Genesis (12)(13)(15)(17)(21)(22) – བཀོད་པ (12)(13)(15)(17)(21)(22)

Genesis (12) – བཀོད་པ (12)

1 ཡ་ཝེ་དཀོན་མཆོག་གིས་ཨབ་རམ་ལ་ “ད་ཁྱོད་རང་གི་ཕ་ཡུལ་དང་གཉེན་ཚན་ཁྱིམ་ཚང་དང་ཁ་བྲལ་ཏེ་ངས་ཁྱོད་ལ་བསྟན་པའི་ཡུལ་དུ་སོང་ཞིག

2 ངས་ཁྱོད་ལ་བུ་རབས་མང་པོ་འཕེལ་བཅུག་སྟེ་ཁོ་ཚོ་རྒྱལ་ཁབ་ཆེན་པོར་འགྱུར། ཁྱོད་ནི་མི་གཞན་ལ་བྱིན་རླབས་སུ་འགྱུར་བའི་ཕྱིར་ངས་ཁྱོད་ལ་བྱིན་གྱིས་རླབས་ནས། ཁྱོད་སྙན་གྲགས་དང་ལྡན་པར་བྱ།

3 མི་སུ་ཞིག་གིས་ཁྱོད་ལ་བདེ་བ་སྟེར་ན། ངས་ཀྱང་ཁོ་ལ་བདེ་བ་སྟེར་བར་བྱ། ཡང་སུ་ཞིག་གིས་ཁྱོད་ལ་དམོད་པ་བརྒྱབ་ན། དེ་ལ་ངས་ཀྱང་ཆད་པ་གཅོད་པར་བྱ། ཡང་ཁྱོད་བརྒྱུད་ནས་འཛམ་གླིང་གི་མི་རིགས་ཐམས་ཅད་བྱིན་གྱིས་རློབ་པར་འགྱུར་” ཞེས་གསུངས།

4-5 ཨབ་རམ་དགུང་ལོ་བདུན་ཅུ་དོན་ལྔ་ལོན་སྐབས་ཡ་ཝེ་དཀོན་མཆོག་གི་བཀའ་བཞིན་དུ་ཨབ་རམ་དང༌། ཁོང་གི་བཟའ་ཟླ་ས་ར་ཡེ། ཨབ་རམ་གྱི་གཅུང་པོའི་བུ་ལོཌ་ད། དེ་བཞིན་གྲོང་ཁྱེར་ཧ་རན་ལ་ཡོད་པའི་གཡོག་པོ་རྣམས་ཁྲིད་ནས་བསགས་པའི་ནོར་ཐམས་ཅད་འཁྱེར་ཏེ། ཧ་རན་གྲོང་ཁྱེར་ནས་ཐོན་ཏེ་ཡུལ་ཀ་ནཱན་དུ་སོང༌། ཀ་ནཱན་ཡུལ་དུ་སླེབས་སྐབས།

6 ཁོང་ཚོ་ཡུལ་དེ་བརྒྱུད་ནས་ཕེབས་ཤིང་ཤེ་ཀེམ་ཞེས་པའི་གནས་མཆོག་དེར་མོ་རེ་ཞེས་པའི་བེ་ཤིང་ཆེན་མོའི་འགྲམ་དུ་སླེབས། (སྐབས་དེ་དུས་ཀ་ནཱན་པ་རྣམས་ཀྱང་ཡུལ་དེར་གནས་བཞིན་ཡོད་)

7 དེ་ནས་ཡ་ཝེ་དཀོན་མཆོག་གིས་ཨབ་རམ་ལ་མངོན་པར་མཛད་དེ་ “ངས་ཁྱོད་ཀྱི་བུ་རྒྱུད་རྣམས་ལ་ཡུལ་འདི་སྤྲོད་པར་བྱ་” ཞེས་གསུངས། ས་ཆ་དེར་ཨབ་རམ་གྱིས་ཞལ་མཇལ་གནང་བའི་ཡ་ཝེ་དཀོན་མཆོག་ལ་གུས་བཀུར་བྱེད་པའི་ཕྱིར་མཆོད་ཁྲི་ཞིག་བརྩིགས་ནས།

8 གྲོང་ཁྱེར་བེཌ་ཨེལ་གྱི་ཤར་ཕྱོགས་སུ་ཡོད་པའི་རི་ཁུལ་ལ་ཕྱིན་ཏེ། བེཌ་ཨེལ་གྱི་ཤར་ཕྱོགས་དང་གྲོང་ཁྱེར་ཨ་ཨི་ཡི་ནུབ་ཕྱོགས་སུ་ཡོད་པའི་གནས་ཤིག་ཏུ་གུར་ཕུབ་པ་དང༌། དེར་ཁོང་གིས་ཡང་བསྐྱར་མཆོད་ཁྲི་ཞིག་བརྩིགས་ཏེ་ཡ་ཝེ་དཀོན་མཆོག་ལ་བསྙེན་བཀུར་བྱས་སོ།།

*******************************

Genesis (13) – བཀོད་པ (13)

14 ལོཌ་ད་ཨབ་རམ་དང་གྱེས་པའི་རྗེས་སུ་ཡ་ཝེ་དཀོན་མཆོག་གིས་ཨབ་རམ་ལ་ “ཁྱོད་ལངས་པའི་ས་ནས་ཕྱོགས་བཞི་ལ་ལྟོས་དང༌།

15 ཁྱོད་ཀྱིས་མཐོང་བའི་ཡུལ་ཐམས་ཅད་ནི་ངས་ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་རྣམས་ལ་སྤྲོད་པར་བྱ་སྟེ་དེ་རྣམས་དུས་གཏན་དུ་ཁྱོད་ཚོའི་ཡིན།

16 ཁྱོད་ཀྱི་བུ་རྒྱུད་ཀྱི་གྲངས་མི་སུ་ཞིག་གིས་ཀྱང་བརྩི་མི་ཐུབ། གང་ལགས་ཟེར་ན། ངས་ཁྱོད་ཀྱི་བུ་རྒྱུད་ནི་སའི་རྡུལ་དང་མཉམ་པར་འཕེལ་དུ་འཇུག་པར་བྱ། 17 ད་ཡུལ་ཚང་མར་སོང་ནས་ལྟོས་ཤིག གང་ལགས་ཤེ་ན། ངས་ཁྱོད་ལ་ཡུལ་ཀུན་སྟེར་བར་བྱ་” ཞེས་གསུངས།

18 དེ་ནས་ཨབ་རམ་གྱིས་གུར་བསྡུས་ཏེ་ཧེབ་རོན་ཟེར་བའི་ཡུལ་ལ་ཕྱིན་ནས་མམ་རེ་བྱ་བའི་བེ་ཤིང་གི་འཁྲིས་ལ་གནས་ཏེ། ས་ཆ་དེར་ཡ་ཝེ་དཀོན་མཆོག་ལ་མཆོད་ཁྲི་ཞིག་བརྩིགས་སོ།།

*******************************

Genesis (15) – བཀོད་པ (15)

1 དེའི་རྗེས་སུ་ཞལ་གཟིགས་ཀྱི་སྐབས་ཡ་ཝེ་དཀོན་མཆོག་གིས་ཨབ་རམ་ལ་ “ཨབ་རམ། མ་འཇིགས་ཤིག ངས་ཉེན་ཁ་ཐམས་ཅད་ལས་སྐྱོབ་ཆེད་ཀྱི་ཕུབ་ལྟར་ཁྱོད་སྲུང་བར་བྱེད་དེ་བྱ་དགའ་ཆེན་པོ་ཞིག་ཁྱོད་ལ་སྤྲོད་བར་བྱ་” ཞེས་གསུངས།

