Hebrews (13) – ཡ་ཧུ་དཱ་པ། (13)

ལེའུ་བཅུ་གསུམ་པ།

སྤྱོད་ལམ་བཟང་པོ་བྱེད་དགོས་པའི་སྐོར།

1 སྤུན་ཟླ་རྣམས་ཀྱིས་ཕན་ཚུན་བྱམས་པ་བྱེད་པར་གནས་དགོས།

2 མགྲོན་པོ་གང་ཡིན་ལ་སྣེ་ལེན་བྱེད་དགོས་པ་མ་བརྗེད། དེ་ལྟར་བྱས་པའི་སྒོ་ནས་ཁ་ཅིག་གིས་རང་གིས་མི་ཤེས་པར་དཀོན་མཆོག་གི་ཕོ་ཉ་རྣམས་ལ་སྣེ་ལེན་བྱས་པའི་ཕྱིར་རོ།

3 བཙོན་པ་རྣམས་རང་ཡང་བཙོན་དུ་འཇུག་པ་ལྟར་དྲན་དགོས་པ་དང༌། མནར་གཅོད་མྱོང་བ་རྣམས་རང་ཡང་སྡུག་བསྔལ་མྱོང་བ་ལྟར་དྲན་ཞིག

4 དཀོན་མཆོག་གིས་ལོག་གཡེམ་དང་འདོད་ལོག་བྱེད་མཁན་རྣམས་ལ་ཉེས་ཆད་མཛད་རྒྱུ་ཡིན་པས། གཉེན་སྒྲིག་ནི་ལོག་གཡེམ་གྱིས་མི་གཙང་བར་མི་འགྱུར་བར་ཐམས་ཅད་ཀྱིས་གུས་བཀུར་བྱེད་དགོས།

5 ནོར་རྫས་གང་ཡོད་པར་ཡིད་ཚིམ་པར་འགྱུར་ཏེ་སེམས་ཡོངས་སུ་དངུལ་ལ་མ་ཆགས། གང་ལགས་ཤེ་ན། དཀོན་མཆོག་གིས།

ངས་ཁྱོད་དང་ནམ་ཡང་མི་བྲལ།།

གཏན་ནས་སྤོང་བར་མི་བྱ་འོ།།

ཞེས་གསུངས།

6 དེའི་ཕྱིར་ང་ཚོས་བློ་སྟོབས་ཆེན་པོས།

གཙོ་བོས་ང་ལ་རོགས་བྱེད་པས།།

འཇིགས་པའི་རྒྱུ་མཚན་ང་ལ་མེད།།

མི་ཡིས་ང་ལ་ཅི་ཞིག་བྱེད།།

ཞེས་ཟེར་ཐུབ།

7 ཁྱེད་ཚོའི་འགོ་ཁྲིད་པ་རྣམས་ཏེ་དཀོན་མཆོག་གི་བཀའ་ཁྱེད་ཚོར་སྒྲོག་མཁན་མ་བརྗེད་པར། ཁོ་ཚོའི་སྤྱོད་ལམ་གྱི་འབྲས་བུ་ལ་བལྟས་ཏེ་དེ་ཚོའི་དད་སེམས་ལ་དཔེ་ལྟ་བྱེད་ཅིག

8 ཡེ་ཤུ་མཱ་ཤི་ཀ་ནི་ཁ་སང་དང༌། དེ་རིང༌། དུས་རྒྱུན་དུ་མི་འགྱུར་བར་གནས་སོ།

9 ལོག་ལྟ་སྣ་ཚོགས་ལྡན་པའི་བསྟན་པ་ཡིས་སླུ་བར་མ་འགྱུར། གང་ཡིན་ཟེར་ན། ཕན་མི་ཐོགས་པའི་ཆོ་གའི་སྒྲིག་ལམ་གྱིས་གྲ་སྒྲིག་བྱས་པའི་ཟས་ལ་བརྟེན་པ་ལས། ཐུགས་རྗེ་ཡིས་སྙིང་བརྟན་པོར་བྱས་ན་ལེགས།

10 ང་ཚོར་མཆོད་ཁྲི་ཞིག་ཡོད་པ་དང༌། དེའི་སྟེང་གི་མཆོད་པ་གུར་མཆོག་ནང་ལ་གཡོག་བྱེད་པ་རྣམས་ཀྱིས་ཟ་མི་ཆོག

11 སྡིག་ཉེས་སེལ་བའི་མཆོད་པ་འབུལ་བའི་སྐབས་བླ་ཆེན་གཙོ་བོས་དུད་འགྲོའི་ཁྲག་གནས་མཆོག་ནང་དུ་འཁྱེར་ཡང་རོ་རྣམས་སྒར་གྱི་ཕྱི་རོལ་དུ་མེ་ཡིས་སྲེག་པར་བྱེད།

12 དེ་བཞིན་དུ་རང་གི་སྐུ་ཁྲག་གི་སྒོ་ནས་མི་རྣམས་དམ་པ་རུ་མཛད་པའི་ཕྱིར་ཡེ་ཤུ་ཡིས་ཀྱང་གྲོང་ཁྱེར་གྱི་རྒྱལ་སྒོའི་ཕྱི་རོལ་དུ་སྡུག་བསྔལ་མྱོང༌།

