ལེའུ་གསུམ་པ། 3 – Genesis 3

ལེའུ་གསུམ་པ། 3

 

1 དེ་ཡང་ཡ༷་ཝེ་དཀོན་མཆོག་གིས་མཛད་པའི་སྲོག་ཆགས་ཐམས་ཅད་ལས་གཡོ་སྒྱུ་ཅན་གྱི་སྦྲུལ་གྱིས། བུད་མེད་ལ་“དཀོན་མཆོག་གིས་ཁྱེད་ཚོས་ལྡུམ་རའི་ཤིང་འབྲས་ཐམས་ཅད་མ་ཟ་ཞེས་དངོས་གནས་གསུངས་སམ་”ཞེས་བཤད།

 

2 དེའི་ལན་དུ་བུད་མེད་ཀྱིས་སྦྲུལ་ལ་ “ལྡུམ་རའི་ནང་གི་ཤིང་སྡོང་གི་འབྲས་བུ་ཚང་མ་ང་ཚོས་ཟ་ཆོག

 

3 འོན་ཀྱང་ལྡུམ་རའི་དཀྱིལ་གྱི་ཤིང་འབྲས་དེ་ང་ཚོས་ཟ་མི་ཆོག ལག་པ་ཡང་འཆང་མི་ཆོག གལ་སྲིད་ང་ཚོས་དཀོན་མཆོག་གི་བཀའ་ལ་མ་མཉན་ན་ང་ཚོ་ཤི་ཡོང་”ཞེས་ཁོང་གིས་གསུངས།

 

4 སྦྲུལ་གྱིས་བུད་མེད་ལ་ “ཁྱེད་ཚོ་ཤི་མི་ཡོང༌།

 

5 གང་ལགས་ཟེར་ན། ཁྱེད་ཚོས་ཤིང་འབྲས་དེ་ལས་བཟས་ན། རྟོགས་པ་འཐོབ་ཅིང་དཀོན་མཆོག་དང་འདྲ་བར་བཟང་ངན་ཤེས་པར་འགྱུར་བ་དེ་དཀོན་མཆོག་གིས་མཁྱེན་ནོ་”ཞེས་བཤད།

 

6 དེ་ནས་བུད་མེད་ཀྱིས་ཤིང་སྡོང་གི་འབྲས་བུ་དེ་ལ་བལྟས་ཏེ། འབྲས་བུ་ལེགས་པོ་དང༌། ཟ་བ་ལ་ཞིམ་པོ་མཐོང་བ་དང༌། རྟོགས་པ་འཐོབ་པའི་ཕྱིར་ཡིད་ལ་བབ་ནས། འབྲས་བུ་དེ་བླངས་ཏེ་བཟས་པ་མ་ཟད། རང་གི་ཁྱོ་བོ་ལ་ཡང་སྟེར་ནས་ཁོས་ཀྱང་བཟས།

 

 7 དེ་མ་ཐག་ཏུ་ཁོང་གཉིས་ལ་རྟོགས་པ་ཐོབ་ཅིང་རང་ཉིད་གཅེར་བུར་ཡོད་པ་ཧ་གོ་སྟེ། བསེ་ཡབ་ཟེར་བའི་ཤིང་གི་ལོ་མ་སྦྲེལ་ཏེ་འདོམས་དཀྲིས་བཟོས།

 

8 དགོང་དྲོའི་དུས་སུ་ལྡུམ་རའི་ནང་ཡ༷་ཝེ་དཀོན་མཆོག་ཕེབས་པའི་སྒྲ་ཐོས་ནས། མི་དེ་དང་ཁོང་གི་བཟའ་ཟླ་ཡ༷་ཝེ་དཀོན་མཆོག་གི་དྲུང་ནས་བྲོས་ཤིང་ལྡུམ་རའི་ཤིང་སྡོང་གི་དཀྱིལ་དུ་ཡིབས།

 

9 འོན་ཀྱང་ཡ༷་ཝེ་དཀོན་མཆོག་གིས་མི་དེ་བོས་ཅིང་ “ཁྱོད་རང་གང་དུ་ཡོད་དམ་”ཞེས་བཀའ་འདྲི་གནང༌།

