1 John (5) – ཡོ་ཧ་ནན། ༡ (5)

1 སུ་ཞིག་ཡིན་ཡང་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པར་ཡིད་ཆེས་བྱེད་མཁན་དེ་དཀོན་མཆོག་ལས་སྐྱེས་པ་ཡིན་པས། ཡབ་ལ་བྱམས་པ་བྱེད་མཁན་དེས་བུ་ཕྲུག་ལའང་བྱམས།

2 ང་ཚོས་དཀོན་མཆོག་ལ་གཅེས་པར་འཛིན་ཞིང་ཁོང་གི་བཀའ་ཁྲིམས་སྲུང་བའི་སྒོ་ནས་དཀོན་མཆོག་གི་སྲས་དང་སྲས་མོ་རྣམས་ལའང་བྱམས་པར་ཤེས།

3 གང་ཡིན་ཞེ་ན། ཁོང་གི་བཀའ་ཁྲིམས་སྲུང་བ་དེ་ནི་དཀོན་མཆོག་ལ་གཅེས་པར་འཛིན་པའོ། ཁོང་གི་བཀའ་ཁྲིམས་སྲུང་བ་དེ་དཀའ་བ་མིན།

4 གང་ལགས་ཤེ་ན། གང་ཞིག་དཀོན་མཆོག་ལས་སྐྱེས་པ་དེས་འཇིག་རྟེན་འདི་ལས་རྒྱལ། ཡང་འཇིག་རྟེན་ལས་རྒྱལ་བ་ནི་ང་ཚོའི་དད་པ་ཡིན་ནོ།

5 འཇིག་རྟེན་འདི་འཇོམས་མཁན་སུ་ཡིན་ཞེ་ན། ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་པར་དད་པ་བྱེད་མཁན་དེ་ཁོ་ནའོ།།

6 ཆུ་ཁྲག་དང་བཅས་པའི་སྒོ་ནས་བྱོན་པ་ནི་ཡེ་ཤུ་མཱ་ཤི་ཀ་ཡིན། ཁོང་ཆུ་གཅིག་པོའི་སྒོ་ནས་མ་ཡིན་གྱིས། ཆུ་དང་ཁྲག་གཉིས་ཀྱི་སྒོ་ནས་བྱོན། ཡང་དམ་པའི་ཐུགས་ཉིད་ཀྱིས་ཁོང་ལ་དཔང་པོ་མཛད། གང་ཡིན་ཞེ་ན། དམ་པའི་ཐུགས་ཉིད་བདེན་པའོ།

7 དཔང་པོ་གསུམ་ཡོད་དེ།

8 དམ་པའི་ཐུགས་ཉིད་དང༌། ཆུ། ཁྲག་ཡིན་ཞིང༌། དེ་གསུམ་གྱི་དཔང་པོ་གཅིག་པའོ།

9 ང་ཚོས་མིའི་དཔང་པོ་ཁས་ལེན་བྱས་ན། དཀོན་མཆོག་གི་དཔང་པོ་དེ་བས་ཀྱང་གལ་ཆེ་བ་ཡིན། གང་ཡིན་ཟེར་ན། དཀོན་མཆོག་གི་དཔང་པོ་ནི་རང་གི་སྲས་ལ་དཔང་པོ་མཛད་པ་དེའོ།

10 དཀོན་མཆོག་གི་སྲས་ལ་དད་པ་བྱེད་མཁན་རྣམས་ཀྱི་སེམས་ནང་དུ་དཔང་པོ་དེ་ཡོད། དཀོན་མཆོག་ལ་ཡིད་ཆེས་མི་བྱེད་མཁན་གྱིས་ཁོང་རྫུན་གསུང་མཁན་ཡིན་པར་སྨྲ། གང་ཡིན་ཞེ་ན། དཀོན་མཆོག་གིས་ཉིད་ཀྱི་སྲས་ལ་དཔང་པོ་གང་མཛད་པ་དེ་ལ་ཡིད་མ་ཆེས་པས་སོ།

