གཙོ་བོ།

ང་ཚོས་བསྒྲགས་པའི་འཕྲིན་ལ་སུས་ཡིད་ཆེས།།

གཙོ་བོའི་ནུས་མཐུ་སུ་ལ་མངོན་པར་གྱུར།།

ཞེས་གསུངས།

39 དེའི་ཕྱིར་ཁོ་ཚོས་དད་པ་བྱས་མ་ཐུབ། ཡང་ཡེ་ཤ་ཡཱས།

40 གཙོ་བོ་ཉིད་ཀྱིས་མི་རྣམས་དེ་ཡི་མིག །

ལོང་བར་མཛད་ཅིང་སེམས་ཀྱང་མཁྲེགས་པོར་མཛད།།

དེ་ལྟར་མིན་ན་མིག་གིས་མཐོང་བ་དང༌།།

བློ་ཡིས་རྟོགས་ཤིང་སེམས་ཀྱང་བསྒྱུར་ནས་ནི།།

ང་ཡིས་ཁོ་ཚོ་གསོ་ཞིང་དྲག་པར་འགྱུར།།

ཞེས་གསུངས།

41 ལུང་སྟོན་པ་ཡེ་ཤ་ཡཱས་ཡེ་ཤུའི་གཟི་བརྗིད་མཐོང་བས་ཁོང་གི་སྐོར་དེ་ལྟར་གསུངས།

42 དེ་ཡང་ཡ་ཧུ་དཱ་པའི་དཔོན་རིགས་ནང་ནས་མི་མང་པོས་ཡེ་ཤུ་ལ་དད་པ་བྱས་ཀྱང༌། ཕཱ་རུ་ཤི་པ་ཚོས་ཡ་ཧུ་དཱ་པའི་འདུ་ཁང་ནས་འབུད་པར་འཇིགས་ཏེ་མངོན་སུམ་དུ་དེའི་སྐོར་གཏམ་མ་བཤད།

43 རྒྱུ་མཚན་ནི་ཁོ་ཚོ་དཀོན་མཆོག་གིས་བཀུར་སྟི་ལས་མིས་བཀུར་སྟི་ལ་ལྷག་པར་ཆགས།

སྟོན་པ་ཡེ་ཤུས་དཀོན་མཆོག་གི་བཀའ་གསུངས་པ།

44 དེ་ནས་ཡེ་ཤུས་སྐད་ཆེན་པོས་ “སུས་ང་ལ་དད་པ་བྱས་ཀྱང་དེས་ང་དང་ང་མངགས་མཁན་ཏེ་དཀོན་མཆོག་ལའང་དད་པ་བྱེད་པས།

45 སུས་ང་མཐོང་ཡང་དེས་ང་མངགས་མཁན་དེའང་མཐོང༌།

46 ང་ལ་དད་པ་བྱེད་མཁན་ཐམས་ཅད་མུན་པའི་ནང་དུ་མི་ལུས་པའི་ཕྱིར་ང་ནི་འོད་ལྟར་འཇིག་རྟེན་དུ་ཡོང༌།

47 མི་སུ་ཞིག་ངའི་བཤད་པའི་བཀའ་ཐོས་ནས་མ་མཉན་ན་ངས་མི་དེ་ལ་ཁྲིམས་གཅོད་མི་བྱེད། ང་ནི་འཇིག་རྟེན་ལ་ཁྲིམས་གཅོད་བྱེད་དུ་མ་ཡོང་བར། འཇིག་རྟེན་སྐྱོབ་པའི་ཆེད་དུ་ཡོང་བ་ཡིན་ནོ།

48 མི་སུ་ཞིག་གིས་ང་དོར་ནས་ངའི་བཀའ་ལ་མི་ཉན་མཁན་ལ་ཁྲིམས་གཅོད་པ་ཞིག་ཡོད། ངས་བཤད་པའི་བཀའ་དེ་ཉིད་ཀྱིས་དུས་ཀྱི་མཐའ་མའི་ཉིན་མོར་དེར་ཁྲིམས་གཅོད་པ་ཡིན།

49 རྒྱུ་མཚན་ནི་ངས་ང་རང་ཐོག་ནས་གཏམ་མ་བཤད་དེ། ང་མངགས་མཁན་ཡབ་དཀོན་མཆོག་ཉིད་ཀྱིས་ང་ལ་གང་ཞིག་ཟེར་དགོས་པ་གནད་འཁེལ་པོར་བཀའ་གནང་བྱུང༌།

50 ངས་ཁོང་གིས་གནང་བའི་བཀའ་དེ་དཔག་ཏུ་མེད་པའི་ཚེ་ཡིན་པ་ཤེས་པས། དེའི་ཕྱིར་ངས་གང་ཤོད་པ་དེ་ཡབ་དཀོན་མཆོག་གིས་ང་ལ་ཅི་གསུངས་པ་དེ་རང་ཡིན་ནོ་” ཞེས་གསུངས་སོ།།

ཡོ་ཧ་ནན། (13) – John (13)

1 པེ་སག་གི་དུས་ཆེན་གྱི་སྔོན་ལ་ཡེ་ཤུ་འཇིག་རྟེན་འདི་ནས་ཡབ་དཀོན་མཆོག་གི་དྲུང་དུ་ཕེབས་དགོས་པའི་དུས་ལ་བབ་པར་མཁྱེན་ཏེ། རང་གི་རྗེས་འབྲང་བ་འཇིག་རྟེན་འདིར་ཡོད་པ་ཚོར་སྔར་ཡང་བྱམས་ཤིང་མཐའ་མའི་བར་དུ་ཡང་བྱམས་པར་མཛད།

2 བདུད་ཀྱིས་ཡེ་ཤུ་དགྲའི་དབང་དུ་གཏོང་བའི་བསམ་པ་དེ་སི་མོན་གྱི་བུ་ཡུ་དཱ་དབྱི་སི་ཀར་རེ་བྱ་བའི་སེམས་སུ་བཞག་ཚར་ནས། དགོང་ཟས་བཞེས་པའི་ཚེ་

3 ཡེ་ཤུས་ཡབ་དཀོན་མཆོག་གིས་ཁོང་ལ་དོན་ཐམས་ཅད་ཁོང་གི་ལག་ཏུ་གནང་ཡོད་པ་མཁྱེན་པ་དང༌། རང་ཉིད་དཀོན་མཆོག་ནས་ཡོང་བ་ཡིན་ཏེ་དཀོན་མཆོག་གི་དྲུང་དུ་ལོག་རྒྱུ་ཡིན་པར་མཁྱེན་ཏེ།

4 དགོང་ཟས་ཀྱི་གྲལ་ནས་བཞེངས་ཏེ་ཕྱིའི་ན་བཟའ་ཕུད་དེ་ཕྱག་རས་རྐེད་པར་དཀྲིས་པའི་རྗེས་སུ།

5 གཞོང་པའི་ནང་ཆུ་བླུགས་ནས་ཉེ་གནས་རེ་རེ་བཞིན་གྱི་རྐང་པ་བཀྲུས་པ་དང༌། རང་གི་སྐུ་ལ་དཀྲིས་པའི་ཕྱག་རས་ཀྱིས་འཕྱིས།

6 ཁོང་སི་མོན་པེ་ཏྲོའི་རྩར་ཕེབས་པ་དང༌། ཁོས་ཁོང་ལ་ “གཙོ་བོ་ལགས། ཁྱེད་ཀྱིས་ངའི་རྐང་པ་བཀྲུ་རྒྱུ་ཡིན་ནམ་” ཞེས་ཞུས།

7 ལན་དུ་ཡེ་ཤུས་ “ངས་བྱེད་བཞིན་པའི་ལས་ཀྱི་དོན་ཁྱེད་ཀྱིས་ད་ལྟ་མི་རྟོགས་ཀྱང༌། རྗེས་མ་རྟོགས་པར་འགྱུར་” ཞེས་གསུངས།

8 པེ་ཏྲོས་ཁོང་ལ་ “ཁྱེད་ཀྱིས་ངའི་རྐང་པ་ཅི་ནས་ཀྱང་མི་བཀྲུ་” ཞེས་ཞུས་པ་དང་ལན་དུ་ཡེ་ཤུས་ “གལ་ཏེ་ངས་ཁྱོད་མ་བཀྲུས་ན། ཁྱོད་ང་དང་འབྲེལ་བ་མེད་” ཅེས་གསུངས་པ་དང༌།

9 སི་མོན་པེ་ཏྲོས་ “གཙོ་བོ་ལགས། ངའི་རྐང་པ་ཙམ་མ་ཟད། ལག་པ་དང་མགོ་ཡང་ཁྲུས་རོགས་མཛོད་” ཅེས་ཞུས།

10 ཡེ་ཤུས་ “ཁྲུས་བྱས་ཟིན་པ་ཞིག་ལུས་ཧྲིལ་པོ་གཙང་མར་གྱུར་བ་ཡིན་པས་རྐང་པ་མ་གཏོགས་འཁྲུད་དགོས་མེད། ཁྱེད་ཚོ་ནི་གཙང་མ་ཡིན། འོན་ཀྱང་ཐམས་ཅད་གཙང་མ་མིན་” ཞེས་གསུངས།

11 ཡེ་ཤུས་ཁོང་རང་དགྲའི་དབང་དུ་གཏོང་མཁན་དེ་སུ་ཡིན་པ་མཁྱེན་པས། ཁོང་གིས་ “ཁྱེད་ཚོ་ཐམས་ཅད་གཙང་མ་མིན་” ཞེས་གསུངས།

12 དེ་ནས་ཡེ་ཤུས་ཉེ་གནས་རྣམས་ཀྱི་རྐང་པ་བཀྲུས་ཚར་ནས་ཕྱིའི་ན་བཟའ་བཞེས་ཏེ་སླར་བཞུགས་པ་དང་ཁོ་ཚོར་ “ངས་ཁྱེད་ཚོ་ལ་བྱས་པ་དེའི་དོན་ནི་ཅི་ཡིན་རྟོགས་སམ་” ཞེས་བཀའ་འདྲི་གནང༌།

13 “ཁྱོད་ཚོས་ང་ལ་སྟོན་པ་དང་གཙོ་བོ་ཞེས་ཟེར་བ་བདེན་པ་ཡིན་ཏེ། ང་ནི་དེ་ཡིན་པས་སོ།

14 དེའི་ཕྱིར་ང་ཁྱེད་ཀྱི་གཙོ་བོ་དང་སྟོན་པ་ཡིན་ཏེ་ཁྱེད་ཚོའི་རྐང་པ་བཀྲུས་པ་ཡིན་ན། ཁྱེད་ཚོས་ཀྱང་གཅིག་གིས་གཅིག་ལ་རྐང་པ་འཁྲུད་དགོས།

15 ངས་ཁྱེད་ཚོ་ལ་མིག་དཔེ་ཞིག་བསྟན་ཅིང༌། ཁྱེད་ཚོས་ཀྱང་ངས་ཁྱེད་ཚོ་ལ་བྱས་པ་བཞིན་དུ་བྱེད་དགོས།

16 ངས་ཁྱེད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། གཡོག་པོ་ནི་དཔོན་པོ་ལས་གལ་ཆེ་བ་མ་ཡིན་ཅིང་བང་ཆེན་དེའང་མངགས་མཁན་ལས་ཆེ་བ་མ་ཡིན།

17 གལ་ཏེ་ཁྱེད་ཚོས་དོན་དེ་རྣམས་ཤེས་ཏེ་དེ་ལྟར་བྱས་ན་བདེ་བ་དང་ལྡན་པར་འགྱུར་རོ།

18 ངའི་གཏམ་འདི་ཁྱེད་ཚོ་ཚང་མའི་སྐོར་བཤད་པ་མིན། ངས་བདམས་པའི་མི་རྣམས་ངས་ཤེས། འོན་ཀྱང་འདི་ནི་དཀོན་མཆོག་གི་གསུང་རབ་ཀྱི་མདོ་ལས། ངའི་བག་ལེབ་ཟ་མཁན་དེས་རྐང་པའི་རྟིང་པས་ང་བརྫིས་པ་ཡིན། ཞེས་གསུངས་པ་བཞིན་དུ་སྒྲུབ་པའི་ཕྱིར་རོ།

19 ད་དེ་བཞིན་དུ་མ་འགྲུབ་པའི་སྔོན་ལ་ངས་ཁྱེད་ཚོར་སྨྲ། དེའི་ཕྱིར་དེ་བཞིན་དུ་འགྲུབ་པའི་ཚེ་ཁྱེད་ཚོས་ང་ཁོང་ཉིད་ཡིན་པར་དད་པའི་ཕྱིར་རོ།

20 ངས་ཁྱེད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། སུས་ཀྱང་ངས་མངགས་པའི་མི་ཞིག་བསུས་ན་མི་དེ་ངའང་བསུ། ང་རང་བསུ་བའི་མི་དེས་ང་མངག་མཁན་ཡང་བསུ་” ཞེས་གསུངས།

རྒྱབ་གཏོད་བྱེད་རྒྱུའི་ལུང་བསྟན་པ།

21 ཡེ་ཤུས་དེ་གསུངས་ཏེ་ཐུགས་འཁྲུགས་པར་གྱུར་ནས་ “ངས་ཁྱེད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། ཁྱེད་ཚོའི་ནང་ནས་གཅིག་གིས་ང་རྒྱབ་གཏོད་བྱེད་ཡོང་” ཞེས་གསལ་བསྒྲགས་མཛད་པས།

22 ཉེ་གནས་རྣམས་ཀྱིས་ཁོང་གིས་གསུངས་པའི་མི་སུ་ཡིན་མི་ཤེས་པར་གཅིག་གིས་གཅིག་ལ་བལྟས།

23 དེར་ཡེ་ཤུས་བྱམས་པར་འཛིན་པའི་ཉེ་གནས་གཅིག་ཁོང་གི་སྐུ་འགྲམ་ལ་ཡོད་པས།

24 སི་མོན་པེ་ཏྲོས་མི་དེར་མགོ་བོ་གཡུག་བཞིན་བརྡ་བཏང་སྟེ་ “ཁོང་གིས་སུའི་སྐོར་ལ་གསུང་པ་བཀའ་དྲིས་ཞུས་ཤིག་” ཅེས་བཤད།

25 ཉེ་གནས་དེས་ཡེ་ཤུའི་རྩར་གཟུགས་པོ་ཡོ་ནས་ཁོང་ལ་ “གཙོ་བོ་ལགས། མི་དེ་སུ་ཡིན་” ཞེས་ཞུས་པ་དང༌།

26 ཡེ་ཤུས་ “ངས་བག་ལེབ་དུམ་བུ་འདི་ཁུ་བ་ལ་སྦངས་ནས་སྟེར་བའི་མི་དེ་རང་ཡིན་” ཞེས་གསུངས་ནས་ཁོང་གིས་བག་ལེབ་དུམ་བུ་དེ་ཁུ་བར་སྦངས་རྗེས། སི་མོན་དབྱི་སི་ཀར་རེའི་བུ་ཡུ་དཱ་ལ་གནང༌།

27 བག་ལེབ་དུམ་བུ་དེ་བླངས་ནས་བདུད་སཱ་ཏན་ཁོའི་སེམས་ནང་དུ་ཞུགས། ཡེ་ཤུས་ཡུ་དཱ་ལ་ “ཁྱོད་ཀྱིས་བྱེད་རྒྱུ་ཡིན་པ་དེ་མགྱོགས་པོར་བྱོས་ཤིག་” ཅེས་གསུངས།

28 དེར་ཡོད་པ་རྣམས་ཀྱི་ནང་ནས་སུས་ཀྱང་ཅིའི་ཕྱིར་དེ་ལྟར་གསུངས་པའི་དོན་ཧ་མ་གོ

29ཡུ་དཱ་ལ་སྤྱི་ཐོག་གི་དངུལ་ཁུག་ཡོད་པས་ཉེ་གནས་རྣམས་ཀྱི་ནང་ནས་ལ་ལས་ཡེ་ཤུས་ཁོ་ལ་དུས་ཆེན་ལ་གང་དགོས་པ་ཉོ་རྒྱུ་འམ་ཡང་ན་དབུལ་པོ་རྣམས་ལ་གང་ཞིག་སྦྱིན་པར་བཀའ་གནང་ངོ་ཞེས་བསམས།

30 ཡུ་དཱས་བག་ལེབ་དེ་བླངས་མ་ཐག་ཕྱི་རོལ་ཏུ་སོང༌། དུས་དེ་ནི་མཚན་མོ་ཡིན་ནོ།།

བཀའ་གསར་པ་ཞིག

31 ཡུ་དཱ་སོང་བའི་རྗེས་སུ་ཡེ་ཤུས་ “ད་མིའི་རིགས་ཀྱི་བུ་ཡི་གཟི་བརྗིད་མངོན་པར་འགྱུར་ཞིང་དཀོན་མཆོག་ཀྱང་ཁོང་བརྒྱུད་ནས་གཟི་བརྗིད་དང་ལྡན་པར་འགྱུར།