13 དེ་ལྟར་ངེད་རྣམས་ཀྱིས་ཀྱང་སྒར་གྱི་ཕྱི་རོལ་དུ་ཁོང་གི་དྲུང་དུ་ཕྱིན་ནས། ཁོང་ལ་བབས་པའི་འཕྱ་དམོད་བཟོད་པར་བྱེད་དགོས།

14 འཇིག་རྟེན་འདིར་གཏན་དུ་གནས་པའི་གྲོང་ཁྱེར་མེད་པས། ང་ཚོས་མ་འོངས་པའི་གྲོང་ཁྱེར་མཆོག་རེ་སྒུག་བྱེད།

15 ཡེ་ཤུ་ཡི་སྒོ་ནས་ངེད་རྣམས་ཀྱིས་རྟག་ཏུ་དཀོན་མཆོག་ལ་བསྟོད་པའི་མཆོད་པ་འབུལ་དགོས། དེ་ནི་ཁོང་གི་མཚན་ཁས་ལེན་བྱེད་པའི་ངག་གི་འབྲས་བུ་ཡིན།

16 དྲིན་དང་ཕན་ཚུན་རོགས་པ་བྱེད་པར་དྲན་པར་གྱིས་ཤིག དེ་བཞིན་དུ་མཆོད་པ་རྣམས་དཀོན་མཆོག་ཐུགས་མཉེས་པའི་ཕྱིར་རོ།

17 ཁྱེད་ཚོའི་འགོ་ཁྲིད་པ་རྣམས་ཀྱིས་ཁྱེད་ཚོ་ལ་སེམས་ཁུར་བྱེད་ཅིང༌། དཀོན་མཆོག་ལ་རྩིས་འབུལ་ཞུ་བར་འགྱུར་བས། ཁོ་ཚོའི་བཀའ་ལ་ཉན་ཏེ་མགོ་སྒུར། ཁོ་ཚོས་སེམས་སྐྱོ་བ་མིན་པར་དགའ་བའི་ངང་ནས་ལས་བྱེད་པའི་ཕྱིར་བཀའ་ལ་ཉན། དེ་མིན་ན་ཁྱེད་ཚོར་མི་ཕན།

18 ངེད་རྣམས་ཀྱིས་ནོངས་མེད་པ་ཡིན་པར་ཤེས་ཤིང༌། རྣམ་པ་ཀུན་ནས་རྒྱུ་དག་དང་ལྡན་པའི་སྤྱོད་པ་བྱེད་པར་འདོད་དེ། ང་ཚོའི་དོན་ལ་སྨོན་ལམ་འདེབས།

19 ཁྱེད་ཚོའི་རྩར་མགྱོགས་པོ་ལོག་པར་འགྱུར་བའི་ཕྱིར་སྨོན་ལམ་དེ་ལྟར་འདེབས་པ་ངས་ནན་གྱིས་སྐུལ།

མཐའ་མཇུག་གི་འཚམས་འདྲི།

20 ཞི་བདེ་གནང་མཁན་གྱི་དཀོན་མཆོག་སྟེ། གཏན་དུ་གནས་པའི་ཞལ་ཆད་ཀྱི་སྐུ་ཁྲག་གི་ངང་ནས་ལུག་རྣམས་ཀྱི་ལུག་རྫི་ཆེན་པོ་ཡིན་ཏེ་ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་འཆི་བ་ནས་སློང་བར་མཛད་མཁན་གྱིས།

21 རང་གི་ཐུགས་དགོངས་སྒྲུབ་པའི་ཕྱིར་བཟང་པོ་ཐམས་ཅད་ཁྱེད་ཚོར་གནང་བར་འགྱུར་ཞིང༌། དཀོན་མཆོག་གི་སྤྱན་སྔར་གང་ཐུགས་མཉེས་པ་ཡིན་པ་དེ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ངེད་རྣམས་ཀྱི་ནང་ན་སྒྲུབ་པར་ཤོག ཁོང་ལ་རྟག་ཏུ་གཟི་བརྗིད་དང་ལྡན་པར་གྱུར་ཅིག ཨ་མེན།

22 སྤུན་ཟླ་རྣམས། ངས་ཁྱེད་ཚོར་ཡི་གེ་ཐུང་ཐུང་ཞིག་བྲིས་པས་འདི་ནང་གི་སྐུལ་མ་བཟོད་པར་སྐུལ།

23 ང་ཚོའི་སྤུན་ཟླ་ཐི་མོ་ཐེ་བཙོན་ཁང་ནས་གྲོལ་བ་ཤེས་དགོས། གལ་ཏེ་ཁོང་ངའི་རྩར་མགྱོགས་པོར་སླེབས་ན། ང་ཁོང་དང་མཉམ་དུ་ཁྱེད་ཚོའི་རྩར་འོང༌།

24 ཁྱེད་ཚོའི་འགོ་ཁྲིད་པ་དང༌། དད་ལྡན་པ་ཐམས་ཅད་ལ་འཚམས་འདྲི་ཞུས། དབྱི་ཏ་ལི་ཡུལ་ནས་ཡིན་པ་རྣམས་ཀྱིས་ཁྱེད་ཚོར་འཚམས་འདྲི་ཞུ།

