Gospel of Matthew (24) – མད་ཐཱ། (24)

Gospel of Matthew (24) – མད་ཐཱ། (24)

1 ཡེ་ཤུ་མཆོད་ཁང་ཆེན་མོའི་ཁྱམས་ར་ནས་ཕྱིར་ཕེབས་སྐབས། དེའི་ཁང་པ་རྣམས་ཁོང་ལ་སྟོན་པའི་ཕྱིར་ཉེ་གནས་རྣམས་ཡོང་བ་དང༌།

2 ཁོང་གིས་ཁོ་རྣམས་ལ་ “ཁང་པ་ཆེན་པོ་འདི་རྣམས་མཐོང་བ་ཡིན་ནམ། ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། མ་འོངས་པའི་དུས་སུ་འདི་རུ་རྡོ་ཕ་བོང་གཅིག་སྟེང་གཅིག་ཀྱང་མི་ལུས་པར་ཐམས་ཅད་གཞིག་པར་འགྱུར་རོ་” ཞེས་གསུངས།

3 ཡེ་ཤུ་སྐྱུར་རུ་ཤིང་གི་རི་སྟེང་དུ་བཞུགས་པའི་ཚེ། ཉེ་གནས་རྣམས་ཟུར་དུ་ཁོང་གི་མདུན་ལ་ཡོང་ནས་ཁོང་ལ་ “དོན་འདི་རྣམས་དུས་ནམ་ཞིག་ལ་འབྱུང་ཞིང༌། ཁྱེད་ཀྱིས་འབྱོན་པ་དང་དུས་ཀྱི་མཐའ་མའི་རྟགས་གང་ཡིན་པ་ང་ཚོར་གསུང་རོགས་” ཞེས་ཞུས།

4 ལན་དུ་ཡེ་ཤུས་དེ་རྣམས་ལ་ “མི་སུས་ཀྱང་ཁྱེད་ཚོ་མི་སླུ་བའི་ཕྱིར་དོགས་ཟོན་གྱིས་ཤིག

5 མི་མང་པོས་ངའི་མིང་ཐོག་ནས་ཡོང་སྟེ་ང་རང་མཱ་ཤི་ཀ་ཡིན་ཞེས་ཟེར་ནས་མི་མང་པོར་མགོ་སྐོར་གཏོང་ངེས་ཡིན།

6 ཁྱེད་ཚོས་དམག་འཁྲུག་དང་དམག་འཁྲུག་སྐོར་གྱི་གཏམ་ཐོས་པའི་སྐབས་སུ་མ་འཇིགས་ཤིག དོན་འདི་ཚོ་འབྱུང་ངེས་ཀྱང་དེ་ནི་དུས་རབས་ཀྱི་མཐའ་མ་ད་དུང་མ་ཡིན།

7 རྒྱུ་མཚན་ནི་མི་རིགས་དང་མི་རིགས་འཁྲུག་ཅིང་རྒྱལ་ཁམས་དང་རྒྱལ་ཁམས་འཁྲུག་པ། ས་ཆ་ཁ་ཤས་ལ་མུ་གེ་དང་ས་ཡོམ་ཡང་འབྱུང་བར་འགྱུར།

8 འདི་ཚོ་ཐམས་ཅད་ནི་སྐྱེ་ཟུག་ཐོག་མ་དང་འདྲ་བ་ཡིན།

9 དེ་ནས་ཁོ་ཚོས་ཁྱེད་རྣམས་ལ་གནོད་འཚེ་བྱེད་པར་གཏད་ནས་གསོད་པར་འགྱུར། ངའི་མིང་གི་རྐྱེན་གྱིས་མི་རིགས་ཚང་མས་ཁྱེད་རྣམས་ལ་སྡང་བར་འགྱུར།

10 དེའི་ཚེ་མི་མང་པོ་དད་པ་ལོག་པར་གྱུར་ནས་གཅིག་གིས་གཅིག་ལ་རྒྱབ་གཏོད་བྱེད་ཅིང་སྡང་ཡོང༌།