2 འོན་ཀྱང་ཨབ་རམ་གྱིས་ “ཀྱེ་གཙོ་བོ་དཀོན་མཆོག་ཡ་ཝེ་ལགས། ང་ལ་ཕྲུ་གུ་གཅིག་ཀྱང་མེད་པའི་རྐྱེན་གྱིས་ཁྱེད་ཀྱི་བྱ་དགའ་དེས་ང་ལ་ཕན་ཐོག་མི་ཡོང༌། གྲོང་ཁྱེར་ད་མེ་སེག་ནས་ཡིན་པའི་ཨེ་ལི་ཨེ་ཟེ་ཞེས་པ་དེ་ནི་ངའི་ཤུལ་འཛིན་པ་གཅིག་པུ་དེ་ཡིན།

3 ཁྱེད་ཀྱིས་ང་ལ་ཕྲུ་གུ་མ་གནང་བས། ངའི་གཡོག་པོའི་ནང་ནས་གཅིག་རྗེས་སུ་ངའི་ཤུལ་འཛིན་པར་འགྱུར་འོང་” ཞེས་ཞུས།

4 འོན་ཀྱང་ཡ་ཝེ་དཀོན་མཆོག་གིས་ཡང་བསྐྱར་ཨབ་རམ་ལ་ “ཨེ་ལི་ཨེ་ཟེ་ཟེར་བའི་མི་དེ་ཁྱོད་ཀྱི་ཤུལ་འཛིན་པར་འགྱུར་མི་ཡོང༌། ཁྱོད་རང་གི་བུ་ཤུལ་འཛིན་པར་འགྱུར་ཡོང་” ཞེས་གསུངས་པ་དང༌།

5 ཡ་ཝེ་དཀོན་མཆོག་གིས་ཁོང་ཕྱི་རོལ་དུ་ཁྲིད་དེ་ “ནམ་མཁར་ལྟོས་དང༌། སྐར་མ་རྣམས་རྩི་ཐུབ་ན་རྩིས་ཤིག ཁྱོད་ཀྱི་བུ་རྒྱུད་ཀྱང་སྐར་མ་ལྟར་མང་པོ་འབྱུང་བར་འགྱུར་” ཞེས་གསུངས།

6 ཨབ་རམ་གྱིས་ཡ་ཝེ་དཀོན་མཆོག་ལ་དད་པ་བྱས་པས། དེ་ནི་དཀོན་མཆོག་གིས་ཁོང་རྣམ་པར་དག་པའི་མི་ཞིག་ལ་བརྩིས་གནང་ངོ༌།།

************************************

Genesis (17) – བཀོད་པ (17)

1 ཡང་ཨབ་རམ་དགུང་ལོ་དགུ་ཅུ་གོ་དགུ་ལོན་པའི་ཚེ་ཡ་ཝེ་དཀོན་མཆོག་གིས་ཁོང་གི་མདུན་ལ་མངོན་པར་མཛད་དེ་ “ང་ནི་དབང་ཀུན་ལྡན་པའི་དཀོན་མཆོག་ཡིན། ངའི་བཀའ་ལ་རྟག་ཏུ་མཉན་ནས་མི་དྲང་པོ་སྐྱོན་མེད་པ་ཞིག་བྱོས་ཤིག

2 ངས་ཁྱོད་དང་ཁ་ཆད་བྱས་ནས་ཁྱོད་ཀྱི་བུ་རྒྱུད་མང་པོ་འཕེལ་དུ་འཇུག་” ཅེས་གསུངས།

3 ཨབ་རམ་གྱིས་ཕྱག་འཚལ་བ་དང༌། དཀོན་མཆོག་གིས་

4 “ལྟོས་ཤིག ངས་ནི་ཁྱོད་མི་རིགས་མང་པོའི་མེས་པོར་འགྱུར་བར་བྱ། འདི་ནི་ང་དང་ཁྱོད་མཉམ་དུ་བྱས་པའི་ཁ་ཆད་དེ་ཡིན།

5 ད་ཕྱིན་ཆད་ཁྱོད་ལ་ཨབ་རམ་མི་ཟེར། ཁྱོད་ཀྱི་མིང་ཨབ་ར་ཧམ་ཟེར་བར་འགྱུར། དེ་གང་ཡིན་ཟེར་ན། ངས་ཁྱོད་ལ་མི་རིགས་མང་པོའི་མེས་པོར་འགྱུར་བའི་ཕྱིར།

6 ངས་ཁྱོད་ཀྱི་བུ་རྒྱུད་ཤིན་ཏུ་མང་པོ་སྤེལ་ཏེ་རྒྱལ་ཁབ་མང་པོར་འགྱུར་བར་བྱ། རྒྱལ་པོ་རྣམས་ཀྱང་ཁྱོད་ཀྱི་བུ་རྒྱུད་ལས་འབྱུང་བར་འགྱུར།

7 ཡང་ངའི་རྒྱུན་ཆད་མེད་པའི་ཁ་ཆད་དེ་ཁྱོད་དང༌། ཁྱོད་ཀྱི་མ་འོངས་པའི་བུ་རྒྱུད་ཐམས་ཅད་དང་མཉམ་དུ་སྲུང་བར་བྱ། ཡང་ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་ཐམས་ཅད་ཀྱི་དཀོན་མཆོག་ང་ཡིན་པར་འགྱུར།

8 ཡང་ངས་ཁྱོད་ཕྱི་རྒྱལ་བ་ལྟར་སྡོད་བཞིན་པའི་ས་ཆ་ཀ་ནཱན་ཡུལ་ཡོངས། ཁྱོད་དང་ཁྱོད་ཀྱི་བུ་རྒྱུད་རྣམས་ལ་སྟེར་བར་བྱ། ཁྱོད་ཚོ་དེའི་རྒྱུན་ཆད་མེད་པའི་བདག་པོར་འགྱུར། ཁྱོད་ཀྱི་བུ་རྒྱུད་ཐམས་ཅད་ཀྱི་དཀོན་མཆོག་ང་ཡིན་པར་འགྱུར་” ཞེས་གསུངས་སོ།།

**********************************

Genesis (21) – བཀོད་པ (21)

1 ཡ་ཝེ་དཀོན་མཆོག་གིས་གསུངས་པ་བཞིན་དུ་ཨབ་ར་ཧམ་གྱི་བཟའ་ཟླ་ས་རཱ་ལ་ཐུགས་བརྩེ་བར་དགོངས་པས།

2 ཁོང་མངལ་དང་ལྡན་པར་གྱུར་ནས། ཨབ་ར་ཧམ་རྒས་པའི་ཚེ་དཀོན་མཆོག་གིས་ཁོང་ལ་སྔོན་ནས་གསུངས་པའི་དུས་དེར་ས་རཱ་ལ་བུ་ཞིག་སྐྱེས།

3 ཨབ་ར་ཧམ་གྱིས་བུ་དེའི་མིང་ལ་ཨི་སཱག་ཅེས་བཏགས།

4ཡང་དཀོན་མཆོག་གིས་བཀའ་གནང་བ་ལྟར་ཨི་སཱག་ཉི་མ་བརྒྱད་ལོན་སྐབས་ཨབ་ར་ཧམ་གྱིས་ཁོ་ལ་དཀོན་མཆོག་གིས་གནང་བའི་ཞལ་ཆད་དེ་སྲུང་བའི་རྟགས་ཤིག་བརྒྱབ་བོ།

5 ཨི་སཱག་སྐྱེས་པའི་སྐབས་ཨབ་ར་ཧམ་དགུང་ལོ་བརྒྱ་ལོན་ཡོད།

6 ཡང་ས་རཱས་ “འདི་ནི་དཀོན་མཆོག་གིས་ང་ལ་དགའ་སྐྱིད་དང༌། གད་མོའི་གོ་སྐབས་ཤིག་གནང་བས། བྱ་བ་དེའི་སྐོར་ཐོས་མཁན་རྣམས་ཀྱིས་ཀྱང་ང་དང་མཉམ་དུ་དགའ་བའི་གད་མོ་དགོད་ཡོང་” ཞེས་གསུངས་སོ།།

************************************

Genesis (22) – བཀོད་པ (22)

1 བྱ་བ་འདི་ཐམས་ཅད་ཀྱི་རྗེས་སུ་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཉམས་ཚོད་བཞེས་ཕྱིར་ཁོང་ལ་ “ཨབ་ར་ཧམ་” ཞེས་གསུངས་པས། ཁོང་གིས་ “ང་འདི་རུ་ཡོད་” ཅེས་ཞུས་པ་དང༌།

