Gospel of Matthew (9) – མད་ཐཱ། (9)

Gospel of Matthew (9) – མད་ཐཱ། (9)

1 ཡེ་ཤུ་གྲུའི་ནང་བཞུགས་ནས་མཚོའི་ཕ་རོལ་དུ་རང་གི་གྲོང་ཁྱེར་ལ་ཕེབས།

2 དེ་ནས་མི་ཁ་ཤས་ཀྱིས་གོམ་པ་སྤོ་མི་ཐུབ་པའི་ནད་པ་གཅིག་ཉལ་ཁྲི་སྟེང་ལ་ཁུར་ནས་ཁོང་གི་དྲུང་དུ་འོངས། ཁོ་ཚོའི་དད་སེམས་མཁྱེན་ནས་ཁོང་གིས་ནད་པ་དེར་ “བུ། བློ་བདེ་བར་བྱོས་ཤིག ཁྱེད་ཀྱི་སྡིག་ཉེས་བསལ་ཟིན་པ་ཡིན་” ཞེས་གསུངས་པས།

3 དེར་ཡོད་པའི་ཆོས་ཁྲིམས་ལ་མཁས་པའི་མི་ཁ་ཤས་ཀྱི་བསམ་པ་ལ་མི་འདིས་དཀོན་མཆོག་ལ་སྐུར་བ་འདེབས་སྙམ།

4 ཁོ་ཚོའི་བསམ་པ་མཁྱེན་ནས་ཡེ་ཤུས་ཁོ་ཚོར་ “ཁྱོད་ཚོས་བསམ་བློ་ངན་པ་འདི་ལྟར་བཏང་དགོས་པའི་རྒྱུ་མཚན་གང་ཡིན།

5 ཁྱེད་ཀྱི་སྡིག་ཉེས་བསལ་ཟིན་ཟེར་བ་ལས་སླ་པོ་ཡིན་ནམ། ཡང་ན། ལོངས་ལ་སོང་ཞིག་ཟེར་བ་ལས་སླ་པོ་ཡིན།

6 འོན་ཀྱང་མིའི་རིགས་ཀྱི་བུ་ཟེར་མཁན་དེ་ལ་འཇིག་རྟེན་འདིར་སྡིག་ཉེས་སེལ་བའི་དབང་ཡོད་པ་ཁྱོད་ཚོས་ཤེས་པའི་ཕྱིར༌༌༌༌” ཞེས་གསུངས་ནས་ཁོང་གིས་ནད་པ་དེ་ལ་ “ལོངས་ལ་ཉལ་ཁྲི་ཁྱེར་ནས་ནང་ལ་ལོག་ཅིག་” ཅེས་གསུངས་པས།

7 མི་དེ་ཡར་ལངས་ནས་ཁྱིམ་དུ་ཕྱིར་ལོག

8 མི་ཚོགས་ཀྱིས་དེ་མཐོང་ནས་ཡ་མཚན་གྱིས་ཁེངས་ཤིང༌། དེ་ལྟར་ཆེ་བའི་དབང་མི་རྣམས་ལ་གནང་མཁན་གྱི་དཀོན་མཆོག་ལ་བསྟོད་པ་ཕུལ།

མད་ཐཱ་ཉེ་གནས་སུ་བོས་པ།

9 ཡེ་ཤུ་ཕར་ཕེབས་པའི་དུས་སུ་མད་ཐཱ་ཞེས་ཟེར་བའི་མི་ཞིག་ཁྲལ་སྡུད་སར་བསྡད་ཡོད་པ་ཁོང་གིས་གཟིགས་ནས་ཁོ་ལ་ “ཁྱེད་རང་ངའི་རྗེས་སུ་ཤོག་” ཅེས་གསུངས་པས། ཁོ་ཡར་ལངས་ཏེ་ཁོང་གི་རྗེས་སུ་འབྲངས།

10 ཡེ་ཤུས་ཁྱིམ་ནང་དུ་ཞལ་ལག་བཞེས་པའི་སྐབས་སུ། ཁྲལ་སྡུད་མཁན་དང་སྡིག་ཉེས་ཅན་མང་པོ་ཞིག་ཡོང་ནས་ཡེ་ཤུ་དང་ཁོང་གི་ཉེ་གནས་མཉམ་དུ་ཟས་ཟ་བཞིན་ཡོད།

