Romans (11) – རོ་མཱ་པ། (11)

Romans (11) – རོ་མཱ་པ། (11)

1 འོ་ན་ངས་འདྲི་བར་བྱ་སྟེ། དཀོན་མཆོག་གིས་རང་ཉིད་ཀྱི་མི་རིགས་སྤངས་པར་མཛད་པ་ཡིན་ནམ། དེ་མི་སྲིད། གང་ལགས་ཤེ་ན། ང་རང་ནི་ཡི་སི་ར་ཨེལ་པ་སྟེ་མེས་པོ་ཨབ་ར་ཧམ་གྱི་བུ་རྒྱུད་དང༌། པེན་ཡ་མཱིན་ཚོ་ཁག་གི་མི་ཞིག་ཡིན།

2 དཀོན་མཆོག་གིས་སྔར་བདམས་ཏེ་རང་ཉིད་ཀྱི་མི་རིགས་སྤངས་པར་མ་མཛད། མདོ་ལས་ལུང་སྟོན་པ་ཨེ་ལི་ཡཱ་ཡིས་དཀོན་མཆོག་གི་མདུན་དུ་ཡི་སི་ར་ཨེལ་ལ་སྐྱོན་བརྗོད་པའི་སྒྲུང་དེ་མི་ཤེས་སམ།

3 ཨེ་ལི་ཡཱ་ཡིས་གཙོ་བོ་དཀོན་མཆོག་ལགས། ཁོ་ཚོས་ཁྱེད་ཀྱི་ལུང་སྟོན་པ་རྣམས་བསད། མཆོད་ཁྲི་རྣམས་བཤིག ང་གཅིག་པུར་ལུས་པ་དང་ཁོ་ཚོས་ང་ཡང་གསོད་ཐབས་འཚོལ་ཞེས་བཤད།

4 འོན་ཀྱང་དཀོན་མཆོག་གིས་དེའི་ལན་དུ་གང་གསུངས་ཞེ་ན། ངས་ངའི་དོན་དུ་ལྷ་སྦ་ཨལ་ལ་ཕྱག་མ་འཚལ་མཁན་བདུན་སྟོང་ཉར་ཡོད་ཅེས་གསུངས།

5 དེ་ལྟར་ད་ལྟའང་དཀོན་མཆོག་གི་ཐུགས་རྗེ་ཡིས་བདམས་པའི་ལྷག་མ་ཞིག་ཡོད།

6 དེ་ནི་ཐུགས་རྗེ་ལ་བརྟེན་ན་བྱ་བ་བཟང་པོ་ལ་མི་རྟེན། དེ་ལྟར་མ་ཡིན་ན། ཐུགས་རྗེ་དེ་ཐུགས་རྗེ་དངོས་གནས་མིན།

7 མདོར་བསྡུས་ན་ཡི་སི་ར་ཨེལ་གྱིས་འབད་པས་གང་བཙལ་བ་དེ་མ་ཐོབ། འོན་ཀྱང་བདམས་པའི་མི་རྣམས་ལ་ཐོབ་སྟེ། ལྷག་མ་རྣམས་ཀྱི་སེམས་མཁྲེགས་པོར་གྱུར།

