Gospel of Matthew (5) – མད་ཐཱ། (5)

Gospel of Matthew (5) – མད་ཐཱ། (5)

1 མི་ཚོགས་གཟིགས་ནས་ཡེ་ཤུ་རི་ཞིག་གི་སྟེང་ལ་ཡར་ཕེབས་ཏེ། དེར་བཞུགས་པ་དང་ཁོང་གི་ཉེ་གནས་རྣམས་སྐུ་མདུན་དུ་ཡོང༌།

2 ཡང་ཁོང་གིས་ཁོ་རྣམས་ལ་ཆོས་བསྟན་ཏེ་གསུངས་པ།

3 “སེམས་རྒྱུད་དབུལ་རྣམས་བདེ་བ་དང་ལྡན་ཏེ།།

དཀོན་མཆོག་རྒྱལ་སྲིད་ཁོང་ཚོའི་ཡིན་པས་སོ།།

4 མྱ་ངན་ཅན་རྣམས་བདེ་བ་དང་ལྡན་ཏེ།།

ཁོ་ཚོར་སེམས་གསོ་འཐོབ་ངེས་ཡིན་པས་སོ།།

5 སྙེམས་ཆུང་བ་རྣམས་བདེ་བ་དང་ལྡན་ཏེ།།

ཁོ་ཚོ་ས་གཞིའི་བདག་པོར་འགྱུར་བས་སོ།།

6 བཀྲེས་སྐོམ་ཅན་གྱི་དྲང་བདེན་མི་དེ་རྣམས།།

བདེ་བ་ཡིན་ཏེ་བློ་ཡིད་ཚིམ་པས་སོ།།

7 སྙིང་རྗེ་ཅན་གྱི་མི་རྣམས་བདེ་བ་སྟེ།།

ཁོ་ཚོར་སྙིང་རྗེ་ངེས་པར་འཐོབ་པས་སོ།།

8 ལྷད་མེད་སེམས་བཟང་ཅན་དག་བདེ་བ་སྟེ།།

ཁོ་ཚོས་དཀོན་མཆོག་མཇལ་བར་འགྱུར་བས་སོ།།

9 འདུམ་སྒྲིག་མཁན་རྣམས་བདེ་བ་དང་ལྡན་ཏེ།།

ཁོ་ཚོར་དཀོན་མཆོག་སྲས་ཞེས་འབོད་པས་སོ།།

10 དྲང་བདེན་ཉིད་ཕྱིར་འཚེ་བ་ཕོག་པ་རྣམས།།

དཀོན་མཆོག་རྒྱལ་སྲིད་ཁོ་ཚོའི་ཡིན་པས་བདེའོ།།

11 ངའི་དོན་དུ་མི་རྣམས་ཀྱིས་ཁྱེད་ཚོར་དམའ་བེབས་གཏོང་ཞིང༌། གནོད་སྐྱེལ་བ་དང༌། རྫུན་ཤོད་དེ་ཚིག་ངན་སྣ་ཚོགས་སྨྲ་བའི་སྐབས་སུ་ཁྱེད་རྣམས་བདེ་བ་ཡིན།

12 དཀོན་མཆོག་གི་ཞིང་ཁམས་སུ་ཁྱེད་ལ་བྱ་དགའ་ཆེན་པོ་ཡོད་པས་དགའ་བ་སྐྱེད་པར་གྱུར་ཅིག གང་ཡིན་ཟེར་ན། ཁྱེད་ཚོའི་སྔོན་ལ་ཡོད་པའི་ལུང་སྟོན་པ་ལའང་དེ་ལྟར་གནོད་བསྐྱལ་བ་ཡིན།”

ཚྭ་དང་འོད་ཀྱི་དཔེ།

13 “ཁྱེད་རྣམས་འཇིག་རྟེན་གྱི་ཚྭ་ཡིན། འོན་ཀྱང་ཚྭའི་བྲོ་བ་ཡལ་ན། དེའི་བྲོ་བ་སླར་གང་གིས་གསོ་བར་བྱེད་དམ། དེ་ཕན་མེད་དུ་གྱུར་བས་ཕྱི་ལ་གཡུགས་ནས་མིའི་རྐང་པས་རྫི་བར་འགྱུར།

14 ཁྱེད་ཚོ་ནི་འཇིག་རྟེན་གྱི་འོད་ཡིན། རི་ལ་ཆགས་པའི་གྲོང་ཁྱེར་བཀབ་མི་སྲིད།

15 མི་སུས་ཀྱང་སྒྲོན་མེ་ཞིག་སྤར་ནས་བྲེའི་འོག་ཏུ་མི་འཇོག སྟེགས་བུའི་སྟེང་དུ་བཞག་ནས་ཁང་པའི་ནང་གི་མི་ཐམས་ཅད་ལ་འོད་སྤྲོ།