11 དེ་ཕཱ་རུ་ཤི་པ་རྣམས་ཀྱིས་མཐོང་ནས་ཁོང་གི་ཉེ་གནས་རྣམས་ལ་ “ཁྱོད་ཚོའི་སྟོན་པས་ཁྲལ་སྡུད་མཁན་དང་སྡིག་ཉེས་ཅན་རྣམས་དང་མཉམ་དུ་ཞལ་ལག་བཞེས་བཞིན་པ་འདི་ཅི་ཡིན་” ཞེས་ཟེར།

12 ཡེ་ཤུས་གཏམ་དེ་གསན་ནས་ “ཁམས་བཟང་པོའི་མི་རྣམས་ལ་སྨན་པ་མི་དགོས་ཀྱི། ནད་པ་ཚོ་ལ་དགོས་སོ།

13 སོང་ལ། ང་ནི་མཆོད་པ་ལ་མི་དགའ་བར་སྙིང་རྗེའི་སེམས་ལ་དགའོ་ཞེས་གསུངས་པའི་དོན་གང་ཡིན་ཤེས་པར་གྱིས་ཤིག ང་རང་ནི་མི་དྲང་ལྡན་རྣམས་འབོད་དུ་ཡོང་བ་མ་ཡིན་གྱི། མི་སྡིག་ཅན་རྣམས་འབོད་དུ་ཡོང་བ་ཡིན་” ཞེས་གསུངས།*

སྨྱུང་གནས་སྐོར་འདྲི་བ།

14 དེ་ནས་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སློབ་མ་འགའ་ཞིག་ཡོང་ནས་ཡེ་ཤུ་ལ་ “ང་ཚོ་དང་ཕཱ་རུ་ཤི་པ་རྣམས་ཀྱིས་སྨྱུང་གནས་སྲུང་ཡང༌། ཁྱེད་ཀྱི་སློབ་མ་རྣམས་ཀྱིས་སྨྱུང་གནས་མི་སྲུང་བ་དེ་ཅི་ཡིན་” ཞེས་དྲིས།

15 ཡེ་ཤུས་ཁོ་ཚོར་ “ཆང་སའི་སྐབས། མག་པའི་རོགས་པ་རྣམས་ཀྱིས་མག་པ་དང་མཉམ་དུ་ཡོད་དུས་མྱ་ངན་བྱེད་སྲིད་དམ། འོན་ཀྱང་མག་པ་ཁོ་ཚོ་དང་ཁ་འབྲལ་བའི་དུས་ལ་འབབ་ཡོང༌། དུས་དེར་ཁོ་ཚོས་སྨྱུང་གནས་སྲུང་ངེས་སོ།

16 མི་སུས་ཀྱང་རས་མཐུག་པོས་གོས་སྲབ་པོར་ལྷན་པ་མི་རྒྱག ལྷན་པ་བརྒྱབ་ན་རས་མཐུག་པོ་དེས་གོས་སྲབ་པོའི་སྲུབས་ཁ་ཇེ་ཆེར་འགྲོའོ།

17 ཡང་མི་སུ་ཞིག་ཡིན་ཡང་རྒུན་འབྲུམ་ཆང་གསར་པ་པགས་པའི་ཁུག་མ་རྙིང་པའི་ནང་བསྙལ་བར་མི་བྱ་སྟེ། གལ་ཏེ་བསྙལ་ཚེ་ཆང་འཕེལ་ནས་ཁུག་མ་རྙིང་པ་གས་ཏེ་ཆང་དང་ཁུག་མ་གཉིས་ཀ་འཕྲོ་བརླག་འགྲོ་བར་འགྱུར། རྒུན་འབྲུམ་ཆང་གསར་པ་དེ་ཁུག་མ་གསར་པའི་ནང་དུ་བླུགས་ནས་གཉིས་ཀ་འཕྲོ་བརླག་མ་འགྲོ་བར་གནས་” ཞེས་གསུངས།