2 དཀོན་མཆོག་གིས་ཁོང་ལ་ “ད་ཁྱོད་ཀྱིས་རང་གི་གཅེས་པའི་བུ་གཅིག་པུ་ཨི་སཱག་ཁྲིད་དེ་མོ་རི་ཡཱ་ཞེས་པའི་ཡུལ་དུ་སོང་ནས། ང་ལ་གུས་བཀུར་བྱེད་པའི་ཕྱིར། ངས་ཁྱོད་ལ་སྟོན་པར་བྱ་བའི་རི་ཞིག་ཏུ་ཁོ་བསད་ནས་སྦྱིན་སྲེག་གི་མཆོད་པ་ཕུལ་ཞིག་” ཅེས་བཀའ་གནང༌།

3 དེའི་ཕྱི་ཉིན་ཨབ་ར་ཧམ་ཞོགས་པ་སྔ་པོར་ལངས་ཏེ་སྦྱིན་སྲེག་གི་ཤིང་བཅད། དེ་ནས་བོང་བུ་ཞིག་ལ་སྒ་བརྒྱབ་ནས། གཡོག་པོ་གཉིས་དང་བུ་ཨི་སཱག་འཁྲིད་དེ། དཀོན་མཆོག་གིས་བསྟན་གནང་བའི་གནས་སུ་ཐོན།

4 ཞག་གསུམ་པ་ལ་ཨབ་ར་ཧམ་གྱིས་ས་ཆ་དེ་ཐག་རིང་ནས་མཐོང༌།

5 དེ་ནས་ཨབ་ར་ཧམ་གྱིས་གཡོག་པོ་ལ་ “ཁྱོད་ཚོ་བོང་བུ་མཉམ་དུ་དེར་སྡོད་ཅིག ང་དང་བུ་གཉིས་ས་ཆ་དེར་ཕྱིན་ཏེ་བསྙེན་བཀུར་བྱས་ནས་ཁྱོད་ཚོའི་རྩར་ལོག་ཡོང་” ཞེས་བཤད།

6 སྦྱིན་སྲེག་གི་མེ་ཤིང་དེ་ཨི་སཱག་ལ་འཁུར་བཅུག་ནས། ཨབ་ར་ཧམ་གྱིས་མེ་མདག་དང་གྲི་ཞིག་འཁྱེར་ཏེ་ཁོང་གཉིས་མཉམ་དུ་འགྲོ་དུས།

7 ཨི་སཱག་གིས་ཨབ་ར་ཧམ་ལ་ “ངའི་ཡབ་ལགས་” ཞེས་བཤད་ནས་ལན་དུ་ཨབ་ར་ཧམ་གྱིས་ “ངའི་བུ་ང་འདི་རུ་ཡོད་” ཅེས་བཤད། ཨི་སཱག་གིས་ “མེ་ཤིང་དང་མེ་མདག་ཡོད་ཀྱང༌། སྦྱིན་སྲེག་གི་ཕྱིར་ལུག་གུ་གང་དུ་ཡོད་” ཅེས་དྲིས་པའི་ལེན་ལ།

8 ཨབ་ར་ཧམ་གྱིས་ “དཀོན་མཆོག་རང་གིས་ང་ཚོ་ལ་ལུག་གུ་ཞིག་གནང་ཡོང་” ཞེས་བཤད་ནས། ཁོ་ཚོ་གཉིས་མཉམ་དུ་ཕྱིན།

9 དཀོན་མཆོག་གིས་བསྟན་གནང་བའི་གནས་སུ་སླེབས་སྐབས། ཨབ་ར་ཧམ་གྱིས་དེར་མཆོད་ཁྲི་ཞིག་བཟོས་ནས་དེའི་སྟེང་ལ་མེ་ཤིང་བསྒྲིགས་པ་དང༌། རང་གི་བུ་ཨི་སཱག་བསྡམས་ནས་མེ་ཤིང་གི་སྟེང་དུ་བཞག

10 དེ་ནས་ཨབ་ར་ཧམ་གྱིས་བུ་གསོད་པའི་ཕྱིར་གྲི་དེ་ལག་ཏུ་བསླངས།

11 འོན་ཀྱང་ཡ་ཝེ་དཀོན་མཆོག་གི་ཕོ་ཉ་ཞིག་གིས་དཀོན་མཆོག་གི་ཞིང་ཁམས་ནས་ “ཨབ་ར་ཧམ། ཨབ་ར་ཧམ་” ཞེས་བོས་པ་དང༌། ཁོས་ “ང་འདི་རུ་ཡོད་” ཞུས་པས།

12 ཕོ་ཉས་ “ཁྱོད་ཀྱི་ལག་པ་བུ་ལ་མ་རེག བུ་དེ་ལ་གནོད་པ་གང་ཡང་མ་བྱེད། ད་ལྟ་ངའི་དོན་དུ་ཁྱོད་ཀྱིས་རང་གི་བུ་གཅིག་པོ་དེའང་མ་ཉར་བས། ད་ཁྱོད་ཀྱིས་དཀོན་མཆོག་གི་བཀའ་ལ་བདེན་པར་ཉན་པ་དེ་ངས་ཤེས་བྱུང་” ཞེས་གསུངས།

13 ཡང་ཨབ་ར་ཧམ་གྱིས་ཕྱོགས་བཞིར་བལྟས་ནས་ཕོ་ལུག་ཞིག་གི་རྭ་ཅོ་དེ་རྩི་ཤིང་མཐུག་པོའི་ཁྲོད་དུ་འཁོན་ནས་ཡོད་པ་མཐོང་བས། ལུག་དེ་བླངས་ཏེ་རང་གི་བུའི་ཚབ་ལ་བསད་ནས་སྦྱིན་སྲེག་གི་མཆོད་པར་ཕུལ།

14 ཡང་ཨབ་ར་ཧམ་གྱིས་ས་ཆ་དེའི་མིང་ལ་ཡ་ཝེ་དཀོན་མཆོག་གིས་མཆོད་པ་གནང་བར་འགྱུར་ཞེས་བཏགས། དེའི་ཕྱིར་དེ་རིང་བར་དུ་མི་རྣམས་ཀྱིས་ཡ་ཝེ་དཀོན་མཆོག་གི་རིའི་སྒང་ལ་མཆོད་པ་གནང་བར་འགྱུར་ཞེས་ཟེར།

15 ཡ་ཝེ་དཀོན་མཆོག་གི་ཕོ་ཉ་དེས་ཞིང་ཁམས་ནས་ཨབ་ར་ཧམ་ཡང་བསྐྱར་བོས་ཏེ་

16 “ཡ་ཝེ་དཀོན་མཆོག་ཉིད་ཀྱིས་ངས་ང་ཡི་མིང་ཐོག་ནས་དམ་བཅའ་བཞག་སྟེ། ཁྱེད་ཀྱི་དད་པ་དེ་ལྟར་མཐོང་ནས་ཁྱེད་རང་གི་བུ་གཅིག་པུའང་མ་ཉར་བས།

17 ངས་ཁྱེད་ཀྱི་བུ་རྒྱུད་ལ་ངེས་པར་དུ་བྱིན་གྱིས་བརླབས་ནས། ནམ་མཁར་ཡོད་པའི་སྐར་མ་དང་རྒྱ་མཚོའི་མཐའ་ལ་ཡོད་པའི་བྱེ་མ་ལྟར་སྤེལ་ཞིང༌། ཁྱེད་ཀྱི་བུ་རྒྱུད་དགྲ་བོ་རྣམས་ལས་རྣམ་པར་རྒྱལ་བར་འགྱུར།

18 ཁྱེད་ཀྱིས་ངའི་བཀའ་ལ་ཉན་པའི་རྐྱེན་གྱིས་ཁྱེད་ཀྱི་བུ་རྒྱུད་ནས་ས་གཞིའི་མི་རིགས་ཐམས་ཅད་ལ་བྱིན་རླབས་འབྱུང་བར་འགྱུར་” ཞེས་གསུངས།

