Gospel of Matthew (12) – མད་ཐཱ། (12)

Gospel of Matthew (12) – མད་ཐཱ། (12)

1 དེའི་དུས་སུ་ངལ་གསོ་བའི་ཉིན་མོ་ཞིག་ལ་ཡེ་ཤུ་ཞིང་ཁ་ཞིག་བརྒྱུད་ནས་ཕེབས་སྐབས། ཁོང་གི་ཉེ་གནས་རྣམས་ལྟོགས་པས་འབྲུ་ཡི་སྙེ་མ་བཏོགས་ཏེ་ཟ་བཞིན་ཡོད།

2 ཕཱ་རུ་ཤི་པས་དེ་མཐོང་ནས་ཁོང་ལ་ “ལྟོས་ཤིག ཁྱེད་ཀྱི་ཉེ་གནས་རྣམས་ཀྱིས་ངལ་གསོ་བའི་ཉིན་མོར་བྱེད་མི་ཆོག་པའི་ལས་བྱེད་བཞིན་ཡོད་” ཅེས་ཟེར།

3 ཁོང་གིས་ཁོ་ཚོར་ “རྒྱལ་པོ་དཱ་བིད་དང་ཁོང་གི་འཁོར་གཡོག་རྣམས་ཀྱིས་ལྟོགས་པའི་ཚེ་ཅི་ཞིག་བྱས་པ་དེ་ཡང་ཁྱེད་ཚོས་བཀླགས་མ་མྱོང་ངམ།

4 ཁོང་དཀོན་མཆོག་གི་མཆོད་ཁང་ལ་ཕེབས་ཏེ་དཀོན་མཆོག་གི་སྐུ་མདུན་གྱི་བག་ལེབ་བླངས་ནས་འཁོར་གཡོག་དང་མཉམ་དུ་བཟས། བཀའ་ཁྲིམས་ལྟར་ན་བག་ལེབ་དེ་ཡ་ཧུ་དཱ་པའི་བླ་མ་རྣམས་ལས་གཞན་སུས་ཀྱང་ཟ་མི་ཆོག

5 ཡང་ན་ངལ་གསོ་བའི་ཉིན་མོར་མཆོད་ཁང་གི་བླ་མ་རྣམས་ཀྱིས་ངལ་གསོ་བའི་ཁྲིམས་དང་འགལ་ཡང་སྐྱོན་མེད་པ་ཡིན་པར་ཁྱེད་ཚོས་ཆོས་ཁྲིམས་ཀྱི་མདོ་ལ་བཀླགས་མ་མྱོང་ངམ།

6 ངས་ཁྱེད་ཚོར་ཟེར་རྒྱུར། མཆོད་ཁང་ལས་ཆེ་བ་ཞིག་འདིར་ཡོད།

7 ང་ནི་མཆོད་པ་ལ་མི་དགའ་བར་སྙིང་རྗེའི་སེམས་ལ་དགའོ་ཞེས་གསུངས་པའི་དོན་རྟོགས་པ་ཡིན་ན། ཁྱེད་ཚོས་སྐྱོན་མེད་པ་རྣམས་ལ་སྐྱོན་འདོགས་བྱས་མེད་དོ།

8 གང་ཡིན་ཞེ་ན། མིའི་རིགས་ཀྱི་བུ་ནི་ངལ་གསོ་བའི་ཉིན་གྱི་གཙོ་བོ་ཡིན་པས་སོ་” ཞེས་གསུངས།

ངལ་གསོའི་ཉིན་མོར་ལག་འཁུམས་པ་བཅོས་པ།

9 ཡེ་ཤུ་ས་ཆ་དེ་ནས་ཐོན་ཏེ་ཡ་ཧུ་དཱ་པའི་འདུ་ཁང་ནང་དུ་ཕེབས།

10 ལག་པ་འཁུམས་པ་ཞིག་དེ་རུ་ཡོད་པས་ཁོ་ཚོས་ཡེ་ཤུ་ལ་སྐྱོན་འདོགས་བྱེད་པའི་ཕྱིར་ཁོང་ལ་ “ངལ་གསོ་བའི་ཉིན་མོར་ནད་བཅོས་ཆོག་གམ་” ཞེས་དྲིས་པ་དང༌།

