Acts (1) – མཛད་པ། (1)

Acts (1) – མཛད་པ། (1)

1-2 ཀྱེ་མི་རྗེ་ཐེ་ཨོ་ཕི་ལུ། གཙོ་བོ་ཡེ་ཤུས་གང་མཛད་པ་དང་ཆོས་གང་གསུངས་པ་ཐམས་ཅད་འགོ་བརྩམས་པ་ནས་བཟུང༌། ཁོང་གིས་བདམས་པའི་སྐུ་ཚབ་རྣམས་ལ་དམ་པའི་ཐུགས་ཉིད་ཐོག་ནས་བཀའ་གནང་བའི་རྗེས་སུ་དཀོན་མཆོག་གི་ཞིང་ཁམས་ལ་མ་འཕགས་པའི་ཉིན་མོའི་བར་དུ། ངས་མདོ་དང་པོར་བཀོད།

3 སྡུག་བསྔལ་མྱོང་བའི་རྗེས་སུ་ཁོང་འཆི་བ་ནས་སླར་གསོན་དུ་གྱུར་བའི་ར་སྤྲོད་མང་པོ་སྐུ་ཚབ་རྣམས་ལ་གསལ་པོར་བསྟན་ཞིང༌། ཉིན་བཞི་བཅུའི་རིང་ཁོང་གིས་ཁོ་ཚོར་མངོན་པར་མཛད་དེ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་གསུངས།

4 ཡང་ཁོ་ཚོ་དང་མཉམ་དུ་བཞུགས་པའི་དུས་ཤིག་ལ་ཁོང་གིས་ “ངས་ཁྱེད་ཚོར་སྔར་བཤད་པ་ལྟར་ངའི་ཡབ་ཀྱིས་ཞལ་ཆད་གནང་བ་དེ་མ་འགྲུབ་པའི་བར་དུ་ཡེ་རུ་ཤ་ལེམ་གྲོང་ཁྱེར་ནས་མ་བྲལ་བར་སྒུག་སྟེ་སྡོད་ཅིག

5 ཡོ་ཧ་ནན་གྱིས་ཆུ་ཡིས་ཁྲུས་གསོལ་གནང་བ་རེད། འོན་ཀྱང་ཉིན་མང་པོ་མ་འགོར་བར་ཁྱེད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་གནང་བར་འགྱུར་” ཞེས་གསུངས།

སྟོན་པ་ཡེ་ཤུ་དཀོན་མཆོག་གི་ཞིང་ཁམས་སུ་འཕགས་པ།

6 ཡང་ལྷན་དུ་འཛོམས་ནས་ཁོ་ཚོས་ཡེ་ཤུ་ལ་ “གཙོ་བོ། ད་ཁྱེད་ཀྱིས་ཡ་ཧུ་དཱ་པའི་རྒྱལ་སྲིད་སླར་གསོ་མཛད་དམ་” ཞེས་དྲིས་པས།

7 ལན་དུ་ཁོང་གིས་ “ཡབ་ཀྱིས་རང་གི་དབང་ཆ་ལ་བརྟེན་ནས་བཀོད་པའི་དུས་དང་ནམ་དུས་ནི་ཁྱེད་ཀྱིས་ཤེས་པར་མི་རུང༌།

8 ཡང་དམ་པའི་ཐུགས་ཉིད་ཁྱེད་རྣམས་ལ་འབབ་པའི་ཚེ་ཁྱེད་ཚོར་ནུས་མཐུ་འཐོབ་པས། ཡེ་རུ་ཤ་ལེམ་དང༌། ཡ་ཧུ་དཱ་ཡུལ་ཡོངས། ས་མར་ཡཱ་ཡུལ། ས་གཞི་མཐའ་མའི་བར་དུ་ངའི་དཔང་པོ་ཡིན་པར་འགྱུར་” ཞེས་གསུངས་པའི་རྗེས་སུ།

