མཛད་པ། 4:1-22

1 པེ་ཏྲོ་དང་ཡོ་ཧ་ནན་གྱིས་མི་ཚོགས་ལ་གཏམ་བྱེད་པའི་དུས་སུ་ཡ་ཧུ་དཱ་པའི་བླ་མ་རྣམས་དང༌། སཱ་ཅུ་སེ་པའི་ཕྱོགས་ཁག་ནང་ནས་ཁ་ཅིག་དང༌། མཆོད་ཁང་གི་སྲུང་དམག་གི་དཔོན་པོ་ཁོ་ཚོའི་འཁྲིས་སུ་སླེབས།

2 ཁོང་གཉིས་ཀྱིས་གཙོ་བོ་ཡེ་ཤུའི་ཐོག་ནས་འཆི་བ་ལས་སླར་གསོན་པ་ཡོད་པར་བསྒྲགས་ཏེ་མི་རྣམས་ལ་ཆོས་བསྟན་གནང་བས་ཁོ་ཚོ་སེམས་ཤིན་ཏུ་འཁྲུགས་པས།

3 ཁོང་ཚོ་འཛིན་བཟུང་བྱས་པ་དང༌། དགོང་དྲོ་ཟིན་ཚར་བས་དེའི་སང་ཉིན་གྱི་བར་བཙོན་ཁང་དུ་བཅུག

4 འོན་ཀྱང་བཀའ་དེ་ཐོས་མཁན་གྱི་ནང་ནས་མི་མང་པོ་ཞིག་གིས་དད་པ་བྱས་ཏེ། དད་ལྡན་རྣམས་ཀྱི་གྲལ་དུ་སྐྱེས་པ་རྣམས་ཀྱི་གྲངས་ལྔ་སྟོང་ཙམ་དུ་གྱུར།

5 དེའི་ཕྱི་ཉིན་ཁོ་ཚོའི་དཔོན་པོ་དང༌། རྒན་པོ། ཆོས་ཁྲིམས་ལ་མཁས་པའི་མི་རྣམས།

6 ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོ་ཨ་ན་སི། ཀ་ཡ་ཕཱ། ཡོ་ཧ་ནན། ཨ་ལེག་སན་ཌེར། བླ་ཆེན་གཙོ་བོའི་ནང་མི་ཐམས་ཅད་ཡེ་རུ་ཤ་ལེམ་དུ་འཛོམས།

7 བཙོན་པ་དེ་གཉིས་ཁོ་ཚོའི་དཀྱིལ་ལ་བཞག་ནས་ཁོ་ཚོས་ “ནུས་མཐུ་གང་ངམ། སུའི་མིང་ལ་བརྟེན་ནས་ཁྱོད་ཚོས་དོན་འདི་བསྒྲུབས་པ་ཡིན་ནམ་” ཞེས་དྲིས་ནས།

8 སྐུ་ཚབ་པེ་ཏྲོ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་གང་བར་གྱུར་ནས་ཁོ་ཚོར་ “ཀྱེ་དཔོན་རིགས་དང་རྒན་པོ་རྣམས།

9 གལ་ཏེ་ནད་པ་ཞིག་ལ་འཕྲིན་ལས་བྱས་པ་དང༌། ཅི་ལྟར་བྱས་ཏེ་ཁོ་གསོས་པར་གྱུར་བའི་སྐོར་ལ་ཁྱེད་རྣམས་ཀྱིས་ང་ཚོར་དེ་རིང་འདྲི་གཅོད་བྱས་ན།

10 ཁྱོད་རྣམས་ཀྱིས་རྒྱང་ཤིང་སྒང་ལ་བསད་ནས་དཀོན་མཆོག་གིས་འཆི་བ་ནས་གསོན་པོར་ལང་དུ་མཛད་པ་ན་ཙ་རེལ་པ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་ཐོག་ནས་མི་འདི་ཁྱེད་ཀྱི་མདུན་དུ་ཁམས་བཟང་པོར་བཞུགས་པ་ཁྱེད་ཚོ་དང༌། ཡི་སི་ར་ཨེལ་གྱི་མི་ཚང་མས་ཤེས་པར་གྱིས་ཤིག

11 ཡེ་ཤུ་ནི་གསུང་རབ་ལྟར་ཁྱོད་ཚོ་བཟོ་པ་རྣམས་ཀྱིས་དོར་བའི་རྡོ་སྟེ་རྨང་རྡོར་གྱུར་བ་དེ་ཡིན་ནོ།