11 དཔང་པོ་དེ་ནི་དཀོན་མཆོག་གིས་ང་ཚོར་དཔག་ཏུ་མེད་པའི་ཚེ་གནང་བ་ཡིན་ཞིང༌། ཚེ་དེ་ཁོང་གི་སྲས་ནང་ན་ཡོད་དོ།

12 སྲས་དང་འགྲོགས་པ་དེ་ལ་དཔག་ཏུ་མེད་པའི་ཚེ་ཡང་ཡོད། དཀོན་མཆོག་གི་སྲས་དང་མི་འགྲོགས་པ་དེ་ལ་ཚེ་ཡང་མེད།

མཇུག་བསྡུའི་གཏམ།

13 དཀོན་མཆོག་གི་སྲས་ཀྱི་མཚན་ལ་དད་པ་བྱེད་མཁན་ཁྱེད་རྣམས་ལ་དཔག་ཏུ་མེད་པའི་ཚེ་ཡོད་པར་ཤེས་པའི་ཕྱིར་དོན་འདི་རྣམས་ཁྱེད་ཚོར་བྲིས།

14 ཁོང་གི་སྤྱན་སྔར་ང་ཚོར་ཡོད་པའི་གདེང་ཚོད་ནི་ཁོང་གི་ཐུགས་དགོངས་བཞིན་དུ་ཅིའང་ཞུས་ན་ཁོང་གིས་གསན་པ་དེའོ།

15 ཡང་གལ་ཏེ་ངེད་ཀྱིས་ཅི་ཞིག་ཞུས་པ་དེ་གསན་པར་ཤེས་ན། གང་ཞུས་པ་དེ་ཁོང་ལས་ཐོབ་པར་ཡང་ཤེས།

16 གལ་ཏེ་སུ་ཞིག་གིས་སྤུན་ཟླས་འཆི་བ་ལ་མི་ཐུག་པ་ཙམ་གྱི་སྡིག་ཉེས་བྱེད་པར་མཐོང་ན། ཁོས་གསོལ་བ་འདེབས་དགོས་ཤིང༌། དཀོན་མཆོག་གིས་འཆི་བ་ལ་མི་ཐུག་པ་ཙམ་གྱི་སྡིག་ཉེས་བྱེད་མཁན་དེར་ཚེ་གནང་བར་འགྱུར། འབྲས་བུ་འཆི་བ་ལ་ཐུག་པའི་སྡིག་ཉེས་ཡང་ཡོད། དེའི་ཐད་ལ་ངས་གསོལ་བ་འདེབས་དགོས་ཞེས་མི་ཟེར།

17 དྲང་བདེན་མ་ཡིན་པའི་བྱ་བ་ཐམས་ཅད་སྡིག་ཉེས་ཡིན། འོན་ཀྱང་འཆི་བ་ལ་མི་ཐུག་པའི་སྡིག་ཉེས་ཡང་ཡོད།

18 དཀོན་མཆོག་ལས་སྐྱེས་པ་རྣམས་ཀྱིས་སྡིག་ཉེས་ལག་ལེན་མི་བྱེད་པར་ངེད་ཀྱིས་ཤེས། དཀོན་མཆོག་གི་སྲས་ཀྱིས་ཁོ་ཚོ་སྲུང་ཞིང༌། བདུད་ཀྱིས་ཁོ་ཚོར་གནོད་པ་བྱེད་མི་ཐུབ།

19 ང་ཚོ་དཀོན་མཆོག་གི་ཁོངས་གཏོགས་ཡིན་པ་དང༌། འཇིག་རྟེན་ཧྲིལ་པོ་འདི་བདུད་ཀྱི་དབང་འོག་ཏུ་ཡོད་པར་ང་ཚོས་ཤེས།

20 ཡང་དཀོན་མཆོག་གི་སྲས་བྱོན་ཞིང༌། ངེད་རྣམས་ལ་རྟོགས་པ་གནང་བར་ཤེས། དེ་ནི་ང་ཚོས་བདེན་པ་ཡིན་པའི་ཁོང་ངོ་ཤེས་པའི་ཆེད་དུ་ཡིན། ཡང་ང་ཚོ་བདེན་པ་ཡིན་པའི་ཁོང་གི་ནང་ན་ཡོད་དེ། ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀ་དེ་ཡིན། ཁོང་ནི་དཀོན་མཆོག་དངོས་དང༌། དཔག་ཏུ་མེད་པའི་ཚེ་ཡིན།

