མཛད་པ། 4:32 – 5:11

མཛད་པ། 4:32-37

32 ཡང་དད་ལྡན་གྱི་མི་ཚོགས་བློ་སེམས་གཅིག་མཐུན་པར་བཞུགས་ཏེ། ཁོ་ཚོའི་ནང་ནས་རང་ནོར་རང་གི་ཡིན་ཟེར་མཁན་གཅིག་ཀྱང་མེད་པས། ནོར་རྫས་ཐམས་ཅད་ཐུན་མོང་དུ་བྱས།

33 ནུས་མཐུ་ཆེན་པོས་སྐུ་ཚབ་རྣམས་ཀྱིས་གཙོ་བོ་ཡེ་ཤུ་འཆི་བ་ནས་སླར་གསོན་པར་དཔང་པོ་མཛད། དཀོན་མཆོག་གི་ཐུགས་རྗེ་ཆེན་པོ་ཁོང་ཚོ་ཚང་མར་བབས་སོ།

34-35 དད་ལྡན་རྣམས་ཀྱི་ནང་ནས་དབུལ་པོ་གཅིག་ཀྱང་མེད། རྒྱུ་མཚན་ནི་ས་ཞིང་ངམ་ཁང་པ་ཡོད་པའི་མི་ཐམས་ཅད་ཀྱིས་དེ་ཚོ་བཙོངས་ནས་དངུལ་ཐོབ་པ་དང༌། དད་ལྡན་གཞན་ལ་ཕན་པའི་ཕྱིར་སྐུ་ཚབ་རྣམས་ཀྱི་ཞབས་ཀྱི་དྲུང་དུ་བཞག དེ་ནས་ཁོང་ཚོས་མི་རེ་རེ་ལ་དགོས་པ་བཞིན་དུ་བགོ་བཤའ་བརྒྱབ།

36 ཡང་ཀིབ་རུ་གླིང་ཕྲན་ནས་ཡིན་པའི་སྐྱེས་པ་ཡོ་སེབ་ཟེར་མཁན་ཞིག་ཡོད་དེ། ཁོང་ནི་ལེ་ཝི་པ་ཞིག་ཡིན། སྐུ་ཚབ་རྣམས་ཀྱིས་ཁོང་ལ་མིང་པར་ན་པཱ་ཞེས་བཏགས་པ་སྟེ། བློ་སྟོབས་སྤེལ་མཁན་ཞེས་པའི་དོན་ཡིན།

37 ཁོང་ལ་ཡོད་པའི་ཞིང་ཁ་ཞིག་བཙོངས་ནས་དེའི་རིན་གོང་འཁྱེར་ཡོང་བ་དང༌། སྐུ་ཚབ་རྣམས་ཀྱི་ཞབས་ཀྱི་དྲུང་དུ་བཞག་གོ །

 

མཛད་པ། 5:1-11

1 འོན་ཀྱང་ཨ་ནན་ཡཱ་ཟེར་བའི་སྐྱེས་པ་ཞིག་དང་ཁོའི་བཟའ་ཟླ་སབ་ཕི་རཱ་གཉིས་ཀྱིས་ཞིང་ཁ་ཞིག་བཙོངས་ནས།

2 ཨ་ནན་ཡཱ་ཡིས་ས་རིན་ཆ་ཤས་ཤིག་རང་གི་དོན་ལ་བཞག་ནས་ས་རིན་ལྷག་མ་སྐུ་ཚབ་རྣམས་ཀྱི་ཞབས་ལ་བཞག་པ་དེ་སབ་ཕི་རཱ་ཡིས་ཀྱང་ཤེས་ཀྱི་ཡོད།

3 ཡང་སྐུ་ཚབ་པེ་ཏྲོས་ “ཨ་ནན་ཡཱ། བདུད་སཱ་ཏན་གྱིས་ཁྱོད་ཀྱི་སེམས་ཁྱབ་ནས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་རྫུན་བཤད་དེ། ས་རིན་ཆ་ཤས་རང་ལ་བཞག་པ་དེ་ཅི་ཡིན།