8 དེ་ལྟར་གསུང་རབ་ཀྱི་མདོ་ལས།

དཀོན་མཆོག་ཉིད་ཀྱིས་ཁོ་ཚོ་ལ།།

གོ་ཚོར་མེད་པའི་སེམས་པ་དང༌།།

མ་མཐོང་བ་ཡི་མིག་ཟུང་དང༌།།

ཉན་ཤེས་ཉམས་པའི་རྣ་ཅོག་བཅས།།

གནང་སྟེ་དེ་རིང་བར་དུ་གནས།།

ཞེས་འཁོད།

9 ཡང་རྒྱལ་པོ་དཱ་བིད་ཀྱིས།

ཁོ་ཚོའི་གསོལ་སྟོན་རྒྱ་རྙི་དོང་རྙི་དང༌།།

འགག་རྡོ་འཁོན་ལན་ཉིད་དུ་གྱུར་བར་ཤོག །

10 ཁོ་ཚོས་མ་མཐོང་ཆེད་དུ་མིག་གཉིས་པོ།།

སྒྲིབ་ཅིང་རྐེད་པ་ནམ་ཡང་གུག་གྱུར་ཅིག །

ཅེས་གསུངས།

ཡ་ཧུ་དཱ་པ་མིན་པ་རྣམས་ལ་ཐར་པ་ཐོབ་པའི་སྐོར།

11 ཡ་ཧུ་དཱ་པ་རྣམས་ས་སྟེང་དུ་འགྱེལ་བ་དེ་ནམ་ཡང་ལངས་རྒྱུ་མེད་དམ། དེ་མི་སྲིད། ཡ་ཧུ་དཱ་པ་རྣམས་ཀྱིས་དཀོན་མཆོག་གིས་གནང་བའི་ཐར་ལམ་དང་ལེན་མ་བྱས་པས་ཡ་ཧུ་དཱ་པ་མིན་པ་རྣམས་ལ་ཐར་པ་ཐོབ། དེ་ནི་ཡ་ཧུ་དཱ་པ་རྣམས་ཐར་པ་འདོད་དུ་འཇུག་པའི་ཆེད་དུ་ཡིན།

12 འོ་ན། ཡ་ཧུ་དཱ་པས་དཀོན་མཆོག་གི་ཐར་ལམ་དང་ལེན་མ་བྱས་པ་དང་ཁོ་ཚོ་ཕམ་པ་དེས་འཇིག་རྟེན་དང་ཡ་ཧུ་དཱ་པ་མིན་པ་རྣམས་ལ་བྱིན་རླབས་ཐོབ། མ་འོངས་པར་ཁོ་ཚོ་དཀོན་མཆོག་གི་ཐར་པར་ཚུད་པའི་ཚད་ལོན་ན་དེ་ཅི་ལས་ཀྱང་ལྷག་པའི་བྱིན་རླབས་ཐོབ་རྒྱུ་ཡིན།

13 ད་ངས་ཁྱེད་ཚོ་ཡ་ཧུ་དཱ་པ་མིན་པ་རྣམས་ལ་སྨྲ་བར་བྱ་སྟེ། ང་ནི་ཡ་ཧུ་དཱ་པ་མིན་པ་རྣམས་ལ་མངགས་པའི་སྐུ་ཚབ་ཡིན་པས་ངའི་ཞབས་ཕྱི་བྱེད་པར་མཐོང་ཆེན་པོ་བྱེད་བཞིན་ཡོད།

14 དེ་ནི་ཐབས་གང་གིས་ངའི་མི་རིགས་ཐར་པ་འདོད་དུ་འཇུག་ནས་མ་མཐར་ཡང་ཁོ་རྣམས་ལས་ཁ་གཅིག་ཐར་བར་འགྱུར་བའི་ཆེད་དུ་ཡིན།

15 དཀོན་མཆོག་གིས་ཁོ་ཚོ་སྤོང་བ་ནི་འཇིག་རྟེན་པ་རྣམས་དང་འདུམ་པའི་དོན་ཡིན་ན། ཁོ་ཚོའི་དང་ལེན་མཛད་པ་ནི་དེ་བས་ཀྱང་འཆི་བ་ནས་སླར་གསོན་པའི་དོན་མ་ཡིན་ནམ།

16 བག་ཟན་གྱི་ཕུད་དེ་ལྷད་མེད་པ་ཡིན་ན། ཆ་ཚང་ལྷད་མེད་པ་ཡིན། ལྗོན་ཤིང་གི་རྩ་བ་ལྷད་མེད་པ་ཡིན་ན་དེའི་ཡལ་གའང་ལྷད་མེད་པ་ཡིན།

17དཀོན་མཆོག་གིས་ལྗོན་ཤིང་གི་ཡལ་ག་དེ་བཅད་ནས་ཁྱེད་ཚོ་ནགས་ཚལ་གྱི་སྐྱུར་རུ་ཤིང་གི་ཡལ་ག་ལྗོན་ཤིང་དང་སྦྱོར་འདེབས་བྱས་ཏེ་ཤིང་བཟང་པོའི་རྩ་བའི་བཅུད་དང་ལྡན་པར་གྱུར།