 

10 ཁོས་ལན་དུ་ “ཁྱེད་ཕེབས་པའི་སྒྲ་ཐོས་ཏེ་ང་འཇིགས། གང་ལགས་ཞེ་ན། ང་གཅེར་བུར་ཡོད་པ་ཤེས་ཏེ་ཡིབས་པ་ཡིན་”ཞེས་བཤད།

 

11 “ཁྱོད་གཅེར་བུར་འདུག་ཅེས་སུས་བརྗོད་དམ། ཁྱོད་ཀྱིས་ཟ་མི་ཆོག་པའི་ཤིང་འབྲས་ལས་བཟས་པ་ཡིན་ནམ་”ཞེས་དཀོན་མཆོག་གིས་བཀའ་འདྲི་གནང་བས།

 

12 “ཁྱེད་ཀྱིས་ང་ལ་གནང་བའི་བུད་མེད་ཀྱིས་ཤིང་འབྲས་ང་ལ་སྟེར་བས། ངས་བཟས་པ་ཡིན་”ཞེས་ཞུས།

 

13 ཡ༷་ཝེ་དཀོན་མཆོག་གིས་བུད་མེད་ལ་ “ཁྱོད་རང་གིས་བྱས་པའི་ལས་ཀ་འདི་ག་རེ་ཡིན་”ཞེས་གསུངས་པས། བུད་མེད་ཀྱིས་ “སྦྲུལ་གྱིས་ང་ལ་མགོ་བསྐོར་བཏང་བས་ངས་ཤིང་འབྲས་བཟས་པ་ཡིན་”ཞེས་ཞུས།

 

14 ཡ༷་ཝེ་དཀོན་མཆོག་གིས་སྦྲུལ་ལ་ “ཁྱོད་ཀྱིས་ལས་ངན་དེ་ལྟར་བྱས་པའི་རྐྱེན་གྱིས་དུད་འགྲོ་དང་གཅན་གཟན་ཐམས་ཅད་ཀྱི་ནང་ནས་ཁྱོད་གཅིག་པུར་ཆད་པ་ཕོག་པ་ཡིན། ད་ནས་ཕྱིན་

ཆད་ཁྱོད་ལྟོ་བས་འགྲོ་དགོས། ཡང་ནམ་འཚོ་བའི་བར་དུ་ཐལ་བ་ཟ་བར་གྱུར་ཞིག

 

15 ངས་ཁྱོད་དང་བུད་མེད་གཉིས་དགྲ་བོར་འབྱུང་བར་བྱ། ཁྱོད་ཀྱི་རྒྱུད་དང་མོའི་རྒྱུད་ཀྱི་བར་ཕན་ཚུན་སྡང་བར་བྱ་དང༌། ཁོང་གིས་ཁྱོད་ཀྱི་མགོ་བརྫི་ཡོང༌། ཡང་ཁྱོད་ཀྱིས་ཁོང་གི་ཞབས་རྟིང་ལ་སོ་བཏབ་ཡོང་”ཞེས་གསུངས།

 

16 ཡ༷་ཝེ་དཀོན་མཆོག་གིས་བུད་མེད་ལ་ “ངས་ཁྱོད་ཀྱི་ཕྲུ་གུ་འཁོར་བའི་དཀའ་ངལ་དང་སྐྱེ་བའི་སྡུག་བསྔལ་མང་དུ་གཏོང་བར་བྱ་སྟེ། འོན་ཀྱང་ཁྱོད་ཀྱིས་ཁྱོ་བོ་མཉམ་དུ་སྡོད་འདོད་པ་དང༌། ཁོས་ཁྱོད་ལ་དབང་བྱེད་ཡོང་”ཞེས་གསུངས།

 