11 ཁོང་གིས་ཁོ་ཚོར་ “ཁྱོད་ཚོའི་ནང་སུ་ཞིག་ལ་ལུག་གཅིག་ཡོད་པ་དེ་ངལ་གསོ་བའི་ཉིན་མོར་ས་དོང་ལ་ལྷུངས་ན་དེ་བཟུང་ནས་མི་འདོན་ནམ།

12 ལུག་གཅིག་ལས་མི་ནི་རིན་ཆེ་བས། ངལ་གསོ་བའི་ཉིན་མོར་ལས་བཟང་པོ་བྱེད་ཆོག་གོ་” ཞེས་གསུངས།

13 དེ་ནས་ཁོང་གིས་མི་དེར་ “ལག་པ་རྐྱོངས་ཤིག་” ཅེས་གསུངས་ཏེ། ཁོས་ལག་པ་བརྐྱངས་ཤིང་ནད་གསོས་པར་གྱུར་བས་ལག་པ་ཡ་གཅིག་དང་འདྲ་བར་གྱུར།

14 དེ་ནས་ཕཱ་རུ་ཤི་པ་རྣམས་ཕྱི་ལ་སོང་ནས་ཡེ་ཤུ་དགྲོང་རྒྱུའི་ངན་ཇུས་བྱས་ཀྱང༌།

15 ཁོང་གིས་དེའི་སྐོར་མཁྱེན་ནས་ས་ཆ་དེ་དང་ཁ་བྲལ། མི་མང་པོ་ཞིག་ཁོང་གི་རྗེས་སུ་འབྲངས། ཁོང་གིས་ནད་པ་ཐམས་ཅད་གསོས་པར་མཛད་ཅིང༌།

16 མི་དེ་ཚོ་ལ་ཁོང་མངོན་པར་མི་བྱེད་པའི་བཀའ་གནང༌།

17 འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱ་ཡི་ལུང་བསྟན་སྒྲུབ་པའི་ཆེད་དུ་ཡིན། ཁོང་གིས།

18 ལྟོས་དང་ང་ཡིས་བདམས་པའི་ཞབས་ཕྱི་ནི།།

ང་ཡི་གཅེས་པར་འོས་ལ་སེམས་ནས་དགའ།།

ང་ཡིས་ཐུགས་ཉིད་ཁོང་ལ་སྤྲོད་པར་བྱ།།

ཁོང་གིས་ཕྱི་པ་རྣམས་ལ་ཞལ་ལྕེ་བསྒྲག །

19 རྩོད་པར་མི་བྱེད་ཟང་ཟིང་སྒྲ་ཡང་མེད།།

སྲང་ལམ་ནང་ན་ཁོང་གི་གསུང་མི་ཐོས།།

20 ཆག་ལ་ཁད་ཀྱི་འདམ་སྨྱུག་གཅོག་མི་མཛད།།

ནུབ་ལ་ཁད་ཀྱི་སྒྲོན་མེ་མི་གསོད་དེ།།

དྲང་བདེན་ཁྲིམས་དེ་མཐའ་མཇུག་རྒྱལ་བའི་བར།།

21 ཁོང་གི་མཚན་ལ་ཕྱི་པས་རེ་བ་བྱེད།།

ཅེས་གསུངས།

སྟོན་པ་ཡེ་ཤུ་དང་བདུད་པེ་ཨིལ་བཟི་པད།

22 དེའི་ཚེ་གདོན་འདྲེས་བཟུང་བས་སྐད་ཆ་ཤོད་མི་ཐུབ་པའི་ལོང་བ་ཞིག་ཡེ་ཤུའི་མདུན་དུ་འཁྲིད་པ་དང༌། ཁོང་གིས་ནད་བསལ་བར་མཛད་པས་མི་དེ་སྐད་ཆ་བཤད་ཐུབ་པ་དང་མཐོང་ཐུབ་པར་གྱུར།