32 དཀོན་མཆོག་གི་གཟི་བརྗིད་ཁོང་བརྒྱུད་ནས་མངོན་པར་གྱུར་ན། དཀོན་མཆོག་གིས་རང་བརྒྱུད་ནས་མིའི་རིགས་ཀྱི་བུའི་གཟི་བརྗིད་མྱུར་དུ་མངོན་པར་མཛད།

33 ཕྲུ་གུ་རྣམས། ང་ད་དུང་ཁྱོད་ཚོ་དང་མཉམ་དུ་དུས་ཐུང་ངུ་ཞིག་ཡོད། ཁྱོད་ཚོས་ང་བཙལ་ཡང༌། སྔར་ངས་ཡ་ཧུ་དཱ་པ་རྣམས་ལ་བཤད་པ་བཞིན་དུ་ད་ཁྱོད་ཚོར་ཡང་ཟེར་རྒྱུར། ང་གང་དུ་འགྲོ་བའི་གནས་སུ་ཁྱོད་ཚོ་ཡོང་མི་སྲིད།

34 ངས་ཁྱོད་རྣམས་ལ་བཀའ་གསར་པ་ཞིག་སྦྱིན། དེ་ནི་ཁྱོད་ཚོས་ཕན་ཚུན་བྱམས་པོ་བྱོས་ཤིག ངས་ཁྱོད་རྣམས་ལ་བྱམས་པ་ལྟར་ཁྱོད་རྣམས་ཀྱང་གཅིག་གིས་གཅིག་ལ་བྱམས་པར་ཟུངས་ཤིག

35 ཁྱོད་རྣམས་གཅིག་གིས་གཅིག་ལ་བྱམས་པར་བཟུང་ན་མི་ཐམས་ཅད་ཀྱིས་ཁྱོད་ངའི་ཉེ་གནས་ཡིན་པ་ཤེས་པར་འགྱུར་” ཞེས་གསུངས།

པེ་ཏྲོའི་སྐོར་ལུང་བསྟན་པ།

36 སི་མོན་པེ་ཏྲོས་ “གཙོ་བོ་ལགས། ཁྱེད་གང་དུ་ཕེབས་ཀྱི་ཡིན་” ཞེས་ཟེར་བ་དང་ལན་དུ་ཡེ་ཤུས་ “ང་གང་དུ་འགྲོ་བའི་གནས་སུ་ཁྱོད་ད་ལྟ་ངའི་རྗེས་སུ་འབྲང་མི་ཐུབ་ཀྱང༌། རྗེས་མ་འབྲང་བར་འགྱུར་” ཞེས་གསུངས།

37 པེ་ཏྲོས་ཁོང་ལ་ “གཙོ་བོ་ལགས། ཅིའི་ཕྱིར་ང་ད་ལྟ་ཁྱེད་ཀྱི་རྗེས་སུ་འབྲང་བར་མི་ཐུབ། ཁྱེད་ཀྱི་དོན་དུ་ངའི་རང་སྲོག་བློས་གཏོང་བའི་སེམས་ཡོད་” ཅེས་བཤད།

38 ཡེ་ཤུས་ “ཁྱོད་ཀྱིས་ངའི་དོན་དུ་སྲོག་བློས་གཏོང་བའི་སེམས་དངོས་གནས་ཡོད་དམ། ངས་ཁྱོད་ལ་བདེན་པ་བདེན་པར་ཟེར་རྒྱུར། ཁྱོད་ཀྱིས་བྱ་ཕོས་སྐད་མ་རྒྱག་པའི་སྔོན་ལ་ང་རང་སུ་ཡིན་མི་ཤེས་ཞེས་ལན་གསུམ་བཤད་པར་འགྱུར་” ཞེས་གསུངས་སོ།།

ཡོ་ཧ་ནན། (14) – John (14)

1 ཡེ་ཤུས་ཉེ་གནས་རྣམས་ལ་ “ཁྱེད་ཚོའི་སེམས་འཁྲུག་པར་མ་འགྱུར། དཀོན་མཆོག་ལ་དད་པ་བྱོས་ལ་ང་ལ་ཡང་དད་པ་བྱོས།

2 ངའི་ཡབ་ཀྱི་ཕོ་བྲང་ལ་གནས་ཁང་མང་པོ་ཡོད། དེ་ལྟར་མ་ཡིན་ན་ངས་ཁྱེད་རྣམས་ལ་སྔ་མ་ནས་བཤད་ཡོད། ང་ཁྱེད་ཚོའི་དོན་དུ་གནས་གྲ་སྒྲིག་བྱེད་དུ་འགྲོ། 3 ང་སོང་ནས་ཁྱེད་ཚོའི་དོན་དུ་གནས་གྲ་སྒྲིག་བྱས་ན། ང་ཕྱིར་ལོག་སྟེ་ཁྱེད་ཚོ་ངའི་རྩར་འདྲེན་པར་བྱ། དེ་ནས་ང་རང་གང་དུ་ཡོད་པ་དེར་ཁྱེད་ཚོའང་ཡོད་པར་འགྱུར།

4 ང་རང་འགྲོ་རྒྱུ་ཡིན་པའི་ལམ་དེ་ཁྱེད་ཚོས་ཤེས་” ཞེས་གསུངས་པ་དང༌།

5 ཐོ་མཱས་ཁོང་ལ་ “གཙོ་བོ་ལགས། ཁྱེད་རང་གང་དུ་ཕེབས་པ་ང་ཚོས་མི་ཤེས་ཏེ་ལམ་དེ་ཇི་ལྟར་ཤེས་” ཞེས་ཞུས།

6 ལན་དུ་ཡེ་ཤུས་ “ང་ནི་ལམ་དང༌། བདེན་པ་ཉིད། དཔག་ཏུ་མེད་པའི་ཚེའང་ཡིན། ང་མ་བརྒྱུད་པར་སུ་ཡང་ཡབ་ཀྱི་དྲུང་དུ་འགྲོ་བའི་ལམ་མེད་དོ།

7 ཁྱེད་ཚོས་ང་ངོ་ཤེས་ཡོད་ན། ངའི་ཡབ་ཀྱང་ངོ་ཤེས་ཡོད། ད་ནས་བཟུང་ཁྱེད་ཚོས་ཁོང་ངོ་ཤེས་པ་དང་མཐོང་མྱོང་ཡོད་དོ་” ཅེས་གསུངས་པ་དང༌།

8 ཕི་ལིབ་ཀྱིས་ “གཙོ་བོ་ལགས། ཡབ་དེ་ང་ཚོ་ལ་སྟོན་པར་མཛོད་དང༌། ཚིམ་པར་འགྱུར་” ཞེས་བཤད།

9 ཡེ་ཤུས་ “ཕི་ལིབ། ང་རང་ཁྱོད་ཚོ་དང་མཉམ་དུ་ཡུན་རིང་པོར་བསྡད་ཀྱང༌། ཁྱོད་ཀྱིས་ད་དུང་ང་སུ་ཡིན་པ་མི་ཤེས་སམ། ང་མཐོང་མཁན་དེས་ཡབ་མཐོང་བས། ཁྱོད་ཀྱིས་ཅིའི་ཕྱིར་ཡབ་དེ་ང་ཚོ་ལ་སྟོན་པར་མཛོད་ཅེས་ཟེར།

10 ཁྱོད་ཀྱིས་ང་ཡབ་ཀྱི་ནང་ན་ཡོད་པ་དང་ཡབ་ངའི་ནང་ན་ཡོད་པར་དད་པ་མི་བྱེད་དམ། ངས་ཁྱོད་ཚོར་བཤད་པའི་གཏམ་དེ་རྣམས་ང་རང་རང་ཐོག་ནས་མ་བཤད་དེ། ཡབ་ངའི་ནང་དུ་གནས་པ་དེས་རང་གི་ལས་རྣམས་མཛད།

11 ང་ཡབ་ཀྱི་ནང་ན་ཡོད་པ་དང་ཡབ་ངའི་ནང་ན་ཡོད་པར་ཡིད་ཆེས་ཤིག དེ་མ་བྱས་ནའང་ངས་བྱས་པའི་འཕྲིན་ལས་ཉིད་ཀྱི་ཕྱིར་ཡིད་ཆེས་བྱོས།

12 ངས་ཁྱེད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། ང་ལ་དད་པ་བྱེད་མཁན་དེས་ངས་གང་བྱས་པ་བཞིན་དུ་བྱེད་པ་མ་ཟད། དེ་ལས་ཆེ་བའི་འཕྲིན་ལས་ཀྱང་བྱེད་པར་འགྱུར། ཅི་ལགས་ཟེར་ན། ང་ཡབ་ཀྱི་དྲུང་དུ་འགྲོ་བའི་ཕྱིར་རོ།

13 ཡང་ཡབ་ཀྱི་གཟི་བརྗིད་ནི་སྲས་བརྒྱུད་ནས་མངོན་པར་འགྱུར་བའི་ཕྱིར། ཁྱེད་ཚོས་ངའི་མིང་ལ་བརྟེན་ནས་གང་ཞིག་ཞུས་ཀྱང་ངས་དེ་བཞིན་དུ་སྒྲུབ་པར་བྱ།

14 ཁྱེད་ཚོས་ངའི་མིང་ཐོག་ནས་དོན་གང་ཞིག་ཞུས་ནའང་ངས་དེ་ལྟར་བྱ།

15 གལ་ཏེ་ཁྱེད་ཚོས་ང་ལ་བྱམས་པར་བཟུང་ན་ངའི་བཀའ་རྣམས་སྲུང་བར་འགྱུར།

16 ངས་ཡབ་ལ་ཞུས་པ་དང་ཁོང་གིས་ཁྱེད་ཚོར་རོགས་པ་གནང་མཁན་གཞན་པ་ཞིག་གནང་བར་འགྱུར། ཁོང་ནི་དུས་རྒྱུན་དུ་ཁྱེད་ཚོ་དང་མཉམ་དུ་གནས་པར་འགྱུར་རོ།

17 ཁོང་ནི་དཀོན་མཆོག་གི་བདེན་པ་མངོན་པར་མཛད་མཁན་ཡིན་པའི་ཐུགས་ཉིད་ཡིན། དད་པ་མེད་པ་རྣམས་ཀྱི་སེམས་ནང་ཁོང་བསུ་བར་མི་སྲིད། ཅི་ལགས་ཟེར་ན། ཁོ་ཚོས་ཁོང་མི་མཐོང་ཞིང་ངོ་མི་ཤེས། འོན་ཀྱང་ཁོང་ནི་ཁྱེད་ཚོའི་སེམས་ནང་ཡོད་པ་དང་དེར་གནས་རྒྱུ་ཡིན་པས་ཁྱེད་ཚོས་ཁོང་ངོ་ཤེས།

18 ངས་ཁྱེད་ཚོ་དྭ་ཕྲུག་ལྟར་མི་འཇོག་པར་ཁྱེད་ཚོའི་རྩར་ཕྱིར་ལོག་ངེས་ཡིན།

19 ད་དུང་ཅུང་ཟད་ཅིག་སོང་ནས་འཇིག་རྟེན་གྱི་མི་ཚོས་ང་མི་མཐོང༌། འོན་ཀྱང་ཁྱོད་ཚོས་ང་མཐོང་བར་འགྱུར། གང་ལགས་ཟེར་ན། ང་ཤི་ནས་ཡང་བསྐྱར་འཚོ་བས་ཁྱེད་ཚོའང་འཚོ་བར་འགྱུར།

20 དེའི་ཉིན་མོར་ཁྱེད་ཚོས་ང་ཡབ་ཀྱི་ནང་ན་ཡོད་པ་དང༌། ཁྱེད་ཚོ་ངའི་ནང་ན་ཡོད་པ་དང༌། ང་ཁྱེད་རྣམས་ཀྱི་ནང་དུ་ཡོད་པར་ཤེས་པར་འགྱུར།

21 ངའི་བཀའ་རྣམས་ཤེས་ཏེ་སྲུང་བ་དེ་ནི་ང་ལ་བྱམས་པར་འཛིན་མཁན་ཡིན། ཡང་ང་ལ་བྱམས་པར་འཛིན་མཁན་དེ་ནི་ངའི་ཡབ་ཀྱིས་ཀྱང་བྱམས་པར་འཛིན་པར་འགྱུར། ངས་ཀྱང་མི་དེར་བྱམས་པར་འཛིན་ཏེ། ང་རང་ཁོ་ལ་མངོན་པར་བྱའོ་” ཞེས་གསུངས།

22 དེར་ཡུ་དཱ་དབྱི་སི་ཀར་རེ་མ་ཡིན་པའི་ཡུ་དཱ་ཡིས་ཁོང་ལ་ “གཙོ་བོ་ལགས། ཁྱེད་ཀྱིས་ཁྱེད་རང་འཇིག་རྟེན་གྱི་མི་ཚོར་མངོན་དུ་མི་མཛད་པར་ང་ཚོར་མངོན་དུ་མཛད་པ་དེ་ཅི་ལ་སྲིད་” ཅེས་ཞུས།

23 ལན་དུ་ཡེ་ཤུས་ “ང་ལ་བྱམས་པར་འཛིན་མཁན་གྱིས་ངའི་བཀའ་ལ་སྲུང་སྟེ། ངའི་ཡབ་ཀྱིས་མི་དེར་བྱམས་པར་མཛད་རྒྱུ་ཡིན་པས། ང་དང་ངའི་ཡབ་ཁོའི་རྩར་ཕེབས་ནས་ཁོ་དང་མཉམ་དུ་གནས་པར་འགྱུར།

24 ཡང་ང་ལ་བྱམས་པར་མི་འཛིན་མཁན་གྱིས་ངའི་བཀའ་ལ་མི་ཉན། ཁྱེད་ཚོས་ཐོས་པའི་བཀའ་དེ་ང་རང་ནས་མ་ཡིན་པར། ང་མངགས་མཁན་ཏེ་ཡབ་དཀོན་མཆོག་ནས་ཡིན།

25 ང་ཁྱེད་ཚོ་དང་མཉམ་དུ་ཡོད་དུས་གཏམ་དེ་བཤད་པ་ཡིན།

26ངའི་ཡབ་ཀྱིས་ངའི་མིང་ཐོག་ནས་མངག་རྒྱུ་ཡིན་ཅིང་རོགས་པ་གནང་མཁན་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཚོར་དོན་ཐམས་ཅད་བསླབ་ཅིང་ངས་བཤད་པ་ཐམས་ཅད་དྲན་སྐུལ་གནང་ཡོང༌།

27 ངས་ཁྱེད་ཚོ་ཞི་བདེ་གནས་པར་བྱེད། ངའི་ཞི་བདེ་ཁྱེད་ཚོར་སྦྱིན། ངས་ཞི་བདེ་སྦྱིན་ཚུལ་ནི་འཇིག་རྟེན་གྱིས་ཞི་བདེ་སྟེར་ཚུལ་དང་མི་འདྲ་བས། ཁྱེད་ཚོའི་སེམས་མ་འཁྲུགས་ཤིང་མ་འཇིགས་ཤིག

28 ངས་ཁྱེད་ཚོར་ང་འགྲོ་ན་ཡང་ཁྱེད་ཚོའི་རྩར་ཕྱིར་ལོག་ངེས་ཡིན་ཞེས་བཤད་པ་ཁྱེད་ཀྱིས་ཐོས། ཁྱེད་ཚོས་ང་ལ་བརྩེ་དུང་ཡོད་ན། ང་ཡབ་ཀྱི་དྲུང་དུ་འགྲོ་བར་སེམས་དགའ་བར་འགྱུར་བ་ཡིན། ཅི་ལགས་ཟེར་ན། ང་ལས་ཡབ་རླབས་ཆེ་བ་ཡིན།

29 ད་དེ་བཞིན་དུ་མ་བྱུང་བའི་སྔོན་ལ་ཁྱེད་ཚོར་བཤད་པ་ཡིན། དེའི་ཕྱིར་དེ་བཞིན་དུ་འབྱུང་བའི་ཚེ་ཁྱེད་ཚོས་དད་པ་བྱེད་པར་བྱ།

30 ད་ཕྱིན་ཆད་ངས་ཁྱེད་ཚོ་ལ་གཏམ་མང་པོ་མི་བྱེད། འཇིག་རྟེན་འདིའི་དབང་སྒྱུར་པ་ཡོང་བཞིན་པ་དང་ངའི་ཐོག་ཁོ་ལ་དབང་ཅི་ཡང་མེད།

31 འོན་ཀྱང་འཇིག་རྟེན་གྱིས་ངས་ཡབ་ལ་བྱམས་པ་ཤེས་པའི་ཕྱིར། ངས་ཡབ་ཀྱིས་ང་ལ་བཀའ་གནང་བ་ཇི་བཞིན་སྒྲུབ། ད་ལོངས་ལ་ང་ཚོ་འདི་ནས་ཕར་འགྲོ་” ཞེས་གསུངས་སོ།།