25 ཐུགས་རྗེ་ཁྱེད་ཚོ་ཐམས་ཅད་ལ་ལྡན་པར་གྱུར་ཅིག ། །།

Hebrews (12) – ཡ་ཧུ་དཱ་པ། (12)

ལེའུ་བཅུ་གཉིས་པ།

སྟོན་པ་ཡེ་ཤུ་ང་ཚོའི་དད་པའི་མིག་དཔེ་ཡིན།

1 དེའི་ཕྱིར་དེ་ལྟར་མང་བའི་དཔང་པོ་རྣམས་ནི་སྤྲིན་པ་བཞིན་ང་ཚོ་བསྐོར་བས། བར་ཆད་ཀུན་དང༌། ངེད་རྣམས་ལ་འཁྱུད་པར་སླ་བའི་སྡིག་ཉེས་ཕར་བཞག་སྟེ་བཟོད་པའི་སྒོ་ནས་ང་ཚོའི་མདུན་ལ་ཡོད་པའི་རྒྱུག་ལམ་སྟེང་རྒྱུགས་དགོས།

2 ངེད་རྣམས་ཀྱི་དད་པའི་འགོད་པ་པོ་དང་ཡོངས་སུ་རྫོགས་པར་མཛད་མཁན་ཡེ་ཤུའི་ཕྱོགས་སུ་ནན་གྱིས་ལྟ་དགོས། ཁོང་གི་མདུན་དུ་བཞག་པའི་དགའ་སྤྲོའི་དོན་ལ་དེའི་འཕྱ་དམོད་རྩིས་མེད་དུ་བཏང་སྟེ་རྒྱང་ཤིང་གི་སྡུག་བསྔལ་བཟོད་ནས་དཀོན་མཆོག་གི་བཞུགས་ཁྲིའི་གཡས་སུ་བཞུགས།

3 ཁྱེད་ཚོ་ཡིད་ཐང་མི་ཆད་པ་དང༌། སེམས་ཤུགས་མི་ཉམས་པའི་ཕྱིར། སྡིག་ཅན་རྣམས་ཀྱི་སྡང་སེམས་དེ་ཙམ་བཟོད་མཁན་ཁོང་བསམ་ཞིབ་བྱེད།

4 ཁྱེད་ཚོས་སྡིག་ཉེས་དང་འཛིང་དུས་ཁྲག་ཐོན་པའི་བར་དུ་ད་དུང་མ་སླེབས།

5 ཡང་ཁོང་གིས་ཁྱེད་རྣམས་ལ་སྲས་ལྟར་སྐུལ་མ་གཏོང་བ་བརྗེད་ཏེ།

ངའི་བུ།

གཙོ་བོས་གཅུན་པར་སྣང་མེད་མི་བྱེད་ཅིང༌།།

བཀའ་བཀྱོན་མཛད་དུས་ཡིད་ཐང་མ་ཆད་ཅིག།

6 དེ་ནི་གཙོ་བོས་བྱམས་པར་གཅུན་པ་དང༌།།

བུ་རུ་རྩི་བ་རྣམས་ལ་གཅུན་པས་སོ།།

ཞེས་གསུངས།

7 སྡུག་བསྔལ་མྱོང་བ་དེ་གཅུན་པའི་ཕྱིར་ཡིན་ཏེ། དཀོན་མཆོག་གིས་ཁྱེད་ཚོ་སྲས་ལྟར་གཅུན་པར་མཛད། ཕ་ཡིས་མ་བཅུན་པའི་བུ་ཡོད་དམ།

8 ཐམས་ཅད་དང་ལྷན་གཅིག་ཁྱེད་གཅུན་པར་མ་གྱུར་ན། ཁྱེད་ཚོ་བུ་མ་ཡིན་པས་བྱི་ཕྲུག་ཡིན།

9 མ་ཟད་ང་ཚོར་རང་ཉིད་གཅུན་པའི་ཕ་ཡོད་དེ། ཁོང་རྣམས་ལ་གུས་བཀུར་བྱས། དེ་བས་ཀྱང་མགོ་སྒུར་ངང་ནས་ང་ཚོའི་སེམས་ཉིད་ཀྱི་ཡབ་དཀོན་མཆོག་གི་བཀའ་ལ་ཉན་ཏེ་འཚོ་བར་མི་འོས་སམ།

10 ཕ་རྣམས་ཀྱིས་དུས་རེ་ཞིག་གི་བར་དུ་གང་ལེགས་པ་བསམ་པ་ལྟར་ང་ཚོ་བཅུན་པ་ཡིན་ཡང༌། དཀོན་མཆོག་གིས་ངེད་རྣམས་ལ་ཁོང་གི་དམ་པ་ཉིད་ཀྱི་སྐལ་བ་འཐོབ་པ་དང༌། ང་ཚོར་ཕན་པའི་ཆེད་དུ་ཁོང་གིས་ང་ཚོ་གཅུན་པར་མཛད།