21 གཅེས་པའི་ཕྲུ་གུ་རྣམས། ལྷ་སྐུ་རྣམས་ལ་འཛེམས་ནས་ཁོ་ཚོ་གཏན་ནས་མ་བསྟེན་ཞིག ། །།

 

*********************************************************************

1 John (4) – ཡོ་ཧ་ནན། ༡ (4)

1 གཅེས་པ་རྣམས། སེམས་ཉིད་ཡིན་ཚད་ལ་ཡིད་མ་ཆེས་ཤིག སེམས་ཉིད་དཀོན་མཆོག་ནས་ཡིན་མིན་ལྟ་ཚོད་ཞིབ་ཕྲ་བྱོས། གང་ཡིན་ཟེར་ན། ལུང་སྟོན་པ་རྫུན་མ་མང་པོ་འཇིག་རྟེན་ལ་ཐོན་པས་སོ།

2 ཡེ་ཤུ་མཱ་ཤི་ཀ་གཟུགས་དང་ལྡན་པར་འཇིག་རྟེན་འདིར་ཕེབས་ཞེས་ཟེར་བའི་སེམས་ཉིད་རེ་རེ་ནི་དཀོན་མཆོག་ནས་ཡིན། དེ་ལྟར་ཁྱེད་ཚོས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ངོ་ཤེས།

3 ཡང་ཡེ་ཤུ་ཁས་ལེན་མི་བྱེད་པའི་སེམས་ཉིད་རེ་རེ་ནི་དཀོན་མཆོག་ནས་མིན་པས། མཱ་ཤི་ཀའི་བསྟན་དགྲའི་སེམས་ཉིད་ཡིན། སེམས་ཉིད་དེ་ཡོང་གི་ཡོད་པ་ཁྱེད་ཚོས་ཐོས་ཡོད་ལ་ད་ལྟ་འཇིག་རྟེན་འདིར་སླེབས་ཟིན།

4 གཅེས་པའི་ཕྲུ་གུ་རྣམས། ཁྱོད་ཚོ་དཀོན་མཆོག་ནས་ཡིན་པས་ཁོ་ཚོ་ལས་རྒྱལ་ཟིན་ནོ། གང་ཡིན་ཞེ་ན། འཇིག་རྟེན་ལ་ཡོད་པ་དེ་ལས་ཁྱོད་ཚོར་ནང་ལ་བཞུགས་མཁན་དེ་ཆེའོ།

5 ཁོ་ཚོ་ནི་འཇིག་རྟེན་འདི་ནས་ཡིན་པས་འཇིག་རྟེན་གྱི་ཆ་ནས་གཏམ་བྱེད་ཅིང༌། འཇིག་རྟེན་པས་ཁོ་ཚོའི་གཏམ་ལ་ཉན།

6 ང་ཚོ་དཀོན་མཆོག་ནས་ཡིན་པས། དཀོན་མཆོག་ངོ་ཤེས་པ་དེས་ང་ཚོ་ལ་ཉན། དཀོན་མཆོག་ནས་མ་ཡིན་པ་དེས་ང་ཚོ་ལ་མི་ཉན། དེའི་སྒོ་ནས་ངེད་རྣམས་ཀྱིས་བདེན་པའི་སེམས་ཉིད་དང་ལོག་པའི་སེམས་ཉིད་ཤེས་སོ།།

དཀོན་མཆོག་ནི་བྱམས་པ་ཡིན།

7 གཅེས་པ་རྣམས། བྱམས་པ་ནི་དཀོན་མཆོག་ནས་ཡིན་པས་ང་ཚོས་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས། བྱམས་པ་བྱེད་མཁན་ཚང་མ་དཀོན་མཆོག་ལས་སྐྱེས་ཤིང༌། དཀོན་མཆོག་ངོ་ཤེས།