19 དེ་ནས་ཨབ་ར་ཧམ་གཡོག་པོ་གཉིས་ཀྱི་རྩར་ཕྱིར་ལོག་ནས། ཁོ་ཚོ་དང་མཉམ་དུ་རང་གི་སྡོད་ས་བེར་ཤི་པཱ་རུ་ལོག་ནས་གནས་སོ།། །།

********************************

Genesis (8)(9)(11) – བཀོད་པ (8)(9)(11)

Genesis (8) – བཀོད་པ (8)

1 འོན་ཀྱང་དཀོན་མཆོག་གིས་ད་དུང་ནོ་ཨ་དང་གྲུའི་ནང་ཡོད་པ་ཐམས་ཅད་ལ་དགོངས་པ་བཞེས་ཏེ། ཆུའི་སྒང་ལ་རླུང་ཞིག་རྒྱུག་བཅུག་པ་དང་ཆུ་དམའ་བར་འགྲོ་བཞིན་ཡོད་པ་མ་ཟད།

2 རྒྱ་མཚོ་ཆེན་པོའི་གཏིང་གི་ཆུ་མིག་དང་ནམ་མཁའི་ཆུ་སྒོ་བཀག་ནས་དྲག་ཆར་ཆད།

3 ཉི་མ་བརྒྱ་དང་ལྔ་བཅུའི་རིང་ལ་ཆུ་དལ་པོར་ཉུང་ཕྲིས་ཏེ།

4 ཟླ་བ་བདུན་པའི་ཚེས་བཅུ་བདུན་གྱི་ཉིན་ཨ་ར་རཌ་ཟེར་བའི་ཡུལ་གྱི་རི་རྒྱུད་ཀྱི་སྟེང་ལ་གྲུ་དེ་བསྡད།

5 ཆུ་དེ་དམའ་བར་འགྲོ་བཞིན་ཡོད་པ་དང་ཟླ་བ་བཅུ་པའི་ཉིན་དང་པོར་རིའི་རྩེ་རྣམས་ཐོན།

6 ཉི་མ་བཞི་བཅུའི་རྗེས་སུ་ནོ་ཨས་གྲུའི་སྒེ་ཁུང་ཕྱེ་ནས།

7 ཕོ་རོག་ཞིག་གློད་དེ་ས་མ་སྐམ་པའི་ཙམ་ལ་ཕར་ཚུར་ཕུར་རོ།

8 དེ་ནས་ཡང་ཆུ་རྣམས་སྐམ་ཡོད་མེད་ཤེས་ཕྱིར་ནོ་ཨས་ཕུག་རོན་གཅིག་བཏང་ནས།

9 ས་ཐམས་ཅད་ལ་ད་དུང་ཡང་ཆུ་ཡོད་པས། ཕུག་རོན་དེ་ལ་སྡོད་ས་མེད་པའི་རྐྱེན་གྱིས་གྲུའི་རྩར་ལོག་ནས་ཡོང་ཤིང༌། ནོ་ཨས་ལག་པ་བརྐྱངས་ནས་ཕུག་རོན་བཟུང་སྟེ་གྲུའི་ནང་བཞག

10 ཉི་མ་བདུན་གྱི་རྗེས་སུ་ཁོང་གིས་ཡང་བསྐྱར་ཕུག་རོན་ཞིག་ཕྱི་རོལ་དུ་བཏང་བས།

11 ཕུག་རོན་དེ་དགོང་དྲོ་ལོག་ཡོང་ནས། ཤིང་སྐྱུར་རུའི་ལོ་མ་སོས་པ་ཞིག་མཆུ་ཏོར་ཁྱེར་ཡོད་པ་མཐོང་སྟེ། ཆུ་དམའ་རུ་ཕྱིན་ཡོད་པ་ནོ་ཨས་ཤེས།

12 དེ་ནས་ཡང་ཁོང་གིས་ཉི་མ་བདུན་བསྒུགས་ནས་ཕུག་རོན་ཞིག་བཏང་བས། དེ་ཁོང་གི་རྩར་ཕྱིར་མ་ལོག

13 ནོ་ཨ་དགུང་ལོ་དྲུག་བརྒྱ་བཅུ་མེད་གཅིག་གི་ཟླ་བ་དང་པོའི་ཚེས་གཅིག་ལོན་པའི་ཉིན་ཆུ་དམའ་རུ་ཕྱིན་ཚར་ཡོད་པས། ནོ་ཨས་གྲུའི་ཐོག་ཕྱེ་ཏེ་ཕྱོགས་བཞིར་བལྟས་ཤིང་ས་སྐམ་པོར་འགྲོ་བཞིན་ཡོད་པར་མཐོང༌།

14 ཟླ་བ་གཉིས་པའི་ཚེས་ཉི་ཤུ་རྩ་བདུན་གྱི་ཉིན་ས་ནི་ཡོངས་སུ་སྐམ་ཡོད།

15 དེ་ནས་དཀོན་མཆོག་གིས་ནོ་ཨ་ལ་

16 “ད་ཁྱེད་རང་དང་ཁྱེད་ཀྱི་བཟའ་ཟླ་ཁྱེད་ཀྱི་བུ་གསུམ་དང་ཁོ་ཚོའི་བཟའ་ཟླ་རྣམས་གྲུ་ནས་ཐོན་ཞིག

17 ཡང་ཁྱེད་ཚོ་མཉམ་དུ་ཡོད་པའི་དུད་འགྲོ་དང་སྲོག་ཆགས་འབུ་སྲིན་བྱ་བྱིའུ་ཐམས་ཅད་ཡང་གྲུ་ནས་ཕྱིར་ཁྲིད་ཅིག གང་ལགས་ཟེར་ན། དེ་ཚོ་རྒྱུད་དང་ལྡན་པར་གྱུར་ཏེ་མང་པོ་འཕེལ་ནས་ས་གཞི་འགེངས་པར་འགྱུར་བའི་ཕྱིར་རོ་” ཞེས་བཀའ་གནང༌།

18 ནོ་ཨ་དང་ཁོང་གི་བཟའ་ཟླ་དང༌། ཁོང་གི་བུ་གསུམ་དང་ཁོ་ཚོའི་བཟའ་ཟླ་རྣམས་གྲུའི་ནང་ནས་ཐོན་པ་དང༌།

19 ཡང་དུད་འགྲོ་དང་སྲོག་ཆགས་འབུ་སྲིན་བྱ་བྱིའུ་ཐམས་ཅད་རང་རང་གི་རིགས་བཞིན་དུ་གྲུ་ནས་ཕྱིར་ཐོན།

20 དེ་ནས་ནོ་ཨས་ཡ་ཝེ་དཀོན་མཆོག་ལ་གུས་བཀུར་བྱེད་པའི་ཕྱིར་མཆོད་ཁྲི་ཞིག་བརྩིགས་ནས་དུད་འགྲོ་དང་བྱ་བྱིའུ་ཁྲོད་ནས་རིགས་གཙང་བ་རེ་རེ་བླངས་སྟེ་བསད་ནས་མཆོད་ཁྲིའི་ཁར་སྲེག་སྟེ་མཆོད་པ་ཕུལ།

21 མཆོད་པ་དེའི་དྲི་བསུང་ཞིམ་པོ་བསྣམས་ནས་ཡ་ཝེ་དཀོན་མཆོག་གིས་ཐོག་མ་མི་ཆུང་དུས་ནས་ཁོའི་བསམ་པ་ངན་པ་ཡིན་པ་ཤེས། འོན་ཀྱང་ད་ཕྱིན་ཆད་མིའི་སེམས་ངན་པ་ཡིན་ཀྱང་ངས་ས་གཞིར་ཆད་པ་གཅོད་པར་མི་བྱ། ད་ལན་ངས་ཁོ་ཚོ་མེད་པ་བྱས་པ་ལྟར་ད་ནས་བཟུང་སེམས་ཅན་ཐམས་ཅད་རྒྱུན་གཅོད་པར་མི་བྱ།

