2 Peter (2) – པེ་ཏྲོ། ༢ (2)

1 གནའ་བོའི་ཡི་སི་ར་ཨེལ་པའི་ཁྲོད་དུ་ལུང་སྟོན་པ་རྫུན་མ་རྣམས་བྱུང་བ་ལྟར། ད་ལྟའང་ཁྱེད་ཚོའི་ཁྲོད་དུ་སློབ་དཔོན་རྫུན་མ་རྣམས་འབྱུང་ཡོང༌། ཁོ་ཚོས་གསང་བའི་སྒོ་ནས་ཁྱེད་ཚོའི་ཁྲོད་དུ་འཇིག་པ་སྐྱེད་པའི་ཆོས་ལོག་སྟོན་པར་འགྱུར་བ་མ་ཟད། ཁོ་ཚོ་བླུ་རིན་གྱིས་ཉོ་མཁན་གཙོ་བོ་ཡེ་ཤུ་ཡང་དང་ལེན་མི་བྱེད་པས་རང་ཉིད་མྱུར་དུ་འཇིག་པའི་རྒྱུ་རྐྱེན་དུ་འགྱུར།

2 མི་མང་པོས་ཁོ་ཚོའི་འདོད་ཆགས་ཀྱི་སྤྱོད་ལམ་ལྟར་བྱེད་པས་བདེན་པའི་ལམ་ལ་སྨད་ར་གཏོང་བར་འགྱུར།

3 ཡང་ཁོ་ཚོས་སེར་སྣའི་སྒོ་ནས་རྫུན་གཏམ་གྱིས་ཁྱེད་ཚོར་མགོ་སྐོར་གཏོང་བར་འགྱུར། འོན་ཀྱང་དཀོན་མཆོག་གིས་ཁོ་ཚོར་གནའ་སྔ་མོ་ནས་ཁྲིམས་གཅོད་མཛད་པས་ཁོ་ཚོ་འཇིག་པར་འགྱུར་ངེས་ཡིན།

4 གལ་སྲིད་དཀོན་མཆོག་གིས་སྡིག་ཉེས་ཀྱི་ལས་བྱས་པའི་ཕོ་ཉའང་ཐར་བར་མི་མཛད་པར་དམྱལ་ཁམས་སུ་འཕངས་ནས། དེ་དག་ལྕགས་ཐག་གིས་བཅིངས་ཏེ་མུན་ནག་གི་ནང་ལ་ཁྲིམས་གཅོད་ཀྱི་ཉིན་མོའི་བར་དུ་བཞག་པར་མཛད་པ་དང༌།

5 དཀོན་མཆོག་ལ་མི་ཉན་པ་རྣམས་ཀྱི་འཇིག་རྟེན་ལ་ཆུ་ལོག་མཛད་པའི་ཚེ། སྤྱོད་པ་བཟང་པོ་སྒྲོག་མཁན་ནོ་ཨ་དང་ཁོང་གི་ནང་མི་བདུན་བསྐྱབས་ཤིང༌། གནའ་བོའི་འཇིག་རྟེན་དེ་མེད་པར་མཛད།

6 དེའི་རྗེས་དཀོན་མཆོག་ལ་མི་ཉན་པ་རྣམས་ལ་གང་འབྱུང་བའི་དཔེ་མཛད་པའི་ཕྱིར་སཱ་དོམ་དང་གྷོ་མོ་ར་གྲོང་ཁྱེར་ཁྲིམས་ཐག་བཅད་ནས་ཐལ་བར་གཏོར་བཤིག་མཛད་དུས།

7 ཁོང་གིས་ཁྲིམས་མེད་པ་རྣམས་ཀྱི་འདོད་ལོག་སྤྱོད་པས་སེམས་ཕངས་པར་གྱུར་མཁན་དྲང་ལྡན་པའི་མི་ལོཌ་ད་ཟེར་མཁན་སྒྲོལ་བར་མཛད་ན།

8 (ཁོ་ཚོའི་ཁྲོད་དུ་ཉིན་ལྟར་གནས་པའི་ཚེ་དྲང་ལྡན་པའི་མི་དེས་ཁོ་ཚོའི་ཁྲིམས་དང་འགལ་བའི་སྤྱོད་ལམ་མཐོང་ཞིང་ཐོས་པས་ཁོའི་དྲང་ལྡན་པའི་སེམས་མནར་བར་གྱུར་)

9-10 དེའི་ཐོག་ནས་དཀོན་མཆོག་གིས་ཆོས་སེམས་དང་ལྡན་པ་རྣམས་ཉམས་ཚོད་ལས་ཐར་ཞིང༌། དཀོན་མཆོག་ལ་མི་ཉན་པ་རྣམས་དང༌། ལྷག་པར་དུ་འདོད་ལོག་གི་ངང་ནས་སྤྱོད་པ་བྱེད་ཅིང༌། དབང་ཆ་དང་ལེན་མི་བྱེད་མཁན་རྣམས་ཁྲིམས་གཅོད་གཏོང་བའི་ཉིན་མོའི་བར་དུ་ཆད་པའི་ནང་འཇོག་པར་མཛད་ཚུལ་ཡང་མཁྱེན། ཁོ་ཚོ་ང་རྒྱལ་ཆེ་ཞིང་རང་འདོད་བྱེད་མཁན་ཡིན་པས་གཟི་བརྗིད་དང་ལྡན་པ་རྣམས་ལ་སྐུར་བ་འདེབས་པར་མི་འཇིགས།