18 དེའི་ཕྱིར་ཡལ་ག་གཞན་རྣམས་ཀྱི་དྲུང་དུ་རང་བསྟོད་མ་བྱོས་ཤིག གལ་ཏེ་དེ་ལྟར་བྱས་ན། རྩ་བ་ཁྱོད་ལ་བརྟེན་པ་མ་ཡིན་ཏེ། ཁྱོད་རྩ་བ་ལ་བརྟེན་པ་དྲན་པར་གྱིས་ཤིག

19 ཁྱོད་ཀྱིས་ང་ལྗོན་ཤིང་ལ་སྦྱོར་འདེབས་པའི་ཆེད་དུ་ཡལ་ག་གཞན་རྣམས་བཅད་པ་ཡིན་ཞེས་ཟེར་ཡོང༌།

20 དེ་བདེན་པ་ཡིན། འོན་ཀྱང་ཁོ་ཚོ་དད་པ་མ་བྱས་པའི་རྐྱེན་གྱིས་བཅད་པ་ཡིན་ཞིང༌། ཁྱོད་ནི་དད་པ་བྱེད་པའི་རྐྱེན་གྱིས་གནས་སོ། དེའི་ཕྱིར་ང་རྒྱལ་མི་བྱེད་དེ་ཞེད་སྣང་བྱེད་དགོས།

21 གང་ཡིན་ཞེ་ན། དཀོན་མཆོག་གིས་རང་བྱུང་གི་ཡལ་ག་བཅད་པར་མཛད་ན། ཁྱོད་ཀྱང་གཅོད་པར་འགྱུར་སྲིད།

22 དཀོན་མཆོག་གི་བཀའ་དྲིན་དང་ནན་པོ་གཉིས་ལ་ལྟོས་ཤིག བཀའ་ལ་མ་ཉན་པ་རྣམས་ལ་ནན་པོ་མཛད། ཁོང་གི་བཀའ་དྲིན་ལ་མུ་མཐུད་ནས་བརྟེན་ན་ཁྱོད་རྣམས་ལ་བཀའ་དྲིན་མཛད། འོན་ཀྱང་དེ་ལྟར་མ་བྱས་ན། ཁྱོད་ཚོའང་གཅོད་པར་འགྱུར།

23 ཡི་སི་ར་ཨེལ་པ་དེ་དག་ཀྱང་དད་པ་མེད་པའི་གནས་ལ་མི་གནས་ན་ལྗོན་ཤིང་ལ་སྦྱོར་འདེབས་གནང་བར་འགྱུར། གང་ལགས་ཤེ་ན། དཀོན་མཆོག་གིས་ཁོ་རྣམས་སྦྱོར་འདེབས་མཛད་ཐུབ་པས་སོ།

24 ཁྱོད་རྣམས་ནགས་ཚལ་གྱི་སྐྱུར་རུ་ཤིང་ལས་བཅད་ནས། རང་བྱུང་ཁམས་དང་མི་མཐུན་པར་སྐྱུར་རུ་ཤིང་བཟང་པོ་ལ་སྦྱོར་འདེབས་བྱས་པ་ཡིན་ན། རང་བཞིན་གྱི་ཡལ་ག་ནི་རང་གི་སྐྱུར་རུ་ཤིང་ལ་དེ་ལས་ལྷག་པར་སྦྱོར་འདེབས་བྱེད་པར་འགྱུར།

ཡ་ཧུ་དཱ་པ་རྣམས་ལ་ཐར་པ་ཐོབ་པའི་སྐོར།

25 སྤུན་ཟླ་རྣམས། ཁྱེད་ཚོས་རང་མཁས་པར་མི་རྩི་བའི་ཕྱིར་དཀོན་མཆོག་གིས་སྔར་མངོན་པར་མ་མཛད་པའི་བདེན་པ་འདི་ཤེས་པར་གྱིས་ཤིག ཡ་ཧུ་དཱ་པ་མིན་པ་རྣམས་དཀོན་མཆོག་གི་ཐར་པར་ཚུད་པའི་ཚད་མ་ལོན་པའི་བར་དུ་ཡི་སི་ར་ཨེལ་གྱི་ཆ་ཤས་ཞིག་སེམས་མཁྲེགས་པོར་གྱུར།

