Gospel of Mark (4) – མར་ཀུ (4)

Gospel of Mark (4) – མར་ཀུ (4)

1 དེ་ནས་ཡང་ཡེ་ཤུས་ག་ལིལ་མཚོའི་འགྲམ་དུ་མི་དེ་ཚོ་ལ་ཆོས་བསྟན་ཏེ།

མི་མང་པོ་གནས་དེར་འཛོམས་པས་ཁོང་གྲུ་ཞིག་གི་ནང་དུ་བཞུགས་པ་དང༌།

མི་ཚོགས་ཚང་མ་མཚོ་འགྲམ་ལ་བསྡད།

2 ཁོང་གིས་དཔེའི་སྒོ་ནས་ཆོས་མང་པོ་གསུངས་པ་སྟེ་

3 “ད་ཉོན་ཅིག

སྔོན་ས་བོན་འདེབས་མཁན་ཞིག་ས་བོན་འདེབས་པར་ཕྱིན།

4 ས་བོན་གཏོར་བའི་སྐབས་སུ།

ས་བོན་ཁ་ཤས་ལམ་ཁར་འཐོར་བ་བྱ་ཚོ་འོངས་ནས་བཟས་པ་དང༌།

5 ཁ་ཤས་ནི་ས་མང་པོ་མེད་པའི་བྲག་གི་སྟེང་ལ་འཐོར་ཞིང་སའི་གཏིང་རིང་པོ་མེད་པས་ཡར་སྐྱེས་པ་མགྱོགས་ཀྱང༌།

6 ཉི་མ་ཤར་ནས་ཚིག་སྟེ་རྩ་བ་གཏིང་རིང་པོ་མེད་པས་བསྐམས།

7 ས་བོན་ཁ་ཤས་ཚེར་མའི་ནང་དུ་འཐོར་ཞིང་ཚེར་མ་སྐྱེས་ཏེ་སྒྲིབ་ནས་འབྲས་བུ་མ་སྨིན།

8 ཡང་ས་བོན་ཁ་ཤས་ས་རྒྱུ་བཟང་པོའི་ནང་དུ་ཟགས་ནས་ཆེར་སྐྱེས་ཤིང་འབྲས་བུ་སྨིན་ཏེ།

འབྲས་བུ་ཁ་ཤས་ལྡབ་སུམ་ཅུ་དང་ཁ་ཤས་ལྡབ་དྲུག་ཅུ།

ཁ་ཤས་ལྡབ་བརྒྱ་བཅས་སྨིན་ནོ་”

ཞེས་དང༌།

9 མཇུག་ཏུ་ཁོང་གིས་

“རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག་”

ཅེས་གསུངས།

10 ཡེ་ཤུ་གཅིག་པུར་བཞུགས་དུས་ཁོང་གི་ཉེ་གནས་བཅུ་གཉིས་པོ་དང་རྗེས་འབྲང་བ་རྣམས་ཀྱིས་ཁོང་ལ་དཔེའི་ནང་དོན་ཅི་ཡིན་པ་དྲིས་པའི་སྐབས།

11 ཁོང་གིས་

“དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བ་དེ་ཁྱེད་ཚོ་ལ་བསྟན་པ་ཡིན།

འོན་ཀྱང་ཕྱི་ཕྱོགས་ཀྱི་མི་རྣམས་ལ་ཐམས་ཅད་དཔེའི་སྒོ་ནས་བསྟན།

12 མདོ་ལས།

དེ་ཚོས་སེམས་མི་འགྱུར་ཞིང༌།།

སྡིག་ཉེས་མི་སེལ་བའི་ཕྱིར།།

ལྟ་བར་བྱེད་ཀྱང་མི་མཐོང༌།།

ཐོས་པར་བྱེད་ཀྱང་མི་རྟོགས།།”

ཞེས་གསུངས།

13 ཡང་ཁོང་གིས་

“ཁྱེད་ཚོས་དཔེ་འདིའི་དོན་ཧ་མི་གོའམ།

འོ་ན་དཔེ་ཐམས་ཅད་ཀྱི་དོན་ཇི་ལྟར་ཤེས་ཐུབ།

14 དེ་ནི་ཞིང་འདེབས་མཁན་གྱིས་ས་བོན་བཏབ་པ་ནི་དཀོན་མཆོག་གི་བཀའ་དང་འདྲ་བ་ཡིན་ཏེ།

15 ལམ་ཁར་འཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་མ་ཐག་བདུད་སཱ་ཏན་ཡོང་ནས་དེའི་སེམས་ནང་གི་བཀའ་ཕྲོགས་ནས་ཁྱེར་སོང་བ་དང་འདྲ་བ་ཡིན།

16 དེ་བཞིན་དུ་བྲག་ཡོད་པའི་ས་ལ་འཐོར་བ་ནི་ཡང་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་མ་ཐག་སེམས་དགའ་བའི་ངང་ནས་བླངས་ན་ཡང༌།