11 ལུང་སྟོན་པ་རྫུན་མ་མང་པོ་ཞིག་འབྱུང་ཞིང་མི་མང་པོར་བསླུ་བྲིད་བྱེད་པར་འགྱུར།

12 བཀའ་ཁྲིམས་དང་འགལ་བ་འཕེལ་བས་མི་མང་ཆེ་བའི་བརྩེ་སེམས་ཉམས་པར་འགྱུར།

13 འོན་ཀྱང་ཚེའི་མཐའ་མཇུག་བར་དུ་བཟོད་པ་སྒོམ་པའི་མི་དེ་ལ་ཐར་པ་འཐོབ་ངེས་ཡིན།

14 ཡང་མི་རིགས་ཐམས་ཅད་ལ་དཔང་པོ་བྱེད་པའི་ཕྱིར་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་འདི་འཇིག་རྟེན་ཧྲིལ་པོར་སྒྲོག་པར་འགྱུར་ཞིང༌། དེ་ནས་དུས་ཀྱི་མཐའ་མ་འབྱུང༌།

15 ལུང་སྟོན་པ་ད་ནི་ཨེལ་གྱིས་གསུངས་པའི་སྟོང་བར་བྱེད་མཁན་གདུག་པ་ཅན་གནས་མཆོག་ལ་ལངས་བསྡད་པར་མཐོང་བའི་ཚེ། (འདི་ཀློག་མཁན་གྱིས་ཧ་གོ་བར་གྱིས་ཤིག)

16 ཡ་ཧུ་དཱ་ཡུལ་དུ་ཡོད་པའི་མི་རྣམས་རི་ལ་བྲོས་དགོས་ངེས་ཡིན།

17 ཁང་པའི་ཐོག་ལ་ཡོད་པ་མར་འབབ་ནས་རང་གི་ཁང་པའི་ནང་ནས་ཅ་ལག་མ་ལེན་ཅིག

18 ཞིང་ཁར་ཡོད་པའི་མི་རང་གི་ཕྱི་གོས་ལེན་དུའང་ངེས་པར་དུ་ཕྱིར་མི་ལོག་ཅིག

19 ཉིན་དེ་ཚོའི་རིང་ལ་བུད་མེད་ཕྲུ་གུ་འཁོར་བ་དང་བུ་ཕྲུག་ལ་འོ་མ་སྟེར་མཁན་རྣམས་ལ་སྙིང་རེ་རྗེ།

20 ཁྱེད་ཚོ་འབྲོས་པ་དེ་དགུན་ཁར་དང༌། ཡང་ན་ངལ་གསོ་བའི་ཉིན་མོར་མི་འབྱུང་བའི་ཕྱིར་ཁྱེད་ཚོས་སྨོན་ལམ་ཐོབས་ཤིག

21 དེའི་དུས་སུ་སྡུག་བསྔལ་ཤིན་ཏུ་ཆེན་པོ་འབྱུང་ཡོང༌། དེ་ལྟ་བུའི་སྡུག་བསྔལ་ཆེན་པོ་དེ་ཐོག་མར་འཇིག་རྟེན་བཀོད་པ་ནས་ད་ལྟའི་བར་དུ་བྱུང་མ་མྱོང་ལ་རྗེས་སུའང་རྩ་བ་ནས་འབྱུང་མི་སྲིད།

22 ཡང་སྡུག་བསྔལ་གྱི་ཉིན་དེ་རྣམས་ཉུང་བར་མ་མཛད་ན། མི་སུ་ཡང་ཐར་མི་ཐུབ། འོན་ཀྱང་ཁོང་གིས་བདམས་པའི་མི་རྣམས་ཀྱི་དོན་དུ་ཉིན་དེ་རྣམས་ཇེ་ཉུང་དུ་མཛད་པར་འགྱུར།

23 དེའི་དུས་སུ་མི་སུ་ཞིག་གིས་ཁྱེད་རྣམས་ལ་ལྟོས་ཤིག སྐྱབས་མགོན་མཱ་ཤི་ཀ་འདི་རུ་ཡོད། ཡང་ན་ལྟོས་ཤིག མཱ་ཤི་ཀ་དེ་རུ་ཡོད་ཟེར་ན། དེར་ཡིད་མ་ཆེས་ཤིག

24 གང་ལགས་ཟེར་ན། མཱ་ཤི་ཀ་རྫུན་མ་དང་ལུང་སྟོན་པ་རྫུན་མ་མང་པོ་འབྱུང་སྟེ། ངོ་མཚར་ཆེ་བའི་ལས་དང་རྟགས་མཚན་བསྟན་ནས་མགོ་སྐོར་བཏང་སྲིད་ན། བདམས་པའི་མི་རྣམས་ཀྱང་མགོ་འཁོར་བར་འགྱུར།