11 གཅུན་པ་མྱོང་བའི་སྐབས་དགའ་བ་ལས་སྡུག་པའི་རྒྱུ་མང་བ་མཐོང་ཡང༌། གཅུན་མྱོང་མཁན་རྣམས་ལ་རྗེས་སུ་དྲང་བ་ཉིད་ཀྱི་ཞི་བདེའི་འབྲས་བུ་འཐོབ་པར་འགྱུར།

སྐུལ་མ་དང་བསླབ་བྱ།

12 དེའི་ཕྱིར་སྟོབས་མེད་པའི་ལག་པ་དང་འདར་བའི་པུས་མོ་བརྟན་པར་བྱེད་ཅིང༌།

13 རྐང་པའི་དོན་ལ་ལམ་བདེ་བར་བཟོས། དེ་ནས་རྐང་པ་ཞ་བ་ཚིགས་ནས་མི་བུད་པར་གསོ་བར་འགྱུར།

14 མི་ཐམས་ཅད་དང་ཞི་བདེར་གནས་པ་དང༌། དམ་པ་རུ་འགྱུར་བའི་ཆེད་དུ་འབད་རྩོལ་ཤིན་ཏུ་བྱེད་དགོས། དམ་པ་མེད་ན་མི་སུས་ཀྱང་གཙོ་བོ་མཇལ་བར་མི་སྲིད།

15 ཁྱེད་ཚོའི་ཁྲོད་དུ་མི་ཚང་མ་དཀོན་མཆོག་གི་ཐུགས་རྗེ་འཐོབ་མཁན་ཡིན་པར་བྱོས་ཤིག སུ་ཞིག་གིས་རྙོག་དྲ་བཟོ་མཁན་རྩ་བ་ངན་པ་ལྟར་ཡར་སྐྱེས་ནས་མང་པོར་མི་གཙང་བར་མི་བྱེད་པའི་ཕྱིར་དོགས་ཟོན་གྱིས་ཤིག

16 དུས་ཞིག་གི་ཟས་ཀྱི་ཕྱིར་མེས་པོ་ཨེ་སའུ་ཡིས་རང་གི་ནོར་སྐལ་བཙོངས། ཁོ་དང་འདྲ་བར་མི་སུ་ཞིག་ཆོས་མེད་པའམ་ལོག་གཡེམ་བྱེད་མཁན་དུ་འགྱུར་བར་དོགས་ཟོན་གྱིས་ཤིག

17 ཁྱེད་ཚོས་ཤེས་གསལ་ལྟར། དེའི་རྗེས་སུ་ཁོས་ནོར་སྐལ་འཐོབ་འདོད་དེ། མཆི་མ་ཤོར་ཞིང་ནན་གྱིས་བཙལ་ཡང༌། སེམས་བསྒྱུར་བའི་གོ་སྐབས་མ་རྙེད་པས་མ་ཐོབ།

18 གནའ་བོའི་ཡི་སི་ར་ཨེལ་པ་དང་མི་འདྲ་བར་ཁྱེད་ཚོ་ནི་ལག་པས་རེག་ཐུབ་པའི་རི་དང༌། མེ་འབར་བ། ནམ་མཁའ་བསྒྲིབས་པ། མུན་ནག རླུང་འཚུབ།

19 དམག་དུང་གི་སྒྲ་ཆེན་པོ་དང༌། གསུང་སྐད་ཀྱི་སྒྲ་ཡི་ས་ཆ་དང་ཉེ་བར་མ་སླེབས། གསུང་སྐད་ཀྱི་སྒྲ་དེ་ཐོས་མཁན་རྣམས་འཇིགས་སྐྲག་སྐྱེས་ནས་ང་ཚོར་ད་དུང་མ་གསུངས་ཞེས་ནན་གྱིས་ཞུ་བ་ཕུལ།

20 དུད་འགྲོ་ཞིག་གིས་ཀྱང་རི་ལ་རེག་ན་རྡོ་རུབ་བཏང་ནས་གསོད་དགོས་ཞེས་པའི་བཀའ་དེ་ཁོ་ཚོས་བཟོད་མ་ཐུབ།

21 ལུང་སྟོན་པ་མོ་ཤེ་ཡིས་ཀྱང་ང་འཇིགས་ནས་འདར་བཞིན་ཡོད་ཅེས་གསུང་བ་ཙམ་དུ་གང་བྱུང་བ་དེ་འཇིགས་སུ་རུང་བ་ཞིག་ཡོད།

22 འོན་ཀྱང་ཁྱེད་ཚོ་ནི་རི་བོ་ཙི་ཡོན་དང༌། གཏན་དུ་གནས་པའི་དཀོན་མཆོག་གི་གྲོང་ཁྱེར་མཆོག་སྟེ་དཀོན་མཆོག་གི་ཞིང་ཁམས་སུ་ཆགས་པའི་ཡེ་རུ་ཤ་ལེམ་དང༌། དཀོན་མཆོག་གི་ཕོ་ཉ་གྲངས་ལས་འདས་པ་དགའ་བའི་ངང་ནས་འཚོགས་པ་དང༌།