17 རང་གི་སེམས་ནང་ལ་རྩ་བ་གཏིང་རིང་པོ་ཚུགས་མེད་པས།

དུས་ཐུང་ངུ་ལ་གནས་ཀྱང་བཀའ་དེའི་དོན་དུ་སྡུག་བསྔལ་དང་གནོད་འཚེ་འབྱུང་སྐབས་དད་པ་ཉམས་པར་གྱུར་བ་དང་འདྲ།

18 ཡང་ཚེར་མའི་ནང་དུ་འཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་རྗེས།

19 འཚོ་བའི་སེམས་ཁྲལ་དང་རྒྱུ་ནོར་གྱི་བསླུ་བྲིད།

འདོད་པ་སྣ་ཚོགས་ཀྱིས་བཀའ་མནན་ནས་འབྲས་བུ་སྨིན་མ་ཐུབ་པ་དང་འདྲ་བ་ཡིན།

20 ས་རྒྱུ་བཟང་པོ་ལ་འཐོར་བ་ནི་ཡང་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་ནས་དད་པའི་ངང་ཉམས་སུ་བླངས་ཏེ་འབྲས་བུ་སྨིན་ཐུབ་པ་རྣམས་ཡིན་ཏེ།

འབྲས་བུ་ཁ་ཤས་ལྡབ་སུམ་ཅུ་དང༌།

ཁ་ཤས་ལྡབ་དྲུག་ཅུ།

ཁ་ཤས་ལྡབ་བརྒྱ་བཅས་སྨིན་པ་ལྟར་ཡིན་ནོ་”

ཞེས་གསུངས།

མར་མེ་དང་ས་བོན་གྱི་དཔེ།

21 ཡང་ཡེ་ཤུས་

“མིས་མར་མེ་ཞིག་བྲེ་ཡང་ན་ཉལ་ཁྲིའི་འོག་ཏུ་འཇོག་པ་ཡིན་ནམ།

དེ་ནི་སྟེགས་བུའི་སྟེང་དུ་འཇོག་པའི་ཕྱིར་མ་ཡིན་ནམ།

22 གང་ལགས་ཟེར་ན།

སྦས་པའི་དོན་རྣམས་མི་མངོན་པ་ཅི་ཡང་མེད་ལ།

གསང་བའི་དོན་ཐམས་ཅད་ཀྱང་མི་མངོན་པ་ཅི་ཡང་མེད་དོ།

23 རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག་”

ཅེས་གསུངས།

24 ཡང་ཁོང་གིས་

“ཁྱེད་ཚོས་གང་ཐོས་པ་དེ་ལ་གཟབ་ནན་གྱིས་ཤིག

ཁྱེད་ཚོས་སྣོད་ཚད་ཅི་ལྟ་བུ་ལས་མི་གཞན་ལ་བཅལ་ན།

ཁྱེད་ཚོར་ཡང་དེ་འདྲ་ཞིག་སྟེར་བར་མ་ཟད་དེ་ལས་ལྷག་པ་ཞིག་ཀྱང་སྟེར་བར་འགྱུར།

25 མི་སུ་ཞིག་ལ་ཡོད་པ་དེ་ལ་དེ་བས་མང་བ་སྟེར་བར་འགྱུར།

མེད་པ་དེ་ལ་གང་ཡོད་པ་དེ་ཡང་ལེན་པར་འགྱུར་རོ་”

ཞེས་གསུངས།

26 ཡང་ཁོང་གིས་

“དཀོན་མཆོག་གི་རྒྱལ་སྲིད་འདི་ནི།

མི་ཞིག་གིས་ཞིང་ལ་ས་བོན་གཏོར་བ་དང་འདྲ་སྟེ།

27 མི་འདི་མཚན་མོར་གཉིད་ཉལ་ཞིང་ཉིན་མོར་ཡར་ལངས།

ཁོས་གང་ཡིན་མི་ཤེས་པར་ས་བོན་རིམ་བཞིན་སྐྱེས་ནས་མྱུ་གུ་འབུས།

28 ས་གཞི་ཡིས་རང་བཞིན་གྱིས་འབྲས་བུ་སྐྱེད་དེ།

ཐོག་མར་མྱུ་གུ་འབུས་པ་དང་དེ་ནས་སྙེ་མ་ཐོགས་པ།

མཇུག་མཐར་སྙེ་མ་ལས་འབྲུ་རྡོག་སྨིན།

29 འབྲུ་རིགས་སྨིན་ནས་ཞིང་བརྔ་རན་པས་ས་བོན་འདེབས་མཁན་གྱིས་ཟོར་བས་འབྲེག་པའོ་”