4 ཞིང་ཁ་དེ་མ་བཙོངས་པའི་སྔོན་དུ་ཁྱོད་རང་གི་མ་ཡིན་ནམ། ཡང་བཙོངས་པའི་རྗེས་སུ་སའི་རིན་གོང་ཁྱོད་ལ་དབང་བ་མ་ཡིན་ནམ། བསམ་པ་འདི་ཁྱོད་ཀྱི་སེམས་ལ་སྐྱེས་པ་དེ་ཅི་ལྟར་སྲིད། ཁྱོད་ཀྱིས་མི་རྣམས་ལ་མ་བཤད་ཀྱི། དཀོན་མཆོག་ལ་རྫུན་བཤད་” ཅེས་གསུངས།

5 གཏམ་དེ་གོ་མ་ཐག་ཨ་ནན་ཡཱ་ས་ལ་འགྱེལ་ནས་ཤིའོ། དེའི་སྐོར་ཐོས་པ་ཐམས་ཅད་ཤིན་ཏུ་འཇིགས།

6 གཞོན་ནུ་རྣམས་ཀྱིས་ཁོའི་ཕུང་པོ་རས་ཀྱིས་བཏུམས་ནས་ཕྱི་རོལ་དུ་འཁུར་ཏེ་དུར་དུ་བཅུག

7 དེ་ནས་ཆུ་ཚོད་གསུམ་ཙམ་གྱི་རྗེས་སུ་ཁོ་ལ་ཅི་བྱུང་བ་མི་ཤེས་པར་ཁོའི་བཟའ་ཟླ་ཡོང་ཞིང༌།

8 སྐུ་ཚབ་པེ་ཏྲོས་ཁོ་མོར་ “ང་ལ་ཤོད་དང༌། ཁྱོད་གཉིས་ཀྱིས་ས་ཞིང་བཙོངས་ནས་རིན་གོང་འདི་ཙམ་ཐོབ་བམ་” ཞེས་གསུངས་པས་ཁོ་མོས་ “ལགས་ཡིན། རིན་གོང་དེ་ཙམ་ཡིན་” ཞེས་སྨྲས་པ་དང༌།

9 སྐུ་ཚབ་པེ་ཏྲོས་ཁོ་མོར་ “དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་ཉམས་ཚོད་བྱེད་པའི་ཕྱིར་ཁྱོད་གཉིས་ཀྱིས་མོས་མཐུན་བྱས་པ་དེ་ཅི་ཡིན། ལྟོས་ཤིག ཁྱོད་ཀྱི་ཁྱོ་བོའི་ཕུང་པོ་དུར་དུ་འཇུག་མཁན་སྒོ་ལ་འདུག ཁོ་ཚོས་ཁྱོད་ཀྱི་ཕུང་པོ་ཕྱི་རོལ་དུ་འཁུར་ངེས་ཡིན་” ཞེས་གསུངས་མ་ཐག

10 ཁོང་གི་ཞབས་ཀྱི་དྲུང་དུ་འགྱེལ་ནས་ཁོ་མོ་ཤིའོ། གཞོན་ནུ་རྣམས་ནང་ལ་ཡོང་ནས་ཁོ་མོ་ཤི་བར་མཐོང་བས། ཁོ་མོའི་ཕུང་པོ་ཕྱིར་འཁུར་བ་དང༌། ཁྱོ་བོའི་དུར་སའི་ཉེ་འགྲམ་ལ་དུར་དུ་བཅུག

11 ཡང་དོན་དེའི་སྐོར་ཐོས་མཁན་དང༌། ཆོས་ཚོགས་ཀྱི་མི་ཚང་མ་འཇིགས་སྐྲགས་སྐྱེས་སོ།