25 ཉོན་ཞིག ངས་ཁྱེད་ཚོར་སྔོན་ལ་བཤད་པ་ཡིན།

26 དེའི་ཕྱིར་ཁོ་ཚོས་ཁྱེད་རྣམས་ལ། ལྟོས་ཤིག ཁོང་དབེན་གནས་སུ་འདུག་ཅེས་ཟེར་ན་མ་འཐོན་ཞིག ཡང་ན། ལྟོས་ཤིག ཁོང་ཁང་པའི་ཕུག་ནང་འདུག་ཅེས་ཟེར་ན་ཡིད་མ་ཆེས་ཤིག

27 རྒྱུ་མཚན་ནི་གློག་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་འཁྱུག་པ་ལྟར། མིའི་རིགས་ཀྱི་བུའི་འབྱོན་པ་འབྱུང་བར་འགྱུར།

28 ཕུང་པོ་ཡོད་སར་བྱ་རྒོད་འཛོམ་པར་འགྱུར་རོ།།”

མི་རིགས་ཀྱི་བུ་འབྱོན་པའི་སྐོར།

29 “དུས་དེར་སྡུག་བསྔལ་ཆེན་པོ་དེའི་རྗེས་སུ།

ཉི་མ་སྒྲིབ་ཅིང་ཟླ་བའི་འོད་མི་སྤྲོ།།

རྒྱུ་སྐར་ཚོགས་རྣམས་ས་སྟེང་དུ་ལྷུང་ཞིང༌།།

བར་སྣང་ཁམས་ཀྱི་དབང་ལྡན་གཡོ་བར་འགྱུར།།

30 དེ་ནས་མིའི་རིགས་ཀྱི་བུའི་རྟགས་ནམ་མཁར་འབྱུང་ཞིང༌། དེའི་ཚེ་འཇིག་རྟེན་གྱི་མི་སྡེ་ཚང་མས་མྱ་ངན་བྱེད། ཁོ་ཚོས་མིའི་རིགས་ཀྱི་བུ་ནི་དབང་ཆེན་པོ་དང་གཟི་བརྗིད་ངང་ནས་ནམ་མཁའི་སྤྲིན་གྱི་ནང་ནས་འབྱོན་པར་མཐོང་ཡོང༌།

31 ཡང་དམག་དུང་གི་སྒྲ་ཆེན་པོ་དང་བཅས་པར་ཁོང་གིས་རང་གི་ཕོ་ཉ་རྣམས་མངགས་ཏེ། དེ་ཚོས་ས་གཞི་ཆེན་པོའི་མཐའ་ནས་ནམ་མཁའི་མཐའ་བར་བདམས་པའི་མི་ཐམས་ཅད་ཕྱོགས་བཞི་མཚམས་བརྒྱད་ནས་སྡུད་ཡོང༌།

32 ཁྱེད་ཚོས་བསེ་ཡབ་ཤིང་ནས་དཔེ་ཞིག་ལོངས་དང༌། དེའི་ཡལ་གར་ལོ་མ་འབུས་ནས་མཉེན་པའི་དུས་སུ། དབྱར་ཁའི་དུས་ཉེ་བར་ཡོད་པ་ཁྱེད་ཚོས་ཤེས།

33 དེ་བཞིན་དུ་ཁྱེད་ཚོས་རྟགས་མཚན་དེ་ཐམས་ཅད་འབྱུང་བ་མཐོང་ཚེ། མིའི་རིགས་ཀྱི་བུ་ཁོང་ཡང་སྒོ་འགྲམ་དུ་ཉེ་བར་སླེབས་ཡོད་པའང་རྟོགས་པར་གྱིས་ཤིག

34 ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། མི་རབས་འདི་འདའ་བར་འགྱུར་བའི་སྔོན་ལ་དོན་འདི་ཐམས་ཅད་འབྱུང་བར་འགྱུར།

35 གནམ་ས་གཉིས་ནི་འདའ་བར་འགྱུར་ཡང་ངའི་བཀའ་འདའ་བར་མི་འགྱུར་རོ།

36 ཉིན་མོ་དེ་དང་དུས་ཚོད་དེའི་སྐོར་ཡབ་དཀོན་མཆོག་གིས་མ་གཏོགས། སུས་ཀྱང་མི་ཤེས། དཀོན་མཆོག་གི་བཞུགས་གནས་ཀྱི་ཕོ་ཉ་རྣམས་ཀྱིས་ཀྱང་མི་ཤེས་ལ་སྲས་ཀྱིས་ཀྱང་མི་ཤེས།