ཞེས་གསུངས།

30 ཡང་ཁོང་གིས་

“དཀོན་མཆོག་གི་རྒྱལ་སྲིད་ལ་གང་ཞིག་གིས་བསྡུར་ཐུབ་བམ།

དཔེ་གང་ཞིག་གིས་མཚོན་ཐུབ་བམ་ཞེ་ན།

31 དེ་ནི་ཡུངས་འབྲུ་རྡོག་པོ་གཅིག་དང་འདྲ་སྟེ།

ས་ལ་འདེབས་པའི་ས་བོན་གཞན་ཐམས་ཅད་ལས་ཆུང་ཡང༌།

32 བཏབ་པའི་རྗེས་སུ་ཆེར་སྐྱེས་ནས་སྔོ་ཚོད་གཞན་རྣམས་ལས་ཆེ་བར་འགྱུར་ཞིང་དེར་ཡལ་ག་ཆེན་པོ་ཆགས་ཏེ་བྱའང་དེའི་གྲིབ་མའི་འོག་ཏུ་གནས་ཐུབ་”

ཅེས་གསུངས།

33 ཡེ་ཤུས་འདི་ལྟ་བུའི་དཔེ་མང་པོ་བཀོད་དེ།

མི་རྣམས་ཀྱིས་དོན་དེ་ཇི་ཙམ་ཧ་གོ་ཐུབ་པ་དེ་བཞིན་དུ་དཀོན་མཆོག་གི་བཀའ་གསུངས།

34 ཁོང་གིས་དཔེ་མ་བཀོད་པར་དེ་རྣམས་ལ་ཅི་ཡང་མ་གསུངས་ཤིང༌།

མི་གཞན་མེད་པའི་དུས་སུ་དཔེ་ཐམས་ཅད་ཀྱི་གོ་དོན་ཉེ་གནས་ཚོར་གསལ་བཤད་གནང་ངོ༌།།

སྟོན་པ་ཡེ་ཤུས་རླུང་འཚུབ་ཞི་བར་མཛད་པ།

35 དེ་ནས་ཉིན་དེའི་དགོང་མོར་ཡེ་ཤུས་ཉེ་གནས་ཚོར་

“ང་ཚོ་མཚོའི་ཕ་རོལ་ལ་འགྲོའོ་”

ཞེས་གསུངས།

36 ཉེ་གནས་ཚོ་མི་ཚོགས་དང་ཁ་བྲལ་ཏེ་ཡེ་ཤུ་བཞུགས་སའི་གྲུའི་ནང་འཛུལ་ནས་ཁོ་ཚོ་ཁོང་དང་མཉམ་དུ་ཕྱིན་པ་རེད།

ཁོང་ཚོ་དང་མཉམ་དུ་གྲུ་གཞན་ཡང་ཡོད།

37 དེའི་སྐབས་རླུང་འཚུབ་ཆེན་པོ་ལངས་ཏེ་རྦ་རླབས་གྲུའི་ནང་འཛུལ་ནས་གྲུ་ཆུས་ཁེངས་གྲབས་བྱས།

38 དེ་དུས་ཡེ་ཤུ་གྲུའི་མཇུག་ཏུ་སྔས་འབོལ་གྱི་སྟེང་ལ་གཟིམས་ཡོད་པས་ཉེ་གནས་ཚོས་ཁོང་མནལ་སད་དེ་

“སྟོན་པ་ལགས།

ང་ཚོ་འཆི་བ་ལ་ཐུག་པར་ཁྱེད་ཀྱིས་ཐུགས་སྣང་མི་མཛད་དམ་”

ཞེས་ཞུས།

39 ཁོང་མནལ་སད་དེ་ཡར་བཞེངས་ནས།

རླུང་ལ་བཀའ་བཀྱོན་མཛད་ཅིང་རྦ་རླབས་ལ་

“ཞི་བར་གྱུར་ལ་ཁ་རོག་སྡོད་ཅིག་”

ཅེས་བཀའ་གནང་བས།

རླུང་འཇགས་ནས་མཚོ་ཡོངས་སུ་ཞི་བར་གྱུར།

40 དེ་ནས་ཁོང་གིས་ཉེ་གནས་ཚོར་

“ཁྱོད་ཚོ་ཞེད་དགོས་དོན་གང་ཡིན།

ཁྱོད་རང་ཚོ་ད་དུང་ཡིད་ཆེས་མེད་དམ་”

ཞེས་གསུངས།

41 ཁོ་ཚོ་ཤིན་ཏུ་འཇིགས་ནས་གཅིག་གིས་གཅིག་ལ་

“འདི་སུ་ཡིན་ནམ།

རླུང་དང་རྦ་རླབས་ཀྱིས་ཀྱང་ཁོང་གི་བཀའ་ལ་ཉན་པར་བྱེད་”

ཅེས་ཟེར་རོ།།

 

***************************************