Gospel of Mark (10) – མར་ཀུ (10)

Gospel of Mark (10) – མར་ཀུ (10)

1 དེ་ནས་ཡེ་ཤུ་ཡར་བཞེངས་ཏེ་ཡོར་དན་གཙང་པོའི་ཕར་ཕྱོགས་ཀྱི་ཡ་ཧུ་དཱ་ཡུལ་དུ་ཕེབས་པ་དང༌།

མི་ཚོགས་མང་པོ་ཡང་བསྐྱར་ཁོང་གི་དྲུང་དུ་འཛོམས་ཤིང༌།

ཁོང་རང་གི་ལུགས་སྲོལ་ལྟར་དེ་རྣམས་ལ་ཆོས་གསུངས།

2 ཕཱ་རུ་ཤི་པ་རྣམས་ཀྱིས་ཁོང་ལ་ཉམས་ཚོད་བྱེད་ཕྱིར་ཁོང་གི་དྲུང་དུ་ཡོང་སྟེ་

“དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་སྐྱེས་པས་རང་གི་བཟའ་ཟླ་བཞག་ཆོག་གམ་”

ཞེས་ཞུས།

3 ཁོང་གིས་

“ལུང་སྟོན་པ་མོ་ཤེ་ཡིས་ཁྱེད་རྣམས་ལ་བཀའ་གང་གནང་ཡོད་”

ཅེས་གསུངས་པས།

4 ཁོ་ཚོས་

“མོ་ཤེ་ཡིས་བཟའ་ཚང་ཁ་བྲལ་བའི་ཡི་གེ་བྲིས་ནས་བཞག་ཆོག་ཅེས་བཀའ་གནང་ངོ་”

ཞེས་ཞུས་པ་ལ།

5 ཡེ་ཤུས་

“ཁྱོད་ཚོའི་སེམས་མཁྲེགས་པོ་ཡིན་པས་མོ་ཤེ་ཡིས་བཀའ་འདི་ལྟར་གནང་བ་ཡིན་ཏེ།

6 འོན་ཀྱང་ཐོག་མ་འཇིག་རྟེན་འདི་བཀོད་དུས་ནས་དཀོན་མཆོག་གིས་མི་ཕོ་མོ་གཉིས་མཛད་པ་ཡིན།

7 དེའི་རྐྱེན་གྱིས་སྐྱེས་པས་རང་གི་ཕ་མ་བཞག་ནས་རང་གི་བཟའ་ཟླ་དང་མཉམ་དུ་འདུས་ཤིང༌།

8 ཁོ་གཉིས་ཤ་རུས་གཅིག་ཏུ་གྱུར་ནས་སོ་སོ་བ་མིན་ཏེ་གཅིག་རང་ཡིན།

9 དེའི་ཕྱིར་དཀོན་མཆོག་གིས་གང་སྦྲེལ་བར་མཛད་པ་དེ་མི་སུས་ཀྱང་ཕྲལ་བར་མི་རུང་”

ཞེས་གསུངས།

10 ཁང་པའི་ནང་དུ་ཉེ་གནས་རྣམས་ཀྱིས་ཁོང་ལ་སླར་ཡང་གསུང་དེའི་དོན་དྲིས་ནས།

11 ཁོང་གིས་

“སྐྱེས་པ་སུ་ཞིག་གིས་རང་གི་བཟའ་ཟླ་བཞག་ནས་བཟའ་ཟླ་གཞན་ཞིག་བླངས་ན་དེ་ནི་ལོག་གཡེམ་བྱས་པ་ཡིན་ལ་བཟའ་ཟླ་དང་པོར་ཉེས་པ་བསགས་པ་ཡང་ཡིན།

12 ཡང་བུད་མེད་ཅིག་གིས་རང་གི་སྐྱེས་པ་བཞག་ནས་སྐྱེས་པ་གཞན་དང་འགྲོགས་ན་དེའང་ལོག་གཡེམ་བྱས་པ་ཡིན་”

ཞེས་གསུངས།

བྱིས་པ་རྣམས་ལ་བྱིན་གྱིས་བརླབས་པ།

13 དེ་ནས་མི་འགའ་ཞིག་གིས་བྱིས་པ་རྣམས་ཁོང་གི་དྲུང་དུ་ཕྱག་གིས་རེག་པའི་ཕྱིར་ཁྲིད་ཡོང་སྟེ།