26 དེ་ལྟར་ཡི་སི་ར་ཨེལ་ཆ་ཚང་ཐར་བར་འགྱུར། གསུང་རབ་ཀྱི་མདོར།

ཙི་ཡོན་ཡུལ་ནས་སྐྱབས་མགོན་ཞིག །

ཕེབས་ཏེ་ཡི་སི་ར་ཨེལ་གྱི །

དད་མེད་སེམས་དེ་བསྒྱུར་བར་མཛད།།

27 ང་ཡིས་ཁོ་ཚོར་བཞག་པའི་དམ་བཅའ་ནི།།

ཁོ་ཚོའི་སྡིག་ཉེས་སེལ་བ་དེ་ཡིན་ནོ།།

ཞེས་འཁོད།

28 འཕྲིན་བཟང་གི་ཆ་ནས་ཁོ་ཚོ་ཁྱེད་རྣམས་ཀྱི་ཕྱིར་དཀོན་མཆོག་གི་དགྲ་བོར་རྩི། འོན་ཀྱང་མེས་པོ་རྣམས་ལ་གནང་བའི་ཞལ་ཆད་སྒྲུབ་པའི་ཕྱིར་དཀོན་མཆོག་གིས་བདམས་པར་མཛད་པའི་ཆ་ནས་ཁོ་རྣམས་གཅེས་པར་རྩི།

29 གང་ཡིན་ཞེ་ན། དཀོན་མཆོག་གི་གནང་སྦྱིན་དང་འབོད་གནང་བ་དེ་འགྱུར་མི་སྲིད་དོ།

30 སྔར་ཡ་ཧུ་དཱ་པ་མིན་པ་ཁྱེད་ཚོས་དཀོན་མཆོག་གི་བཀའ་ལ་མ་ཉན་ཀྱང༌། ཡ་ཧུ་དཱ་པས་བཀའ་ལ་མ་ཉན་པའི་རྐྱེན་གྱིས་ད་ལྟ་ཁྱེད་རྣམས་ལ་ཐུགས་རྗེ་ཐོབ།

31 དེ་ལྟར་ཡ་ཧུ་དཱ་པ་ཚོས་ད་ལྟ་བཀའ་ལ་མི་ཉན་ཀྱང༌། ཁྱེད་ལ་གནང་བའི་ཐུགས་རྗེའི་རྐྱེན་གྱིས་ཁོ་ཚོ་ལ་ཡང་ད་ལྟ་ཐུགས་རྗེ་འཐོབ་པར་འགྱུར།

32 གང་ཡིན་ཟེར་ན། མི་ཐམས་ཅད་ལ་ཐུགས་རྗེ་གཟིགས་པའི་ཆེད་དུ་དཀོན་མཆོག་གིས་ཁོ་ཚོ་ཚང་མ་བཀའ་ལ་མ་ཉན་པའི་ཁོངས་སུ་མཛད།

33 ཨེ་མ། དཀོན་མཆོག་གི་ནི་ཤེས་རབ་དང༌།།

མཁྱེན་རྒྱ་ཟབ་ཅིང་ཡངས་པ་ལ།།

ཁོང་གི་རྟོག་དཔྱོད་དཔོག་པར་དཀའ།།

ཁོང་གི་ཐབས་ལམ་རྟོགས་མི་ནུས།།

34 སུ་ཡིས་ཁོང་གི་དགོངས་པ་ཤེས།།

ཁོང་གི་གྲོས་འདེབས་མཁན་དེ་སུ།།

35 སུ་ཡིས་ཁོང་ལ་ཅི་ཕུལ་ནས།།

ཁོང་གིས་དེའི་ལན་འཇལ་དགོས་སམ།།

36 ཐམས་ཅད་ཁོང་ལས་འབྱུང་བ་དང༌།།

ཁོང་ལ་བརྟེན་ཅིང་ཁོང་གི་ཕྱིར།།

སྙན་དང་གྲགས་པའི་གཟི་བརྗིད་དག །

ཁོང་ལ་ནམ་ཡང་ཐོབ་པར་ཤོག ། ཨ་མེན།།

 

*********************************************