16 དེ་ལྟར་ཁྱེད་ཚོའི་འོད་ཀྱང་མི་རྣམས་ཀྱི་མདུན་དུ་འོད་སྤྲོ་བར་འཇུག་དགོས། དེ་ནས་ཁྱེད་ཚོས་བྱེད་པའི་བྱ་བ་བཟང་པོ་ཁོ་ཚོས་མཐོང་ནས་ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་ལ་བསྟོད་བསྔགས་བྱེད་པར་འགྱུར།”

ལུང་སྟོན་པ་རྣམས་དང་ཆོས་ཁྲིམས་ཀྱི་སྐོར།

17 “ང་ཡོང་བ་ནི་ཆོས་ཁྲིམས་སམ་ལུང་སྟོན་པའི་བསྟན་པ་མེད་པར་བྱེད་པར་མ་སོམས་ཤིག ང་མེད་པར་བྱེད་དུ་མིན་ཏེ་དེ་ཚོ་སྒྲུབ་པའི་ཆེད་དུ་ཡོང་བ་ཡིན།

18 ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། གནམ་ས་གཉིས་མ་འདའ་བའི་བར་དུ་ཆོས་ཁྲིམས་ཀྱི་ཚེག་གམ་ཡིག་འབྲུ་གཅིག་ཀྱང་མེད་པར་མི་འགྱུར་གྱི། ཐམས་ཅད་འགྲུབ་པར་འགྱུར་ངེས་ཡིན།

19 དེའི་ཕྱིར་མི་སུ་འདྲ་ཞིག་གིས་བཀའ་ཁྲིམས་འདི་རྣམས་ལས་ཆུང་ཤོས་ཤིག་དང༌། ཡང་འགལ་ནས་མི་གཞན་རྣམས་ལའང་དེ་ལྟར་བྱེད་པར་སློབ་མཁན་ནི་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་ཆུང་ཤོས་ཟེར་བར་འགྱུར། འོན་ཀྱང་བཀའ་ཁྲིམས་དེ་ཚོ་སྲུང་ཞིང་སློབ་མཁན་ནི་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་ཆེན་པོ་ཟེར་བར་འགྱུར།

20 ངས་ཁྱེད་ཚོ་ལ་ཟེར་རྒྱུར། གལ་ཏེ་ཁྱེད་ཚོས་ཆོས་ཁྲིམས་ལ་མཁས་པའི་མི་དང༌། ཕཱ་རུ་ཤི་པ་རྣམས་ལས་དཀོན་མཆོག་གི་བཀའ་ཁྲིམས་ལེགས་པར་མ་མཉན་ན། ཁྱེད་ཚོ་དཀོན་མཆོག་གི་རྒྱལ་སྲིད་དུ་འཛུལ་བར་མི་སྲིད།

21 གནའ་བོའི་དུས་ཀྱི་མི་རྣམས་ལ་མིའི་སྲོག་མ་གཅོད་ཅིག་ཅེས་དང༌། མིའི་སྲོག་གཅོད་མཁན་ལ་ཁྲིམས་གཅོད་འཕོག་ཉེན་ཡོད་ཅེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

22 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། མི་སུས་ཀྱང་རང་གི་སྤུན་ཟླ་ལ་ཁྲོ་མཁན་དེ་རྣམས་ལ་ཡང་ཁྲིམས་གཅོད་འཕོག་ཉེན་ཡོད་ཅིང༌། རང་གི་སྤུན་ཟླ་ལ་ཁ་ངན་ཤོད་མཁན་ལ་རྒྱལ་ཚོགས་ཀྱི་མདུན་དུ་ཁྲིམས་གཅོད་འཕོག་ཉེན་ཡོད། གཞན་ལ་བླུན་པོ་ཁྱོད་ཅེས་ཟེར་མཁན་རྣམས་ལ་མེ་དང་ལྡན་པའི་དམྱལ་ཁམས་ལ་འགྲོ་ཉེན་ཡོད།

23 དེའི་ཕྱིར་མཆོད་ཁྲིའི་མདུན་དུ་མཆོད་པ་ཞིག་ཕུལ་བའི་སྐབས་སུ་དེར་ཁྱེད་ཀྱི་སྤུན་ཟླ་ཁྱེད་དང་མ་མཐུན་པ་ཞིག་ཡོད་པར་དྲན་ན།

24 ཁྱེད་ཀྱི་མཆོད་པ་དེ་མཆོད་ཁྲིའི་མདུན་དུ་བཞག་ནས་སོང་ལ། སྔོན་དུ་ཁྱེད་ཀྱི་སྤུན་ཟླ་དང་སྡུམ་པར་གྱུར་ཅིག དེ་ནས་ཤོག་ལ་ཁྱེད་ཀྱི་མཆོད་པ་ཕུལ།