22 འཇིག་རྟེན་མཐའ་མའི་བར་དུ་ནི།།

ཞིང་ལ་སོན་འདེབས་སྟོན་ཐོག་སྡུད།།

ཚ་གྲང་དབྱར་དགུན་དུས་བཞི་དང༌།།

ཉིན་མཚན་ལ་སོགས་ཆད་མེད་ཡོད།།

ཞེས་ཐུགས་ལ་དགོངས་སོ།།

*************************************

Genesis (9) – བཀོད་པ (9)

1 ཡང་དཀོན་མཆོག་གིས་ནོ་ཨ་དང་ཁོང་གི་བུ་རྣམས་ལ་བྱིན་རླབས་གནང་སྟེ་ “རྒྱུད་དང་ལྡན་པར་གྱུར་ནས་ཁྱེད་ཀྱི་བུ་རྒྱུད་རྣམས་ས་གཞིར་འཕེལ་བར་གྱུར་ཞིག

2 ཡང་སྲོག་ཆགས་ཆེ་ཆུང་དང༌། བྱ། ཉ་རིགས་ཐམས་ཅད་ཁྱེད་རྣམས་ལ་འཇིགས་ཡོང༌། ངས་དེ་ཚོ་ཁྱེད་རྣམས་ཀྱི་དབང་འོག་ཏུ་འཇུག་པར་བྱ།

3 ཡང་ངས་ས་ལ་འགྲོ་བའི་སྲོག་ཆགས་ཐམས་ཅད་ཁྱེད་ཚོ་ལ་ཁ་ཟས་སུ་སྟེར། སྔར་ངས་སྔོ་ཚོད་སྤྲད་པ་བཞིན་ད་ལྟ་ཐམས་ཅད་ཁྱེད་ཚོ་ལ་ཁ་ཟས་སུ་སྟེར་རོ།

4 འོན་ཀྱང་ཁྲག་ཡོད་པའི་ཤ་མ་ཟ། དེ་ནི་སྲོག་ཁྲག་གི་ནང་དུ་ཡོད་པས་སོ།

5 གལ་སྲིད་མི་གཅིག་གིས་མི་གཞན་བསད་ན། ངས་ཁོ་ལ་ཆད་པ་ཕོག་པར་འགྱུར། དུད་འགྲོས་མི་བསད་ན། དེའང་གསོད་པར་འགྱུར།

6 མི་ནི་དཀོན་མཆོག་ཉིད་ཀྱི་དཔེ་ལྟར་བཟོས་ཡོད་པའི་རྐྱེན། ཁོ་བསད་མཁན་དེ་མི་གཞན་གྱིས་གསད་ཡོང༌།

7 ཁྱེད་ཚོ་བུ་ཕྲུག་མང་པོ་སྐྱེས་ཤིང་རྒྱུད་དང་ལྡན་པར་གྱུར་ནས་ས་ལ་འཕེལ་བར་གྱུར་ཞིག་” ཅེས་གསུངས།

8 ཡང་དཀོན་མཆོག་གིས་ནོ་ཨ་དང་ཁོང་གི་བུ་རྣམས་ལ་

9 “ལྟོས་ཤིག ངས་ཁྱེད་དང་ཁྱེད་ཀྱི་བུ་རྒྱུད།

10 ཁྱེད་དང་མཉམ་དུ་ཡོད་པའི་བྱ་བྱིའུ་དང༌། དུད་འགྲོ སྲོག་ཆགས་འབུ་སྲིན་གྲུའི་ནང་ནས་ཐོན་པའི་སེམས་ཅན་ཐམས་ཅད་མཉམ་དུ་ཁ་ཆད་བྱེད་རྒྱུ་ཡིན།

11 ད་ཕྱིན་ཆད་ཆུ་ལོག་ཆེན་པོ་ཡིས་སེམས་ཅན་ཐམས་ཅད་མེད་པར་མི་འགྱུར་ཞིང༌། ས་གཞི་ཡང་ཆུ་ལོག་གིས་མེད་པར་བཟོ་བར་མི་བྱ། འདི་ནི་ངས་ཁྱེད་ཚོ་དང་མཉམ་དུ་བྱེད་པའི་ཁ་ཆད་ཡིན་” ཞེས་གསུངས།

12 ཡང་དཀོན་མཆོག་གིས་ “ཁྱེད་དང་ཁྱེད་མཉམ་དུ་ཡོད་པའི་སེམས་ཅན་ཐམས་ཅད་དང༌། མ་འོངས་པའི་རིགས་རྒྱུད་ཀུན་མཉམ་དུ་ཁ་ཆད་བྱེད་པའི་རྟགས་ནི་འདི་ལྟར་ཡིན།

13 གནམ་གྱི་སྤྲིན་པའི་དཀྱིལ་ལ་ངས་འཇའ་ཞིག་བཙུགས་པ་དེ་ནི་འཇིག་རྟེན་དང་ངའི་བར་ལ་ཁ་ཆད་བྱས་པའི་རྟགས་ཡིན།

14 ཡང་ངས་ནམ་མཁའི་སྟེང་དུ་སྤྲིན་པ་དཀྲིག་པའི་ཚེ་སྤྲིན་གྱི་ནང་ལ་འཇའ་མཐོང་སྐབས།

15 ཁྱེད་ཚོ་དང་སེམས་ཅན་ཐམས་ཅད་ཆུ་ལོག་གིས་མེད་པར་མི་འབྱུང་བའི་ཁ་ཆད་བྱས་པ་དེ་ངས་དྲན་པར་བྱ།

16 སྤྲིན་པའི་ནང་ཡོད་པའི་འཇའ་ལ་བལྟས་ཏེ་ང་དཀོན་མཆོག་དང་ས་གཞི་ལ་ཡོད་པའི་སེམས་ཅན་ཐམས་ཅད་དང་མཉམ་དུ་རྒྱུན་ཆད་མེད་པའི་ཁ་ཆད་དྲན་པར་བྱ་” ཞེས་གསུངས།

17 དཀོན་མཆོག་གིས་ནོ་ཨ་ལ་ “འདི་ནི་མིའི་རིགས་དང་སེམས་ཅན་ཐམས་ཅད་ང་དང་མཉམ་དུ་བྱས་པའི་ཁ་ཆད་ཀྱི་རྟགས་ཡིན་” ཞེས་གསུངས་སོ།།

**********************************************

Genesis (11) – བཀོད་པ (11)

1 ཡང་མི་ཀུན་ལ་སྐད་ཅིག་དང་གཏམ་གཅིག་ཡོད།

2 ཁོ་ཚོ་ཤར་ཕྱོགས་སུ་སོང་སྐབས་ཤི་ནེ་ཨར་ཞེས་པའི་ཡུལ་གྱི་ཐང་ཞིག་ལ་སླེབས་ནས་དེར་གཞིས་ཆགས་བྱས།

3 ཡང་ཁོ་ཚོས་གཅིག་གིས་གཅིག་ལ་ “ད་ང་ཚོས་ས་ཕག་བཟོས་ནས་མེ་ལ་ནན་གྱིས་སྲེག་དགོས་” ཞེས་ཟེར། དེ་ལྟར་བྱས་ནས་དེ་རྣམས་ཀྱིས་རྡོའི་ཚབ་ལ་ས་ཕག་དང༌། ཨར་འདམ་ཀྱི་ཚབ་ལ་སྣུམ་ནག་བེད་སྤྱོད་བྱས།

4 ཡང་ཁོ་ཚོས་ “ང་ཚོ་མིང་གྲགས་ཆོད་པའི་ཕྱིར་དང༌། ང་ཚོ་འཛམ་གླིང་ཡོངས་སུ་གཏོར་བར་མི་འགྱུར་བའི་ཕྱིར་ད་ང་ཚོས་རང་གི་དོན་དུ་གྲོང་ཁྱེར་ཞིག་དང་དེའི་ནང་མཁར་མཐོ་པོ་ནམ་མཁའ་ལ་ཐུག་པ་ཞིག་རྩིག་དགོས་” ཞེས་ཟེར།