23 དཀོན་མཆོག་གི་ཞིང་ཁམས་སུ་མིང་བཀོད་ཡོད་པའི་སྔོན་སྐྱེས་རྣམས་ཀྱི་ཆོས་ཚོགས་དང༌། ཐམས་ཅད་ལ་ཁྲིམས་གཅོད་མཛད་མཁན་དཀོན་མཆོག་དང༌། ཡོངས་སུ་རྫོགས་པའི་དྲང་ལྡན་རྣམས་ཀྱི་སེམས་ཉིད་རྣམས་དང༌།

24 ཞལ་ཆད་གསར་པའི་བར་མི་ཡེ་ཤུ་དང༌། ཧ་བེལ་གྱི་ཁྲག་ལས་གཏམ་ལྷག་པར་བཟང་པོ་སྨྲ་སྟེ་སྐུ་ཁྲག་གཏོར་བ་དེའི་མདུན་དུ་སླེབས།

25 གསུང་མཁན་གྱི་བཀའ་ལ་ནན་གྱིས་ཉོན་ཞིག གང་ཡིན་ཞེ་ན། ཡི་སི་ར་ཨེལ་གྱི་མི་རྣམས་ཀྱིས་འཇིག་རྟེན་འདིར་ལུང་སྟོན་པ་མོ་ཤེའི་བཀའ་ལ་མ་ཉན་པས་མ་ཐར་བ་ཡིན་ན། ངེད་རྣམས་ཀྱིས་ཞིང་ཁམས་ནས་གསུང་མཁན་གྱི་བཀའ་ལ་མ་ཉན་ན་ཐར་བར་འགྱུར་མི་སྲིད།

26 དེའི་དུས་སུ་ཁོང་གི་གསུང་སྐད་ཀྱིས་ས་གཞི་གཡོས་ཀྱང༌། ད་ལྟ་ཁོང་གིས་ད་དུང་ལན་གཅིག་ངས་ས་གཞི་མ་ཟད། ནམ་མཁའ་ཡང་གཡོ་བ་བྱེད་པར་བྱའོ་ཞེས་ཞལ་གྱིས་བཞེས།

27 ད་དུང་ལན་གཅིག་ཅེས་པའི་དོན་ནི་གང་གཡོ་མི་ཐུབ་པ་རྣམས་གནས་པའི་ཕྱིར། གང་བཀོད་པ་རྣམས་གཡོས་ནས་མེད་པར་འགྱུར་བ་དེ་ཡིན།

28 དེའི་ཕྱིར་ང་ཚོར་གཡོ་མི་སྲིད་པའི་རྒྱལ་སྲིད་འཐོབ་པས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་དགོས། དེའི་སྒོ་ནས་ང་ཚོས་དད་ཞིང་གུས་པས་དཀོན་མཆོག་ལ་ཐུགས་མཉེས་པའི་བསྙེན་བཀུར་ཞུ།

29 གང་ལགས་ཟེར་ན། ངེད་རྣམས་ཀྱི་དཀོན་མཆོག་ནི་སྲེག་པར་བྱེད་པའི་མེ་ལྟར་ཡིན་ནོ།།*

Hebrews (11) – ཡ་ཧུ་དཱ་པ། (11)

ལེའུ་བཅུ་གཅིག་པ།

དད་པའི་སྐོར་གླེང་བ།

1 དད་པ་ནི་རེ་བ་གནས་ས་ལ་བློ་གདེང་དང༌། མིག་གིས་མི་མཐོང་བ་དེ་རྣམས་ལ་ཡིད་ཆེས་ངེས་པ་རྙེད་པ་དེའོ།

2 དད་པའི་སྒོ་ནས་གནའ་བོའི་དུས་ཀྱི་མི་རྣམས་ལ་དཀོན་མཆོག་གི་གདེང་འཇོག་ཐོབ།

3 དད་པའི་སྒོ་ནས་དཀོན་མཆོག་གི་བཀའ་ཡིས་འཇིག་རྟེན་ཁམས་བཀོད་པ་དང༌། མིག་གིས་མཐོང་བ་ནི་མི་སྣང་བ་ལས་མཛད་པ་ཡིན་པ་ང་ཚོས་རྟོགས།

4 དད་པའི་སྒོ་ནས་མེས་པོ་ཧ་བེལ་གྱིས་ཁོའི་སྤུན་ཀ་ཡིན་ལས་ལེགས་པའི་མཆོད་པ་ཞིག་དཀོན་མཆོག་ལ་ཕུལ་བས། དྲང་ལྡན་པ་ཞིག་ཡིན་པར་མཚོན་ཞིང༌། ཁོང་གི་མཆོད་པ་ལ་དཀོན་མཆོག་གི་གདེང་འཇོག་ཐོབ། ཧ་བེལ་ཤི་ཡང་དད་པའི་དཔེའི་སྒོ་ནས་ད་དུང་ང་ཚོར་གཏམ་བྱེད།

5 དད་པའི་སྒོ་ནས་ཧེ་ནོག་ཡར་དྲངས་ནས་འཆི་བ་མ་མྱོང༌། དཀོན་མཆོག་གིས་ཁོང་ཡར་ཁྲིད་གནང་བས་མི་རྙེད་པར་གྱུར། ཁོང་ཡར་འདྲངས་པའི་སྔོན་ལ་དཀོན་མཆོག་གི་ཐུགས་མཉེས་པའི་མི་ཡིན་པར་གདེང་འཇོག་ཐོབ།