17 ཡང་དཀོན་མཆོག་གིས་མི་དེ་ལ་ “ཁྱོད་ཀྱིས་རང་གི་གཏན་གྲོགས་ཀྱི་ཁ་ལ་ཉན་ཏེ། ངས་ཟ་མི་ཆོག་ཅེས་བཤད་པའི་ཤིང་འབྲས་ལས་ཁྱོད་ཀྱིས་བཟས་པས། ངས་ཁྱོད་ཀྱི་འདེབས་ལས་དཀའ་ལས་སུ་འགྱུར་བར་བྱ། ས་ཞིང་ལས་སྟོན་ཐོག་སྡུད་པའི་ཆེད་ནམ་འཚོ་བའི་བར་དུ་ཁྱོད་ཀྱིས་དཀའ་ལས་བརྒྱག་དགོས།

 

18 ས་ཞིང་ལས་ཁྱོད་ལ་ཚེར་མ་དང་རྩ་ངན་སྐྱེ་ཡོང༌། དེ་སྐྱེས་པའི་ས་ཞིང་གི་སྔོ་ཚོད་རྣམས་ཁྱོད་ཀྱིས་ཟ་དགོས།

 

19 ཁྱོད་ནི་ཐལ་བ་ནས་བཟོས་པའི་རྐྱེན་གྱིས་ཁྱོད་ཐལ་བར་མ་ལོག་པའི་བར་དུ་ས་ལས་འབྲས་བུ་འཐོབ་པའི་ཕྱིར་རྔུལ་ནག་འདོན་ཏེ་དཀའ་ངལ་སྤྱད་དགོས། མཐའ་མར་ཁྱོད་ནི་ཐལ་བ་ནས་བཟོས་པ་ཡིན་པས་ཁྱོད་ཐལ་བར་འགྱུར་རོ་”ཞེས་གསུངས།

 

20 དེ་ནས་མིང་ལ་ཨ༷་དམ་ཞེས་པའི་མི་དེས་རང་གི་གཏན་གྲོགས་ཀྱི་མིང་ལ་ཧ༷་ཝ་ཞེས་བཏགས། གང་ལགས་ཟེར་ན། མོ་རང་ནི་མི་ཐམས་ཅད་ཀྱི་ཨ་མ་ཡིན་པས་སོ།

 

 21 ཡ༷་ཝེ་དཀོན་མཆོག་གིས་ཨ༷་དམ་དང་ཁོའི་གཏན་གྲོགས་ལ་སེམས་ཅན་གྱི་ལྤགས་པའི་གོས་བཟོས་གནང་ནས་ཁོང་ཚོ་ལ་གཡོགས་པར་མཛད།

 

22 དེ་ནས་ཡ༷་ཝེ་དཀོན་མཆོག་གིས་ “ལྟོས་ཤིག མི་དེས་བཟང་ངན་ཤེས་ཏེ་ང་ཚོ་དང་འདྲ་བར་གྱུར་བས། ད་ཁོས་སྲོག་དང་ལྡན་པའི་ཤིང་གི་འབྲས་བུ་ལས་ལེན་མི་ཆོག དེ་མིན་ཁོས་དེ་བཟས་ནས་ཚེ་དཔག་ཏུ་མེད་པ་འཐོབ་ཡོང་”ཞེས་གསུངས།

 

23 དེའི་རྐྱེན་གྱིས་ཡ༷་ཝེ་དཀོན་མཆོག་གིས་ས་ལས་བཟོས་གནང་བའི་མི་དེ་ཞིང་ལས་བྱེད་པའི་ཆེད་ཨེ༷་དེན་གྱི་ལྡུམ་ར་ནས་ཕྱིར་བཏོན་གནང༌།

 

24 ཁོང་གིས་མི་དེ་བསྐྲད་དེ་ལྡུམ་རའི་ནང་གི་སྲོག་དང་ལྡན་པའི་ཤིང་གི་སར་འགྲོ་བའི་ལམ་སྲུང་བའི་ཕྱིར། ལྡུམ་རའི་ཤར་ཕྱོགས་སུ་ཀེ༷་རུབ་ཟེར་བའི་སྲུང་མཁན་ཚོ་དང༌། ཕྱོགས་བཞིར་འཁོར་བའི་མེ་འབར་བའི་རལ་གྲི་ཞིག་བཞག་གནང་ངོ༌༎

ཀ་ཡིན་དང་ཧ་བེལ་གྱི་སྒྲུང༌།