5 དེ་ནས་ཡ་ཝེ་དཀོན་མཆོག་གིས་མི་རྣམས་ཀྱིས་བརྩིགས་པའི་གྲོང་ཁྱེར་དང་མཁར་མཐོ་པོ་གཟིགས་པར་མར་ཕེབས་པ་དང༌།

6 ཁོང་གིས་ “ཁོ་ཚོ་སྐད་གཅིག་དང་མི་རིགས་གཅིག་ཡིན་པས་དེ་ལྟ་བུའི་ལས་འགོ་འཛུགས་པ་ཡིན། ད་ཕྱིན་ཆད་ཁོ་ཚོས་གང་བྱེད་འདོད་པ་ཚང་མ་མི་སྲིད་པ་གང་ཡང་མེད།

7 ད་ཁོ་ཚོའི་སྐད་དེ་ཕན་ཚུན་བརྡ་མི་འཕྲོད་བའི་ཕྱིར་ང་ཚོ་བབས་ནས་སྐད་དེ་དཀྲུག་པར་བྱེད་དགོས་” ཞེས་གསུངས་པ་དང༌།

8 ཡ་ཝེ་དཀོན་མཆོག་གིས་ཁོ་ཚོ་ས་ཆ་དེ་ནས་ས་གཞི་ཀུན་ལ་གཏོར་བས་ཁོ་ཚོས་གྲོང་ཁྱེར་དེ་བརྩིག་རྒྱུ་མཚམས་བཞག

9 དེའི་ཕྱིར་གྲོང་ཁྱེར་དེའི་མིང་ལ་སྦ་བེལ་ཞེས་བཏགས། གང་ཡིན་ཟེར་ན། དེར་ཡ་ཝེ་དཀོན་མཆོག་གིས་མི་རྣམས་ཀྱི་སྐད་དཀྲུགས་ནས་ས་གཞི་ཀུན་ཏུ་གཏོར་བ་གནང་ངོ༌།།

****************************************

Genesis (4)(6)(7) – བཀོད་པ (4)(6)(7)

Genesis (4) – བཀོད་པ (4)

1 དེ་ཡང་ཨ་དམ་རང་གི་གཏན་གྲོགས་ཧ་ཝ་དང་མཉམ་དུ་འདུས་པས། མོ་མངལ་དང་ལྡན་པར་གྱུར་ཏེ། བུ་ཞིག་སྐྱེས་པས། ཁོ་མོས་ “ཡ་ཝེ་དཀོན་མཆོག་གི་བྱིན་རླབས་ཀྱིས་ང་ལ་བུ་ཞིག་སྐྱེས་བྱུང་” ཞེས་བཤད། ཁོང་གིས་བུ་དེའི་མིང་ལ་ཀ་ཡིན་ཞེས་བཏགས།

2 དེ་ནས་ཡང་ཁོང་ལ་བུ་ཆུང་བ་ཧ་བེལ་སྐྱེས་སྟེ། ཧ་བེལ་གྱིས་ལུག་རྫི་བྱས་པ་དང༌། ཀ་ཡིན་གྱིས་ཞིང་ལས་བྱས།

3 དུས་འགའ་ཞིག་གི་རྗེས་སུ་ཀ་ཡིན་གྱིས་ཞིང་གི་འབྲས་བུ་ནས་ཡ་ཝེ་དཀོན་མཆོག་ལ་མཆོད་པ་ཞིག་ཕུལ།

4 ཧ་བེལ་གྱིས་སྔོན་སྐྱེས་ལུག་གི་ཚི་ལུས་དཀོན་མཆོག་ལ་མཆོད་པ་ཕུལ་ཏེ། ཁོ་དང་ཁོའི་མཆོད་པ་ལ་དཀོན་མཆོག་ཐུགས་དགྱེས།

5 འོན་ཀྱང་ཀ་ཡིན་གྱི་མཆོད་པ་ལ་དཀོན་མཆོག་ཐུགས་མ་དགྱེས་པས། ཀ་ཡིན་ཤིན་ཏུ་ཁྲོས་ཤིང་རྣམ་འགྱུར་ལོག་གོ

6 ཡ་ཝེ་དཀོན་མཆོག་གིས་ཀ་ཡིན་ལ་ “ཁྱོད་རང་རླུང་ལངས་ཏེ་རྣམ་འགྱུར་ལོག་པའི་དོན་གང་ཡིན་ནམ།

7 གལ་ཏེ་ཁྱོད་ཀྱིས་སྤྱོད་པ་བཟང་པོ་བྱས་པ་ཡིན་ན་ངས་ཁྱོད་རང་ངེས་པར་དོར་བར་མི་བྱ། འོན་ཀྱང་ཁྱོད་ཀྱིས་ལས་ངན་བྱས་པ་ཡིན་ན། སྡིག་ཉེས་ནི་སྤྱང་ཀིས་ལུག་གུ་སྒུག་པ་ལྟར་ཁྱོད་ཀྱི་འགྲམ་ལ་སྒུག་ནས་བསྡད་ཡོད། དེས་ཁྱོད་ལ་དབང་གནོན་བྱེད་པར་འདོད་ཀྱང༌། ཁྱོད་དེ་ལ་དབང་དུ་སྒྱུར་དགོས་” ཞེས་གསུངས།

8 དེ་ནས་ཀ་ཡིན་གྱིས་རང་གི་གཅུང་པོ་ཧ་བེལ་ལ་ “ང་ཚོ་ས་ཞིང་ལ་འགྲོ་” ཞེས་བཤད་དེ། ཞིང་ཁར་ཀ་ཡིན་གྱིས་ཁོའི་གཅུང་པོ་ཧ་བེལ་བརྡུངས་ནས་བསད།

9 དེའི་རྗེས་སུ་ཡ་ཝེ་དཀོན་མཆོག་གིས་ཀ་ཡིན་ལ་ “ཁྱོད་ཀྱི་སྤུན་མཆེད་ཧ་བེལ་གང་དུ་ཡོད་དམ་” ཞེས་བཀའ་དྲིས་གནང་བས། དེའི་ལན་ལ་ཁོས་ “ངས་མི་ཤེས། ཁོ་གང་དུ་ཡོད་མེད་ལྟ་མཁན་ང་རེད་དམ་” ཞེས་བཤད།

10 དེ་ནས་ཡ་ཝེ་དཀོན་མཆོག་གིས་ “ཁྱོད་ཀྱིས་ལས་ངན་དེ་ལྟར་གང་གི་དོན་དུ་བྱས་སམ། ཁྱོད་ཀྱི་གཅུང་པོའི་ཁྲག་གིས་ས་སྟེང་ནས་ང་འབོད་ཀྱི་འདུག

11 དེའི་རྐྱེན་ཁྱོད་ལ་ཆད་པ་ཞིག་ཕོག་པར་འོས་པས། ད་ཕྱིན་ཆད་ཁྱོད་ཀྱིས་ཞིང་ལས་བྱེད་མི་ཆོག གང་ལགས་ཟེར་ན། ཁྱོད་ཀྱིས་བསད་པའི་གཅུང་པོའི་ཁྲག་དེ་སའི་ནང་ཐིམ་ཡོད་པས་སོ།

12 ཁྱོད་ཀྱིས་ས་ལས་འབྲས་བུ་ཐོབ་ཐབས་བྱས་ཀྱང་འབྲས་བུ་གང་ཡང་སྐྱེ་མི་ཡོང༌། ཁྱོད་ནི་ཆགས་ས་བརྟེན་ས་མེད་པར་འཇིག་རྟེན་ནང་འཁྱམས་ཏེ་བསྡད་དགོས་ཡོང་” ཞེས་གསུངས།