སྟོན་པ་ཡེ་ཤུས་བུ་མོ་ཞིག་སླར་གསོན་དུ་བཅུག་པ།

18 ཁོང་གིས་ཁོ་ཚོར་དེ་ལྟར་གསུང་སྐབས་དེར་ཡ་ཧུ་དཱ་པའི་འདུ་ཁང་གི་དཔོན་པོ་ཞིག་འོངས་ནས་ཁོང་གི་ཞབས་ལ་གཏུག་སྟེ་ “ངའི་བུ་མོ་ད་ལྟ་རང་ཤི་སོང༌། འོན་ཏེ་ཁྱེད་ཕེབས་ནས་ཁོ་མོའི་ལུས་སྟེང་ལ་ཕྱག་འཇོག་པར་མཛད་ན་དེ་ནས་ཁོ་མོ་གསོན་པར་འགྱུར་” ཞེས་ཞུས་ནས།

19 ཡེ་ཤུ་བཞེངས་ནས་ཉེ་གནས་དང་མཉམ་དུ་མི་དེའི་རྗེས་སུ་ཕེབས།

20 གློ་བུར་དུ་བུད་མེད་ལོ་བཅུ་གཉིས་ཀྱི་བར་དུ་ལུས་ནས་ཁྲག་འཛིར་བའི་ནད་ཕོག་པ་གཅིག་ཁོང་གི་རྒྱབ་ཏུ་ཡོང་ཞིང༌། ཁོང་གི་སྟོད་གོས་ཀྱི་མཐའ་འཛར་ལ་རེག

21 གང་ཡིན་ཞེ་ན། གལ་སྲིད་ངས་ཁོང་གི་ན་བཟའ་གཅིག་པུ་ལ་རེག་ན་ང་ནད་ལས་ཐར་འོང་བསམས།

22 ཡེ་ཤུས་སྐུ་ཕྱིར་འཁོར་ཏེ་ཁོ་མོར་གཟིགས་པ་དང་ “བུ་མོ། བློ་བདེ་བར་གྱུར་ཅིག ཁྱོད་ཀྱི་དད་པས་ཁྱོད་རང་ནད་ལས་ཐར་བ་ཡིན་” ཞེས་གསུངས་མ་ཐག་ཁོ་མོ་ནད་ལས་ཐར་བར་གྱུར།

23 ཡེ་ཤུ་དཔོན་པོའི་ཁྱིམ་ལ་ཕེབས་དུས་ཁོང་གིས་གླིང་བུ་གཏོང་མཁན་དང༌། མི་ཚོགས་ཀྱིས་ཅ་ཅོ་འདོན་པ་གཟིགས་ནས།

24 ཁོང་གིས་ཁོ་རྣམས་ལ་ “བུ་མོ་དེ་ཤི་མེད་པར་གཉིད་ཁུག་འདུག་པས་འདི་ནས་ཕར་སོང་ཞིག་” ཅེས་གསུངས་པས། ཁོ་ཚོས་ཁོང་ལ་ཁྲེལ་དགོད་བྱས།

25 འོན་ཀྱང་མི་ཚོགས་ཕྱི་རོལ་ཏུ་བཏོན་ནས་ཁོང་ཁྱིམ་ནང་དུ་ཕེབས་ཏེ་བུ་མོའི་ལག་པ་ནས་འཇུས་པས་བུ་མོ་ཡར་ལངས།

26 གནས་ཚུལ་འདི་ས་ཕྱོགས་དེའི་གང་སར་ཁྱབ།

ལོང་བ་གཉིས་དང་ལྐུགས་པ་གཅིག

27 ཡེ་ཤུ་དེ་ནས་ཕར་ཕེབས་པའི་ཚེ། མི་ལོང་བ་གཉིས་ཁོང་གི་རྗེས་སུ་འབྲངས་ཏེ་སྐད་ཆེན་པོས་ “ཀྱེ་རྒྱལ་པོ་དཱ་བིད་ཀྱི་སྲས། ང་ཚོ་ལ་ཐུགས་རྗེ་གཟིགས་” ཞེས་ཞུས།