ཡོ་ཧ་ནན། (15) – John (15)

1 དེ་ནས་ཡེ་ཤུས་ཉེ་གནས་ཚོར་ “ང་ནི་བདེན་པའི་རྒུན་འབྲུམ་ཤིང་ཡིན་ཅིང༌། ངའི་ཡབ་ནི་རྒུན་ཤིང་ལྡུམ་ར་གསོ་སྐྱོང་གནང་མཁན་ཡིན།

2 ཁོང་གིས་ངའི་ནང་ན་འབྲས་བུ་མ་སྐྱེས་པའི་ཡལ་ག་རེ་བཅད་ནས་དབྱུག་ཅིང༌། ངའི་ནང་ན་འབྲས་བུ་སྐྱེས་པའི་ཡལ་ག་རེ་རེར་འབྲས་བུ་འཕེལ་བའི་ཕྱིར་དེ་ཤིང་བཅོས་མཛད།

3 ངས་ཁྱེད་ཚོར་བཤད་པའི་བཀའ་དེས་ཁྱེད་ཚོ་དག་པར་བྱས་ཟིན།

4 ང་ཁྱེད་རྣམས་ཀྱི་ནང་ན་གནས་པ་ལྟར་ཁྱེད་རྣམས་ངའི་ནང་ན་གནས་ཤིག ཡལ་ག་ནི་རྒུན་འབྲུམ་ཤིང་ལ་མི་གནས་ན་རང་བཞིན་གྱིས་འབྲས་བུ་མི་སྐྱེ་བ་ལྟར། ཁྱེད་ཚོའང་ངའི་ནང་དུ་མི་གནས་ན་འབྲས་བུ་ཆགས་པར་མི་སྲིད།

5 ང་ནི་རྒུན་འབྲུམ་ཤིང་ཡིན་ཏེ་ཁྱེད་ཚོ་ཡལ་ག་ཡིན། སུ་ཡང་ངའི་ནང་དུ་གནས་ཏེ་ང་ཡང་ཁོའི་ནང་དུ་གནས་ན། དེ་ལ་འབྲས་བུ་མང་པོ་སྐྱེ། ང་དང་བྲལ་ན་ཁྱེད་ཚོས་ཅི་ཡང་བྱེད་མི་ཐུབ་པའི་ཕྱིར་རོ།

6 ངའི་ནང་ན་མི་གནས་པ་དེ་ནི་ཕྱི་རུ་འཕངས་པའི་ཡལ་ག་ལྟར་སྐམ་པོར་འགྱུར། ཡལ་ག་དེ་ཚོ་བསྡུས་ནས་མེ་ལ་བཏབ་སྟེ་འཚིག

7 གལ་ཏེ་ཁྱེད་ཚོ་ངའི་ནང་ན་གནས་པ་དང༌། ངས་བཤད་པའི་བཀའ་ཡང་ཁྱེད་ཀྱི་ནང་དུ་གནས་ན། ཁྱེད་ཀྱིས་གང་འདོད་པ་དེ་ཞུས་ནས་འགྲུབ་པར་འགྱུར།

8 ཁྱེད་ཚོར་འབྲས་བུ་མང་པོ་སྐྱེས་ན་ཁྱེད་ནི་ངའི་ཉེ་གནས་དངོས་ཡིན་པ་དང༌། དེའི་སྒོ་ནས་ངའི་ཡབ་ཀྱི་གཟི་བརྗིད་མངོན་པར་འགྱུར།

9 ཡབ་ཀྱིས་ང་ལ་བྱམས་པར་མཛད་པ་ལྟར་ངས་ཀྱང་ཁྱེད་ཚོ་ལ་བྱམས་པར་བྱས། ཁྱེད་ཚོ་ངའི་བྱམས་པའི་ནང་གནས་པར་གྱིས་ཤིག

10 ངས་ཡབ་ཀྱི་བཀའ་རྣམས་བསྲུངས་ཡོད་པ་དང༌། ཁོང་གི་བྱམས་པའི་ནང་གནས་པ་ལྟར། ཁྱེད་ཀྱིས་ཀྱང་ངའི་བཀའ་རྣམས་བསྲུངས་ན་ངའི་བྱམས་པའི་ནང་གནས་པར་འགྱུར།

11 ངས་ཁྱེད་ཚོ་ལ་བཤད་པ་འདི་རྣམས་ནི་ངའི་དགའ་སྤྲོ་ཁྱེད་ཚོའི་སེམས་ལ་གནས་པ་དང་ཁྱེད་ཀྱི་དགའ་སྤྲོ་ཁེངས་པའི་ཕྱིར་རོ།

12 ངས་ཁྱེད་ཚོ་ལ་བྱམས་པ་བྱས་པ་ལྟར། ཁྱེད་ཚོས་ཀྱང་ཕན་ཚུན་བྱམས་པར་གྱིས་ཤིག་ཅེས་པ་དེ་ནི་ངའི་བཀའ་ཡིན་ནོ།

13 མི་ཞིག་གིས་རང་གི་གྲོགས་པོའི་དོན་དུ་རང་སྲོག་བཏང་ན་དེ་ནི་བྱམས་པ་རབ་ཡིན།

14 ཡང་ཁྱེད་ཚོས་ངའི་བཀའ་བཞིན་དུ་བསྒྲུབས་ན་ངའི་གྲོགས་པོ་ཡིན།

15 ད་ནས་བཟུང་ངས་ཁྱེད་ཚོ་ལ་གཡོག་པོ་ཞེས་མི་ཟེར། རྒྱུ་མཚན་ནི་དཔོན་པོས་ཅི་བྱེད་པ་གཡོག་པོས་མི་ཤེས། ངས་ཡབ་ལས་གང་ཐོས་པ་ཐམས་ཅད་ཁྱེད་ཚོ་ལ་བཤད་པས་ཁྱེད་ཚོ་ལ་གྲོགས་པོ་ཞེས་ཟེར།

16 ཁྱེད་ཚོས་ང་མ་བདམས། ངས་ཁྱེད་ཚོ་བདམས་ཏེ་བསྐོས་པ་ཡིན་པས། ཁྱེད་ཚོ་སོང་ནས་འབྲས་བུ་སྐྱེ་བ་སྟེ། འབྲས་བུ་དེ་རྟག་ཏུ་གནས་པའི་ཕྱིར་རོ། དེ་ནས་ངའི་མིང་ཐོག་ནས་ཡབ་ལ་གང་ཞུས་པ་དེ་ཁྱེད་ཚོ་ལ་གནང་བར་འགྱུར།

17 ཁྱེད་ཚོས་ཕན་ཚུན་བྱམས་པར་གྱིས་ཤིག འདི་ནི་ངའི་བཀའ་ཡིན་ནོ་” ཞེས་གསུངས།

འཇིག་རྟེན་གྱི་མི་ཚོས་ཉེ་གནས་ལ་སྡང་བ།

18 ཡང་ཡེ་ཤུས་ “གལ་ཏེ་འཇིག་རྟེན་གྱི་མི་ཚོས་ཁྱེད་ཚོ་ལ་སྡང་ན། ཁྱེད་ཚོའི་སྔོན་དུ་ང་ལ་སྡང་བ་ཡིན་པ་ཤེས་དགོས།

19 གལ་ཏེ་ཁྱེད་ཚོ་འཇིག་རྟེན་ལ་གཏོགས་ན། འཇིག་རྟེན་གྱིས་རང་གི་ཡིན་པ་དེ་ལ་གཅེས། འོན་ཀྱང་ངས་ཁྱེད་ཚོ་འཇིག་རྟེན་གྱི་ནང་ནས་བདམས་པས། ཁྱེད་ཚོ་འཇིག་རྟེན་འདིར་མ་གཏོགས། དེའི་ཕྱིར་འཇིག་རྟེན་གྱིས་ཁྱེད་ཚོ་ལ་སྡང༌།

20 སྔར་ངས་ཁྱེད་ཚོར་གཡོག་པོ་ནི་དཔོན་པོ་ལས་གལ་ཆེ་བ་མ་ཡིན་ཞེས་བཤད་པ་དེ་དྲན་པར་གྱིས་ཤིག གལ་སྲིད་ཁོ་ཚོས་ང་ལ་གནོད་འཚེ་བྱས་ན། ཁྱེད་ཚོ་ལ་ཡང་གནོད་འཚེ་བྱེད་པར་འགྱུར། ངས་བཤད་པའི་བཀའ་བསྲུངས་པ་ཡིན་ན། ཁྱེད་ཚོའི་གཏམ་ཡང་བསྲུང་བར་འགྱུར།

21 ཁོ་ཚོས་ང་མངགས་མཁན་དེ་ངོ་མི་ཤེས་པས། ཁྱེད་ཚོ་ང་ལ་གཏོགས་པའི་རྐྱེན་གྱིས་ཁྱེད་ཚོ་ལ་དེ་ཐམས་ཅད་བྱེད་པར་འགྱུར།

22 གལ་ཏེ་ང་ཡོང་ནས་ཁོ་ཚོ་ལ་མ་བཤད་པ་ཡིན་ན་ཁོ་ཚོར་སྡིག་ཉེས་མེད་པ་ཡིན། འོན་ཀྱང་ད་ལྟ་ཁོ་ཚོས་ང་ཚོས་སྡིག་ཉེས་མ་བྱས་ཞེས་ཟེར་བའི་རྒྱུ་མཚན་མེད།

23 སུས་ཀྱང་ང་ལ་སྡང་ན་དེས་ངའི་ཡབ་ལ་ཡང་སྡང༌།

24 གལ་ཏེ་ངས་གཞན་སུ་ཞིག་ཀྱང་གཏན་ནས་མ་བྱས་པའི་འཕྲིན་ལས་ཁོ་ཚོའི་མདུན་དུ་མ་བྱས་པ་ཡིན་ན། ཁོ་ཚོ་ལ་སྡིག་ཉེས་མེད། འོན་ཀྱང་ད་ལྟ་ཁོ་ཚོ་ངས་གང་བྱས་པ་དེ་མཐོང་མྱོང་ཡང་ཁོ་ཚོས་ང་དང་ངའི་ཡབ་གཉིས་ལ་སྡང༌།

25 འོན་ཀྱང་དེ་ནི་གསུང་རབ་ནང་ཁོ་ཚོས་དོན་མེད་དུ་ང་རང་ལ་སྡང་ཞེས་པའི་བཀའ་དེ་འགྲུབ་པའི་ཕྱིར་རོ།

26 ངས་ཁྱེད་ཚོ་ལ་ཡབ་ཀྱི་དྲུང་ནས་རོགས་པ་གནང་མཁན་ཟེར་བ་གཏོང་བར་བྱ། ཁོང་ནི་ཡབ་ནས་འབྱུང་བའི་དཀོན་མཆོག་གི་བདེན་པ་མངོན་པར་མཛད་མཁན་ཏེ་དམ་པའི་ཐུགས་ཉིད་ཡིན། ཁོང་གིས་ངའི་སྐོར་ལ་དཔང་པོ་མཛད་པར་འགྱུར་བ་དང༌།

27 ཁྱེད་ཚོའང་ཐོག་མ་ནས་ང་དང་མཉམ་དུ་ཡོད་པ་ཡིན་པས། ངའི་སྐོར་ལ་དཔང་པོ་བྱེད་པར་འགྱུར་རོ་” ཞེས་གསུངས་སོ།།

ཡོ་ཧ་ནན། (16) – John (16)

1 ཡང་ཡེ་ཤུས་ “དོན་དེ་ཐམས་ཅད་ངས་ཁྱེད་ཚོའི་དད་པ་མི་ཉམས་པའི་ཕྱིར་བཤད།

2 ཁོ་ཚོས་ཁྱེད་རྣམས་འདུ་ཁང་ནས་འབུད་པ་མ་ཟད། སུས་ཁྱེད་ཚོ་གསོད་པ་དེ་ཚོས་དཀོན་མཆོག་ལ་བསྙེན་བཀུར་གྱི་ལས་བྱེད་པར་བསམ་པའི་དུས་ལ་འབབ་ཡོང༌།

3 ཁོ་ཚོས་ངའི་ཡབ་ཀྱང་ངོ་མ་ཤེས། ང་ཡང་ངོ་མ་ཤེས་པས། ཁྱེད་ཚོ་ལ་དོན་དེ་བཞིན་དུ་བྱེད་པར་འགྱུར།

4 དུས་ལ་འབབ་པའི་ཚེ་ཁྱེད་ཚོས་དོན་དེ་ཚོ་དྲན་པའི་ཕྱིར་ངས་ཁྱེད་ཚོ་ལ་བཤད་པ་ཡིན། ཐོག་མ་ནས་ངས་ཁྱེད་ཚོ་ལ་གཏམ་དེ་མ་བཤད་པ་དེ་ནི་ང་ཁྱེད་ཚོ་དང་མཉམ་དུ་ཡོད་པའི་ཕྱིར་རོ།

5 ད་ང་ནི་ང་མངགས་མཁན་གྱི་དྲུང་དུ་འགྲོ་ན་ཡང༌། ཁྱེད་ཚོ་སུས་ཀྱང་ང་ལ་གང་དུ་འགྲོ་ཞེས་མི་འདྲི།

6 ངས་དོན་འདི་ཚོ་བཤད་པས་ཁྱེད་ཚོའི་སེམས་མྱ་ངན་གྱིས་གདུངས།

7 འོན་ཀྱང་ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། ང་ཕར་འགྲོ་བ་དེ་ཁྱེད་ཚོ་ལ་ཕན་པའི་ཕྱིར་ཡིན། གང་ཡིན་ཞེ་ན། གལ་ཏེ་ང་ཕར་མ་སོང་ན། རོགས་པ་གནང་མཁན་ཞེས་པ་དེ་ཁྱེད་ཚོའི་རྩར་མི་ཕེབས། འོན་ཀྱང་ང་སོང་ན་ཁོང་ངས་ཁྱེད་ཚོའི་རྩར་གཏོང་རྒྱུ་ཡིན།

8 ཡང་ཁོང་ཕེབས་སྐབས་སྡིག་པ་དང༌། དྲང་བདེན་དང༌། ཁྲིམས་གཅོད་པ་གསུམ་གྱི་སྐོར་ལ་འཇིག་རྟེན་གྱི་མི་ཚོའི་འཛིན་པའི་སྐྱོན་རྣམས་གསལ་སྟོན་གནང་བར་འགྱུར།

9 སྡིག་པ་ནི། མི་དེ་ཚོས་ང་ལ་དད་པ་མི་བྱེད་པའི་དོན་དང༌།

10 དྲང་བདེན་ནི། ང་ཡབ་ཀྱི་དྲུང་དུ་འགྲོ་བས་ད་ཕྱིན་ཆད་ཁྱེད་ཚོས་ང་མི་མཐོང་བའི་དོན་དང༌།

11 ཁྲིམས་གཅོད་པ་ནི། འཇིག་རྟེན་འདིའི་དབང་སྒྱུར་པར་ཁྲིམས་གཅོད་ཚར་བས་སོ།

12 ང་ལ་ད་དུང་གཏམ་བཤད་རྒྱུ་མང་པོ་ཡོད་ཀྱང༌། ད་ཁྱེད་ཚོ་བཟོད་མི་ཐུབ།

13 འོན་ཀྱང་དཀོན་མཆོག་གི་བདེན་པ་མངོན་པར་མཛད་མཁན་ཏེ་དམ་པའི་ཐུགས་ཉིད་འབྱོན་པའི་ཚེ། ཁོང་གིས་ཁྱེད་ཚོ་དཀོན་མཆོག་གི་བདེན་པ་ཚང་མའི་ནང་དུ་འཁྲིད་པར་འགྱུར། ཁོང་གིས་རང་ཐོག་ནས་མི་གསུང་སྟེ། ཁོང་གིས་གང་གསན་པ་དེ་གསུང་བར་འགྱུར། ཡང་མ་འོངས་པའི་དོན་རྣམས་ཁྱེད་ཚོ་ལ་གསུང་བར་འགྱུར་རོ།

14 ཁོང་གིས་ངའི་གཟི་བརྗིད་མངོན་པར་མཛད་པར་འགྱུར་ཏེ། ངའི་གང་ཡིན་པ་རྣམས་བླངས་ནས་ཁྱེད་ཚོར་སྟོན་པར་འགྱུར་རོ།

15 ཡབ་ལ་ཡོད་པ་ཐམས་ཅད་ང་རང་གི་ཡིན། དེའི་ཕྱིར་དམ་པའི་ཐུགས་ཉིད་ཀྱིས་ང་རང་གང་ཡིན་པ་ནས་བཞེས་ཏེ་ཁྱེད་ཚོ་ལ་སྟོན་པར་འགྱུར་ཞེས་ངས་བཤད་དོ།