13 དེ་ནས་ཀ་ཡིན་གྱིས་ཡ་ཝེ་དཀོན་མཆོག་ལ་ “ཉེས་ཆད་དེ་ལྟར་ངས་འཁུར་མི་ཐུབ།

14 གཟིགས་དང༌། ཁྱེད་ཀྱིས་དེ་རིང་ང་ཁྱེད་རང་གི་སྐུ་དྲུང་དང་ས་ཞིང་ནས་བསྐྲད་གནང་བས། ང་ནི་ཁྱིམ་མེད་འཇིག་རྟེན་ནང་འཁྱམས་ཏེ་བསྡད་ན་སུ་ཡིན་ཡང་ང་དང་ཕྲད་པ་དེས་ང་གསད་ཡོང་” ཞེས་བཤད།

15 འོན་ཀྱང་ཡ་ཝེ་དཀོན་མཆོག་གིས་ “དེ་ལྟར་མིན། གལ་ཏེ་གཞན་གྱིས་ཁྱོད་བསད་ན་སྲོག་གཅོད་མཁན་དེ་ལ་ཆད་པ་ལྡབ་བདུན་ཕོག་ཡོང་” ཞེས་གསུངས། དེའི་རྐྱེན་གྱིས་ཀ་ཡིན་མི་གཞན་གྱིས་མི་གསོད་པའི་ཕྱིར་དཀོན་མཆོག་གིས་ཁོ་ལ་རྟགས་ཤིག་བསྐྱོན།

16 དེ་ནས་ཀ་ཡིན་ཡ་ཝེ་དཀོན་མཆོག་གི་དྲུང་ནས་སོང་སྟེ། ཨེ་དེན་གྱི་ཤར་ཕྱོགས་སུ་ཡོད་པའི་ས་ཆ་འཁྱམ་ཉུལ་ཞེས་པར་གནས་སོ།།

******************************************

Genesis (6) – བཀོད་པ (6)

5 ཡ་ཝེ་དཀོན་མཆོག་གིས་འཇིག་རྟེན་གྱི་མིའི་རིགས་ཀྱི་སྤྱོད་ངན་ཚབས་ཆེན་པོ་ཡོད་པ་དང༌། ཁོ་ཚོའི་བསམ་པ་ཐམས་ཅད་རྟག་ཏུ་ངན་པ་ཁོ་ན་ཡོད་པ་གཟིགས་ཏེ།

6 ཁོང་གིས་མིའི་རིགས་མཛད་པའི་ཕྱག་ལས་ལ་འགྱོད་པ་དང་ཐུགས་ཤིན་ཏུ་སྐྱོ་ནས་

7 “མིའི་རིགས་དང་དུད་འགྲོ་སྲོགས་ཆགས་འབུ་སྲིན། ནམ་མཁའི་བྱ་བྱིའུ་སོགས་ཐམས་ཅད་ངས་བཟོས་པས། ད་ངའི་སེམས་ཤིན་ཏུ་འགྱོད་པའི་རྐྱེན་གྱིས་དེ་ཚོ་ཚང་མ་འཇིག་རྟེན་ནས་ངས་མེད་པ་བཟོ་བར་བྱ་” ཞེས་གསུངས།

8 འོན་ཀྱང་ཡ་ཝེ་དཀོན་མཆོག་ནོ་ཨ་ལ་ཐུགས་དགྱེས།

9 འདི་ནོ་ཨའི་ལོ་རྒྱུས་ཡིན་ཏེ། ནོ་ཨ་ནི་མི་སེམས་དྲང་པོ་ཞིག་ཡིན་པ་དང༌། དེའི་དུས་སུ་ཡོད་པའི་མིའི་ནང་ནས་ཁོང་གཅིག་པུ་སྐྱོན་མེད་ཡིན། དཀོན་མཆོག་དང་མཉམ་དུ་འགྲོགས་སོ།

10 ནོ་ཨ་ལ་བུ་གསུམ་ཡོད་དེ། ཁོ་ཚོའི་མིང་ཤེམ་དང་ཧམ་དང་ཡ་ཕེད་བཅས་ཡིན།

11 ཡང་དཀོན་མཆོག་གི་སྤྱན་སྔར་མིའི་རིགས་ནི་ཡོངས་སུ་ངན་རུལ་དུ་གྱུར་ཏེ། དྲག་སྤྱོད་གང་སར་ཁྱབ་ཡོད་པ་དང༌།

12 ཡང་མིའི་རིགས་ཀྱིས་སྤྱོད་པ་ངན་པ་བྱས་པས། འཛམ་གླིང་ཡོངས་སུ་ལས་ངན་གྱིས་གང་ནས་ཡོད་པ་དཀོན་མཆོག་གིས་གཟིགས་ཏེ།

13 ཁོང་གིས་ནོ་ཨ་ལ་ “མིའི་རིགས་ཀྱིས་བྱས་པའི་ལས་ངན་གྱི་སྒོ་ནས་དྲག་སྤྱོད་གང་སར་ཁྱབ་ཡོད་པས། ལྟོས་ཤིག ངས་མིའི་རིགས་ཡོངས་རྫོགས་འཇིག་རྟེན་དང་མཉམ་དུ་ཡོངས་སུ་མེད་པར་བྱ།

14 ཁྱེད་རང་དང་ཁྱེད་ཀྱི་ནང་མིའི་ཆེད་དུ་ཁང་མིག་ཡོད་པའི་ཤིང་གི་གྲུ་ཆེན་པོ་ཞིག་བཟོས་དང༌། ཕྱི་ནང་གཉིས་ཀར་སྣུམ་ནག་སྐུས་ཤིག

15 བཟོ་སྟངས་ནི་གྲུའི་རིང་ཚད་ནི་སྨི་བརྒྱ་དང་སུམ་ཅུ། ཞེང་ཚད་སྨི་ཉི་ཤུ་རྩ་གཉིས་དང༌། མཐོ་ཚད་སྨི་བཅུ་གསུམ་ཡོད་པ་ཞིག་བཟོས་ཤིག

16 ཡང་གྲུ་ལ་ཐོག་ཅིག་བཀབ་སྟེ། ཐོག་དང་རྩིག་པའི་བར་ལ་སྨི་ཕྱེད་ཀ་བར་སྟོང་པ་འཇོག གྲུའི་ནང་ཐོག་བརྩེགས་སྟོད་སྨད་བར་གསུམ་བཟོས་ནས་གྲུའི་ལོགས་སུ་སྒོ་ཞིག་བཟོས།

17 ལྟོས་ཤིག འཇིག་རྟེན་ནང་སྲོག་གི་དབུགས་དང་ལྡན་པའི་སེམས་ཅན་ཐམས་ཅད་མེད་པར་བྱེད་པའི་ཕྱིར་ངས་ཆུ་ལོག་ཆེན་པོ་ཞིག་བཟོ་བར་བྱ།

18 འོན་ཀྱང་ཁྱེད་རང་དང་ཁ་ཆད་བྱེད་རྒྱུ་ཡིན། ཁྱེད་དང་ཁྱེད་ཀྱི་བཟའ་ཟླ་དང༌། ཁྱེད་ཀྱི་བུ་གསུམ་དང་ཁོ་ཚོའི་བཟའ་ཟླ་རྣམས་གྲུའི་ནང་འཛུལ་བར་བྱ།

19-20 ཡང་དེ་ཚོ་གསོན་པོར་གནས་པའི་ཕྱིར་སྲོག་ཆགས་ཀྱི་རིགས་ཐམས་ཅད་དང༌། བྱ་བྱིའུའི་རིགས་ཐམས་ཅད་ཀྱི་ནང་ནས་ཕོ་མོ་གཉིས་གཉིས་ཁྱེད་མཉམ་དུ་གྲུའི་ནང་ཁྲིད་ཅིག

21 ཡང་དེ་ཚོའི་དོན་ལ་ཟས་སྣ་ཚོགས་དང༌། ཁྱེད་ཚོའི་ཕྱིར་ཡང་ཁ་ཟས་བསགས་ནས་ཁྱེར་ཞིག་” ཅེས་བཀའ་གནང༌།

22 དཀོན་མཆོག་གི་བཀའ་གནང་བ་ལྟར་ནོ་ཨས་བསྒྲུབས་པར་བྱས་སོ།།

************************************************

Genesis (7) – བཀོད་པ (7)