8 དཀོན་མཆོག་ནི་བྱམས་པ་ཡིན་པས་བྱམས་པ་མི་བྱེད་མཁན་དེས་དཀོན་མཆོག་ངོ་མི་ཤེས།

9 དཀོན་མཆོག་གི་བྱམས་པ་ང་ཚོའི་ཁྲོད་དུ་མངོན་པར་གྱུར་བ་དེ་ལྟར་ཡིན། ང་ཚོ་ཁོང་བརྒྱུད་ནས་འཚོ་ཞིང་དཔག་ཏུ་མེད་པའི་ཚེ་འཐོབ་པའི་ཕྱིར་དཀོན་མཆོག་གིས་རང་གི་སྲས་གཅིག་པོ་དེ་འཇིག་རྟེན་ལ་མངགས།

10 བྱམས་པ་ནི་ང་ཚོས་དཀོན་མཆོག་ལ་བྱམས་པ་མ་བྱས་ཏེ། དཀོན་མཆོག་གིས་ང་ཚོར་བྱམས་པར་མཛད་པ་ཡིན་ཞིང༌། ང་ཚོ་སྡིག་ཉེས་ལས་ཐར་བར་མཛད་པའི་དམར་མཆོད་དུ་ཁོང་གི་སྲས་མངགས་པ་ཡིན།

11 གཅེས་པ་རྣམས། དཀོན་མཆོག་གིས་ང་ཚོར་དེ་ལྟར་བྱམས་པ་མཛད་པས། ངེད་ཀྱིས་ཀྱང་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས།

12 སུས་ཀྱང་དཀོན་མཆོག་གཏན་ནས་མཐོང་མ་མྱོང༌། འོན་ཀྱང་ང་ཚོས་གཅིག་གིས་གཅིག་ལ་བྱམས་པ་བྱས་ན། དཀོན་མཆོག་ང་ཚོའི་ནང་ལ་བཞུགས་ཤིང༌། ཁོང་གི་བྱམས་པ་ང་ཚོའི་ནང་ཡོངས་སུ་རྫོགས་པར་འགྱུར།

13 ཁོང་གིས་དམ་པའི་ཐུགས་ཉིད་ང་ཚོར་གནང་བའི་སྒོ་ནས་ང་ཚོ་ཁོང་གི་ནང་ན་གནས་ཤིང༌། ཁོང་ང་ཚོའི་ནང་ན་བཞུགས་པ་དེ་ཤེས།

14 ཡབ་ཀྱིས་འཇིག་རྟེན་གྱི་སྐྱབས་མགོན་དུ་སྲས་མངགས་ཡོད་པ་ང་ཚོས་མཐོང་མྱོང་ཞིང་དེ་ལ་དཔང་པོ་བྱེད།

15 སུ་ཞིག་གིས་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན་པར་ཁས་ལེན་བྱས་ན། དཀོན་མཆོག་དེའི་ནང་ན་བཞུགས་པ་དང༌། ཁོ་དཀོན་མཆོག་གི་ནང་ན་གནས།

16 དེར་བརྟེན་དཀོན་མཆོག་གིས་ང་ཚོར་བྱམས་པ་ངེད་ཀྱིས་ཤེས་ཤིང་དེ་ལ་ཡིད་རྟོན་བྱེད། དཀོན་མཆོག་ནི་བྱམས་པའོ། བྱམས་པའི་ནང་ལ་གནས་མཁན་དཀོན་མཆོག་གི་ནང་ན་གནས་ཤིང༌། དཀོན་མཆོག་ཀྱང་ཁོའི་ནང་ན་བཞུགས།

17 དེ་ལྟར་བྱམས་པ་ནི་ང་ཚོའི་ཁྲོད་དུ་ཡོངས་སུ་རྫོགས་པར་གྱུར། ཁྲིམས་གཅོད་པའི་ཉིན་མོར་ང་ཚོ་འཇིགས་པ་དང་བྲལ་བར་འགྱུར་ཏེ། དེ་ནི་འཇིག་རྟེན་འདིར་ང་ཚོ་ཁོང་དང་འདྲ་བ་ཡིན་པས་སོ།