ཉེ་གནས་རྣམས་ཀྱིས་ཁོ་ཚོ་ལ་བཀའ་བཀྱོན་བཏང༌།

14 ཡེ་ཤུས་དེ་གཟིགས་ཏེ་ཐུགས་མ་མཉེས་པར་

“དཀོན་མཆོག་གི་རྒྱལ་སྲིད་ནི་འདི་ལྟ་བུ་རྣམས་ལ་གཏོགས་པ་ཡིན་པས།

བྱིས་པ་རྣམས་མ་འགོག་པར་ངའི་དྲུང་དུ་འོང་དུ་ཆུག་ཅིག

15 ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར།

སུ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་བྱིས་པའི་ཚུལ་དུ་མི་བླངས་ན།

དེའི་ནང་དུ་ཅི་ནས་ཀྱང་འགྲོ་མི་ཐུབ་བོ་”

ཞེས་གསུངས་ནས།

16 ཁོང་གིས་བྱིས་པ་དེ་རྣམས་སྐུ་པང་དུ་བསྣམས་ཤིང་ཕྱག་བཞག་སྟེ་བྱིན་གྱིས་བརླབས།

མི་ཕྱུག་པོ་ཞིག་ལ་ཆོས་གསུངས་པ།

17 དེ་ནས་ཡེ་ཤུ་ལམ་དུ་ཕེབས་པའི་སྐབས་སུ།

མི་ཞིག་རྒྱུགས་ཡོང་ནས་ཁོང་གི་དྲུང་དུ་པུས་མོ་སར་བཙུགས་ཏེ་

“སྟོན་པ་བཟང་པོ་ལགས།

དཔག་ཏུ་མེད་པའི་ཚེ་ཐོབ་ཕྱིར་ངས་གང་ཞིག་བྱ་དགོས་སམ་”

ཞེས་ཞུས།

18 འོན་ཀྱང་ཁོང་གིས་

“ཁྱེད་ཀྱིས་ང་ལ་ཅིའི་ཕྱིར་བཟང་པོ་ཟེར།

དཀོན་མཆོག་གཅིག་པུ་ལས་གཞན་བཟང་པོ་གཅིག་ཀྱང་མེད།

19 མིའི་སྲོག་མ་གཅོད།

ལོག་གཡེམ་མ་བྱེད།

རྐུ་མ་མ་རྐུས།

རྫུན་གྱི་དཔང་པོ་མ་བྱེད།

མགོ་སྐོར་མ་གཏོང༌།

རང་གི་ཕ་མར་བརྩི་བཀུར་བྱོས་ཤིག་ཅེས་གསུངས་པའི་བཀའ་ཁྲིམས་འདི་ཚོ་ཁྱེད་ཀྱིས་ཤེས་”

ཞེས་གསུངས།

20 ཡང་མི་དེས་

“སྟོན་པ་ལགས།

ངས་ཆུང་དུས་ནས་བཀའ་འདི་ཐམས་ཅད་བསྲུངས་པ་ཡིན་”

ཞེས་ཞུས།

21 ཡེ་ཤུས་ཁོ་ལ་གཟིགས་ནས་བྱམས་པར་མཛད་ཅིང་

“ཁྱོད་ལ་ད་དུང་དོན་གཅིག་མི་ཚང་བས།

ཁྱོད་སོང་ནས་རང་ལ་ཡོད་པ་ཐམས་ཅད་བཙོང་སྟེ་དབུལ་པོ་རྣམས་ལ་བྱིན་ཅིག

དེ་ནས་ཁྱོད་ལ་དཀོན་མཆོག་གི་ཞིང་ཁམས་ནས་ནོར་ཐོབ་པར་འགྱུར་བ་དང༌།

ཤོག

ངའི་རྗེས་སུ་འབྲོངས་”

ཞེས་གསུངས་པ་ལ།

22 མི་དེར་རྒྱུ་ནོར་མང་པོ་ཡོད་པས་གསུང་དེ་ཐོས་ནས་ངོ་མདོག་འགྱུར་ཞིང་སེམས་པ་སྐྱོ་པོར་གྱུར་ཏེ་ཕྱིར་སོང༌།

23 དེ་ནས་ཡེ་ཤུས་འཁོར་ལ་གཟིགས་ཤིང་ཉེ་གནས་རྣམས་ལ་

“ཕྱུག་པོ་རྣམས་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་འགྲོ་བ་ཤིན་ཏུ་དཀའོ་”