16 ད་དུང་ཅུང་ཟད་ཅིག་ནས་ཁྱེད་ཚོས་ང་མི་མཐོང་བར་འགྱུར། དེ་ནས་ཡང་རིང་པོར་མ་ལོན་པར་ང་མཐོང་བར་འགྱུར་” ཞེས་གསུངས།

17 ཉེ་གནས་ཚོའི་ནང་ནས་ཁ་ཤས་གཅིག་གིས་གཅིག་ལ་ “ཁོང་གིས་ད་དུང་ཅུང་ཟད་ཅིག་ནས་ཁྱེད་ཚོས་ང་མི་མཐོང་བར་འགྱུར། དེ་ནས་ཡང་རིང་པོར་མ་ལོན་པར་ང་མཐོང་བར་འགྱུར་ཞེས་དང༌། ང་ནི་ཡབ་ཀྱི་དྲུང་དུ་འགྲོ་བའི་ཕྱིར་རོ་ཞེས་གསུངས་པའི་དོན་དེ་ཅི་ཡིན་” ཞེས་དྲིས་པ་དང༌།

18 ཡང་ཁོ་ཚོས་ “ཁོང་གིས་ད་དུང་ཅུང་ཟད་ཅིག་ཅེས་གསུང་བ་དེ་ཅི་ཡིན། ཁོང་གིས་གང་གསུངས་པ་དེའི་དོན་ཧ་མི་གོ་” ཞེས་བཤད།

19 ཡེ་ཤུས་ཉེ་གནས་ཚོས་ཁོང་རང་ལ་བཀའ་འདྲི་ཞུ་འདོད་པ་མཁྱེན་ཏེ་ “ངས་ཁྱེད་ཚོ་ལ་ད་དུང་ཅུང་ཟད་ཅིག་ནས་ཁྱེད་ཚོས་ང་མི་མཐོང་བར་འགྱུར། དེ་ནས་ཡང་རིང་པོར་མ་ལོན་པར་ང་མཐོང་བར་འགྱུར་ཞེས་པའི་དོན་ཁྱེད་ཚོས་ཕན་ཚུན་ལ་གྲོས་སམ།

20 ངས་ཁྱེད་ཚོ་ལ་བདེན་པ་བདེན་པར་ཟེར་རྒྱུར། ཁྱེད་ཚོ་ངུ་ཞིང་མྱ་ངན་བྱེད་ཀྱང་འཇིག་རྟེན་གྱི་མི་ཚོ་དགའ་བར་འགྱུར། ཁྱེད་ཚོར་སྡུག་བསྔལ་འབྱུང་ཡང༌། ཁྱེད་ཀྱི་སྡུག་བསྔལ་དགའ་སྤྲོ་ལ་འགྱུར།

21 བུད་མེད་ཅིག་ནི་བུ་བཙའ་བའི་དུས་སུ་སྐྱེ་ཟུག་གིས་སྡུག་བསྔལ་འབྱུང༌། མོ་རང་གི་དུས་ཚོད་ལ་བབ་པའི་ཕྱིར་རོ། འོན་ཀྱང་དམར་འབྱར་ཞིག་སྐྱེས་ཚར་ནས། ཕྲུ་གུ་ཞིག་འཇིག་རྟེན་དུ་སྐྱེས་པ་ཡིན་པས་དགའ་སྟེ། སྡུག་བསྔལ་དེ་མི་དྲན།

22 དེ་བཞིན་དུ་ད་ལྟ་ཁྱེད་ཚོར་སྡུག་བསྔལ་ཡོད་ནའང༌། ང་ཁྱེད་ཚོ་དང་ཡང་བསྐྱར་ཐུག་པའི་ཚེ། ཁྱེད་ཀྱི་སེམས་དགའ་བར་འགྱུར་ཏེ། ཁྱེད་ཀྱི་དགའ་སྤྲོ་སུས་ཀྱང་འཕྲོག་པར་མི་སྲིད།

23 དེའི་ཉིན་མོར་ཁྱེད་ཚོས་ང་ལ་དོན་ཅི་ཡང་འདྲི་མི་ཡོང༌། ངས་ཁྱེད་ཚོར་བདེན་པ་བདེན་པར་ཟེར་རྒྱུར། ཁྱེད་ཚོས་ངའི་མིང་ཐོག་ནས་དཀོན་མཆོག་ལ་གང་ཞིག་ཞུས་ཀྱང་ཁོང་གིས་ཁྱེད་ཚོར་གནང་བར་འགྱུར།

24 ད་བར་ཁྱེད་ཚོས་ངའི་མིང་ཐོག་ནས་ཅི་ཡང་ཞུས་མ་མྱོང་ལ། ད་ཁྱེད་ཚོའི་དགའ་སྤྲོ་འགྲུབ་པའི་ཕྱིར་གསོལ་བ་ཐོབ་དང་འཐོབ་པར་འགྱུར་རོ།

25 ངས་དོན་དེ་རྣམས་ཁྱེད་ཚོ་ལ་དཔེའི་སྒོ་ནས་བཤད་ཀྱང༌། དཔེའི་སྒོ་ནས་མ་ཡིན་པར་ཡབ་ཀྱི་སྐོར་གསལ་པོར་ཤོད་པར་བྱ་བའི་དུས་ལ་འབབ་པར་འགྱུར། 26 དེའི་ཉིན་མོར་ཁྱེད་ཚོས་ངའི་མིང་ཐོག་ནས་ཁོང་ལ་གསོལ་བ་འདེབས་རྒྱུ་ཡིན། ངས་ཁྱེད་ཚོའི་དོན་དུ་ཡབ་ལ་གསོལ་བ་འདེབས་པར་བྱ་མི་ཟེར།

27 ཅི་ལགས་ཟེར་ན། ཁྱེད་ཚོས་ང་ལ་བརྩེ་བར་བཟུང་ཞིང༌། ང་དཀོན་མཆོག་ནས་བྱུང་བ་ལ་དད་པ་བྱས་མྱོང་བས་ཡབ་ཉིད་ཀྱིས་ཀྱང་ཁྱེད་ཚོ་ལ་བྱམས།

28 ང་ཡབ་ནས་བྱུང་སྟེ་འཇིག་རྟེན་ལ་ཡོང་བ་ལྟར། ད་འཇིག་རྟེན་དང་ཁ་བྲལ་ནས་ཡབ་ཀྱི་དྲུང་དུ་འགྲོ་” ཞེས་གསུངས།

29 ཁོང་གི་ཉེ་གནས་རྣམས་ཀྱིས་ “ད་ནི་ཁྱེད་ཀྱིས་དཔེའི་སྒོ་ནས་མི་གསུང་བར་གསལ་པོར་གསུང༌།

30 ད་ང་ཚོས་ཁྱེད་ཀྱིས་དོན་ཚང་མ་མཁྱེན་པ་ཤེས་པས་སུས་ཀྱང་ཁྱེད་ལ་བཀའ་དྲི་ཞུ་མི་དགོས་པར་ང་ཚོས་ཤེས། དེའི་ཕྱིར་ང་ཚོས་ཁྱེད་ནི་དཀོན་མཆོག་ནས་བྱུང་བ་ཡིན་པར་ཡིད་ཆེས་བྱེད་” ཅེས་ཟེར་བ་དང༌།

31 ལན་དུ་ཡེ་ཤུས་ “ད་ཁྱེད་ཚོས་ཡིད་ཆེས་བྱེད་དམ།

32 ཁྱེད་ཚོ་རང་རང་གི་གནས་སུ་སོ་སོར་འགྱེས་ཤིང་ང་གཅིག་པུར་འཇོག་པའི་དུས་ལ་འབབ་པར་འགྱུར་བ་དང༌། ད་ལྟའང་འབབ་བོ། འོན་ཀྱང་ཡབ་ནི་ང་དང་མཉམ་དུ་བཞུགས་པས་ང་ནི་གཅིག་པུར་མི་གནས།

33 ང་དང་འགྲོགས་པའི་སྒོ་ནས་ཁྱེད་ཚོ་ཞི་བདེར་གནས་པའི་ཕྱིར་ངས་ཁྱེད་ཚོ་ལ་དེ་ལྟར་བཤད། འཇིག་རྟེན་ནང་ལ་ཁྱེད་ཚོར་སྡུག་བསྔལ་ཡོད་ཀྱང༌། ང་འཇིག་རྟེན་ལས་རྒྱལ་བས་མ་འཇིགས་ཤིག་” ཅེས་གསུངས་སོ།།

ཡོ་ཧ་ནན། (17) – John (17)

1 ཡེ་ཤུས་དེ་ལྟར་གསུངས་ནས། དཀོན་མཆོག་གི་ཞིང་ཁམས་ཀྱི་ཕྱོགས་སུ་ཡར་གཟིགས་ཏེ་ “ཀྱེ་ཡབ། ད་དུས་ལ་འབབ་སྟེ་སྲས་ཀྱིས་ཁྱེད་ཀྱི་གཟི་བརྗིད་མངོན་པར་བྱེད་པའི་ཕྱིར་ཁྱེད་ཀྱི་སྲས་ཀྱི་གཟི་བརྗིད་མངོན་པར་མཛོད།

2 རྒྱུ་མཚན་ནི་ཁྱེད་ཀྱིས་སྲས་ལ་གནང་ཡོད་པ་ཐམས་ཅད་ལ་དཔག་ཏུ་མེད་པའི་ཚེ་གནང་བའི་ཕྱིར་ཁྱེད་ཀྱིས་མི་ཐམས་ཅད་སྲས་ཀྱི་དབང་འོག་ཏུ་བཅུག

3 ཁྱེད་རང་བདེན་པའི་དཀོན་མཆོག་ཁོ་ན་དང༌། ཁྱེད་ཀྱི་མངགས་པ་ཡེ་ཤུ་མཱ་ཤི་ཀ་ཁོ་ཚོས་ངོ་ཤེས་པ་ནི་དཔག་ཏུ་མེད་པའི་ཚེ་ཡིན་ནོ།

4 ཁྱེད་ཀྱིས་ང་ལ་གནང་བའི་འཕྲིན་ལས་དེ་སྒྲུབ་པའི་སྒོ་ནས་ངས་སའི་སྟེང་ལ་ཁྱེད་ཀྱི་གཟི་བརྗིད་མངོན་པར་བྱས་པ་ཡིན།

5 ཀྱེ་ཡབ། འཇིག་རྟེན་མ་བཀོད་པའི་སྔོན་ལ་ང་རང་ཁྱེད་དང་མཉམ་དུ་བཞུགས་པའི་དུས་ཀྱི་གཟི་བརྗིད་དེ་ཉིད་ད་ལྟའང་ཁྱེད་ཀྱི་མདུན་དུ་ང་ལ་མངོན་པར་མཛོད།

6 ཁྱེད་ཀྱིས་འཇིག་རྟེན་གྱི་ནང་ནས་ང་ལ་གནང་བའི་མི་རྣམས་ལ་ངས་ཁྱེད་ཀྱི་མཚན་མངོན་པར་བྱས། དེ་ཚོ་སྔར་ནས་ཁྱེད་ཀྱི་ཡིན་ཏེ། ཁྱེད་ཀྱིས་དེ་ཚོ་ང་ལ་གནང་ནས། ཁོ་ཚོས་ཁྱེད་ཀྱི་བཀའ་བསྲུངས་ཡོད།

7 ད་ལྟ་ཁྱེད་ཀྱིས་ང་ལ་གང་གནང་ཡོད་པ་དེ་ཐམས་ཅད་ཁྱེད་རང་ནས་ཡིན་པ་ཁོ་ཚོས་ཤེས།

8 གང་ལགས་ཟེར་ན། ཁྱེད་ཀྱིས་ང་ལ་གནང་བའི་བཀའ་རྣམས་ངས་ཁོ་ཚོ་ལ་གཏད་ནས་དེ་ཚོས་དང་དུ་བླངས། ང་ནི་ཁྱེད་ནས་དངོས་སུ་བྱུང་བ་དེ་ཚོས་བདེན་པར་ཤེས་ཤིང༌། ང་ཁྱེད་ཀྱིས་མངགས་པར་ཡང་ཡིད་ཆེས་སོ།

9 ངས་འཇིག་རྟེན་གྱི་མིའི་དོན་དུ་གསོལ་བ་མི་འདེབས་པར་ཁྱེད་ཀྱིས་ང་ལ་གནང་བའི་མི་འདི་ཚོའི་དོན་ལ་གསོལ་བ་འདེབས། གང་ལགས་ཟེར་ན། ཁོ་ཚོ་ཁྱེད་ལ་གཏོགས་པའི་ཕྱིར་རོ།

10 ངའི་ཡིན་པ་ཐམས་ཅད་ཁྱེད་ཀྱི་ཡིན་པ་དང༌། ཁྱེད་ཀྱི་ཡིན་པ་ཐམས་ཅད་ངའི་ཡིན། དེ་ཚོའི་ངང་ནས་ངའི་གཟི་བརྗིད་མངོན་དུ་གྱུར་བ་ཡིན།

11 ད་ཕྱིན་ཆད་ང་ནི་འཇིག་རྟེན་གྱི་ནང་ལ་མེད། འོན་ཀྱང་ཁོ་ཚོ་འཇིག་རྟེན་ནང་ལ་ཡོད། ང་ནི་ཁྱེད་ཀྱི་དྲུང་དུ་ཡོང༌། ཀྱེ་ཡབ་དམ་པ་ལགས། ཁོ་ཚོ་ནི་ང་གཉིས་གཅིག་ཡིན་པ་ལྟར་ཁོ་ཚོའང་གཅིག་ཏུ་འགྱུར་བའི་ཕྱིར་ཁྱེད་ཀྱིས་ང་ལ་གནང་བའི་མཚན་གྱི་དབང་ཐོག་ནས་ཁོ་ཚོ་སྲུང་བར་མཛོད།

12 ང་ཁོ་ཚོ་དང་མཉམ་དུ་ཡོད་དུས་ཁྱེད་ཀྱིས་ང་ལ་གནང་བའི་མཚན་གྱི་དབང་ཐོག་ནས་ངས་ཁོ་ཚོ་བསྲུངས་ཤིང་བསྐྱངས་པ་ཡིན། གསུང་རབ་ལས་གསུངས་པ་ལྟར་འགྲུབ་པའི་ཕྱིར་སྟོར་རྒྱུ་ཡིན་པའི་མི་མ་གཏོགས་པར་དེ་ཚོའི་ནང་ནས་གཅིག་ཀྱང་མ་སྟོར།

13 འོན་ཀྱང་ད་ལྟ་ང་ཁྱེད་རང་གི་དྲུང་དུ་ཡོང་ཞིང་ངས་འཇིག་རྟེན་ལ་དེ་ལྟར་བཤད་པ་ནི། ཁོ་ཚོའི་སེམས་ནང་ལ་ངའི་དགའ་སྤྲོ་ཚང་བའི་ཕྱིར་རོ།

14 ངས་ཁོ་ཚོ་ལ་ཁྱེད་ཀྱི་བཀའ་གཏད་ཡོད། ཇི་ལྟར་ང་རང་འཇིག་རྟེན་ནས་མ་ཡིན་པ་དེ་ལྟར་ཁོ་ཚོའང་འཇིག་རྟེན་ནས་མ་ཡིན་པས། འཇིག་རྟེན་གྱིས་ཁོ་ཚོ་ལ་སྡང་བ་ཡིན།

15 ངས་ཁྱེད་ཀྱིས་ཁོ་ཚོ་འཇིག་རྟེན་གྱི་ནང་ནས་འཁྱེར་བར་གསོལ་བ་མི་འདེབས་པར། ཁྱེད་ཀྱིས་སྡིག་སྤྱོད་མཁན་ཞེས་བྱ་བ་ལས་སྲུང་བར་གསོལ་བ་འདེབས་སོ།

16 ང་རང་འཇིག་རྟེན་ནས་མ་ཡིན་པ་ལྟར་ཁོ་ཚོའང་འཇིག་རྟེན་ནས་མ་ཡིན་ནོ།

17 བདེན་པ་ཉིད་ཀྱི་ངང་ནས་ཁོ་ཚོ་དམ་པར་མཛོད། ཁྱེད་ཀྱི་བཀའ་ནི་བདེན་པ་ཉིད་ཡིན་ནོ།

18 ཇི་ལྟར་ཁྱེད་ཀྱིས་ང་རང་འཇིག་རྟེན་དུ་མངགས་པ་ལྟར་ངས་ཁོ་ཚོ་འཇིག་རྟེན་དུ་བཏང་ཡོད།

19 ཡང་ཁོ་ཚོ་བདེན་པའི་ངང་ནས་དམ་པར་འགྱུར་བའི་ཕྱིར་ངས་རང་ཉིད་དམ་པ་ཆགས་པར་བྱེད།

20 ངས་ཁོ་ཚོ་ཁོ་ནའི་དོན་དུ་མ་ཟད། ཁོ་ཚོས་ཆོས་བསྟན་པའི་སྒོ་ནས་ང་ལ་དད་པར་འགྱུར་བ་རྣམས་ཀྱི་དོན་དུ་ཡང་གསོལ་བ་འདེབས།