25 ཁྱེད་དང་ཁྱེད་ཀྱི་ཁ་གཏད་གཉིས་ཁྲིམས་རར་འགྲོ་དུས་ལམ་བར་དུ་ཁོ་དང་མགྱོགས་པོར་མཐུན་འགྲིག་བྱོས་ཤིག དེ་མིན་ན་ཁ་གཏད་དེས་ཁྱོད་ཁྲིམས་དཔོན་ལ་གཏོད་པ་དང༌། ཁྲིམས་དཔོན་གྱིས་བཙོན་སྲུང་པར་གཏད་ནས་ཁྱེད་བཙོན་ཁང་དུ་འཇུག་ཉེན་ཡོད།

26 དེ་ལྟར་ན་ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། མཐའ་མའི་སྒོར་མོ་གཅིག་དེ་ཡང་འཇལ་མ་ཚར་བའི་བར་དུ་ཁྱོད་དེ་ལས་ཐར་མི་སྲིད།”

ལོག་གཡེམ་དང་བཟའ་ཚང་ཁ་བྲལ་བའི་སྐོར།

27 “ལོག་གཡེམ་མ་བྱོས་ཤིག་ཅེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

28 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། སུས་ཀྱང་འདོད་ཆགས་ཀྱི་སེམས་ཀྱིས་བུད་མེད་ཅིག་ལ་བལྟས་ན་ཡང་རང་གི་སེམས་ལ་ཁོ་མོ་མཉམ་དུ་ལོག་གཡེམ་བྱས་ཟིན་ནོ།

29 གལ་ཏེ་ཁྱེད་ཀྱི་མིག་གཡས་པས་ཁྱེད་སླུ་བར་བྱས་ན། མིག་དེ་བཏོན་ནས་དབྱུག་ཅིག ལུས་ཧྲིལ་པོ་དམྱལ་ཁམས་སུ་གཡུག་པ་ལས་ཁྱེད་ཀྱི་ལུས་ཀྱི་ཡན་ལག་གཅིག་བརླག་པ་དེ་ལེགས།

30 ཡང་གལ་ཏེ་ཁྱེད་ཀྱི་ལག་གཡས་པ་ཡིས་ཁྱེད་སླུ་བར་བྱས་ན། ལག་པ་དེ་བཅད་ནས་དབྱུག་ཅིག ལུས་ཧྲིལ་པོ་དམྱལ་ཁམས་སུ་འགྲོ་བ་ལས་ཁྱེད་ཀྱི་ལུས་ཀྱི་ཡན་ལག་གཅིག་བརླག་པ་དེ་ལེགས།

31 རང་གི་བཟའ་ཟླ་བཞག་པ་དེས་ཁོ་མོ་ལ་བཟའ་ཚང་ཁ་བྲལ་བའི་ཡི་གེ་སྤྲོད་དགོས་ཞེས་གསུངས་ཡོད།

32 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། ལོག་གཡེམ་གྱི་རྒྱུ་ཡིས་མ་གཏོགས་པར། རང་གི་བཟའ་ཟླ་བཞག་པ་དེས་ཁོ་མོ་ལ་ལོག་གཡེམ་བྱེད་དུ་འཇུག བཟའ་ཚང་ཁ་བྲལ་མྱོང་བའི་བུད་མེད་གཅིག་བཟའ་ཟླར་ལེན་མཁན་དེས་ལོག་གཡེམ་བྱེད།”

མནའ་སྐྱེལ་བའི་སྐོར།

33 “ཡང་གནའ་བོའི་དུས་ཀྱི་མི་རྣམས་ལ་རྫུན་གྱི་དམ་བཅའ་མ་འཇོག་ཅིག གཙོ་བོ་དཀོན་མཆོག་ལ་དམ་བཅའ་སྒྲུབ་པར་བྱོས་ཤིག་ཅེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

34 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། མནའ་ནམ་ཡང་མ་སྐྱེལ་ཞིག ཞིང་ཁམས་ནི་དཀོན་མཆོག་གི་བཞུགས་ཁྲི་ཡིན་པས། དཀོན་མཆོག་གི་ཞིང་ཁམས་དཔང་དུ་འཛུགས་ཏེ་མནའ་མ་སྐྱེལ།

35 ས་གཞི་ནི་ཁོང་གི་ཞབས་སྟེགས་ཡིན་པས། ས་གཞི་དཔང་དུ་འཛུགས་ཏེ་མནའ་མ་སྐྱེལ། ཡེ་རུ་ཤ་ལེམ་ནི་རྒྱལ་པོ་ཆེན་པོའི་གྲོང་ཁྱེར་ཡིན་པས་དེ་དཔང་དུ་འཛུགས་ཏེ་མནའ་མ་སྐྱེལ།