23 མི་ཚོགས་ཡ་མཚན་ཆེན་པོ་སྐྱེས་ནས་ “མི་འདི་རྒྱལ་པོ་དཱ་བིད་ཀྱི་སྲས་ཡིན་སྲིད་དམ་” ཞེས་སྨྲས།

24 ཕཱ་རུ་ཤི་པ་རྣམས་ཀྱིས་དེ་ཐོས་ནས་ “བདུད་ཀྱི་རྒྱལ་པོ་པེ་ཨིལ་བཟི་པད་ལ་བརྟེན་ནས་ཁོས་གདོན་འདྲེ་སྐྲོད་” ཅེས་སྨྲས།

25 ཁོ་ཚོའི་བསམ་པ་མཁྱེན་ནས་ཡེ་ཤུས་ཁོ་ཚོར་ “རྒྱལ་ཁམས་ཤིག་གི་ནང་ལ་ནང་འཁྲུག་བྱུང་ན་འཇིག་པར་འགྱུར་ལ། གྲོང་ཁྱེར་རམ་ཁྱིམ་ཚང་ནང་ལའང་ནང་འཁྲུག་བྱུང་ན་མི་གནས།

26 གལ་ཏེ་བདུད་སཱ་ཏན་གྱིས་སཱ་ཏན་བསྐྲད་ན། རང་ལ་ནང་འཁྲུག་བསླངས་པས་ཁོའི་རྒྱལ་ཁམས་ཅི་ལྟར་གནས།

27 གལ་ཏེ་ངས་པེ་ཨིལ་བཟི་པད་ལ་བརྟེན་ནས་གདོན་འདྲེ་བསྐྲད་ན། ཁྱོད་རྣམས་ཀྱི་བུ་ཡིས་སུ་ལ་བརྟེན་ནས་གདོན་འདྲེ་སྐྲོད་དམ། དེའི་ཕྱིར་ཁོ་ཚོས་ཁྱོད་ཚོར་ཁྲིམས་གཏོང་བར་འགྱུར་ངེས་ཡིན།

28 འོན་ཀྱང་ངས་དཀོན་མཆོག་གི་ཐུགས་ཉིད་ལ་བརྟེན་ནས་གདོན་འདྲེ་བསྐྲད་ན། དཀོན་མཆོག་གི་རྒྱལ་སྲིད་ཁྱོད་ཚོའི་རྩར་སླེབས་ཡོད།

29 ཡང་ན་མི་སྟོབས་ཤུགས་ཆེན་པོ་ཞིག་སྔོན་ལ་མ་བཅིངས་པར་དེའི་ཁང་པར་འཛུལ་ནས་ཅ་ལག་ཇི་ལྟར་འཕྲོག་ཐུབ། ཁོ་བཅིངས་ནས་ཁོའི་ཁང་པའི་ཅ་ལག་འཕྲོག་ཡོང༌།

30 སུས་ཀྱང་ང་ཡི་ཕྱོགས་མི་བྱེད་པ་དེས་ང་ལ་རྒོལ་ཞིང༌། སུས་ཀྱང་ང་དང་མཉམ་དུ་མི་སྡུད་པ་ནི་གཏོར་མཁན་ཡིན།

31 དེའི་ཕྱིར་ངས་ཁྱེད་ཚོར་ཟེར་རྒྱུར། སྡིག་པ་དང་དཀོན་མཆོག་ལ་སྐུར་བ་འདེབས་པ་ཐམས་ཅད་སེལ་བར་འགྱུར། འོན་ཀྱང་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་སྐུར་བ་འདེབས་མཁན་དེའི་སྡིག་ཉེས་སེལ་བར་མི་འགྱུར།

32 མིའི་རིགས་ཀྱི་བུ་ལ་ངན་སྨྲས་བྱེད་མཁན་དེའི་སྡིག་ཉེས་སེལ་བར་འགྱུར། འོན་ཀྱང་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་ངན་སྨྲས་བྱེད་མཁན་དེའི་སྡིག་ཉེས་ནི་ད་ལྟ་དང་མ་འོངས་པའི་དུས་སུ་སེལ་བར་མི་འགྱུར།