6 དད་པ་མེད་པར་དཀོན་མཆོག་ཐུགས་མཉེས་མི་སྲིད། གང་ཡིན་ཟེར་ན། དཀོན་མཆོག་གི་དྲུང་དུ་ཡོང་བ་དེས་དཀོན་མཆོག་ཡོད་པ་དང༌། ཁོང་འཚོལ་མཁན་རྣམས་ལ་བྱ་དགའ་གནང་མཁན་ཡིན་པར་དད་པ་བྱེད་དགོས་པས་སོ།

7 མེས་པོ་ནོ་ཨ་ཡིས་དད་པའི་སྒོ་ནས་དཀོན་མཆོག་གིས་ཁོང་ལ་ད་དུང་མ་མཐོང་བ་རྣམས་ཀྱི་སྐོར་ལ་ཐ་ཚིག་སྒྲོག་པར་མཛད་པའི་སྐབས་སུ། རང་གི་ནང་མི་སྐྱོབ་པའི་ཕྱིར་བསྙེན་བཀུར་བྱས་ཏེ་གྲུ་གཟིངས་ཤིག་བཟོས། དེའི་སྒོ་ནས་ཁོང་གིས་འཇིག་རྟེན་གྱི་སྐྱོན་གསལ་པོར་བསྟན་ཞིང༌། དད་པ་ལས་འབྱུང་བའི་རྣམ་པར་དག་པ་ཡི་ཞལ་ཆད་ཐོབ།

8 དད་པའི་སྒོ་ནས་མེས་པོ་ཨབ་ར་ཧམ་ནི་དཀོན་མཆོག་གི་ཞལ་ཆད་ལྟར་འཐོབ་རྒྱུ་ཡིན་པའི་ཡུལ་ཞིག་ལ་འགྲོ་བར་བོས་པའི་ཚེ། གང་དུ་འགྲོ་བ་མི་ཤེས་ཀྱང་བཀའ་དེ་ལ་ཉན།

9 དད་པའི་སྒོ་ནས་གནས་གཡར་བ་ལྟར་ཞལ་ཆད་མཛད་པའི་ཡུལ་དེ་ལ་བསྡད་དེ། ཁོང་དང་ཞལ་ཆད་འཛིན་མཁན་ཡིན་པའི་ཨི་སཱག་དང་ཡ་ཀོབ་ལྟར་གུར་རྣམས་ལ་བསྡད།

10 རྒྱུ་མཚན་ནི་ཁོང་གིས་དཀོན་མཆོག་གིས་འཆར་འགོད་དང་སྐྲུན་གནང་བའི་གཏན་གྱི་རྨང་གཞི་ཡོད་པའི་གྲོང་ཁྱེར་མཆོག་དེ་ཡིད་རྟོན་ནས་བསྒུགས།

11 དད་པའི་སྒོ་ནས་ས་རཱ་ཡིས་ཀྱང་ཞལ་ཆད་མཛད་མཁན་དེ་ཐུགས་གཏད་ཆོག་པར་བརྩིས་པས། རྒས་མོར་གྱུར་ཡང་ཕྲུ་གུ་སྐྱེ་ཐུབ་པའི་ནུས་པ་ཐོབ།

12 དེ་བས་ན་སྐུ་ཕུང་དང་འདྲ་བའི་མི་ཞིག་ལས་བུ་རྒྱུད་ནམ་མཁའི་སྐར་མ་མང་པོ་དང༌། མཚོ་འགྲམ་གྱི་བྱེ་མ་བཞིན་གྲངས་མེད་བྱུང༌།

13 དེ་ཚོ་ཐམས་ཅད་ཀྱིས་མ་འཆི་བར་དུ་དད་པ་ལ་བརྟེན་ཏེ། གང་ཞལ་གྱིས་བཞེས་པ་མ་ཐོབ་ཀྱང༌། ཐག་རིང་ནས་མཐོང་ཞིང་དགའ་བསུ་བྱས། འཇིག་རྟེན་འདིར་རང་ཉིད་གནས་གཡར་བ་དང༌། མགྲོན་པོར་ངོས་འཛིན་བྱས།

14 དེ་ལྟར་སྨྲ་བའི་མི་རྣམས་ཀྱིས་འདི་ངའི་ཕ་ཡུལ་ཡིན་ཟེར་ཐུབ་པའི་ལུང་པ་ཞིག་སྒུག་མཁན་ཡིན་པར་གསལ་སྟོན་བྱེད།

15 ཡུལ་གང་ནས་ཐོན་པ་དེ་དྲན་པ་ཡིན་ན་དེར་ལོག་པའི་གོ་སྐབས་བྱུང་ཡོད།

16 འོན་ཀྱང་ཁོ་ཚོས་དེ་ལས་ལེགས་པའི་ཡུལ་ཏེ་དཀོན་མཆོག་གི་ཞིང་ཁམས་སུ་ཡོད་པ་དེ་རེ་སྒུག་བྱེད་མཁན་ཡིན། དེའི་ཕྱིར་དཀོན་མཆོག་གིས་ཁོ་ཚོའི་དོན་ལ་གྲོང་ཁྱེར་མཆོག་ཅིག་བཤམས་པར་མཛད་ཅིང༌། ཁོང་ཁོ་ཚོའི་དཀོན་མཆོག་ཅེས་ཟེར་བར་ཐུགས་ཚ་མི་གནང༌།