36 ཡང་ཁྱེད་ཀྱིས་རང་གི་མགོའི་སྐྲ་གཅིག་ཀྱང་དཀར་པོའམ་ནག་པོར་བྱེད་མི་ཐུབ་པས་རང་གི་མགོ་དཔང་དུ་འཛུགས་ཏེ་མནའ་མ་སྐྱེལ་བར།

37 ཡིན་ན་ཡིན་དང་མིན་ན་མིན་གྱི་གཏམ་དྲང་པོ་ཤོད་ཅིག དེ་ལས་ལྷག་པ་ཇི་ཡོད་ངན་པ་ལས་འབྱུང༌།”

དགྲ་ཤ་ལེན་པའི་སྐོར།

38 “མིག་གི་ལན་ལ་མིག་དང་སོ་ཡི་ལན་ལ་སོ་ཞེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

39 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། མི་ངན་པ་ལ་མ་རྒོལ་ཞིག སུས་ཀྱང་ཁྱེད་ལ་འགྲམ་པ་གཡས་པ་ལ་འགྲམ་ལྕག་བཞུས་ན། དེ་ལ་འགྲམ་པ་གཞན་ཡང་སྟོན།

40 སུ་ཞིག་གིས་ཁྱེད་ཁྲིམས་རར་འཁྲིད་ནས་ནང་གོས་འཁྱེར་འདོད་ན། ཁོ་ལ་ཕྱི་གོས་ཀྱང་འཁྱེར་དུ་ཆུག་ཅིག

41 ཡང་སུ་ཞིག་གིས་ཁྱེད་ལ་སྤྱི་ལེ་གཅིག་དབང་གིས་འགྲོ་རུ་བཅུག་ན། ཁོ་དང་སྤྱི་ལེ་གཉིས་སོང༌།

42 ཁྱེད་ལ་གང་ཞིག་ཞུས་མཁན་ལ་སྦྱིན། གཡར་འདོད་མཁན་ལ་རྒྱབ་སྟོན་མ་བྱེད་ཅིག”

དགྲ་བོ་ལ་བྱམས་པའི་སྐོར།

43 “ཁྱིམ་མཚེས་ལ་བྱམས་ཤིང་དགྲ་བོ་ལ་སྡང་ཞེས་གསུངས་པ་ཁྱེད་རྣམས་ཀྱིས་ཐོས་ཡོད།

44 འོན་ཀྱང་ངས་ཁྱེད་ཚོ་ལ་ཟེར་རྒྱུར། ཁྱེད་ཀྱི་དགྲ་བོ་རྣམས་ལ་བྱམས་པ་གྱིས་ཤིག ཁྱེད་ལ་གནོད་འཚེ་བྱེད་མཁན་རྣམས་ཀྱི་དོན་དུ་གསོལ་སྨོན་འདེབས་ཤིག 45 དེ་ལྟར་བྱས་ན་ཁྱེད་ཚོ་ཞིང་ཁམས་སུ་བཞུགས་པའི་ཁྱེད་ཀྱི་ཡབ་ཀྱི་སྲས་སུ་འགྱུར། གང་ཡིན་ཟེར་ན། ཁོང་གིས་མི་ངན་པ་དང་བཟང་པོ་གཉིས་ཀར་རང་གི་ཉི་མ་ཤར་དུ་འཇུག་ཅིང༌། རང་གཤིས་དྲང་པོ་དང་དྲང་པོ་མིན་པ་གཉིས་ཀར་ཆར་པ་འབེབས་པར་མཛད་པས་སོ།

46 ཡང་ཁྱེད་ལ་བྱམས་པ་བྱེད་མཁན་ལ་བྱམས་ན་ཁྱེད་ལ་བྱ་དགའ་གང་འཐོབ་ཡོང༌། ཁྲལ་སྡུད་མཁན་གྱིས་ཀྱང་དེ་ལྟར་མི་བྱེད་དམ།

47 ཁྱེད་ཀྱི་སྤུན་ཟླ་ཁོ་ནར་འཚམས་འདྲི་ཞུས་ན། མི་གཞན་ལས་ལྷག་པར་གང་བྱེད། ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་ཀྱང་དེ་ལྟར་མི་བྱེད་དམ།

48 དེའི་ཕྱིར་ཞིང་ཁམས་སུ་བཞུགས་ཏེ་ཁྱེད་ཀྱི་ཡབ་མ་ཚང་བ་མེད་པ་ཡིན་པ་ལྟར། ཁྱེད་ཀྱང་མ་ཚང་བ་མེད་པ་ཡིན་པར་དགོས་སོ།།”

 

*******************************************