18 བྱམས་པ་ལ་འཇིགས་པ་མེད་པས། ཡོངས་སུ་རྫོགས་པའི་བྱམས་པ་དེས་འཇིགས་པ་ཕྱིར་སྐྲོད། གང་ཡིན་ཞེ་ན། འཇིགས་པའི་རྒྱུ་རྐྱེན་ཆད་པ་ཡིན་པས། འཇིགས་པ་ཡོད་པའི་མིར་བྱམས་པ་ད་དུང་ཡོངས་སུ་རྫོགས་པར་མི་འགྱུར།

19 ཁོང་གིས་སྔོན་དུ་ང་ཚོར་བྱམས་པར་མཛད་པས་ངེད་ཀྱིས་ཀྱང་བྱམས་པ་བྱེད།

20 མི་ཞིག་གིས་ངས་དཀོན་མཆོག་ལ་གཅེས་པར་འཛིན་ཞེས་ཟེར་བཞིན་དུ་རང་གི་སྤུན་ཟླར་སྡང་ན་ཁོ་རྫུན་ཤོད་མཁན་ཡིན། གང་ལགས་ཤེ་ན། མིག་གིས་མཐོང་བཞིན་ཡོད་པའི་སྤུན་ཟླར་མི་བྱམས་མཁན་དེས་མིག་གིས་མཐོང་མ་མྱོང་བའི་དཀོན་མཆོག་ལ་གཅེས་མི་སྲིད།

21 ཡང་དཀོན་མཆོག་ལ་གཅེས་པར་འཛིན་མཁན་གྱིས་ཁོའི་སྤུན་ཟླ་ལའང་བྱམས་པར་བྱེད་དགོས། དེ་ནི་ཁོང་གིས་ང་ཚོར་གནང་བའི་བཀའ་ཡིན་ནོ།།

 

********************************************************************

1 John (3) – ཡོ་ཧ་ནན། ༡ (3)

1 ལྟོས་དང༌། ཡབ་ཀྱིས་ང་ཚོར་གནང་བའི་བྱམས་པ་ཅི་ལྟར་ཆེའོ། ངེད་རྣམས་ལ་དཀོན་མཆོག་གི་སྲས་དང་སྲས་མོ་ཟེར། དེ་ལྟར་ཡིན་ཡང་ཡིན། འཇིག་རྟེན་འདིའི་མི་རྣམས་ཀྱིས་ཁོང་ངོ་མ་ཤེས་པས་ང་ཚོའང་ངོ་མི་ཤེས།

2 ངའི་གཅེས་པ་རྣམས། ད་ལྟ་ང་ཚོ་དཀོན་མཆོག་གི་སྲས་དང་སྲས་མོ་ཡིན་ཞིང༌། རྗེས་མ་ང་ཚོ་ཅི་ལྟར་འགྱུར་བ་དེ་ད་དུང་མ་མངོན། ཡེ་ཤུ་འཐོན་པའི་ཚེ་ཁོང་ཅི་ལྟར་ཡིན་པ་དེ་ལྟར་མཐོང་བར་འགྱུར་བས་ང་ཚོ་ཁོང་དང་འདྲ་བ་ཡིན་པར་ང་ཚོས་ཤེས།

3 ཁོང་དེ་འདྲའི་རེ་སྒུག་བྱེད་མཁན་ཐམས་ཅད་ཀྱིས། རང་འདག་པར་བྱེད་དེ། ཁོང་དྲི་མ་མེད་པ་ལྟར་རོ།།

4 སུས་ཀྱང་སྡིག་ཉེས་ལག་ལེན་བྱེད་པ་དེ་བཀའ་ཁྲིམས་འགལ་མཁན་ཡང་ཡིན། སྡིག་ཉེས་ནི་བཀའ་ཁྲིམས་དང་འགལ་བའོ།

5 ཡེ་ཤུ་སྡིག་ཉེས་སེལ་བའི་ཆེད་དུ་མངོན་པར་ཁྱེད་ཚོས་ཤེས་ཤིང༌། ཁོང་གི་ནང་ན་སྡིག་ཉེས་མེད།