12 ཐར་པ་ནི་གཞན་སུ་ཡང་ལས་འབྱུང་མི་སྲིད། གང་ཡིན་ཞེ་ན། ང་ཚོ་ཐར་བར་འགྱུར་བའི་ཆེད་དུ་མི་རྣམས་ཀྱི་ནང་ནས་མཚན་འདི་མ་གཏོགས་པར་གཞན་ཞིག་ནམ་འོག་ཏུ་གནང་བ་མ་ཡིན་ནོ་” ཞེས་གསུངས།

13 ཁོ་རྣམས་ཀྱིས་པེ་ཏྲོ་དང་ཡོ་ཧ་ནན་གྱིས་བློ་སྟོབས་ཆེན་པོས་གསུངས་པར་མཐོང་བ་དང༌། ཁོང་ཚོ་སློབ་གསོ་མྱོང་མེད་པའི་མི་སེར་ཡིན་པར་རྟོགས་ཏེ། ཡ་མཚན་ཆེན་པོ་སྐྱེས་ནས་དེ་གཉིས་གཙོ་བོ་ཡེ་ཤུ་དང་འགྲོགས་མྱོང་བ་ཡིན་པར་ཤེས།

14 ཡང་ཞ་བོ་ནད་ལས་གསོས་པར་གྱུར་བ་དེ་ཁོ་ཚོའི་དཀྱིལ་ལ་ལངས་ཏེ་སྡོད་པ་མཐོང་བས་ཁོ་ཚོས་ལན་ཅི་ཡང་བརྗོད་མ་ཐུབ་རྐྱེན།

15 ཁོང་ཚོས་ཁོ་གཉིས་གྲོས་ཚོགས་ཁང་ནས་ཕྱི་རུ་འདོན་པའི་བཀའ་བཏང་ནས། གཅིག་གིས་གཅིག་ལ་གཏམ་གླེང་བྱས་ཏེ་

16 “ངེད་རྣམས་ཀྱིས་མི་འདི་གཉིས་ལ་ཅི་བྱེད་པར་བྱ། ཡེ་རུ་ཤ་ལེམ་ལ་སྡོད་མཁན་ཀུན་གྱིས་ངོ་མཚར་བའི་རྟགས་བསྒྲུབས་པ་ཡིན་པར་ཤེས་པས་ང་ཚོས་དེ་མ་བྱུང་ཞེས་ཟེར་མི་སྲིད།

17 འོན་ཀྱང་དོན་འདི་མི་རྣམས་ཀྱི་ཁྲོད་དུ་སྔར་ལས་ལྷག་པ་མི་ཁྱབ་པའི་ཆེད་དུ་ང་ཚོས་ཁོ་རྣམས་ལ་ད་ནས་བཟུང་མཚན་འདིའི་ཐོག་ནས་སུ་ལ་ཡང་མི་འཆད་པའི་ཐ་ཚིག་བྱེད་རྒྱུ་ཡིན་” ཞེས་བཤད་ནས།

18 ཁོ་ཚོ་གཉིས་བོས་པ་དང༌། གཙོ་བོ་ཡེ་ཤུའི་མཚན་ཐོག་ནས་ནམ་ཡང་གཏམ་བརྗོད་པ་དང་ཆོས་སྟོན་མི་ཆོག་པར་བཀའ་བཏང་ཡང༌།

19 པེ་ཏྲོ་དང་ཡོ་ཧ་ནན་གྱིས་ཁོ་ཚོར་ “ཁྱེད་ཀྱི་གསུང་ངམ། དཀོན་མཆོག་གི་བཀའ་ལ་ཉན་པ་ནི་དཀོན་མཆོག་གི་སྤྱན་སྔར་ཇི་ཞིག་འོས་པ་ཡིན་པར་ཁྱེད་ཀྱིས་ཐག་གཅོད་བྱེད་དགོས་ཏེ།

20 ང་ཚོས་གང་མཐོང་བ་དང་ཐོས་པའི་སྐོར་ལ་འཆད་རྒྱུ་ལས་ཐབས་གཞན་མེད་” ཅེས་གསུངས།

21-22 ངོ་མཚར་བའི་རྟགས་ཀྱིས་གསོས་པར་འགྱུར་བའི་མི་དེ་ལོ་བཞི་བཅུ་ལྷག་ཙམ་ལོན་པ་ཞིག་ཡིན་ཏེ། རྟགས་དེ་བྱུང་བས་མི་ཐམས་ཅད་ཀྱིས་དཀོན་མཆོག་ལ་བསྟོད་པ་ཕུལ་བའི་རྐྱེན་གྱིས་ཁོང་གཉིས་ལ་ཉེས་ཆད་གཏོང་མ་ནུས། དེའི་ཕྱིར་གྲོས་ཚོགས་ཀྱིས་སྔོན་ལས་ལྷག་པའི་རྫིག་རྫིག་བཏང་ནས་ཁོང་རྣམས་གློད།