11 འོན་ཀྱང་མི་དེ་ཚོ་ལས་སྟོབས་དང་དབང་ཆེ་བའི་ཕོ་ཉ་རྣམས་ཀྱིས་ཀྱང་གཙོ་བོའི་མདུན་དུ་ཁོ་ཚོར་སྐུར་བ་མི་འདེབས།

12 མི་དེ་རྣམས་ནི་བཟུང་ནས་གསོད་པའི་ཕྱིར་སྐྱེས་པའི་བློ་གྲོས་མེད་པའི་གཅན་གཟན་དང་འདྲ་བ་ཡིན་ཏེ། རང་བཞིན་གྱི་འདོད་པ་ལྟར་སྤྱོད་པ་བྱེད། ཁོ་ཚོས་གང་མི་རྟོགས་པ་ལ་སྐུར་བ་འདེབས། ཁོ་ཚོ་ཡང་གཅན་གཟན་དང་འདྲ་བར་འཇིག་པར་འགྱུར་ངེས།

13 ཁོ་ཚོར་གནོད་འཚེ་སྐྱེལ་བའི་འབྲས་བུ་གནོད་འཚེ་འཐོབ་པར་འགྱུར། ཉིན་མོར་ཡང་བག་མེད་ལོངས་སྤྱོད་བྱེད་པ་དགའ་བར་རྩི་ཞིང༌། ཁྱེད་ཚོ་དང་མཉམ་དུ་གསོལ་སྟོན་གཤོམ་དུས་གཡོ་སྒྱུ་ལོངས་སུ་སྤྱོད་པར་བྱེད་པ་དེ་རྣམས་གཙོག་ཅིང་སྐྱོན་ཅན་ཡིན་ནོ།

14 ལོག་གཡེམ་གྱིས་གང་བའི་མིག་གིས་ལྟ་ཞིང་སྡིག་ཉེས་བཀག་ཐབས་མེད། སེམས་བརྟན་པོ་མེད་པ་རྣམས་ལ་བསླུ་བྲིད་བྱེད། མི་དེ་རྣམས་སེར་སྣ་ལ་གོམས་ཤིང༌། དམོད་པ་ཕོག་པའི་རིགས་ཡིན།

15 དྲང་བའི་ལམ་དོར་ནས་འཁྱོག་ལམ་སྟེ། པེ་ཨོར་གྱི་བུ་པཱ་ལཱམ་གྱི་རྗེས་སུ་འབྲངས། ཁོ་ནི་སྡིག་པའི་འབྲས་བུ་ལ་ཆགས།

16 ཁོས་བཀའ་ལས་འགལ་བས་བཀའ་སྐྱོན་ཐོབ། སྨྲ་མི་ཤེས་པའི་བོང་བུ་ཡིས་མིའི་སྐད་ཀྱིས་སྨྲས་ནས་ལུང་སྟོན་པ་པཱ་ལཱམ་གྱི་སྨྱོ་བའི་བྱ་བ་བཀག

17 མི་དེ་ཚོ་ཆུ་སྐམ་པའི་ཆུ་མིག་དང༌། རླུང་གིས་འདེད་པའི་སྨུག་པ་དང་འདྲ་བ་ཡིན། ཁོ་ཚོའི་ཆེད་དུ་སྨག་རུམ་ཉར་ཡོད།

18 ཁོ་ཚོས་དོན་མེད་ང་རྒྱལ་གྱི་གཏམ་བཤད་ཅིང༌། འདོད་ཆགས་ཀྱི་སྒོ་ནས་འཁྲུལ་བ་རྣམས་ཀྱི་ནང་ནས་ཐར་མ་ཐག་པ་རྣམས་ལ་བསླུ་བྲིད་བྱེད།

19 ཁོ་ཚོས་མི་རྣམས་ལ་རང་དབང་སྤྲོད་རྒྱུ་ཁ་ཆད་བྱེད་ཀྱང་ཁོ་ཚོ་རང་ཉིད་ངན་རུལ་གྱི་བྲན་གཡོག་ཡིན། རྒྱུ་མཚན་ནི་མི་ཞིག་གང་གི་དབང་འོག་ཏུ་ཕྱིན་པ་དེའི་བྲན་གཡོག་ཡིན།

20 ངེད་རྣམས་ཀྱི་གཙོ་བོ་དང་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་རྟོགས་པའི་སྒོ་ནས་འཇིག་རྟེན་གྱི་མི་གཙང་བ་ལས་ཐར་ནས་སླར་ཡང་མི་གཙང་བས་བཅིངས་ཏེ་ཕམ་ན། གནས་ཚུལ་སྔ་མ་ལས་ཕྱི་མ་ངན།

21 དྲང་བདེན་ཉིད་ཀྱི་ལམ་ཤེས་ནས་ཁོ་ཚོར་བཅོལ་བའི་བཀའ་དམ་པ་སྤངས་པ་ལས་ལམ་དེ་ནམ་ཡང་མ་ཤེས་ན་ལེགས།

22 ཁ་དཔེ་ལ་བཤད་པ་བདེན་པ་ཡིན་ཏེ། ཁྱི་རང་གི་སྐྱུག་པར་ལོག་ཅེས་པ་དང༌། ཕག་མོ་བཀྲུས་རྗེས་སླར་ཡང་འདམ་པར་འགྲེ་ཞེས་པ་ཁོ་རྣམས་ལ་བྱུང་ངོ༌།།

 

********************************************************************