21 དེ་ནི་ཁོ་ཚོ་ཐམས་ཅད་གཅིག་ཏུ་འགྱུར་བའི་ཕྱིར་རོ། ཇི་ལྟར་ཡབ་ཁྱེད་ནི་ངའི་ནང་ན་བཞུགས་ཏེ། ང་ཡང་ཁྱེད་ཀྱི་ནང་ལ་ཡོད་པ་དེ་ལྟར་དེ་ཚོའང་ངེད་གཉིས་ཀྱི་ནང་ན་གཅིག་ཏུ་འགྱུར་བར་ཞུ། དེ་ནས་འཇིག་རྟེན་གྱི་མི་རྣམས་ཀྱིས་ང་ནི་ཁྱེད་ཀྱིས་མངགས་པ་ཡིན་པར་དད་པ་བྱེད་པར་འགྱུར།

22 ཡང་ཁྱེད་ཀྱིས་ང་ལ་གནང་བའི་གཟི་བརྗིད་དེ་ནི་ཁོ་ཚོ་ལ་ཡང་སྟེར་ཟིན། ངེད་གཉིས་གཅིག་ཡིན་པ་ལྟར་དེ་ཚོའང་གཅིག་ཏུ་འགྱུར་བའི་ཕྱིར་རོ།

23 དེའི་དོན་ནི་ང་ཁོ་ཚོའི་ནང་ན་ཡོད། ཁྱེད་ངའི་ནང་ན་ཡོད། དེ་ནི་ཁོ་ཚོ་ཡང་དག་པར་གཅིག་ཏུ་འགྱུར་བའི་ཕྱིར་རོ། དེ་ནས་འཇིག་རྟེན་གྱིས་ཁྱེད་ཀྱིས་ང་མངགས་པ་དང༌། ཁྱེད་ཀྱིས་ང་ལ་བྱམས་པ་མཛད་པ་བཞིན་དུ་ཁོ་ཚོ་ལ་ཡང་བྱམས་པར་མཛད་པ་ཤེས་པར་འགྱུར།

24 ཀྱེ་ཡབ། ཁྱེད་ཀྱིས་ང་ལ་གནང་བ་རྣམས་ང་གང་དུ་ཡོད་པ་དེར་ང་དང་མཉམ་དུ་ཡོད་པར་འདོད། དེ་ནི་ཁྱེད་ཀྱིས་ང་ལ་གནང་བའི་གཟི་བརྗིད་ཁོ་ཚོས་མཐོང་བར་འགྱུར་བའི་ཕྱིར་རོ། འཇིག་རྟེན་མ་བཀོད་པའི་སྔོན་ལ་ཁྱེད་ཀྱིས་ང་ལ་བྱམས་པར་མཛད་པ་ཡིན་པས་གཟི་བརྗིད་དེ་ང་ལ་གནང་བྱུང༌།

25 ཀྱེ། དྲང་བདེན་གྱི་ཡབ་ལགས། འཇིག་རྟེན་གྱི་མི་ཚོས་ཁྱེད་རང་ངོ་མི་ཤེས་མོད། ངས་ཁྱེད་རང་ངོ་ཤེས། མི་འདི་ཚོས་ཀྱང་ཁྱེད་ཀྱིས་ང་མངགས་པ་ཡིན་པར་ཤེས།

26 ཁྱེད་ཀྱིས་ང་ལ་བྱམས་པར་མཛད་པའི་བྱམས་པ་དེ་ཁོ་ཚོའི་སེམས་ལ་བཞུགས་པའི་ཆེད་དང༌། ང་རང་ཡང་ཁོ་ཚོའི་སེམས་ལ་བཞུགས་པའི་ཕྱིར། ངས་ཁྱེད་རང་གི་མཚན་ཁོ་ཚོ་ལ་མངོན་པར་བྱས་ལ། ད་དུང་ཡང་མངོན་པར་བྱ་” ཞེས་གསོལ་བ་བཏབ་བོ།།

 

ཡོ་ཧ་ནན། (18) – John (18)

1 ཡེ་ཤུས་དེ་ལྟར་གསུངས་པའི་རྗེས་སུ། ཉེ་གནས་དང་མཉམ་དུ་ཕྱི་རོལ་ལ་ཕེབས་པ་དང་ཀི་ཌ་རོན་ཟེར་བའི་གཤོང་ས་བརྒལ་ནས་གནས་དེར་ཡོད་པའི་སྐྱེད་ཚལ་ཞིག་ལ་ཕེབས།

2 ས་ཆ་དེར་ཡེ་ཤུ་ལན་མང་པོ་ཉེ་གནས་དང་མཉམ་དུ་འཛོམས་མྱོང་བས། ཁོང་དགྲའི་དབང་དུ་གཏོང་མཁན་ཡུ་དཱ་ལ་གནས་དེ་རྒྱུས་ཡོད་པ་ཡིན།

3 དེ་ནས་ཡུ་དཱ་ཡིས་དཔུང་ཚོགས་དང༌། ཕཱ་རུ་ཤི་པ་དང་ཡ་ཧུ་དཱ་པའི་བླ་ཆེན་རྣམས་ཀྱིས་བཏང་བའི་མཆོད་ཁང་གི་སྲུང་དམག་མཉམ་དུ་ཁྲིད་ནས་ལག་ཏུ་ལྒང་ཞུ་དང༌། དཔལ་འབར། མཚོན་ཆ་བཅས་ཁྱེར་ནས་དེར་སླེབས་པས།

4 ཡེ་ཤུས་རང་ལ་གང་འབྱུང་རྒྱུ་ཡིན་པ་ཐམས་ཅད་མཁྱེན་ཏེ། མདུན་ལ་ཕེབས་ནས་མི་དེ་ཚོར་ “ཁྱེད་ཚོས་སུ་ཞིག་འཚོལ་བཞིན་ཡོད་” ཅེས་གསུངས་པ་དང༌།

5 ལན་དུ་མི་དེ་ཚོས་ “ན་ཙ་རེལ་པ་ཡེ་ཤུ་འཚོལ་” ཞེས་ཟེར་བས་ཡེ་ཤུས་ “དེ་ནི་ང་ཡིན་” ཞེས་གསུངས། ཁོང་དགྲའི་དབང་དུ་གཏོང་མཁན་ཡུ་དཱ་ཡང་ཁོ་ཚོ་དང་མཉམ་དུ་དེར་ལངས་བསྡད་ཡོད་པ་ཡིན།

6 ཡེ་ཤུས་ང་དེ་ཡིན་ཞེས་གསུངས་པ་ཙམ་གྱིས་ཁོ་ཚོ་ཕྱི་ནུད་བརྒྱབ་ནས་ས་ལ་འགྱེལ།

7 ཡེ་ཤུས་ཡང་བསྐྱར་ཁོ་ཚོར་ “ཁྱེད་ཚོས་སུ་ཞིག་འཚོལ་” ཞེས་གསུངས་པས་ཁོ་ཚོས་ “ན་ཙ་རེལ་པ་ཡེ་ཤུ་འཚོལ་” ཞེས་བཤད།

8 ཡེ་ཤུས་ “ངས་དེ་ཡིན་ཞེས་བཤད་པ་ཡིན། ཁྱེད་ཚོས་ང་རང་བཙལ་ན་མི་འདི་ཚོ་འགྲོ་རུ་ཆུག་” ཅེས་གསུངས།

9 དེ་ནི་ཡེ་ཤུས་ཁྱེད་ཀྱིས་ང་ལ་གནང་བའི་མི་དེ་ཚོའི་ནང་ནས་གཅིག་ཀྱང་མ་བརླགས་ཤེས་སྔར་གསུངས་པ་དེ་སྒྲུབ་པའི་ཕྱིར་བྱུང་ངོ༌།

10 སི་མོན་པེ་ཏྲོ་ལ་རལ་གྲི་ཞིག་ཡོད་པ་དེ་བཏོན་ནས། བླ་ཆེན་གཙོ་བོའི་གཡོག་པོ་ལ་བརྒྱབ་ནས་རྣ་བ་གཡས་པ་བཅད། གཡོག་པོ་དེའི་མིང་ནི་མལ་ཀུ་ཡིན།

11 ཡེ་ཤུས་པེ་ཏྲོ་ལ་ “རལ་གྲི་དེ་ཤུབས་སུ་ཆུག་ཅིག ཡབ་ཀྱིས་ང་ལ་གནང་བའི་ཕོར་པ་གང་པོ་དེ་ངས་མི་འཐུང་ངམ་” ཞེས་གསུངས།

12 དེ་ནས་དཔུང་ཚོགས་དང༌། དེ་ཚོའི་དམག་དཔོན་ཡ་ཧུ་དཱ་པའི་མཆོད་ཁང་གི་སྲུང་དམག་བཅས་ཀྱིས་ཡེ་ཤུ་འཛིན་བཟུང་བྱས་ནས་བཅིངས་ཏེ།

13 སྔོན་ལ་ཨ་ན་སི་ཟེར་མཁན་གྱི་དྲུང་དུ་ཁྲིད། ཁོ་ནི་ལོ་དེའི་ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོ་ཀ་ཡ་ཕཱ་ཡི་ཟླ་བོའི་ཕ་ཡིན།

14 ཀ་ཡ་ཕཱ་ཞེས་པ་དེ་ནི་སྔར་ཡ་ཧུ་དཱ་པའི་དཔོན་རིགས་རྣམས་ལ་མི་གཅིག་མི་དམངས་ཀྱི་དོན་དུ་ཤི་ན་ལེགས་ཞེས་བསླབ་བྱ་བྱེད་མཁན་དེ་ཡིན།

15 དེ་ནས་སི་མོན་པེ་ཏྲོ་དང་ཉེ་གནས་གཞན་པ་ཞིག་ཡེ་ཤུའི་རྗེས་སུ་འབྲངས། ཉེ་གནས་གཞན་པ་དེ་ནི་བླ་ཆེན་གཙོ་བོའི་ངོ་ཤེས་པ་ཡིན་པས། ཡེ་ཤུ་དང་མཉམ་དུ་བླ་ཆེན་གཙོ་བོའི་སྒོ་རའི་ནང་དུ་ཕེབས།

16 འོན་ཀྱང་པེ་ཏྲོ་ནི་སྒོའི་འགྲམ་གྱི་ཕྱི་རོལ་དུ་ལངས་ཏེ་བསྡད། དེ་ནས་བླ་ཆེན་གཙོ་བོས་ངོ་ཤེས་པའི་ཉེ་གནས་གཞན་པ་དེ་ཕྱི་ལ་སོང་ནས་སྒོ་སྲུང་མཁན་གཡོག་མོ་ལ་གཏམ་བྱས་ནས་པེ་ཏྲོ་ཡང་ནང་དུ་ཁྲིད།

17 དེ་ནས་གཡོག་མོ་དེས་པེ་ཏྲོ་ལ་ “ཁྱེད་ཀྱང་མི་དེའི་ཉེ་གནས་རྣམས་ཀྱི་ནང་ནས་གཅིག་མ་ཡིན་ནམ་” ཞེས་བཤད་པས་ལན་དུ་ཁོས་ “ང་མ་ཡིན་” ཞེས་བཤད།

18 གནམ་གྲང་མོ་ཡིན་པས་གཡོག་པོ་རྣམས་དང་མཆོད་ཁང་གི་སྲུང་དམག་ཚོས་སོལ་བའི་མེ་བཏང་ནས་ལངས་ཏེ་མེ་ལ་བསྲོས། པེ་ཏྲོ་ཡང་དེ་ཚོ་དང་མཉམ་དུ་བསྡད་ནས་མེ་ལ་བསྲོས།

བླ་ཆེན་གཙོ་བོས་སྟོན་པ་ཡེ་ཤུར་དྲི་རྩད་བྱས་པ།

19 དེ་ནས་བླ་ཆེན་གཙོ་བོས་ཡེ་ཤུ་ལ་ཁོང་གི་ཉེ་གནས་དང་བསྟན་པའི་སྐོར་དྲིས་པས།

20 ཡེ་ཤུས་ “ངས་མངོན་སུམ་དུ་འཇིག་རྟེན་ལ་བཤད་པ་ཡིན། ངས་རྟག་པར་འདུ་ཁང་དང༌། ཡ་ཧུ་དཱ་པ་ཐམས་ཅད་འཛོམས་པའི་མཆོད་ཁང་ཆེན་མོའི་སྒོ་ར་གཉིས་ལ་ཆོས་བསྟན་པ་ཡིན། ཅི་ཡང་གསང་བའི་ངང་ནས་མ་བཤད།

21 ང་ལ་ཅིའི་ཕྱིར་འདྲི། ངས་བཤད་པའི་གཏམ་ཐོས་པ་རྣམས་ལ་དྲིས་ཤིག ངས་གང་བཤད་པ་དེ་ཚོས་ཤེས་” ཞེས་གསུངས་པས།

22 དེ་རུ་ལངས་བསྡད་པའི་སྲུང་དམག་རྣམས་ཀྱི་ནང་ནས་གཅིག་གིས་ཡེ་ཤུའི་ཞལ་ལ་བཞུས་ཏེ་ “ཁྱོད་ཀྱིས་བླ་ཆེན་གཙོ་བོ་ལ་ལན་འདི་ལྟར་འདེབས་སམ་” ཞེས་ཟེར།

23 ལན་དུ་ཡེ་ཤུས་ “ངའི་བཤད་པའི་གཏམ་དེ་འོས་པ་མ་ཡིན་ན་དེ་ལ་དཔང་པོ་བྱོས་ཤིག འོས་པ་ཡིན་ན་ཁྱེད་ཀྱིས་ང་ཅིའི་ཕྱིར་བརྡུངས་” ཞེས་གསུངས།

24 ཡེ་ཤུ་སྔར་ནས་བཅིངས་ཡོད་དེ་ཨ་ན་སི་ཡིས་ཡེ་ཤུ་བླ་ཆེན་གཙོ་བོ་ཀ་ཡ་ཕཱའི་དྲུང་དུ་ཁྲིད་དུ་བཅུག

25 སི་མོན་པེ་ཏྲོ་ད་དུང་ལངས་ནས་བསྡད་དེ་མེ་ལ་སྲོ་བཞིན་ཡོད། དེའི་ཕྱིར་ཁོ་ཚོས་ཁོ་ལ་ “ཁྱོད་ཀྱང་མི་དེའི་ཉེ་གནས་ལས་གཅིག་མ་ཡིན་ནམ་” ཞེས་དྲིས་པས་ཁོས་ཁས་མ་བླངས་ཏེ་ “ང་རང་མིན་” ཞེས་བཤད།

26 བླ་ཆེན་གཙོ་བོའི་གཡོག་པོ་རྣམས་ཀྱི་ནང་ནས་གཅིག་པེ་ཏྲོས་རྣ་བ་བཅད་པ་དེའི་གཉེན་ཚན་ཡིན་པ་དེས་ “ངས་ཁྱོད་སྐྱེད་ཚལ་གྱི་ནང་ལ་ཁོང་དང་མཉམ་དུ་མ་མཐོང་ངམ་” ཞེས་བཤད།

27 པེ་ཏྲོས་ཡང་བསྐྱར་ཁས་མ་བླངས་མ་ཐག་ཏུ་བྱ་ཕོས་སྐད་བརྒྱབ་བོ།།

སྟོན་པ་ཡེ་ཤུ་སྤྱི་ཁྱབ་པི་ལ་ཏུའི་དྲུང་དུ་ཁྲིད་པ།

28 དེ་ནས་ཞོགས་སྔ་པོར་ཁོ་ཚོས་ཡེ་ཤུ་ཀ་ཡ་ཕཱ་ཡི་རྩ་ནས་སྤྱི་ཁྱབ་ཀྱི་ཕོ་བྲང་དུ་ཁྲིད་དེ། མི་དེ་ཚོ་རང་ཉིད་མི་གཙང་བར་མི་འགྱུར་བའི་ཕྱིར་དང་པེ་སག་གི་ཞལ་ལག་ཟ་ཐུབ་པའི་ཆེད་དུ་ཆོས་ཀྱི་ལུགས་སྲོལ་བཞིན་ཕོ་བྲང་གི་ནང་དུ་མ་ཞུགས།

29 དེའི་ཕྱིར་སྤྱི་ཁྱབ་པི་ལ་ཏུ་ཕྱི་རོལ་ཏུ་སོང་ནས་ “ཁྱོད་ཚོས་མི་འདི་ལ་ཉེས་སྐྱོན་ཅི་འཛུགས་” ཞེས་དྲིས་པ་དང༌།

30 ལན་དུ་ཁོ་ཚོས་ “གལ་ཏེ་མི་འདི་ཉེས་ཅན་མ་ཡིན་ན་ངེད་ཀྱིས་ཁོ་ཁྱེད་རང་ལ་གཏད་པ་མེད་” ཅེས་བཤད།