37 མིའི་རིགས་ཀྱི་བུའི་འབྱོན་པ་ནི་ནོ་ཨའི་དུས་ལྟར་ཡིན་པར་འགྱུར།

38 གང་ལགས་ཤེ་ན། དུས་དེར་ཆུ་ལོག་མ་འབྱུང་བའི་སྔོན་ལ། ནོ་ཨ་ཁོང་གྲུ་ཆེན་གྱི་ནང་དུ་མ་ཞུགས་པའི་བར་དུ་དེ་ཚོས་བཟའ་འཐུང་བྱེད་ཅིང༌། བག་མ་གཏོང་ལེན་བྱེད་བཞིན་ཡོད།

39 ཆུ་ལོག་གིས་དེ་ཚོ་ཐམས་ཅད་ཕར་འཁྱེར་བའི་བར་དེ་ཚོས་མ་རྟོགས། མིའི་རིགས་ཀྱི་བུའི་འབྱོན་པ་དེ་ཡང་དེ་ལྟར་ཡིན་པར་འགྱུར།

40 དེའི་དུས་སུ་ཞིང་ཁར་མི་གཉིས་ཡོད་པ་ལས་གཅིག་ལེན་ཅིང་གཅིག་འབོར་བར་འགྱུར།

41 བུད་མེད་འབྲུ་འཐག་མཁན་གཉིས་ཡོད་པ་ལས། གཅིག་ལེན་ཅིང་གཅིག་འབོར་བར་འགྱུར།

42 དེ་བས་ན་ཁྱེད་ཀྱི་གཙོ་བོ་འབྱོན་པའི་ཉིན་མོ་མི་ཤེས་པས་བྱ་ར་བྱོས་ཤིག

43 ཁྱིམ་བདག་གིས་རྐུན་མ་སླེབས་པའི་དུས་དེ་ཤེས་པ་ཡིན་ན། གཉིད་མ་ལོག་པར་སྒུག་ནས་ཁང་པར་འཛུལ་དུ་མི་འཇུག་པ་དེ་རྟོགས་པར་གྱིས།

44 དེའི་ཕྱིར་ཁྱེད་ཚོའང་གྲ་སྒྲིག་བྱས་ནས་སྡོད་དགོས། གང་ལགས་ཟེར་ན། མིའི་རིགས་ཀྱི་བུ་ཁྱེད་ཀྱིས་མི་སེམས་པའི་དུས་ལ་ཕེབས་ངེས་ཡིན་ནོ།།”

གཡོག་བཟང་ངན་གཉིས།

45 “བློ་གཏད་ཆོག་པ་དང་ཤེས་རབ་དང་ལྡན་པའི་གཡོག་པོ་དེ་སུ་ཡིན། ཁྱིམ་བདག་གིས་མི་དེ་ལ་དབང་ཆ་སྤྲད་ནས་ཁོས་དུས་ལ་འབབ་སྐབས་གཡོག་པོ་གཞན་པ་རྣམས་ལ་ཟས་སྐལ་བ་སྟེར་བར་བྱེད་མཁན་དེ་ཡིན།

46 ཁྱིམ་བདག་ཡོང་ནས་ལྟ་སྐབས་དེ་ལྟར་བྱེད་བཞིན་པའི་གཡོག་པོ་ནི་བདེའོ།

47 ངས་ཁྱོད་ཚོ་ལ་བདེན་པར་ཟེར་རྒྱུར། ཁྱིམ་བདག་དེས་ཁོ་ལ་གང་ཡོད་པ་ཐམས་ཅད་གཡོག་པོ་དེའི་དབང་འོག་ཏུ་འཇུག་ངེས་ཡིན།

48 འོན་ཀྱང་གཡོག་པོ་ངན་པ་དེས་ཁྱིམ་བདག་འགྱང་བར་ཡོང་བསམས་ཤིང༌།

49 གཡོག་པོ་གཞན་རྣམས་བརྡུངས་ཏེ་ར་བཟི་མཁན་དང་མཉམ་དུ་ཟ་འཐུང་བྱས་ན།

50 གཡོག་པོས་མི་སེམས་པའི་ཉིན་དང༌། མི་ཤེས་པའི་དུས་ཚོད་ལ་ཁྱིམ་བདག་ཡོང་སྟེ།

51 ཁོ་དུམ་བུར་བཅད་ནས་ཁ་བཤད་དོན་ལ་མི་གནས་པ་རྣམས་དང་ལྷན་དུ་ངུ་ཞིང་སོ་ཁྲིག་ཁྲིག་བྱེད་པའི་གནས་དུ་འཇུག་ངེས་ཡིན་ནོ།།”

 

**************************************************