33 འབྲས་བུ་ལས་ཤིང་སྡོང་གང་ཡིན་ཤེས་པས། ཤིང་སྡོང་དང་འབྲས་བུ་གཉིས་ཀ་བཟང་པོ་རྩིས། ཡང་ན་ཤིང་སྡོང་དང་འབྲས་བུ་གཉིས་ཀ་ངན་པ་རྩིས།

34 དུག་སྦྲུལ་གྱི་རིགས་ཁྱོད་ཚོ། སེམས་ནང་གང་ཁེངས་ཡོད་པ་དེ་ཁ་ཡིས་བརྗོད་པས། ཁྱོད་ཚོ་ངན་པ་ཡིན་ཏེ་བཟང་པོ་ཅི་ལྟར་སྨྲ།

35 མི་བཟང་པོ་ཞིག་གིས་སེམས་ཀྱི་མཛོད་བཟང་པོ་ནས་བཟང་པོ་འདོན་པ་དང༌། མི་ངན་པ་ཞིག་གིས་སེམས་ཀྱི་མཛོད་ངན་པ་ནས་ངན་པ་འདོན།

36 ངས་ཁྱེད་ཚོར་ཟེར་རྒྱུར། ཁྲིམས་གཅོད་ཀྱི་ཉིན་མོར་མི་ཚོས་སྨྲས་པའི་ཚིག་ངན་རེ་རེའི་དོན་ལ་དཀོན་མཆོག་ལ་རྩིས་འབུལ་ཞུ་དགོས།

37 གང་ལགས་ཟེར་ན། ཁྱོད་ཀྱིས་སྨྲས་པའི་ཚིག་གིས་ཁྱོད་ཡང་དག་པར་རྩིས་ཤིང༌། ཁྱོད་ཀྱིས་སྨྲས་པའི་ཚིག་གིས་ཁྱོད་ཁྲིམས་གཅོད་གཏོང་བར་འགྱུར་” ཞེས་གསུངས།

ངོ་མཚར་བའི་རྟགས་འདོད་པའི་མི་རྣམས།

38 དེ་ནས་ཆོས་ཁྲིམས་ལ་མཁས་པའི་མི་དང་ཕཱ་རུ་ཤི་པ་ཁ་ཤས་ཀྱིས་ཡེ་ཤུ་ལ་ “སྟོན་པ་ལགས། ཁྱེད་ལས་ངོ་མཚར་བའི་རྟགས་ཤིག་མཐོང་བར་འདོད་” ཅེས་ཟེར།

39 ལན་དུ་ཁོང་གིས་ “མི་རབས་འདི་ནི་ངན་པ་དང་ལོག་གཡེམ་ཅན་ཞིག་ཡིན་པས་ངོ་མཚར་བའི་རྟགས་ཤིག་མཐོང་བར་འདོད་ཀྱང༌། ལུང་སྟོན་པ་ཡོ་ནཱ་ཡི་རྟགས་མ་གཏོགས་པར་གཞན་ཅི་ཡང་སྟེར་བར་མི་འགྱུར།

40 ལུང་སྟོན་པ་ཡོ་ནཱ་ནི་ཉིན་གསུམ་དང་མཚན་གསུམ་ཉ་ཆེན་པོའི་གྲོད་ཁོག་ནང་ལ་བསྡད་པ་ལྟར། མིའི་རིགས་ཀྱི་བུ་ཡང་ཉིན་གསུམ་དང་མཚན་གསུམ་སའི་གཏིང་ལ་སྡོད་པར་འགྱུར།

41 ཁྲིམས་གཅོད་པའི་ཉིན་མོར་གྲོང་ཁྱེར་ནུ་ནེ་ཝཱ་ཡི་མི་རྣམས་ལངས་ནས་མི་རབས་འདིའི་མི་རྣམས་ལ་ཉེས་སྐྱོན་འདོན་པར་བྱ། གང་ལགས་ཤེ་ན། ལུང་སྟོན་པ་ཡོ་ནཱའི་གསུང་ཐོས་ནས་ཁོ་ཚོས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར། ལྟོས་ཤིག ད་ལྟ་ཡོ་ནཱ་ལས་ཆེ་བ་ཞིག་འདིར་ཡོད།