9 ཁོ་ཚོའི་མཐོང་སར་ཁོང་ཡར་འཕགས་ནས་སྤྲིན་པ་ཞིག་གིས་ཁོང་བསུས་ཏེ་མི་མཐོང་བར་གྱུར།

10 ཁོ་ཚོས་ནམ་མཁའི་ཕྱོགས་སུ་ནན་གྱིས་བལྟས་ཏེ་ཁོང་ཡར་ཕེབས་དུས་གློ་བུར་དུ་གོས་དཀར་པོ་གྱོན་པའི་མི་གཉིས་དེ་ཚོའི་འགྲམ་དུ་ཐོན།

11 ཁོང་ཚོས་ “ཀྱེ་ག་ལིལ་པ་རྣམས། ཅིའི་ཕྱིར་བསྡད་དེ་ནམ་མཁའི་ཕྱོགས་སུ་ལྟ། ཁྱེད་ཚོའི་མདུན་ནས་དཀོན་མཆོག་གི་ཞིང་ཁམས་སུ་ཡར་འཕགས་པ་གཙོ་བོ་ཡེ་ཤུ་ཉིད། ཇི་ལྟར་ཞིང་ཁམས་སུ་འཕགས་པ་མཐོང་བ་བཞིན། དེ་ལྟར་ཕྱིར་ལོག་ཕེབས་ངེས་ཡིན་” ཞེས་གསུངས།

མ་ཐི་ཡཱ་སྐུ་ཚབ་ཏུ་བདམས་པ།

12 དེ་ནས་སྐུ་ཚབ་རྣམས་ཡེ་རུ་ཤ་ལེམ་དང་ཐག་ཉེ་བ་སྟེ་སྤྱི་ལེ་གཅིག་ཙམ་གྱི་ས་ལ་ཆགས་པའི་སྐྱུར་རུ་ཤིང་ཟེར་བའི་རི་ནས་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག

13 གྲོང་ཁྱེར་ལ་སླེབས་ནས་ཁོང་ཚོའི་བཞུགས་སའི་ཐོག་ཁང་ནང་དུ་འཛུལ། ཁོང་རྣམས་ནི་པེ་ཏྲོ་དང༌། ཡོ་ཧ་ནན། ཡ་ཀོབ། ཨན་དྲི་ཡཱ། ཕི་ལིབ། ཐོ་མཱ། པར་ཐོ་ལོ་མཱ། མད་ཐཱ། ཨལ་ཕཱ་ཞེས་པ་དེའི་བུ་ཡ་ཀོབ། རྒྱལ་གཅེས་པའི་ཕྱོགས་ཁག་གི་ཁོངས་མི་སི་མོན་ཞེས་པ། ཡ་ཀོབ་ཀྱི་བུ་ཡུ་དཱ་བཅས་ཡིན།

14 ཁོང་ཚོ་ཚང་མ་དང༌། གཙོ་བོ་ཡེ་ཤུའི་ཡུམ་མིར་ཡམ་ཚུད་པའི་བུད་མེད་དང༌། ཁོང་གི་གཅུང་པོ་རྣམས་དུས་རྒྱུན་དུ་འཛོམས་ནས་བློ་སེམས་གཅིག་མཐུན་གྱི་སྒོ་ནས་སྨོན་ལམ་འདེབས་བཞིན་ཡོད།

15 དེའི་དུས་སུ་དད་ལྡན་བརྒྱ་དང་ཉི་ཤུ་ཙམ་ཚོགས་པའི་ཁྲོད་དུ་ཡར་ལངས་ནས་པེ་ཏྲོས་

16-17 “སྤུན་ཟླ་རྣམས། རྒྱལ་པོ་དཱ་བིད་ཀྱི་ཐོག་ནས་དམ་པའི་ཐུགས་ཉིད་ཀྱིས་སྔར་མདོའི་ནང་ཡུ་དཱ་ཡི་སྐོར་གསུངས་པའི་བཀའ་འགྲུབ་དགོས། ཁོ་ནི་ང་ཚོའི་གྲལ་དུ་བརྩིས་ཏེ་ཞབས་ཏོག་འདིའི་སྐལ་བ་ཐོབ་མཁན་དང༌། གཙོ་བོ་ཡེ་ཤུ་འཛིན་མཁན་རྣམས་ཀྱི་ལམ་སྟོན་བྱེད་མཁན་དུ་གྱུར་” ཞེས་གསུངས།