17-18 དཀོན་མཆོག་གིས་མེས་པོ་ཨབ་ར་ཧམ་ལ་ཨི་སཱག་བརྒྱུད་ནས་ཁྱོད་ཀྱི་བུ་རྒྱུད་རྩི་བར་འགྱུར་ཞེས་གསུངས་ཀྱང༌། ཉམས་ཚོད་བླངས་པའི་ཚེ་དད་པའི་སྒོ་ནས་ཞལ་ཆད་འཛིན་མཁན་ཨབ་ར་ཧམ་གྱིས་རང་གི་བུ་གཅིག་པོ་ཨི་སཱག་མཆོད་པར་འབུལ་གྲབས་བྱས།

19 ཨབ་ར་ཧམ་གྱིས་དཀོན་མཆོག་གིས་མི་རྣམས་འཆི་བ་ལས་སླར་གསོན་དུ་མཛད་ཐུབ་པར་སྙམ་ཞིང༌། ཁོང་ལ་བུ་ཨི་སཱག་འཆི་བ་ལས་ལོག་པ་བཞིན་ཐོབ།

20 དད་པའི་སྒོ་ནས་མེས་པོ་ཨི་སཱག་གིས་མ་འོངས་པའི་དོན་ལ་བལྟས་ཏེ་ཁོང་གི་བུ་ཡ་ཀོབ་དང་ཨེ་སའུ་གཉིས་ལ་བྱིན་རླབས་གནང༌།

21 དད་པའི་སྒོ་ནས་མེས་པོ་ཡ་ཀོབ་གྲོངས་པའི་སྐབས་སུ་ཡོ་སེབ་ཀྱི་བུ་རེ་རེ་ལ་བྱིན་རླབས་གནང་སྟེ། འཁར་བ་ལ་བསྙེས་ཏེ་དཀོན་མཆོག་ལ་བསྙེན་བཀུར་བྱས།

22 དད་པའི་སྒོ་ནས་མེས་པོ་ཡོ་སེབ་འཆི་བ་ལ་ཐུག་པའི་ཚེ་ཡི་སི་ར་ཨེལ་གྱི་བུ་རྒྱུད་ཨེ་ཇེབ་ཡུལ་ནས་འཐོན་པའི་སྐོར་སྨྲ་ཞིང༌། རང་གི་རུས་པ་དུར་དུ་འཇུག་པའི་སྐོར་ལ་བཀའ་གནང༌།

23 དད་པའི་སྒོ་ནས་ལུང་སྟོན་པ་མོ་ཤེའི་ཕ་མ་ཡིས་ཁོང་འཁྲུངས་ནས་ཕྲུ་གུ་མཛེས་པ་ཞིག་ཡོད་པར་མཐོང་སྟེ། རྒྱལ་པོའི་བཀའ་ལ་མི་འཇིགས་པར། ཟླ་བ་གསུམ་རིང་ཁོང་སྦས་ནས་བཞག

24 དད་པའི་སྒོ་ནས་ལུང་སྟོན་པ་མོ་ཤེ་ན་སོ་ལོན་ནས་ཨེ་ཇེབ་ཀྱི་རྒྱལ་པོ་ཕར་ཨོ་ཡི་སྲས་མོའི་བུ་ཟེར་བའི་མིང་དང་ལེན་མ་བྱས་ཏེ།

25 སྡིག་ཉེས་ཀྱི་ལོངས་སྤྱོད་མི་རྟག་པ་ལས། ཁོང་གིས་དཀོན་མཆོག་གི་མི་རྣམས་དང་མཉམ་དུ་མནར་གཅོད་མྱོང་བར་བདམས།

26 མ་འོངས་པའི་བྱ་དགའ་ལ་བལྟས་ཏེ། ཨེ་ཇེབ་ཀྱི་གཏེར་ལས་མཱ་ཤི་ཀའི་དོན་ལ་སྡུག་བསྔལ་མྱོང་བའི་ནོར་ཆེ་བར་བརྩིས།

27 དད་པའི་སྒོ་ནས་རྒྱལ་པོའི་ཁྲོ་བ་ལ་མ་འཇིགས་པར་མོ་ཤེ་ཨེ་ཇེབ་ནས་ཐོན། མིག་གིས་མཐོང་མི་སྲིད་པའི་དཀོན་མཆོག་ལ་ནན་གྱིས་བལྟས་ནས་ཁོང་གིས་བཟོད་པ་བསྒོམས།

28 དད་པའི་སྒོ་ནས་ཁོང་གིས་པེ་སག་ཟེར་བའི་དུས་ཆེན་བསྲུངས་ཤིང༌། སྔོན་སྐྱེས་ཀྱི་བུ་རྣམས་མེད་པ་བཟོ་བའི་ཕོ་ཉ་ཡིས་ཡི་སི་ར་ཨེལ་གྱི་སྔོན་སྐྱེས་པའི་བུ་རྣམས་ལ་གནོད་པ་མི་བྱེད་པའི་ཕྱིར་ཁྲག་གཏོར།