28 ཁོང་ཁྱིམ་ལ་ཞུགས་དུས་མི་ལོང་བ་དེ་གཉིས་ཁོང་གི་མདུན་དུ་ཡོང༌། ཁོང་གིས་ཁོ་ཚོར་ “ངས་དོན་འདི་སྒྲུབ་པར་ཡིད་ཆེས་སམ་” ཞེས་གསུངས་པས་ཁོ་ཚོས་ཁོང་ལ་ “གཙོ་བོ་ལགས། ཡིད་ཆེས་སོ་” ཞེས་སྨྲས།

29 དེ་ནས་ཁོང་གིས་ཁོ་ཚོའི་མིག་ཟུང་ལ་རེག་སྟེ་ཁོ་གཉིས་ལ་ “ཁྱེད་ཚོའི་ཡིད་ཆེས་བཞིན་དུ་སྒྲུབ་པར་འགྱུར་” ཞེས་གསུངས་པས།

30 ཁོ་ཚོའི་མིག་ཕྱེ། ཡེ་ཤུས་ཁོ་ཚོར་ “དོན་འདི་མི་གཞན་ལ་མ་ཤོད་ཅིག་” ཅེས་ནན་གྱིས་བསྐུལ་ཡང༌།

31 མི་དེ་གཉིས་ཕྱི་རོལ་དུ་ཐོན་པ་དང༌། གཏམ་མང་པོ་བཤད་པས་ཁོང་གི་སྙན་གྲགས་ཡུལ་དེའི་གང་སར་ཁྱབ།

32 ལོང་བ་དེ་གཉིས་ཕར་ཕྱིན་རྗེས་མི་གཞན་པས་གདོན་འདྲེས་བཟུང་ནས་སྐད་ཆ་ཤོད་མི་ཐུབ་པའི་མི་ཞིག་ཁོང་གི་མདུན་དུ་ཁྲིད།

33 ཡེ་ཤུས་གདོན་འདྲེ་དེ་ཕྱིར་བསྐྲད་རྗེས་ལྐུགས་པ་དེས་སྐད་ཆ་བཤད་པས་མི་ཚོགས་ཡ་མཚན་ཆེན་པོ་སྐྱེས་ནས་ “ཡི་སི་ར་ཨེལ་ཡུལ་ལ་དེ་བཞིན་དུ་ནམ་ཡང་མ་མཐོང་” ཞེས་སྨྲས།

34 འོན་ཀྱང་ཕཱ་རུ་ཤི་པ་རྣམས་ཀྱིས་ “བདུད་ཀྱི་རྒྱལ་པོ་ལ་བརྟེན་ནས་ཁོས་གདོན་འདྲེ་སྐྲོད་” ཅེས་སྨྲས།

ལས་ཀ་བྱེད་མཁན་ཉུང་བའི་སྐོར།

35 དེ་ནས་ཡེ་ཤུ་གྲོང་ཁྱེར་དང་གྲོང་གསེབ་ཐམས་ཅད་བརྒྱུད་ནས་ཕེབས་ཏེ། ཁོ་ཚོའི་འདུ་ཁང་རྣམས་ལ་ཆོས་བསྟན་པ་དང༌། དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་བསྒྲགས་པ། ནད་རིགས་ཀུན་སེལ་བར་མཛད།

36 མི་ཚོགས་མང་པོ་ནི་རྫི་བོ་མེད་པའི་ལུག་དང་འདྲ་བར་རོགས་མེད་པ་དང་སྡུག་ཕོག་ཡོད་པར་གཟིགས་པས། ཁོང་གི་ཐུགས་ལ་སྙིང་རྗེ་འཁྲུངས།

37 ཉེ་གནས་རྣམས་ལ་ “སྟོན་ཐོག་རྔ་རྒྱུ་མང་པོ་ཡོད་ཀྱང་ལས་ཀ་བྱེད་མཁན་མང་པོ་མེད་པས།

38 ལོ་ཏོག་གི་བདག་པོར་སྟོན་ཐོག་སྡུད་མཁན་རྣམས་རང་གི་ས་ཞིང་ལ་གཏོང་བར་ཞུས་ཤིག་” ཅེས་གསུངས་སོ།།

 

*************************************************