18 (ཁོས་བྱས་པའི་ལས་ངན་གྱི་གླ་ཐོབ་ནས་ཞིང་ཁ་ཞིག་ཉོས་པ་དང༌། དེར་ཁ་སྦུབ་ཏུ་ལྷུངས་ནས་གྲོད་ཁོག་གས་ཏེ་ནང་ཁྲོལ་ཐམས་ཅད་ཕྱིར་ཐོན།

19 ཡེ་རུ་ཤ་ལེམ་ལ་སྡོད་མཁན་ཐམས་ཅད་ཀྱིས་དོན་དེའི་སྐོར་ཐོས་པས། ཞིང་དེའི་མིང་ནི་དེ་ཚོའི་སྐད་དུ་ཨ་ཀེལ་ད་མཱ་ཞེས་བཏགས། དེའི་དོན་ནི་ཁྲག་གི་ཞིང་ཁའོ་)

20 པེ་ཏྲོས་ “གསུང་མགུར་གྱི་མདོ་ལས།

ཁོ་ཡི་སྡོད་ས་སྟོང་བར་འགྱུར།།

སུ་ཡང་དེ་རུ་གནས་མ་ཆོག །

ཅེས་དང༌། ཡང༌།

ཁོའི་ལས་འགན་གཞན་གྱིས་ལེན་པར་བྱོས་ཤིག །

ཅེས་གསུངས།

21-22 དེའི་ཕྱིར་ཡོ་ཧ་ནན་གྱིས་ཁྲུས་གསོལ་གནང་བ་ནས་བཟུང་སྟེ། ང་ཚོའི་མདུན་ནས་དཀོན་མཆོག་གི་ཞིང་ཁམས་སུ་ཡར་འཕགས་པའི་ཉིན་མོའི་བར་དུ། དུས་ཚང་མར་གཙོ་བོ་ཡེ་ཤུ་དང་མཉམ་དུ་འགྲོགས་པའི་ངེད་རྣམས་ཀྱི་ནང་ནས་མི་ཞིག་བདམས་ཏེ་ཁོང་སླར་གསོན་པའི་དཔང་པོར་འགྱུར་དགོས་” ཞེས་གསུངས་པས།

23 ཁོང་ཚོ་ཚང་མས་པར་ས་པཱ་ཟེར་བའི་ཡོ་སེབ་(ཡུ་སི་ཊུ་ཡང་ཟེར་) དང༌། མ་ཐི་ཡཱ་ཟེར་མཁན་གཉིས་འོས་ཁོངས་སུ་ངོ་སྤྲོད་བྱས།

24-25 དེ་ནས་ཁོང་ཚོས་ “ཀྱེ་གཙོ་བོ་ལགས། ཁྱེད་ཀྱིས་མི་ཚང་མའི་སེམས་མཁྱེན་པས། ཡུ་དཱ་ནི་འོས་པའི་གནས་སུ་འགྲོ་བའི་ཆེད་དུ་ལས་ཚན་དོར་བས། སྐུ་ཚབ་ཀྱི་ལས་འགན་བྱེད་པའི་ཕྱིར་མི་འདི་ཚོ་གཉིས་ལས་ཁྱེད་ཀྱིས་བདམས་པར་མཛད་ཟིན་པ་དེ་ང་ཚོར་སྟོན་པར་མཛོད་” ཅེས་སྨོན་ལམ་བཏབ་ནས།

26 ཁོང་ཚོས་རྒྱན་བརྒྱབ་སྟེ་མ་ཐི་ཡཱ་ཡི་མིང་ཐོན་པས། ཁོང་སྐུ་ཚབ་བཅུ་གཅིག་པོའི་གྲལ་དུ་བརྩིས་སོ།།

 

**************************************