ཞེས་གསུངས་པས།

24 ཁོང་གི་གསུང་དེར་ཉེ་གནས་ཧ་ལས་སོ།

འོན་ཀྱང་ཡེ་ཤུས་སླར་ཡང་དེ་རྣམས་ལ་

“བུ་ཚོ།

དཀོན་མཆོག་གི་རྒྱལ་སྲིད་དུ་འགྲོ་བ་ནི་ཤིན་ཏུ་དཀའོ།

25 མི་ཕྱུག་པོ་ཞིག་དཀོན་མཆོག་གི་རྒྱལ་སྲིད་ནང་ལ་འགྲོ་བ་ལས་རྔ་མོང་ཞིག་ཁབ་མིག་བརྒྱུད་ནས་འགྲོ་བ་སླའོ་”

ཞེས་གསུངས་པ་དང༌།

26 ཉེ་གནས་རྣམས་དེ་བས་ཧང་སང་ཞིང་ཁོང་ལ་

“འོ་ན་སུ་ཞིག་ལ་ཐར་བ་ཐོབ་ཐུབ་བམ་”

ཞེས་ཞུས།

27 ཡེ་ཤུས་ཁོ་རྣམས་ལ་གཟིགས་ཏེ་

“དེ་ནི་མི་ལ་མི་སྲིད་ཀྱང་དཀོན་མཆོག་ལ་སྲིད་དོ།

དཀོན་མཆོག་ལ་ཐམས་ཅད་འགྲུབ་པར་སྲིད་དོ་”

ཞེས་གསུངས།

28 དེ་ནས་པེ་ཏྲོས་

“གཟིགས་དང༌།

ང་ཚོས་ཐམས་ཅད་དོར་ནས་ཁྱེད་ཀྱི་རྗེས་སུ་འབྲངས་པ་ཡིན་”

ཞེས་ཞུས་པ་ལ།

29 ཡེ་ཤུས་

“ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར།

མི་སུ་ཞིག་གིས་ང་དང་འཕྲིན་བཟང་གི་དོན་དུ་རང་གི་ཁྱིམ་ཚང་ངམ།

སྤུན་ནམ།

སྲིང་མོ་འམ།

ཕ་མའམ།

བུ་ཕྲུག་གམ།

ས་ཞིང་བཅས་བཞག་ན།

30 མི་དེ་ལ་ཚེ་འདིར་ཁྱིམ་ཚང་དང༌།

སྤུན།

སྲིང་མོ།

མ།

བུ་ཕྲུག

ས་ཞིང་སོགས་ལྡབ་བརྒྱ་འགྱུར་ཐོབ་པར་མ་ཟད་འཚེ་བ་ཡང་ཡོང་ཞིང༌།

མ་འོངས་པར་དཔག་ཏུ་མེད་པའི་ཚེ་འཐོབ་པར་ངེས།

31 འོན་ཀྱང་དང་པོ་ཡིན་པའི་མི་མང་པོ་མཐའ་མར་འགྱུར་ཞིང་མཐའ་མ་ཡིན་པ་མང་པོའང་དང་པོར་འགྱུར་འོང་”

ཞེས་གསུངས་སོ།།

སྟོན་པ་ཡེ་ཤུས་སླར་ཡང་དགྲོང་རྒྱུ་ཡིན་པའི་སྐོར་ལུང་བསྟན་གནང་བ།

32 དེ་ནས་ཁོང་རྣམས་ཡེ་རུ་ཤ་ལེམ་ལ་ཕེབས་པའི་ལམ་དུ།

ཡེ་ཤུ་ཁོ་རྣམས་ཀྱི་སྔོན་ལ་ཕེབས་ཤིང་ཉེ་གནས་རྣམས་ཡ་མཚན་སྐྱེས་པ་དང་རྗེས་སུ་འབྲང་མཁན་རྣམས་འཇིགས།

ཁོང་གིས་ཡང་བསྐྱར་ཉེ་གནས་བཅུ་གཉིས་པོ་ཟུར་ལ་ཁྲིད་དེ།

རང་ལ་གང་འབྱུང་རྒྱུ་ཡིན་པའི་གནས་ཚུལ་རྣམས་གསུངས་པ་འདི་ལྟར་ཏེ་

33 “ལྟོས་དང༌།

ང་ཚོ་ད་ལྟ་ཡེ་རུ་ཤ་ལེམ་གྲོང་ཁྱེར་དུ་འགྲོ་བཞིན་ཡོད།

མིའི་རིགས་ཀྱི་བུ་ནི་ཡ་ཧུ་དཱ་པའི་བླ་ཆེན་དང་ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱི་དབང་དུ་བཏང་ནས།