31 པི་ལ་ཏུ་ཡིས་ “ཁྱོད་ཚོ་རང་ཉིད་ཀྱིས་ཁོ་ཁྲིད་ནས་ཁྱོད་རང་གི་ཁྲིམས་བཞིན་དུ་ཁྲིམས་གཅོད་བྱོས་ཤིག་” ཅེས་བཤད་པ་དང༌། ཡ་ཧུ་དཱ་པའི་ཆོས་དཔོན་རྣམས་ཀྱིས་ “ང་ཚོས་མི་སུ་ཡང་སྲོག་ཐོག་གཏོང་མི་ཆོག་” ཅེས་བཤད།

32 དེ་ནི་སྔར་ཡེ་ཤུས་འགྲོང་ཚུལ་གང་འབྱུང་རྒྱུ་ཡོད་པའི་སྐོར་ལ་གསུངས་པའི་བཀའ་དེ་སྒྲུབ་པའི་ཕྱིར་རོ།

33 དེ་ནས་པི་ལ་ཏུ་ཡང་བསྐྱར་ཕོ་བྲང་གི་ནང་དུ་སོང་ནས་ཡེ་ཤུ་བོས་ནས་ “ཁྱོད་ནི་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ནམ་” ཞེས་དྲིས།

34 ཡེ་ཤུས་ “འདི་ཁྱེད་རང་ངོ་ཐོག་ནས་འདྲི་འམ། ཡང་ན་ཁྱེད་ལ་མི་གཞན་གྱིས་ངའི་སྐོར་གཏམ་བྱས་སམ་” ཞེས་གསུངས།

35 ལན་དུ་པི་ལ་ཏུ་ཡིས་ “ང་ཡ་ཧུ་དཱ་པ་ཡིན་ནམ། ཁྱོད་རང་གི་ཡུལ་མི་དང་བླ་ཆེན་རྣམས་ཀྱིས་ཁྱོད་ངའི་དབང་དུ་བཏང༌། ཁྱོད་ཀྱིས་ཅི་བྱས་” ཞེས་བརྗོད་པ་དང༌།

36 ཡེ་ཤུས་ “ངའི་རྒྱལ་ཁམས་ནི་འཇིག་རྟེན་འདིའི་རྒྱལ་ཁམས་མ་ཡིན། གལ་ཏེ་ཡིན་ན། ངའི་གཡོག་པོ་རྣམས་ཀྱིས་ང་རང་ཡ་ཧུ་དཱ་པའི་ལག་ཏུ་མི་སྤྲོད་པའི་ཕྱིར་འཐབ་འཛིང་བྱེད་པ་ཡིན། འོན་ཀྱང་ད་ངའི་རྒྱལ་ཁམས་ནི་འཇིག་རྟེན་འདི་ནས་མ་ཡིན་ནོ་” ཞེས་གསུངས།

37 དེའི་ཕྱིར་པི་ལ་ཏུ་ཡིས་ “འོ་ན་ཁྱོད་རྒྱལ་པོ་ཞིག་ཡིན་ནམ་” ཞེས་བརྗོད་པ་དང༌། ཡེ་ཤུས་ “ཁྱེད་ཀྱིས་གསུངས་པ་ལྟར་ང་རྒྱལ་པོ་ཞིག་ཡིན། ང་ནི་བདེན་པ་ཉིད་ལ་དཔང་པོ་བྱེད་པའི་ཕྱིར་སྐྱེས། དེའི་དོན་དུ་ང་འཇིག་རྟེན་དུ་ཡོང༌། སུ་ཡང་བདེན་པ་ཉིད་ནས་ཡིན་པ་དེས་ངའི་བཀའ་ལ་ཉན་ནོ་” ཞེས་གསུངས། 38 པི་ལ་ཏུ་ཡིས་ཁོང་ལ་ “བདེན་པ་ནི་ཅི་ཡིན་” ཞེས་བཤད་ནས་ཡང་ཕྱི་རོལ་ཏུ་ཡ་ཧུ་དཱ་པའི་རྩར་སོང་སྟེ་ཁོ་ཚོ་ལ་ “ངས་མི་འདི་ལ་ཉེས་སྐྱོན་ཅིའང་མི་རྙེད།

39 འོན་ཀྱང་ཁྱོད་རྣམས་ལ་པེ་སག་གི་དུས་ཆེན་ལ་མི་གཅིག་གློད་བཀྲོལ་གཏོང་བའི་ལུགས་སྲོལ་ཞིག་ཡོད། ད་ངས་ཡ་ཧུ་དཱ་པའི་རྒྱལ་པོ་འདི་གཏོང་བ་ཁྱེད་ཚོ་འདོད་དམ་” ཞེས་དྲིས།

40 དེའི་ཕྱིར་ཁོ་ཚོས་སྐད་ཆེན་པོས་ “མི་འདི་མ་གཏོང༌། པར་ཨབ་པཱ་གཏོང་” ཞེས་ཞུས། པར་ཨབ་པཱ་དེ་ནི་ཇག་པ་ཞིག་ཡིན་ནོ།།

ཡོ་ཧ་ནན། (19) – John (19)

1 དེ་ནས་པི་ལ་ཏུ་ཡིས་ཡེ་ཤུ་རྟ་ལྕག་གིས་རྡུང་དུ་བཅུག་པ་དང༌།

2 དམག་མི་རྣམས་ཀྱིས་ཚེར་མའི་ཅོད་པན་ཅིག་བསླས་ནས་ཁོང་གི་དབུ་ལ་བསྐོན་ཅིང༌། མདོག་རྒྱ་སྨུག་ཅན་གྱི་ན་བཟའ་ཞིག་ཁོང་ལ་བསྐོན།

3 ཁོ་ཚོ་ཁོང་གི་དྲུང་དུ་ཡོང་ནས་ “ཡ་ཧུ་དཱ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ་” ཞེས་ཡང་ཡང་ཟེར་ཞིང་འགྲམ་ལྕག་བཞུས།

4 པི་ལ་ཏུ་ཡང་བསྐྱར་ཕྱི་རོལ་ཏུ་སོང་ནས་ཁོ་ཚོར་ “ལྟོས་ཤིག ངས་ཁོ་ལ་ཉེས་སྐྱོན་ཅིའང་མ་རྙེད་པ་ཁྱོད་ཚོས་ཤེས་པའི་ཕྱིར་ངས་ཁོ་ཁྱོད་ཚོའི་མདུན་དུ་ཕྱི་ལ་འཁྲིད་” ཅེས་བཤད།

5 དེ་ནས་ཡེ་ཤུ་ཚེར་མའི་ཅོད་པན་དང་མདོག་རྒྱ་སྨུག་ཅན་གྱི་ན་བཟའ་བཞེས་ནས་ཕྱི་རོལ་ཏུ་ཕེབས་པ་དང༌། པི་ལ་ཏུ་ཡིས་ཁོ་ཚོར་ “ལྟོས་ཤིག མི་དེ་འདིར་འདུག་” ཅེས་བཤད།

6 བླ་ཆེན་དང་མཆོད་ཁང་གི་སྲུང་དམག་ཚོས་ཁོང་མཐོང་སྐབས་སྐད་ཆེན་པོས་ “རྒྱང་ཤིང་སྒང་ལ་སོད་ཅིག རྒྱང་ཤིང་སྒང་ལ་སོད་ཅིག་” ཅེས་ཟེར། པི་ལ་ཏུ་ཡིས་ཁོ་ཚོར་ “ངས་ཁོ་ལ་ཉེས་སྐྱོན་ཅིའང་མ་རྙེད། ཁྱོད་ཚོས་ཁོང་བཟུང་ནས་རྒྱང་ཤིང་སྒང་ལ་སོད་” ཅེས་ཟེར།

7 ལན་དུ་ཡ་ཧུ་དཱ་པས་ “ང་ཚོ་ལ་ཆོས་ཁྲིམས་ཤིག་ཡོད་པ་དེ་ནང་བཞིན་དུ་ཁོ་ལ་གསོད་པའི་ཉེས་ཆད་གཅོད་འོས་སོ། ཅི་ལགས་ཟེར་ན། ཁོས་ང་རང་དཀོན་མཆོག་གི་སྲས་ཡིན་ཞེས་བཤད་པའི་ཕྱིར་” ཞེས་བརྗོད།

8 པི་ལ་ཏུ་ཡིས་གཏམ་དེ་ཐོས་ནས་ལྷག་པར་ཡང་འཇིགས་པར་གྱུར་ཏེ།

9 ཡང་བསྐྱར་ཕོ་བྲང་ནང་དུ་སོང་ནས་ཡེ་ཤུ་ལ་ “ཁྱོད་ག་ནས་ཡིན་” ཞེས་ཟེར། འོན་ཀྱང་ཡེ་ཤུས་ལན་ཅིའང་མ་གསུངས།

10 དེའི་ཕྱིར་པི་ལ་ཏུ་ཡིས་ “ཁྱོད་ཀྱིས་ང་ལ་གཏམ་མི་བྱེད་དམ། ང་ལ་ཁྱོད་གློད་བཀྲོལ་གཏོང་བའི་དབང་ཆ་དང༌། ཁྱོད་རྒྱང་ཤིང་སྒང་ལ་གསོད་པའི་དབང་ཆ་ཡང་ཡོད་པ་མི་ཤེས་སམ་” ཞེས་དྲིས་པ་དང༌།

11 ཡེ་ཤུས་ “ཁྱེད་ལ་སྟེང་ནས་ང་ལ་དབང་བྱེད་པར་གནང་བ་མ་ཡིན་ན་ཁྱེད་ལ་དབང་མེད། དེའི་ཕྱིར་ང་ཁྱེད་ལ་གཏད་མཁན་གྱི་སྡིག་ཉེས་ཁྱེད་ཀྱི་སྡིག་པ་ལས་ཆེ་” ཞེས་གསུངས།

12 པི་ལ་ཏུ་ཡིས་དེ་ཐོས་ནས་ཁོང་གློད་པའི་ཐབས་བཙལ་ཡང༌། ཡ་ཧུ་དཱ་པས་སྐད་ཆེན་པོས་ “སུ་ཞིག་གིས་ང་རང་རྒྱལ་པོ་ཡིན་ཟེར་བ་དེས་རྒྱལ་པོ་ཆེན་པོ་སེ་སར་ལ་ངོ་རྒོལ་བྱེད་པས། ཁྱེད་ཀྱིས་མི་འདི་གློད་བཏང་ན་རྒྱལ་པོ་ཆེན་པོ་སེ་སར་གྱི་མཛའ་གྲོགས་མ་ཡིན་” ཞེས་ཟེར།

13 པི་ལ་ཏུ་ཡིས་གཏམ་དེ་ཐོས་ནས་ཡེ་ཤུ་ཕྱི་རོལ་ཏུ་ཁྲིད་ཡོང་ནས། རྡོ་གཅལ་ལ་ཡ་ཧུ་དཱ་པའི་སྐད་དུ་གབ་བ་ཐཱ་ཟེར་བའི་ས་ཆར་ཁྲིམས་དཔོན་གྱི་ཁྲི་ལ་བསྡད།

14 དེ་ནི་པེ་སག་དུས་ཆེན་གྱི་གྲ་སྒྲིག་གི་ཉིན་མོའི་ཉིན་གུང་ཙམ་ཡིན། པི་ལ་ཏུ་ཡིས་ཡ་ཧུ་དཱ་པ་ཚོར་ “ད་ཁྱོད་ཚོའི་རྒྱལ་པོ་ལ་ལྟོས་ཤིག་” ཅེས་བཤད།

15 ཁོ་ཚོས་སྐད་ཆེན་པོས་ “ཁོ་ཕར་ཁྲིད། ཕར་ཁྲིད། རྒྱང་ཤིང་སྒང་ལ་སོད་ཅིག་” ཅེས་ཟེར། པི་ལ་ཏུ་ཡིས་ཁོ་ཚོར་ “ངས་ཁྱོད་ཚོའི་རྒྱལ་པོ་རྒྱང་ཤིང་སྒང་ལ་གསོད་པར་བྱ་འམ་” ཞེས་དྲིས་པའི་ལན་དུ་བླ་ཆེན་ཚོས་ “རྒྱལ་པོ་ཆེན་པོ་སེ་སར་མ་གཏོགས་ང་ཚོར་རྒྱལ་པོ་མེད་” ཅེས་བཤད།

16 དེ་ནས་པི་ལ་ཏུ་ཡིས་ཁོང་རྒྱང་ཤིང་སྒང་ལ་གསོད་པའི་ཕྱིར་ཁོ་ཚོ་ལ་གཏད་ནས་ཁོ་ཚོས་ཁོང་ཕར་ཁྲིད་དོ།།

སྟོན་པ་ཡེ་ཤུ་རྒྱང་ཤིང་སྟེང་དུ་བཀྲོངས་པ།

17 ཡེ་ཤུ་ཕྱི་རོལ་ཏུ་ཕེབས་ནས་རང་གི་རྒྱང་ཤིང་འཁུར་ཏེ་ཀ་ལི་ཞེས་པའི་གནས་ཡ་ཧུ་དཱ་པའི་སྐད་དུ་གོལ་གོ་ཐཱ་ཞེས་བྱ་བ་ལ་ཕེབས།

18 དེར་ཁོང་དང་གཞན་མི་གཉིས་གཡས་སུ་གཅིག་དང་གཡོན་དུ་གཅིག་ཡེ་ཤུ་དཀྱིལ་དུ་རྒྱང་ཤིང་སྒང་ལ་བརྒྱངས།

19 པི་ལ་ཏུ་ཡིས་ན་ཙ་རེལ་པ་ཡེ་ཤུ་ཡ་ཧུ་དཱ་པའི་རྒྱལ་པོ་ཞེས་པའི་བརྡ་ཁྱབ་བྲིས་ནས་རྒྱང་ཤིང་གི་ཁར་བཏགས་སུ་བཅུག

20 ཡི་གེ་དེ་ཡ་ཧུ་དཱ་དང་གྷི་རིག་དང་ལཱ་ཏིན་གྱི་སྐད་གསུམ་དུ་བྲིས་པ་དང༌། ཡེ་ཤུ་རྒྱང་ཤིང་ལ་བརྒྱངས་པའི་གནས་དེ་གྲོང་ཁྱེར་དང་ཐག་ཉེ་བས། ཡ་ཧུ་དཱ་པ་མང་པོས་ཡི་གེ་དེ་བཀླགས།

21 དེའི་ཕྱིར་ཡ་ཧུ་དཱ་པའི་བླ་ཆེན་རྣམས་ཀྱིས་པི་ལ་ཏུ་ལ་ “ཡ་ཧུ་དཱ་པའི་རྒྱལ་པོ་ཞེས་མི་འབྲི་བར། མི་འདི་ཡིས་ང་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ཞེས་ཟེར་བཞིན་འབྲི་བར་མཛོད་ཅིག་” ཅེས་ཞུས།

22 ལན་དུ་པི་ལ་ཏུ་ཡིས་ “ངས་གང་བྲིས་ཡོད་པ་དེ་ཚར་རོ་” ཞེས་བཤད།

23 དམག་མི་རྣམས་ཀྱིས་ཡེ་ཤུ་རྒྱང་ཤིང་ལ་བརྒྱངས་ནས། ཁོང་གི་ན་བཟའ་སྐལ་བ་བཞི་རུ་བགོས་ནས་དམག་མི་རེ་རེར་ཐོབ་པ་དང༌། ཡང་ནང་གོས་ཤིག་འཚེམ་མེད་རས་ཡུག་ཅིག་ལས་གྲུབ་པ་ཡིན་པའི་ཕྱིར།

24 ཁོ་ཚོས་གཅིག་གིས་གཅིག་ལ་ “འདི་མི་རལ་བར་སུ་ལ་ཐོབ་པའི་རྒྱན་འཛུགས་པར་བྱ་” ཞེས་ཟེར་བ་དེ་ནི་གསུང་རབ་ཀྱི་མདོ་ལས།

ང་ཡི་གོས་རྣམས་བགོས་བྱས་ཤིང༌།།

ང་ཡི་གོས་ལ་རྒྱན་བརྒྱབ་བོ།།

ཞེས་གསུངས་པ་བཞིན་དུ་འགྲུབ་པའི་ཕྱིར་དེ་ལྟར་བྱུང་བ་དང་དམག་མི་རྣམས་ཀྱིས་དེ་ལྟར་བྱས།

25 སྐབས་དེར་ཡེ་ཤུའི་རྒྱང་ཤིང་གི་རྩར་ཡེ་ཤུའི་ཡུམ་དང༌། ཁོ་མོའི་སྤུན་མིར་ཡམ་ཀ་ལོ་ཕཱ་ཡི་ཟླ་བོ་དང་མག་རྡལ་ནས་ཡིན་པའི་མིར་ཡམ་བཅས་དེར་ལངས་ཏེ་བསྡད།