1 དེ་ནས་ཡ་ཝེ་དཀོན་མཆོག་གིས་ནོ་ཨ་ལ་ “མི་རབས་འདི་ལས་ཁྱེད་གཅིག་པོ་ངའི་དྲུང་དུ་སེམས་དྲང་པོ་ཡིན་པས་ཁྱེད་དང་ཁྱེད་ཀྱི་ནང་མི་གྲུའི་ནང་དུ་སོང་ཞིག

2-3 སྲོག་ཆགས་ཐམས་ཅད་དང༌། བྱ་བྱིའུའི་རིགས་ཐམས་ཅད་ས་གཞིའི་སྟེང་གསོན་པོར་གནས་པའི་ཕྱིར་དཀོན་མཆོག་ལ་མཆོད་པར་འོས་པའི་སྲོག་ཆགས་གཙང་བའི་རིགས་ཐམས་ཅད་ནས་ཕོ་མོ་བདུན་བདུན། དཀོན་མཆོག་ལ་མཆོད་པར་མི་འོས་པའི་སྲོག་ཆགས་མི་གཙང་བའི་རིགས་ནས་ཕོ་མོ་གཉིས་གཉིས། བྱ་བྱིའུའི་རིགས་ནས་ཕོ་མོ་བདུན་བདུན་ཁྲིད་ཅིག

4 ད་ནས་ཞག་བདུན་གྱི་རྗེས་སུ་ཉིན་ཚན་བཞི་བཅུ་བར་ངས་ཆར་པ་དང་ཆུ་ལོག་ཆེན་པོ་ཞིག་དབབ་པ་དང༌། ངས་སའི་སྟེང་ལ་བཟོས་པའི་སེམས་ཅན་ཐམས་ཅད་མེད་པར་བྱ་” ཞེས་གསུངས།

5 ཡ་ཝེ་དཀོན་མཆོག་གི་བཀའ་གནང་བ་བཞིན་ནོ་ཨས་བསྒྲུབས་པར་བྱས་སོ།

6 ཡང་ཆར་པ་དང་ཆུ་ལོག་བབ་པའི་ཚེ་ནོ་ཨ་དགུང་ལོ་དྲུག་བརྒྱ་ལོན་ཡོད།

7 ཆུ་ལོག་ནས་ཐར་བའི་ཕྱིར་ནོ་ཨ་དང་ཁོང་གི་བཟའ་ཟླ། ཁོང་གི་བུ་གསུམ་དང་ཁོ་ཚོའི་བཟའ་ཟླ་རྣམས་གྲུའི་ནང་དུ་འཛུལ།

8-9 དཀོན་མཆོག་གིས་བཀའ་གནང་བ་ལྟར་དུད་འགྲོ་དང་སྲོག་ཆགས་འབུ་སྲིན་གྱི་རིགས་ཐམས་ཅད། བྱ་བྱིའུའི་རིགས་གཙང་བ་དང་མི་གཙང་བ་ཐམས་ཅད་ནས་ཕོ་མོ་རེ་རེ་བྱས་ནོ་ཨ་དང་མཉམ་དུ་གྲུའི་ནང་ལ་ཕྱིན།

10 དེ་ནས་ཞག་བདུན་གྱི་རྗེས་སུ་ས་ལ་ཆུ་ལོག་ཆེན་པོ་བྱུང༌།

11 ནོ་ཨ་དགུང་ལོ་དྲུག་བརྒྱ་ཟླ་བ་གཉིས་པའི་ཚེས་བཅུ་བདུན་ལོན་པའི་ཉིན་མོ་དེ་རང་ལ་རྒྱ་མཚོ་ཆེན་པོའི་གཏིང་གི་ཆུ་མིག་ཐམས་ཅད་རྡོལ་བ་དང༌། ནམ་མཁའི་ཆུའི་སྒོ་ཚང་མ་ཡང་ཕྱེ།

12 དེ་ནས་ཉིན་མཚན་བཞི་བཅུའི་བར་དྲག་ཆར་འབབ་རྒྱུའི་ཆར་པ་འགོ་བཙུགས།

13 ཡང་ཉིན་མོ་དེ་རང་ལ་ནོ་ཨ་དང་ཁོང་གི་བཟའ་ཟླ། བུ་གསུམ་ཤེམ་ཧམ་ཡ་ཕེད་དང་ཁོ་ཚོའི་བཟའ་ཟླ་རྣམས་གྲུའི་ནང་དུ་ཕེབས།

14 ཁོང་ཚོ་མཉམ་དུ་གཅན་གཟན་དང༌། དུད་འགྲོ་སྲོག་ཆགས་འབུ་སྲིན་བྱ་བྱིའུ་ཐམས་ཅད་ཀྱི་རིགས་སོ་སོ་ཀུན་གྲུའི་ནང་དུ་ཕྱིན།

15 སྲོག་གི་དབུགས་དང་ལྡན་པའི་སེམས་ཅན་ཐམས་ཅད་ལས་ཕོ་མོ་རེ་རེ་ནོ་ཨའི་རྩར་སླེབས་ནས་གྲུའི་ནང་ཕྱིན།

16 དེ་ཚོ་ཚང་མ་དཀོན་མཆོག་གི་བཀའ་བཞིན་དུ་གྲུའི་ནང་དུ་ཕྱིན་པའི་རྗེས་ལ་ཡ་ཝེ་དཀོན་མཆོག་གིས་ནོ་ཨའི་རྒྱབ་ནས་གྲུའི་སྒོ་བསྐྱོན།

17 ཡང་ཉི་མ་བཞི་བཅུའི་བར་ཆུ་ལོག་ཆེན་པོ་བྱུང་བའི་རྐྱེན་གྱིས་ཆུ་རྒྱས་ཏེ་གཏིང་རིང་པོ་བྱུང་བས་གྲུ་ཆུའི་སྒང་ལ་འཕྱོ།

18 ཆུ་ཤིན་ཏུ་རྒྱས་པས་ཆུ་ཁ་མཐོ་རུ་མཐོ་རུ་ཕྱིན་ཏེ་གྲུ་མུ་མཐུད་ཆུའི་སྟེང་ལ་གཡེངས།

19 ཡང་ཆུ་དེ་ཤིན་ཏུ་གཏིང་རིང་བ་དང་རྒྱ་ཆེ་བ་བྱུང་བས། ནམ་མཁའི་འོག་ཏུ་ཡོད་པའི་རི་བོ་མཐོན་པོ་ཀུན་ཆུའི་ནང་དིམ།

20 ཆུ་དེ་རི་བོའི་རྩེ་ལས་སྨི་བདུན་ཙམ་གྱི་མཐོན་པོར་སླེབས།

21 ཡང་ས་ལ་ཡོད་པའི་དུད་འགྲོ་ཚང་མ་དང༌། སྲོག་ཆགས་འབུ་སྲིན། གཅན་གཟན། བྱ་བྱིའུ། མི་ཐམས་ཅད་ཆུ་དེའི་ནང་དུ་ཤི་སྟེ།

22 མདོར་ན་སྐམ་ས་ལ་ཡོད་པའི་སྲོག་གི་དབུགས་དང་ལྡན་པའི་སེམས་ཅན་ཐམས་ཅད་ཤིའོ།

23 ས་སྟེང་ལ་ཡོད་པའི་དུད་འགྲོ་དང་བྱ་བྱིའུ་ལ་སོགས་པའི་སེམས་ཅན་ཐམས་ཅད་དང༌། མིའི་རིགས་ཀུན་ཡ་ཝེ་དཀོན་མཆོག་གིས་མེད་པར་མཛད། འོན་ཀྱང་གྲུའི་ནང་ནོ་ཨ་དང་མཉམ་དུ་ཡོད་པ་ཚང་མ་གསོན་པོར་གནས།

24 ཡང་ཉི་མ་བརྒྱ་དང་ལྔ་བཅུ་བར་སའི་སྟེང་དུ་ཆུ་རྒྱས་སོ།།

***********************************************