ཁོ་ཚོས་ཁོ་རང་གསོད་དགོས་པའི་ཁྲིམས་ཐག་བཅད་ནས་ཡ་ཧུ་དཱ་པ་མིན་པ་རྣམས་ལ་གཏད་ཡོང༌།

34 ཁོ་ཚོས་ཁོ་རང་ལ་འཕྱ་དམོད་བྱེད་པ་དང༌།

མཆིལ་མ་གཏོར་བ་དང་རྟ་ལྕག་གིས་བརྡུངས་ནས་གསོད་པར་འགྱུར།

དེ་ནས་ཉིན་ཞག་གསུམ་སོང་ནས་སླར་ཡང་གསོན་པོར་ལང་ངེས་ཡིན་”

ཞེས་གསུངས།

ཡ་ཀོབ་དང་ཡོ་ཧ་ནན་གྱི་ཞུ་བ།

35 དེ་ནས་ཟེ་བད་ཡཱ་ཞེས་པ་དེའི་བུ་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ཡེ་ཤུའི་དྲུང་དུ་ཡོང་སྟེ་

“སྟོན་པ་ལགས།

ངེད་གཉིས་ཀྱིས་ཁྱེད་ལ་གང་ཞུས་པ་དེ་གནང་བར་ཞུ་”

ཞེས་ཞུས་པ་ལ།

36 ཁོང་གིས་

“ངས་ཁྱོད་ཚོའི་དོན་དུ་ཅི་བྱེད་དགོས་སམ་”

ཞེས་གསུངས།

37 ཡང་དེ་གཉིས་ཀྱིས་

“ཁྱེད་ཀྱི་གཟི་བརྗིད་ཀྱི་ཁྲོད་དུ་ངེད་གཉིས་ལས་གཅིག་ཁྱེད་ཀྱི་གཡས་ཕྱོགས་དང་གཅིག་གཡོན་ཕྱོགས་སུ་སྡོད་དུ་འཇུག་པར་མཛོད་”

ཅེས་ཞུས།

38 ཡེ་ཤུས་

“ཁྱེད་གཉིས་ཀྱིས་གང་ཞུ་བའི་དོན་མི་ཤེས་ཏེ།

ངས་འཐུང་དགོས་པའི་སྡུག་བསྔལ་གྱི་ཕོར་པ་དེ་ལས་འཐུང་ཐུབ་བམ།

ངས་ལེན་དགོས་པའི་ཁྲུས་གསོལ་ལེན་ཐུབ་བམ་”

ཞེས་གསུངས་པ་ན།

39 དེ་གཉིས་ཀྱིས་ཁོང་ལ་

“ཐུབ་བོ་”

ཞེས་ཞུས།

ཡེ་ཤུས་

“ངས་འཐུང་བའི་ཕོར་པ་དེ་ཁྱེད་གཉིས་ཀྱིས་འཐུང་ཡོང༌།

ངས་ལེན་པའི་ཁྲུས་གསོལ་ཡང་ལེན་ཡོང༌།

40 འོན་ཀྱང་ངའི་གཡས་གཡོན་ལ་སྡོད་དུ་འཇུག་པའི་དབང་ཆ་དེ་ང་ལ་མེད།

མི་སུ་ལ་བཤམས་པ་ཡིན་པ་དེ་ལ་འཐོབ་བོ་”

ཞེས་གསུངས།

41 ཉེ་གནས་བཅུ་པོས་གཏམ་དེ་ཐོས་དུས་ཡ་ཀོབ་དང་ཡོ་ཧ་ནན་གཉིས་ལ་ཁོང་ཁྲོ་སྐྱེས།

42 ཡེ་ཤུས་ཁོ་ཚོ་རང་གི་དྲུང་དུ་བོས་ཏེ་

“ཁྱེད་ཚོས་ཤེས་པ་ལྟར།

ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ནང་ནས་དཔོན་པོའི་རིགས་སུ་གྱུར་བ་རྣམས་ཀྱིས་ཁོ་ཚོར་དབང་བྱེད་ཅིང༌།