6 སུ་ཞིག་ཁོང་གི་ནང་དུ་གནས་ན་སྡིག་ཉེས་ལག་ལེན་མི་བྱེད། སུས་ཀྱང་སྡིག་ཉེས་མུ་མཐུད་ནས་བྱས་ན་ཁོང་མ་མཇལ་ལ་ངོ་ཡང་མ་ཤེས།

7 ཕྲུ་གུ་རྣམས། མི་སུས་ཀྱང་ཁྱོད་ལ་མགོ་སྐོར་གཏོང་དུ་མ་འཇུག་ཅིག ཁོང་ཡང་དག་པ་ཡིན་པ་ལྟར། ཡང་དག་པའི་ལས་བྱེད་མཁན་ཡང་ཡང་དག་པ་ཡིན།

8 སྡིག་ཉེས་ལག་ལེན་བྱེད་མཁན་ནི་བདུད་ཀྱི་ཁོངས་སུ་གཏོགས་པ་ཡིན། གང་ཡིན་ཟེར་ན། བདུད་ཀྱིས་ཐོག་མ་ནས་སྡིག་པའི་ལས་བྱས་པས་སོ། དཀོན་མཆོག་གི་སྲས་མངོན་པར་གྱུར་བའི་དོན་ནི་བདུད་ཀྱི་བྱ་བ་མེད་པར་མཛད་པའི་ཆེད་དུ་ཡིན།

9 སུ་ཞིག་དཀོན་མཆོག་ལས་སྐྱེས་པ་དེས་སྡིག་པའི་ལས་མུ་མཐུད་ནས་མི་བྱེད། གང་ལགས་ཟེར་ན། དཀོན་མཆོག་གི་ས་བོན་ཁོའི་ནང་ན་གནས་པས་སོ། དཀོན་མཆོག་ལས་སྐྱེས་པས་ཁོས་སྡིག་པའི་ལས་མུ་མཐུད་ནས་བྱེད་མི་སྲིད།

10 ཡང་དག་པའི་ལས་མི་བྱེད་མཁན་ནམ། ཡང་ན་སྤུན་ཟླར་བྱམས་པ་མི་བྱེད་པ་ནི་དཀོན་མཆོག་གི་ཁོངས་གཏོགས་མིན། དེའི་སྒོ་ནས་དཀོན་མཆོག་གི་སྲས་དང་སྲས་མོ་རྣམས་དང་བདུད་ཀྱི་ཕྲུ་གུ་གང་ཡིན་པ་ཤེས།

གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས།

11 ང་ཚོས་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས་པ་ནི་ཁྱོད་ཚོས་སྔར་ནས་ཐོས་པའི་འཕྲིན་ཡིན།

12 བདུད་ཀྱི་ཁོངས་གཏོགས་ཡིན་པའི་རང་གི་གཅུང་པོ་སྲོག་གཅོད་མཁན་ཀ་ཡིན་ནང་བཞིན་ལ་མ་འགྱུར་ཞིག ཅིའི་ཕྱིར་བསད་ཞེ་ན། ཀ་ཡིན་གྱི་བྱ་བ་ངན་པ་ཡིན་ཞིང༌། ཁོའི་གཅུང་པོའི་བྱ་བ་དྲང་པོ་ཡིན་པས་སོ།

13 སྤུན་ཟླ་རྣམས། འཇིག་རྟེན་འདིའི་མི་རྣམས་ཀྱིས་ཁྱེད་ཚོར་སྡང་ན་ཡ་མཚན་མ་སྐྱེད་ཅིག

14 སྤུན་ཟླར་བྱམས་པ་བྱས་པའི་རྐྱེན་གྱིས་ང་ཚོ་འཆི་བ་ནས་གསོན་པོར་གྱུར་ཡོད་པ་ངེད་ཀྱིས་ཤེས། བྱམས་པ་མི་བྱེད་མཁན་ནི་འཆི་བའི་ནང་ལ་གནས་སོ།