26 ཡེ་ཤུས་རང་གི་ཡུམ་དང་ཁོང་གིས་དམིགས་བསལ་གྱིས་བྱམས་པར་འཛིན་པའི་ཉེ་གནས་དེར་ལངས་ཏེ་བསྡད་པར་གཟིགས་ནས་ཡུམ་ལ་ “ཨ་མ་ལགས། ལྟོས་དང༌། འདི་ནི་ཁྱེད་ཀྱི་བུ་ཡིན་” ཞེས་གསུངས།

27 ཁོང་གིས་ཉེ་གནས་ལ་ “ལྟོས་དང༌། འདི་ནི་ཁྱོད་ཀྱི་ཨ་མ་ལགས་ཡིན་ནོ་” ཞེས་གསུང་པ་དང༌། དུས་དེ་རང་ནས་ཉེ་གནས་དེས་ཡེ་ཤུའི་ཡུམ་རང་གི་ཁྱིམ་ཚང་དུ་བསུས།

སྟོན་པ་ཡེ་ཤུ་སྐུ་ཚེ་ལས་འདས་པ།

28 དེའི་རྗེས་སུ་ཡེ་ཤུས་དོན་ཚང་མ་ཟིན་པར་མཁྱེན་ཏེ་གསུང་རབ་ཀྱི་མདོ་ལས་བྲིས་པ་བཞིན་དུ་འགྲུབ་པའི་ཕྱིར་ “ང་སྐོམ་མོ་” ཞེས་གསུངས་པ་དང༌།

29རྒུན་ཆང་སྐྱུར་མོས་གང་བའི་སྣོད་ཅིག་དེར་ཡོད་པས་ཁོ་ཚོས་དེའི་ནང་སྲིང་བལ་སྦངས་ནས་ཧི་སོབ་ཟེར་བའི་རྩི་ཤིང་གི་རྐང་ཡུའི་རྩེ་ལ་བསྐོན་ཏེ་ཁོང་གི་ཞལ་ལ་བཞག

30 ཡེ་ཤུས་རྒུན་ཆང་སྐྱུར་མོ་དེ་བཞེས་ནས་ “ད་གྲུབ་བོ་” ཞེས་གསུངས་པ་དང༌། དབུ་བཏུད་དེ་སྐུ་སྲོག་བཏང་གནང་ངོ༌།།

31 དེའི་ཉིན་གྲ་སྒྲིག་གི་ཉིན་མོ་ཡིན་ཏེ། ངལ་གསོ་བའི་ཉིན་མོ་ཡང་ཡིན་པས་དེ་ནི་དུས་གལ་ཆེན་ཅིག་ཡིན་པའི་ཕྱིར། སྤུར་རྣམས་ངལ་གསོ་བའི་ཉིན་མོར་རྒྱང་ཤིང་ལ་མ་ལུས་པའི་ཆེད་དུ་ཡ་ཧུ་དཱ་པས་པི་ལ་ཏུ་ལ་དེ་ཚོའི་རྐང་པ་བཅག་ནས་སྤུར་དེ་རྣམས་འཁྱེར་བའི་ཕྱིར་ཞུས།

32 དེའི་ཕྱིར་དམག་མི་རྣམས་ཡོང་ནས་ཁོང་དང་མཉམ་དུ་རྒྱང་ཤིང་ལ་བརྒྱངས་བའི་མི་དང་པོའི་རྐང་པ་བཅག་ནས་མི་གཞན་པ་དེའི་རྐང་པའང་བཅག

33 འོན་ཀྱང་ཁོ་ཚོ་ཡེ་ཤུའི་དྲུང་དུ་སླེབས་ནས་ཁོང་གྲོངས་ཚར་བ་མཐོང་སྟེ་ཁོང་གི་ཞབས་མ་བཅག

34 དམག་མི་རྣམས་ལས་གཅིག་གིས་ཁོང་གི་གཞོགས་ལ་མདུང་བཙུགས་མ་ཐག་ཏུ་ཁྲག་དང་ཆུ་ཐོན་ནོ།

35 བྱ་བ་དེ་རྣམས་མཐོང་བའི་མིས་དེའི་དཔང་པོ་བྱས། ཡང་དཔང་པོ་དེ་ནི་བདེན་པ་ཡིན། མི་དེས་རང་གིས་བཤད་པ་དེ་བདེན་པ་ཡིན་པར་ཤེས་སྟེ། ཁྱེད་ཚོས་ཀྱང་དད་པ་བྱེད་པའི་ཕྱིར་རོ།

36 བྱ་བ་དེ་རྣམས་ནི་གསུང་རབ་ཀྱི་མདོ་ལས་ཁོང་གི་རུས་པ་ལས་གཅིག་ཀྱང་གཅོག་པར་མི་འགྱུར་ཞེས་དང༌།

37 ཡང་མདོ་གཞན་ཞིག་ལ་དེ་རྣམས་ཀྱིས་སུ་ལ་བཙུགས་པ་དེ་ལ་ལྟ་བར་འགྱུར་རོ་ཞེས་གསུངས་པ་དེ་འགྲུབ་པའི་ཕྱིར་བྱུང་བ་ཡིན།

38 དོན་དེ་རྣམས་ཀྱི་རྗེས་སུ། ཨ་རི་མ་ཐཱ་ཟེར་བའི་གྲོང་ཚོ་ནས་ཡིན་པ་ཡོ་སེབ་ནི་ཡ་ཧུ་དཱ་པ་ལ་འཇིགས་པས་ཡེ་ཤུའི་ཉེ་གནས་གསང་བ་ཞིག་ཡིན་པ་དེས་པི་ལ་ཏུ་ལ་ཡེ་ཤུའི་སྐུ་སྤུར་ཕར་འཁྱེར་དུ་གནང་བར་ཞུས་པ་དང༌། པི་ལ་ཏུ་ཡིས་དེ་བཞིན་དུ་ཆོག་མཆན་གནང་བས་ཡོ་སེབ་ཀྱིས་ཡེ་ཤུའི་སྐུ་སྤུར་ཕར་ཁྱེར།

39 ནཱི་ཀོ་དེམ་ཟེར་མཁན་ཡང་སྔར་མཚན་མོར་ཡེ་ཤུ་མཇལ་མཁན་དེས་དྲི་ཞིམ་བྱུགས་རྫས་བསྲེས་མ་སྤྱི་རྒྱ་སུམ་ཅུ་སོ་བཞི་ཙམ་ཁུར་ཡོང༌།

40 དེ་གཉིས་ཀྱིས་ཡེ་ཤུའི་སྐུ་སྤུར་བླངས་ཏེ། ཡ་ཧུ་དཱ་མི་རིགས་ཀྱི་རོ་དུར་དུ་འཇུག་པའི་ལུགས་སྲོལ་བཞིན་དུ་དེ་ལ་སྤོས་རྫས་དེ་བཏབ་ནས་རས་སྤུས་ལེགས་ཀྱིས་བཏུམས།

41 ཡེ་ཤུ་རྒྱང་ཤིང་ལ་བརྒྱངས་པའི་གནས་དེར་སྐྱེད་ཚལ་ཞིག་ཡོད་དེ། ཚལ་དེའི་ནང་ན་རོ་གཏན་ནས་བཞག་མ་མྱོང་བའི་དུར་ཁང་གསར་པ་ཞིག་ཡོད་པ་ཡིན།

42 ཉིན་དེ་ནི་ཡ་ཧུ་དཱ་པའི་གྲ་སྒྲིག་གི་ཉིན་མོ་ཡིན་པ་དང་དུར་ཁང་དེ་ཐག་ཉེ་བར་ཡོད་པས་ཁོ་ཚོས་ཡེ་ཤུའི་སྐུ་ཕུང་དེར་བཞག་གོ །

ཡོ་ཧ་ནན། (20) – John (20)

1 དེ་ནས་གཟའ་འཁོར་གྱི་ཉིན་དང་པོར་ནམ་ཤིན་ཏུ་སྔ་བ་ད་དུང་མུན་པ་ཡོད་དུས་མག་རྡལ་ནས་ཡིན་པའི་མིར་ཡམ་དུར་ཁང་གི་མདུན་དུ་ཡོང་སྟེ། ཁ་རྡོ་དེ་དུར་ཁང་ནས་ཕར་བསྒྲིལ་ཚར་ཡོད་པ་མཐོང་བས།

2 བརྒྱུགས་ཏེ་སི་མོན་པེ་ཏྲོ་དང༌། ཡེ་ཤུས་དམིགས་བསལ་གྱིས་བྱམས་པ་གནང་བའི་ཉེ་གནས་གཞན་དེའི་རྩར་སོང་ནས་ “ཁོ་ཚོས་གཙོ་བོ་དུར་ཁང་ནས་ཁྱེར་བ་དང༌། ཁོང་གང་དུ་བཞག་ཡོད་པ་ང་ཚོས་མི་ཤེས་” ཞེས་ཟེར།

3 དེའི་ཕྱིར་པེ་ཏྲོ་དང་ཉེ་གནས་གཞན་པ་དེ་ཕྱི་རོལ་ཏུ་ཐོན་ནས་དུར་གྱི་ཕྱོགས་སུ་སོང༌།

4 ཡང་དེ་གཉིས་མཉམ་དུ་བརྒྱུགས་པ་དང༌། པེ་ཏྲོ་ལས་ཉེ་གནས་གཞན་དེ་མགྱོགས་པར་བརྒྱུགས་པས་སྔོན་ལ་དུར་དུ་སླེབས་ཤིང༌།

5 བསྒུར་ནས་ནང་དུ་བལྟས་ཏེ་རས་སྤུས་ལེགས་དེར་ཡོད་པ་མཐོང་ཡང་ནང་དུ་མ་ཞུགས།

6 སི་མོན་པེ་ཏྲོ་ཡང་ཁོའི་རྗེས་སུ་དེར་སླེབས་པ་དང༌། དུར་ཁང་གི་ནང་དུ་ཞུགས་ནས་ཁོང་གིས་རས་སྤུས་ལེགས་དེར་ཡོད་པ་མཐོང་བ་མ་ཟད།

7 ཡེ་ཤུའི་དབུ་ལ་གཡོགས་པའི་ཞལ་ཕྱིས་རས་དེ་གཞན་པ་རྣམས་དང་མཉམ་དུ་མེད་པར་གཅིག་པུ་གནས་གཞན་ཞིག་ན་བསྒྲིལ་ཏེ་ཡོད་པ་ཡང་མཐོང༌།

8 དེ་ནས་ཉེ་གནས་གཞན་པ་དུར་དུ་སྔོན་ལ་སླེབས་པ་དེ་ཡང་ནང་དུ་ཞུགས་ནས་མཐོང་བས་ཡིད་ཆེས་བྱས།

9 འོན་ཀྱང་དེ་གཉིས་ཀྱིས་དཀོན་མཆོག་གི་གསུང་རབ་ཀྱི་མདོ་ལས་ཁོང་གཤིན་པོའི་ནང་ནས་གསོན་པོར་བཞེངས་དགོས་པ་དེ་དུས་ད་དུང་མ་རྟོགས།

10 དེ་ནས་ཉེ་གནས་དེ་གཉིས་རང་གི་ཁྱིམ་ལ་ཕྱིར་ལོག

གཙོ་བོ་ཡེ་ཤུ་མག་རྡལ་མ་མིར་ཡམ་དང་མཇལ་བ།

11 མིར་ཡམ་ནི་དུར་ཁང་གི་ཕྱི་ལ་ལངས་ནས་བསྡད་དེ་ངུ་བཞིན། བསྒུར་ནས་དུར་ཁང་གི་ནང་དུ་བལྟས་པ་དང༌།

12ཡེ་ཤུའི་སྐུ་སྤུར་བཞག་ཡོད་པའི་གནས་ལ་དཀོན་མཆོག་གི་ཕོ་ཉ་གོས་དཀར་པོ་གྱོན་པ་གཉིས་དབུའི་ཕྱོགས་སུ་གཅིག་དང་ཞབས་ཀྱི་ཕྱོགས་སུ་གཅིག་བཞུགས་པར་མཐོང༌།

13 ཁོང་ཚོས་མིར་ཡམ་ལ་ “བུ་མོ། ཁྱོད་རང་ཅི་ལ་ངུ་” ཞེས་དྲིས་པས་ལན་དུ་ཁོ་མོས་ “ཁོ་ཚོས་ངའི་གཙོ་བོ་ཕར་ཁྱེར་ནས་གང་དུ་བཞག་པ་མི་ཤེས་” ཞེས་བཤད།

14 མིར་ཡམ་ཁ་ཕྱིར་ལོག་སྟེ་ཡེ་ཤུ་དེར་བཞེངས་ནས་བཞུགས་ཡོད་པ་མཐོང་ཡང༌། ཡེ་ཤུ་ཡིན་པ་མ་ཤེས།

15 ཡེ་ཤུས་ཁོ་མོར་ “བུ་མོ། ཁྱོད་ཅི་ལ་ངུ༌། ཁྱོད་སུ་འཚོལ་” ཞེས་གསུངས་པ་དང༌། མིར་ཡམ་གྱིས་ཁོང་ནི་ཚལ་སྲུང་མཁན་ཡིན་པར་བསམས་ཏེ་ “སྐུ་ཞབས་ལགས། གལ་ཏེ་ཁྱེད་ཀྱིས་ཁོང་འདི་ནས་ཕར་ཁྱེར་བ་ཡིན་ན། གང་དུ་བཞག་པ་ཤོད་དང༌། ངས་ཕར་འཁྱེར་བར་བྱ་” ཞེས་བཤད།

16 ཡེ་ཤུས་ཁོ་མོར་ “མིར་ཡམ་” ཞེས་གསུངས་པ་དང༌། ཁོ་མོས་ཁོང་གི་ཕྱོགས་སུ་བསྒྱུར་ཏེ་ཡ་ཧུ་དཱ་པའི་སྐད་དུ་ “རབ་བུ་ནི་” ཞེས་བརྗོད། (དེ་ནི་སྟོན་པ་ལགས་ཞེས་པའི་དོན་ཡིན་)

17 ཡེ་ཤུས་ “ང་ད་དུང་ཡབ་ཀྱི་དྲུང་དུ་ཡར་མ་ཕྱིན་པས། ཁྱོད་ཀྱིས་ང་ལ་མ་ཟུངས་ཤིག ངའི་སྤུན་རྣམས་ཀྱི་དྲུང་དུ་སོང་སྟེ་ཁོ་ཚོར་ང་ནི་ང་རང་གི་ཡབ་དང་ཁྱེད་ཚོའི་ཡབ། ངའི་དཀོན་མཆོག་དང་ཁྱེད་ཚོའི་དཀོན་མཆོག་གི་དྲུང་དུ་ཡར་འགྲོའོ་ཞེས་གཏམ་བྱོས་ཤིག་” ཅེས་གསུངས།

18 མག་རྡལ་ནས་ཡིན་པའི་མིར་ཡམ་ཡོང་སྟེ་ཉེ་གནས་རྣམས་ལ་ “ངས་གཙོ་བོ་མཐོང་ངོ་” ཞེས་ཟེར་ཞིང༌། ཁོང་གིས་ཁོ་མོར་གང་གསུངས་པ་རྣམས་ཀྱང་ཁོ་ཚོ་ལ་བཤད།

ཉེ་གནས་རྣམས་ལ་མངོན་སུམ་དུ་བསྟན་པ།

19 བདུན་ཕྲག་གི་ཞག་དང་པོའི་དགོང་མོ་ཉེ་གནས་རྣམས་ཡ་ཧུ་དཱ་པ་ལ་འཇིགས་པས་གནས་དེའི་སྒོ་རྣམས་ཨ་ཤིང་བརྒྱབ་ཡོད་དུས། ཡེ་ཤུ་དེར་བྱོན་ཏེ་ཁོ་ཚོའི་དཀྱིལ་དུ་བཞེངས་ནས་ “ཁྱེད་ཚོ་ཞི་བདེ་དང་ལྡན་པར་གྱུར་ཅིག་” ཅེས་གསུངས།

20 ཁོང་གིས་དེ་ལྟར་གསུངས་ནས་རང་གི་ཕྱག་དང་གཞོགས་ཁོ་ཚོ་ལ་བསྟན་ཅིང༌། ཉེ་གནས་རྣམས་ཀྱིས་གཙོ་བོ་མཐོང་བས་སེམས་དགའ་བར་གྱུར་རོ།

21 དེ་ནས་ཡེ་ཤུས་ཡང་བསྐྱར་ “ཁྱེད་ཚོ་ཞི་བདེ་དང་ལྡན་པར་གྱུར་ཅིག ཡབ་ཀྱིས་ང་མངགས་པ་ལྟར་ངས་ཀྱང་ཁྱེད་ཚོ་མངག་” ཅེས་གསུངས་རྗེས།