མི་ཆེན་པོ་རྣམས་ཀྱིས་ཁོ་ཚོར་དབང་བསྒྱུར།

43 འོན་ཀྱང་ཁྱེད་ཚོའི་ནང་དུ་དེ་ལྟར་མ་ཡིན།

ཁྱེད་ཚོ་ལས་སུ་ཞིག་ཆེན་པོར་འགྱུར་འདོད་པ་དེ་ཁྱེད་ཚོའི་གཡོག་པོར་འགྱུར་དགོས་ཤིང༌།

44 ཁྱེད་ཚོ་ལས་སུ་ཞིག་དང་པོར་འགྱུར་འདོད་པ་དེ་མི་ཀུན་གྱི་བྲན་གཡོག་ཏུ་འགྱུར་དགོས།

45 གང་ལགས་ཟེར་ན།

མིའི་རིགས་ཀྱི་བུ་ཡང་གཞན་གྱིས་རང་ལ་གཡོག་བྱེད་པའི་ཕྱིར་ཡོང་བ་མ་ཡིན་པར།

གཞན་ལ་གཡོག་བྱེད་པ་དང་རང་སྲོག་ཕུལ་ནས་མི་མང་པོ་ལ་ཐར་པ་ཐོབ་པའི་ཕྱིར་ཡོང་བ་ཡིན་”

ཞེས་གསུངས།

པར་ཐི་མེ་ཟི་ཞེས་པའི་མིག་ལོང་བའི་སྐོར།

46 དེ་ནས་ཡེ་རུ་ཀོ་གྲོང་ཁྱེར་དུ་ཕེབས་ཤིང༌།

ཁོང་ཉེ་གནས་དང་མི་ཚོགས་མང་པོ་མཉམ་དུ་ཡེ་རུ་ཀོ་ནས་ཐོན་པའི་སྐབས་སུ།

ཐི་མེ་ཟིའི་བུ་མིང་ལ་པར་ཐི་མེ་ཟི་ཞེས་པའི་སྤྲང་པོ་ལོང་བ་ཞིག་ལམ་ཁར་བསྡད་ཡོད།

47 སྤྲང་པོ་དེས་ན་ཙ་རེལ་པ་ཡེ་ཤུ་ཕེབས་པའི་གཏམ་ཐོས་ནས་སྐད་ཆེན་པོས་

“ཀྱེ།

ཡེ་ཤུ་དཱ་བིད་ཀྱི་སྲས།

ང་ལ་ཐུགས་རྗེས་གཟིགས་དང་”

ཞེས་ཞུས།

48 མི་མང་པོས་ཁོ་ལ་ཁ་རོག་སྡོད་ཅེས་ནན་གྱིས་བསྐུལ་ནའང༌།

ཁོས་དེ་བས་སྐད་ཆེན་པོས་

“ཀྱེ།

དཱ་བིད་ཀྱི་སྲས་ཁྱེད་ཀྱིས་ང་ལ་ཐུགས་རྗེས་གཟིགས་རོགས་”

ཞེས་ཞུས།

49 དེ་ནས་ཡེ་ཤུས་ཕེབས་མཚམས་བཞག་སྟེ་

“ལོང་བ་དེ་ཚུར་ལ་བོས་ཤིག་”

ཅེས་གསུངས་པ་དང༌།

ཁོ་ཚོས་ལོང་བ་དེ་སྐད་བཏང་ཞིང་དེ་ལ་

“བློ་བདེ་བར་གྱིས།

ཁོང་གིས་ཁྱོད་ལ་ཚུར་ཤོག་ཅེས་གསུངས།

ཡར་ལོངས་”

ཞེས་བཤད།

50 ཁོས་རང་གི་སྟོད་གོས་བསྐྱུར་ནས་མགྱོགས་པོར་ཡར་ལངས་ཏེ་ཁོང་གི་སྐུ་མདུན་དུ་ཡོང༌།

51 ཡེ་ཤུས་

“ངས་ཁྱེད་ལ་གང་བྱེད་དགོས་སམ་”

ཞེས་གསུངས་པ་དང༌།

མི་ལོང་བ་དེས་

“སློབ་དཔོན་ལགས།

ངའི་མིག་གིས་མཐོང་ནུས་པར་མཛོད་”

ཅེས་ཞུས་པ་ན།

52 ཡེ་ཤུས་

“ད་ལྟ་ཁྱེད་རང་སོང་དང༌།

ཁྱེད་ཀྱི་དད་པས་གསོས་ཟིན་ནོ་”

ཞེས་གསུངས་མ་ཐག་ཁོའི་མིག་གིས་མཐོང་བར་གྱུར་བས།

ཁོ་རང་ལམ་བར་ནས་ཡེ་ཤུའི་རྗེས་སུ་འབྲངས་སོ།།

 

***************************************