15 སུས་ཀྱང་སྤུན་ཟླར་སྡང་བ་དེ་ནི་སྲོག་གཅོད་མཁན་ཡིན། ཡང་སྲོག་གཅོད་མཁན་སུ་ལའང་དཔག་ཏུ་མེད་པའི་ཚེ་མི་གནས་པ་ཁྱེད་ཚོས་ཤེས།

16 ཡེ་ཤུས་ང་ཚོའི་དོན་ལ་རང་གི་སྐུ་སྲོག་བློས་བཏང་གནང༌། དེའི་སྟེང་ནས་བྱམས་པ་དངོས་གང་ཡིན་པ་ངེད་ཀྱིས་ཤེས། ངེད་རྣམས་ཀྱིས་ཀྱང་སྤུན་ཟླ་རྣམས་ཀྱི་ཆེད་དུ་རང་སྲོག་གཏོང་དགོས།

17 འཇིག་རྟེན་འདིའི་རྒྱུ་ནོར་ཡོད་པ་ཞིག་གིས་སྤུན་ཟླ་དགོས་ཆས་མེད་པར་མཐོང་ནས་སྙིང་རྗེ་མ་བྱས་ན། དཀོན་མཆོག་གི་བྱམས་པ་ཁོའི་ནང་ན་ཅི་ལྟར་གནས།

18 གཅེས་པའི་ཕྲུ་གུ་རྣམས། ང་ཚོས་ངག་དང་ཚིག་ཙམ་གྱི་སྒོ་ནས་མ་ཡིན་པར་ལག་ལེན་དངོས་ཀྱི་ནང་ནས་བྱམས་སྐྱོང་བྱེད་དགོས།

19-20 བྱ་བ་དེ་ཡིས་ང་ཚོ་བདེན་པའི་ཁོངས་གཏོགས་ཡིན་པ་ཤེས་པར་འགྱུར་ཞིང༌། ངེད་ཀྱི་སེམས་ཁོང་གི་སྤྱན་སྔར་བློ་བདེར་སྡོད་པར་བྱེད། གང་ཡིན་ཞེ་ན། གལ་ཏེ་ང་ཚོའི་སེམས་ཀྱིས་རང་ལ་སྡིག་ཉེས་འདུག་ཅེས་ཟེར་ན་དཀོན་མཆོག་ནི་ངེད་ཀྱི་སེམས་ལས་ཆེ་བ་ཡིན་ཞིང་ཁོང་གིས་དོན་ཐམས་ཅད་མཁྱེན་ནོ།

21 གཅེས་པ་རྣམས། ངེད་ཀྱི་སེམས་ཀྱིས་རང་ལ་སྡིག་ཉེས་འདུག་ཅེས་མི་ཟེར་ན་དཀོན་མཆོག་གི་སྤྱན་སྔར་ང་ཚོར་གདེང་ཚོད་ཡོད།

22 ང་ཚོས་ཁོང་གི་བཀའ་ཁྲིམས་སྲུང་ཞིང་ཁོང་གི་ཐུགས་མཉེས་པའི་བྱ་བ་བྱེད་པས་ང་ཚོས་གང་ཡང་ཞུས་པ་དེ་ཁོང་ལས་འཐོབ་པར་འགྱུར།

23 དཀོན་མཆོག་གི་བཀའ་ནི་ཁོང་གི་སྲས་ཡེ་ཤུ་མཱ་ཤི་ཀའི་མཚན་ལ་དད་པ་བྱེད་ཅིང༌། ཁོང་གིས་ང་ཚོར་བཀའ་གནང་བ་ལྟར་ང་ཚོས་གཅིག་གིས་གཅིག་ལ་བྱམས་པ་བྱེད་དགོས་པ་དེ་ཡིན།

24 དཀོན་མཆོག་གི་བཀའ་སྲུང་མཁན་ཁོང་གི་ནང་ན་གནས་ཤིང༌། ཁོང་ཡང་ཁོའི་ནང་བཞུགས། ཡང་ཁོང་ང་ཚོའི་ནང་ན་བཞུགས་པའི་རྟགས་ནི་ཁོང་གིས་ང་ཚོར་གནང་བའི་དམ་པའི་ཐུགས་ཉིད་དེ་ཡིན་ནོ།།

 

*********************************************************************