22 ཁོ་ཚོ་ལ་ཕུ་བསྐྱོན་ཏེ་ “ཁྱེད་རྣམས་ལ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་འཐོབ་པར་གྱུར་ཅིག

23 ཁྱེད་ཀྱིས་སུའི་སྡིག་ཉེས་བསལ་ན། དེ་ཚོའི་སྡིག་ཉེས་བསལ་ཟིན་ནོ། སུའི་སྡིག་ཉེས་མི་བསལ་ན། དེ་ལུས་པར་འགྱུར་རོ་” ཞེས་གསུངས།

24 འོན་ཀྱང་ཉེ་གནས་བཅུ་གཉིས་པོའི་ནང་ནས་མཚེ་མ་ཟེར་བའི་ཐོ་མཱ་ནི་ཡེ་ཤུ་ཕེབས་པའི་ཚེ་ཁོ་རྣམས་དང་མཉམ་དུ་མེད་པས།

25 ཉེ་གནས་གཞན་པ་རྣམས་ཀྱིས་ཁོ་ལ་ “ང་ཚོས་གཙོ་བོ་མཐོང་ངོ་” ཞེས་ཟེར། འོན་ཀྱང་ཁོས་ཁོ་ཚོར་ “གལ་ཏེ་ངས་ཁོང་གི་ཕྱག་ལ་གཟེར་གྱི་ཤུལ་མཐོང་བ་དང༌། ངའི་མཛུག་གུ་གཟེར་གྱི་ཤུལ་ལ་འཇུག་པ། ལག་པ་ཡང་ཁོང་གི་གཞོགས་ཀྱི་མདུང་ཤུལ་ནང་དུ་བཅུག་ན་མ་གཏོགས། ངས་རྩ་བ་ནས་ཡིད་ཆེས་མི་བྱེད་” ཅེས་བཤད།

26 དེ་ནས་ཉིན་བརྒྱད་སོང་བ་དང༌། ཁོང་གི་ཉེ་གནས་རྣམས་ཡང་བསྐྱར་ནང་ལ་ཡོད་ཅིང༌། ཐོ་མཱ་ཡང་ཁོ་ཚོ་དང་མཉམ་དུ་ཡོད་པ་ཡིན། སྒོ་རྣམས་ལ་ཨ་ཤིང་བརྒྱབ་ཡོད་ཀྱང་ཡེ་ཤུ་དེར་བྱོན་ནས་ཁོ་ཚོའི་དཀྱིལ་དུ་བཞེངས་སྟེ་ “ཁྱེད་ཚོ་ཞི་བདེ་དང་ལྡན་པར་གྱུར་ཅིག་” ཅེས་གསུངས།

27 དེ་ནས་ཁོང་གིས་ཐོ་མཱ་ལ་ “ད་ཁྱོད་ཀྱི་མཛུག་གུ་འདིར་ཞོག་ཅིག ངའི་ལག་པ་ལ་ལྟོས། ཁྱོད་ཀྱིས་ལག་པ་བརྐྱངས་སྟེ་ངའི་གཞོགས་ཀྱི་ནང་དུ་ཆུག་ཅིག དད་མེད་ཀྱི་སེམས་སྤོངས་ལ་དད་པ་བྱོས་ཤིག་” ཅེས་གསུངས།

28 ལན་དུ་ཐོ་མཱས་ “ངའི་གཙོ་བོ་དང་ངའི་དཀོན་མཆོག་ལགས་” ཞེས་བཤད།

29 ཡེ་ཤུས་ཁོང་ལ་ “ཁྱོད་ཀྱིས་ང་མཐོང་བས་དད་པ་བྱེད་པ་ཡིན་ནམ། ང་མི་མཐོང་ཡང་དད་པ་རྣམས་བདེའོ་” ཞེས་གསུངས།

30 ཡང་མདོ་འདི་ལ་མ་བྲིས་པའི་རྟགས་གཞན་མང་པོ་ཡེ་ཤུས་ཉེ་གནས་རྣམས་ཀྱི་མདུན་དུ་མཛད།

31 འོན་ཀྱང་ཁྱེད་ཚོས་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་ཀ་དང་དཀོན་མཆོག་གི་སྲས་དེ་ཡིན་པར་དད་པ་བྱེད་པའི་ཕྱིར་དོན་འདི་ཚོ་བྲིས་ཡོད་ཅིང༌། ཁོང་ལ་དད་པ་བྱེད་པའི་སྒོ་ནས་ཁྱེད་ཚོ་ཁོང་གི་མཚན་གྱི་ཐོག་ནས་དཔག་ཏུ་མེད་པའི་ཚེ་འཐོབ་པའི་ཕྱིར་རོ།།

ཡོ་ཧ་ནན། (21) – John (21)

1 དེའི་རྗེས་སུ་ཡེ་ཤུས་ཡང་བསྐྱར་ཏི་པེར་ཡཱ་ཡི་མཚོའི་འགྲམ་དུ་ཉེ་གནས་རྣམས་ལ་ཁོང་རང་མངོན་པར་མཛད། མངོན་པར་མཛད་ཚུལ་འདི་ལྟར་བྱུང༌།

2 སི་མོན་པེ་ཏྲོ་དང༌། མཚེ་མ་ཟེར་བའི་ཐོ་མཱ། ག་ལིལ་ཡུལ་གྱི་ཀ་ནཱ་པ་ན་ཐན་ཨེལ། ཟེ་བད་ཡཱ་ཡི་བུ་གཉིས། ཁོང་གི་ཉེ་གནས་གཞན་གཉིས་བཅས་མཉམ་དུ་ཡོད།

3 སི་མོན་པེ་ཏྲོས་ཁོ་ཚོར་ “ང་ཉ་འཛིན་དུ་འགྲོ་” ཞེས་ཟེར་བ་དང་ཁོ་ཚོས་ “ང་ཚོ་ཡང་ཁྱོད་དང་མཉམ་དུ་འགྲོ་” ཞེས་བཤད། ཁོ་ཚོ་ཕྱི་རོལ་ཏུ་སོང་སྟེ་གྲུ་ལ་བསྡད་ཡང་མཚན་དེ་ལ་ཉ་ཅིའང་མ་བཟུང༌།

4 ནམ་ལངས་པའི་ཚེ་ཡེ་ཤུ་མཚོའི་འགྲམ་དུ་བཞེངས་ཡོད་པ་ཡིན། འོན་ཀྱང་ཉེ་གནས་ཚོས་ཁོང་ཡིན་པར་ངོ་མ་ཤེས།

5 ཡེ་ཤུས་ཁོ་ཚོར་ “བུ་ཚོ། ཁྱོད་ཚོས་ཉ་ཟིན་མེད་དམ་” ཞེས་གསུངས་པ་དང་ཁོ་ཚོས་ “ལགས་མེད་” ཅེས་བཤད།

6 ཁོང་གིས་ཁོ་ཚོར་ “གྲུའི་གཡས་ཕྱོགས་སུ་དྲ་རྒྱ་ཕོངས་དང་རྙེད་པར་འགྱུར་” ཞེས་གསུངས་པ་ལ་ཁོ་ཚོས་དྲ་རྒྱ་འཕངས་ནས་ཉ་ཤིན་ཏུ་མང་པོ་བཟུང་བས་དྲ་རྒྱ་ཆུ་ནས་འཐེན་མ་ཐུབ།

7 དེ་ནས་ཡེ་ཤུས་དམིགས་བསལ་གྱིས་བྱམས་པ་གནང་བའི་ཉེ་གནས་དེས་པེ་ཏྲོ་ལ་ “གཙོ་བོ་ཡིན་” ཞེས་བཤད། སི་མོན་པེ་ཏྲོས་གཙོ་བོ་ཡིན་ཞེས་པ་ཐོས་ཏེ་ནང་གོས་ལས་མེད་པས། ཕྱི་གོས་གྱོན་པ་དང་མཚོའི་ནང་དུ་མཆོངས།

8 ཉེ་གནས་གཞན་རྣམས་སྐམ་ས་ནས་སྨི་བརྒྱ་ཙམ་མ་གཏོགས་མེད་པས། ཉས་གང་བའི་དྲ་རྒྱ་དྲུད་དེ་ཡོང་བ་ཡིན།

9 ཡང་ཁོ་ཚོ་སྐམ་ས་ལ་སླེབས་ནས་སོལ་བའི་མེ་འབར་བའི་སྟེང་དུ་ཉ་ཤ་བཞག་ཡོད་པ་དང་བག་ལེབ་ཀྱང་མཐོང༌།

10 ཡེ་ཤུས་ཁོ་ཚོར་ “ཁྱེད་ཚོས་ད་ལྟ་བཟུང་བའི་ཉ་ཁ་ཤས་འདིར་འཁྱེར་ཤོག་” ཅེས་གསུངས་པ་དང༌།

11 སི་མོན་པེ་ཏྲོ་གྲུའི་ནང་ལ་སོང་ནས་ཉ་ཆེན་པོ་བརྒྱ་དང་ལྔ་བཅུ་ང་གསུམ་གྱིས་གང་བའི་དྲ་རྒྱ་དེ་སྐམ་ས་ལ་དྲུད། ཡང་ཉ་དེ་ཙམ་མང་པོ་ཡོད་ཀྱང་དྲ་རྒྱ་མ་རལ།

12 ཡེ་ཤུས་ཁོ་ཚོར་ “ཚུར་ཤོག་ལ་ཞོགས་ཟས་ཟོ་དང་” ཞེས་གསུངས། ཉེ་གནས་རྣམས་ཀྱིས་གཙོ་བོ་ཡིན་པར་ངོ་ཤེས་མོད་སུས་ཀྱང་ཁྱོད་སུ་ཡིན་ཞེས་བཀའ་འདྲི་ཞུ་བར་མ་ཕོད།

13 ཡེ་ཤུ་ཕེབས་ནས་བག་ལེབ་བསྣམས་ཏེ་ཁོ་ཚོ་ལ་གནང་ཞིང་དེ་བཞིན་དུ་ཉ་ཤ་ཡང་གནང༌།

14 ཡེ་ཤུ་གཤིན་པོ་ནས་སྐུ་གསོན་པོར་བཞེངས་སུ་གྱུར་བའི་རྗེས་སུ་ཉེ་གནས་རྣམས་ལ་ཁོང་མངོན་པར་མཛད་པའི་ལན་གསུམ་པ་དེ་ཡིན་ནོ།།

གཙོ་བོ་ཡེ་ཤུ་དང་སི་མོན་པེ་ཏྲོ།

15 ཁོ་ཚོས་ཞོགས་ཟས་བཞེས་ཚར་རྗེས་ཡེ་ཤུས་སི་མོན་པེ་ཏྲོ་ལ་ “སི་མོན་ཡོ་ཧ་ནན་གྱི་བུ། ཁྱོད་ཀྱིས་འདི་ཚོ་ལས་ང་ལ་ལྷག་པར་བརྩེ་འམ་” ཞེས་གསུངས་པས་ལན་དུ་ཁོས་ “གཙོ་བོ་ལགས། ངས་ཁྱེད་ལ་བརྩེ་བ་ཁྱེད་ཀྱིས་མཁྱེན་ནོ་” ཞེས་ཟེར་བ་དང༌། ཁོང་གིས་དེ་ལ་ “ངའི་ལུ་གུ་རྣམས་འཚོ་བར་བྱོས་ཤིག་” ཅེས་གསུངས།

16 ཡང་ལན་གཉིས་པར་ཁོང་གིས་ “སི་མོན་ཡོ་ཧ་ནན་གྱི་བུ། ཁྱོད་ཀྱིས་ང་ལ་བརྩེ་འམ་” ཞེས་གསུངས་པས་ཁོས་ “གཙོ་བོ་ལགས། ངས་ཁྱེད་ལ་བརྩེ་བ་ཁྱེད་ཀྱིས་མཁྱེན་ནོ་” ཞེས་བཤད་པས་ཁོང་གིས་ “ངའི་ལུག་རྣམས་འཚོ་བར་བྱོས་ཤིག་” ཅེས་གསུངས།

17 ཡང་ལན་གསུམ་པར་ཡེ་ཤུས་ “སི་མོན་ཡོ་ཧ་ནན་གྱི་བུ། ཁྱོད་ཀྱིས་ང་ལ་བརྩེ་འམ་” ཞེས་གསུངས་པ་དང༌། ཁོང་གིས་ང་ལ་བརྩེ་འམ་ཞེས་ལན་གསུམ་གསུངས་པས་པེ་ཏྲོ་སེམས་སྐྱོ་བར་གྱུར་ནས་ཁོང་ལ་ “གཙོ་བོ་ལགས། ཁྱེད་ཀྱིས་དོན་ཚང་མ་མཁྱེན་ཏེ། ངས་ཁྱེད་ལ་བརྩེ་བ་མཁྱེན་ནོ་” ཞེས་བཤད་པ་དང་ཁོང་གིས་ “ངའི་ལུག་རྣམས་འཚོ་བར་བྱོས་ཤིག

18 ངས་ཁྱོད་ལ་བདེན་པ་བདེན་པར་ཟེར་རྒྱུར། ཁྱོད་གཞོན་པའི་དུས་སུ་རང་གི་སྐེད་རགས་རང་གིས་བཅིངས་ཏེ་གང་དུ་དགའ་བར་སོང་ཡང༌། རྒས་དུས་སུ་ཁྱོད་རང་གི་ལག་པ་བརྐྱངས་ནས་མི་གཞན་གྱིས་ཁྱོད་ཀྱི་སྐེད་རགས་འཆིང་སྟེ་ཁྱོད་མི་དགའ་བའི་གནས་སུ་འཁྲིད་པར་འགྱུར་” ཞེས་གསུངས།

19 པེ་ཏྲོ་ཤི་ལུགས་ནི་གང་གིས་དཀོན་མཆོག་གི་གཟི་བརྗིད་སྟོན་པའི་ཕྱིར་དེ་ལྟར་གསུངས་པའི་རྗེས་སུ་ཁོང་གིས་དེ་ལ་ “ངའི་རྗེས་སུ་འབྲོངས་ཤིག་” ཅེས་གསུངས་སོ།།

20པེ་ཏྲོ་ཁ་ཕྱིར་སློག་པ་དང་ཡེ་ཤུས་དམིགས་བསལ་གྱིས་བྱམས་པ་གནང་བའི་ཉེ་གནས་དེས་སྔར་དགོང་ཟས་བཞེས་པའི་དུས་སུ་ཡེ་ཤུའི་རྩར་གཟུགས་པོ་ཡོ་ནས་གཙོ་བོ་ཁྱེད་དགྲའི་དབང་དུ་གཏོང་མཁན་སུ་ཡིན་ཞེས་དྲི་མཁན་དེ་ཡང་ཁོང་གི་རྗེས་སུ་འབྲངས་པར་མཐོང༌།

21 པེ་ཏྲོས་ཁོ་མཐོང་སྐབས་ཡེ་ཤུ་ལ་ “གཙོ་བོ་ལགས། མི་འདི་ལ་ཅི་འབྱུང་ཡོང་” ཞེས་ཞུས།

22 ཡེ་ཤུས་ “གལ་ཏེ་ང་མ་ཡོང་བའི་བར་དུ་ཁོ་ལུས་པར་དགའ་ན། ཁྱོད་ལ་དོན་ཅི་ཡོད། ཁྱོད་རང་ངའི་རྗེས་སུ་འབྲོངས་ཤིག་” ཅེས་གསུངས།

23 དེའི་ཕྱིར་ཉེ་གནས་དེ་འཆི་བར་མི་གྱུར་བའི་གཏམ་སྤུན་ཟླ་རྣམས་ཀྱི་ནང་ལ་ཁྱབ། འོན་ཀྱང་ཡེ་ཤུས་ཉེ་གནས་དེ་མི་ཤི་ཞེས་མ་གསུངས་ཀྱི། གལ་ཏེ་ང་མ་ཡོང་བའི་བར་དུ་ཁོ་ལུས་པར་དགའ་ན་ཁྱོད་ལ་དོན་ཅི་ཡོད་ཅེས་གསུངས་པ་ཡིན།

མཇུག་བསྡུའི་གཏམ།

24 འདི་ནི་དོན་འདི་ཚོ་ལ་དཔང་པོ་བྱེད་པ་དང་ཡི་གེ་འབྲི་མཁན་གྱི་ཉེ་གནས་ཡིན། ཡང་ཁོས་དཔང་པོ་བྱས་པ་དེ་བདེན་པ་ཡིན་པར་ངེད་རྣམས་ཀྱིས་ཤེས།

25 ཡེ་ཤུས་མཛད་པའི་འཕྲིན་ལས་གཞན་རྣམས་མང་བས། ངའི་བསམ་ཚུལ་ལ་དེ་ཐམས་ཅད་རེ་རེ་ནས་བྲིས་པ་ཡིན་ན། བྲིས་པའི་མདོ་རྣམས་ཐ་ན་འཇིག་རྟེན་ཡོངས་སུ་མི་ཤོང་ངོ༌།། །།