42 ཁྲིམས་གཅོད་པའི་ཉིན་མོར་ལྷོ་ཡུལ་གྱི་རྒྱལ་མོའང་ལངས་ནས་མི་རབས་འདིའི་མི་རྣམས་ལ་ཉེས་སྐྱོན་འདོན་པར་བྱ། གང་ཡིན་ཞེ་ན། རྒྱལ་པོ་སོ་ལོ་མོན་གྱི་ཤེས་རབ་ཐོས་པའི་ཕྱིར་ཁོ་མོ་ས་གཞིའི་མཐའ་ནས་ཡོང༌། ལྟོས་ཤིག ད་ལྟ་སོ་ལོ་མོན་ལས་ཆེ་བ་ཞིག་འདིར་ཡོད།

43 མི་ཞིག་ནས་གདོན་འདྲེ་མི་གཙང་བ་འཐོན་སྐབས། ཆུ་མེད་པའི་ས་བརྒྱུད་དེ་ཕྱིན་ནས་ངལ་གསོ་འཚོལ་ཡང་མ་རྙེད།

44 དེ་ནས་དེས་ང་ཐོན་པའི་ཁང་པ་དེ་ལ་ཕྱིར་ལོག་ཅེས་ཟེར། དེར་སླེབས་དུས་སྟོང་ཞིང་གད་བརྒྱབ་ནས་གཙང་བ་དང་ལེགས་པར་བསྒྲིགས་ཡོད་པ་མཐོང༌།

45 སོང་ནས་དེ་ལས་ཀྱང་ངན་པ་གདོན་འདྲེ་བདུན་རང་དང་མཉམ་དུ་ཁྲིད་དེ་ཁང་པ་དེར་འཛུལ་ནས་བསྡད། མི་དེའི་གནས་ཚུལ་སྔ་མ་ལས་ཕྱི་མ་སྡུག་གོ དེ་བཞིན་དུ་མི་རབས་ངན་པ་འདི་ལ་ཡང་འབྱུང་བར་འགྱུར་རོ་” ཞེས་གསུངས།

སྟོན་པ་ཡེ་ཤུའི་ཡུམ་དང་སྐུ་མཆེད་ཀྱི་སྐོར།

46 ཁོང་གིས་མི་ཚོགས་ལ་གསུང་བཞིན་པའི་ཚེ། ཁོང་གི་ཡུམ་དང་གཅུང་པོ་རྣམས་ཁོང་ལ་གླེང་བར་འདོད་དེ་ཕྱི་ལོགས་ལ་ལངས་ནས་བཞུགས།

47 མི་ཞིག་གིས་ཁོང་ལ་ “གཟིགས་དང༌། ཁྱེད་ཀྱི་ཡུམ་དང་སྐུ་མཆེད་ཕྱི་ལོགས་ལ་ལངས་ནས་ཁྱེད་རང་ལ་གླེང་བར་འདོད་དེ་བཞུགས་འདུག་” ཅེས་སྨྲས། 48 ཁོང་གིས་དེ་སྨྲས་པའི་མི་ལ་ལན་དུ་ “ངའི་མ་དང་ངའི་སྤུན་ནི་སུ་ཡིན་” ཞེས་གསུངས་ནས།

49 ཁོང་གི་ཉེ་གནས་རྣམས་ཀྱི་ཕྱོགས་སུ་ཕྱག་བརྐྱངས་ཏེ་ “ལྟོས་དང༌། ངའི་མ་དང་ངའི་སྤུན་ཟླ་ནི་མི་འདི་ཚོ་ཡིན།

50 གང་ལགས་ཟེར་ན། དཀོན་མཆོག་གི་ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱི་དགོངས་པ་བཞིན་དུ་བྱེད་མཁན་ནི་ངའི་སྤུན་དང་སྲིང་མོ། མ་ཡིན་ནོ་” ཞེས་གསུངས་སོ།།

 

*************************************