29 དད་པའི་སྒོ་ནས་ཡི་སི་ར་ཨེལ་པ་རྣམས་སྐམ་ས་འགྲོ་བ་ལྟར་རྒྱ་མཚོ་དམར་པོ་བརྒྱུད་ནས་ཕྱིན། འོན་ཀྱང་ཨེ་ཇེབ་པ་རྣམས་དེ་ལྟར་བྱེད་པར་ཕྱིན་པས་ཆུ་ལ་ནུབ་སྟེ་ཤིའོ།

30 དད་པའི་སྒོ་ནས་ཡི་སི་ར་ཨེལ་པ་རྣམས་ཡེ་རུ་ཀོ་གྲོང་ཁྱེར་གྱི་ལྕགས་རི་ཉི་མ་བདུན་གྱི་བར་དུ་བསྐོར་ནས་ལྕགས་རི་དེ་རྡིབ།

31 དད་པའི་སྒོ་ནས་སྨད་འཚོང་མ་ར་ཧབ་ཀྱིས་སོ་པ་རྣམས་ལ་ཞི་བདེའི་ངང་ནས་སྣེ་ལེན་བྱས་པས། བཀའ་ལ་མ་ཉན་པ་རྣམས་དང་མཉམ་དུ་མ་ཤི

32 ད་ཅི་སྨྲ། གི་དེ་ཡོན་དང༌། པཱ་རག སམ་སོན། ཡེབ་ཐཱ། དཱ་བིད། ཤ་མུ་ཨེལ་དང༌། ལུང་སྟོན་པ་རྣམས་ཀྱི་སྐོར་སྨྲ་ལོང་མེད།

33 དད་པའི་སྒོ་ནས་ཁོ་ཚོས་རྒྱལ་ཁམས་བཅོམ། ཁྲིམས་གཅོད་བདེན་པར་བྱས། གང་ཞལ་གྱིས་བཞེས་པ་ཐོབ། སེང་གེའི་ཁ་བཀག

34 མེ་དྲག་བསད། རལ་གྲིའི་ཁ་ལས་ཐར། སྟོབས་ཞན་པ་ལས་སྟོབས་ཅན་དུ་བསྒྱུར་ཞིང༌། དམག་གི་དཔའ་བོར་གྱུར་ནས་ཕྱི་རྒྱལ་གྱི་དམག་དཔུང་འབྲོས་སུ་བཅུག

35 བུད་མེད་རྣམས་ལ་རང་གི་ནང་མི་རྣམས་འཆི་བ་ནས་གསོན་པོར་གྱུར་ནས་ཐོབ། གཞན་རྣམས་མནར་གཅོད་མྱོང༌། འཆི་བ་ནས་སླར་གསོན་ཏེ་ཚེ་འདི་ལས་ལེགས་པ་འཐོབ་པའི་ཕྱིར་སྡུག་བསྔལ་དེ་ལས་སྒྲོལ་བའི་ཆེད་དུ་དཀོན་མཆོག་སྤོང་བར་ཁས་ལེན་མ་བྱས།

36 གཞན་རྣམས་ཀྱིས་འཕྱ་དམོད་དང༌། རྟ་ལྕག་གིས་བརྡུངས་པར་གྱུར་བ་མ་ཟད། ལྕགས་ཐག་གིས་བཅིངས་ནས་བཙོན་དུ་འཇུག་པའང་མྱོང༌།

37 ཁོ་ཚོ་རྡོ་རུབ་བཏང་ནས་བསད། སོག་ལེ་ཡིས་བསད། རལ་གྲི་ཡིས་བསད། ཁོ་ཚོས་ར་དང་ལུག་གི་ལྤགས་པ་གྱོན་ཏེ་འཁྱམས། དབུལ་ཞིང༌། མནར་གཅོད། སྡུག་བསྔལ་དྲག་པོ་མྱོང༌།

38 འཇིག་རྟེན་འདི་ལ་ཁོ་ཚོ་གནས་པ་འོས་པ་མིན་པས། ཁོ་ཚོ་འབྲོག་སྟོང་དང༌། རི་དང༌། བྲག་ཕུག ས་དོང་རྣམས་ལ་བསྡད་དུ་བཅུག

39 ཁོ་ཚོ་ཐམས་ཅད་དད་པའི་སྒོ་ནས་དཀོན་མཆོག་གི་གདེང་འཇོག་ཐོབ་ཀྱང༌། གང་ཞལ་གྱིས་བཞེས་པ་དེ་མ་ཐོབ།

40 གང་ཡིན་ཟེར་ན། དཀོན་མཆོག་གིས་ང་ཚོའི་དོན་ལ་དེ་ལས་ལེགས་པ་ཞིག་གནང་བས། ང་ཚོ་དང་བྲལ་བར་ཁོ་རྣམས་ཡོངས་སུ་རྫོགས་པར་མི་མཛད་པའི་ཕྱིར་རོ།།