Acts (2) – མཛད་པ། (2)

Acts (2) – མཛད་པ། (2)

1 ཉི་མ་ལྔ་བཅུ་པའི་དུས་ཆེན་ལ་སླེབས་སྐབས་ཁོ་ཚོ་ཚང་མ་ས་ཆ་གཅིག་ཏུ་འཛོམས་པ་དང༌།

2 གློ་བུར་དུ་དཀོན་མཆོག་གི་ཞིང་ཁམས་ནས་ཧུར་ཧུར་དུ་རྒྱག་པའི་རླུང་དང་འདྲ་བའི་སྒྲ་ཞིག་བྱུང་བ་དང༌། དེས་ནི་ཁོ་ཚོ་སྡོད་སའི་ཁང་པ་ཆ་ཚང་ཁྱབ།

3 མེ་ལྟར་གྱི་ལྕེ་རྣམས་ཁོ་ཚོའི་མདུན་དུ་མངོན་སུམ་དུ་གྱུར་ནས་བྲལ་ཏེ་སོ་སོའི་སྟེང་ལ་གནས།

4 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁོ་ཚོ་ཚང་མ་གང་བར་གྱུར་ཞིང༌། དམ་པའི་ཐུགས་ཉིད་ཀྱིས་ནུས་མཐུ་གནང་བ་བཞིན་དུ་ཁོ་ཚོས་སྐད་རིགས་གཞན་རྣམས་སྤྱད་ནས་སྐད་ཆ་བཤད།

5 ཡང་ནམ་མཁའི་འོག་ཏུ་མི་རིགས་ཀུན་ནས་སེམས་དྲང་པོ་དང་ཆོས་སེམས་དང་ལྡན་པའི་ཡ་ཧུ་དཱ་པ་རྣམས་ཡེ་རུ་ཤ་ལེམ་ལ་གནས་པ་དང༌།

6 སྒྲ་དེ་བྱུང་བས་མི་ཚོགས་མང་པོ་ཞིག་འཛོམས་ཤིང༌། དེ་རྣམས་ཀྱིས་རང་རང་གི་སྐད་དད་ལྡན་པ་རྣམས་ཀྱིས་བཤད་པར་ཐོས་ནས་ཐེ་ཚོམ་སྐྱེས།

7 ཧ་ལས་ཏེ་ཡ་མཚན་ཆེན་པོར་གྱུར་བས་ཁོ་ཚོས་ “གཏམ་ཤོད་མཁན་འདི་ཚོ་ཚང་མ་ག་ལིལ་པ་མ་ཡིན་ནམ།

8 ཡང་ཁོ་ཚོས་རང་རེའི་ཕ་སྐད་སྤྱད་ནས་གཏམ་བྱེད་པར་ང་ཚོས་ཐོས་པ་དེ་ཅི་ལ་སྲིད།

9 ང་ཚོ་པར་ཐ་དང༌། མེཌ་ཡཱ། ཨེ་ལཱམ། མེ་སུའོ་པི་ཏ་མེ་ཡཱ། ཡ་ཧུ་དཱ། ཀ་པ་དོག་ཡཱ། པོན་ཏུ། ཨེ་ཞེ་ཡཱ།

10 ཕ་རུག་ཡཱ། ཕམ་ཕིལ་ཡཱ། ཨེ་ཇེབ། སེ་རེ་ནཱ་གྲོང་ཁྱེར་དང་ཉེ་བའི་ལིབ་ཡཱ་ཡུལ་པ། རོ་མཱ་གྲོང་ཁྱེར་ནས་ཡོང་བའི་ཡ་ཧུ་དཱ་དང་ཡ་ཧུ་དཱ་པའི་ཆོས་ལུགས་ལ་ཞུགས་པའི་ཡ་ཧུ་དཱ་པ་མིན་པ་རྣམས།

11 ཀེ་རེ་ཊེ་དང༌། ཨ་རབ་པ་རྣམས་བཅས་མི་དེ་ཚོས་ང་ཚོ་རང་རང་གི་སྐད་ལ་དཀོན་མཆོག་གི་ངོ་མཚར་ཆེ་བའི་མཛད་པ་སྒྲོག་པར་ཐོས་” ཞེས་སྨྲས།

12 ཡང་ཁོ་ཚོ་ཚང་མ་ཧ་ལས་ཏེ་ཐེ་ཚོམ་སྐྱེས་པས་གཅིག་གིས་གཅིག་ལ་ “འདིའི་དོན་ཅི་ཡིན་” ཞེས་བཤད།

13 འོན་ཀྱང་གཞན་པ་རྣམས་ཀྱིས་ཁྲེལ་དགོད་བྱས་ཏེ་ “ཁོ་ཚོ་རྒུན་ཆང་མངར་མོས་བཟི་བ་ཡིན་” ཞེས་ཟེར།

སྐུ་ཚབ་པེ་ཏྲོས་ཆོས་བསྒྲགས་པ།

14 དེ་ནས་པེ་ཏྲོས་སྐུ་ཚབ་བཅུ་གཅིག་པོ་དང་མཉམ་དུ་ལངས་ཏེ་སྐད་ཆེན་པོས་མི་ཚོགས་ལ་ “ཡ་ཧུ་དཱ་ཡུལ་པ་དང་ཡེ་རུ་ཤ་ལེམ་ལ་གནས་པ་ཐམས་ཅད། ངས་དོན་འདི་གསལ་བཤད་བྱེད་རྒྱུ་ཡིན་པས་ང་ལ་ནན་གྱིས་ཉོན་དང༌།

15 ད་ལྟ་ཞོགས་པའི་ཆུ་ཚོད་དགུ་པ་ལས་མ་ཡིན་པས་ཁྱེད་ཚོའི་སེམས་ལ་མི་འདི་ཚོ་ཆང་གིས་ར་བཟི་བར་སྙམ་ན་ཡང་དེ་ལྟར་མིན།

16 དེ་ལས་ལྡོག་སྟེ་ཁྱེད་ཀྱིས་གང་ཐོས་པ་དེ་ལུང་སྟོན་པ་ཡོ་ཨེལ་གྱིས་ལུང་བསྟན་དང་མཐུན་ཏེ།

17 དཀོན་མཆོག་གིས་ནམ་དུས་མཐའ་མའི་སྐབས་སུ།།

ཁོང་གི་བཀའ་བསྩལ་ང་ཡི་ཐུགས་ཉིད་དེ།།

མི་ཡི་རིགས་ཅན་ཀུན་ལ་གནང་འགྱུར་ཏེ།།

ཁྱེད་ཀྱི་བུ་དང་བུ་མོས་ལུང་བསྟན་ཞིང༌།།

སྐྱེས་པ་གཞོན་ནུ་རྣམས་ལ་ཞལ་གཟིགས་འོང༌།།

ཁྱེད་ཀྱི་རྒན་རྒོན་རྣམས་ལ་རྨི་ལམ་འབྱུང༌།།

18 དུས་དེར་ང་ཡི་གཡོག་པོ་གཡོག་མོ་ལའང༌།།

ང་ཡི་ཐུགས་ཉིད་བསྩལ་གནང་འགྱུར་ནས་ནི།།

དེ་དག་གིས་ཀྱང་ལུང་བསྟན་འཆད་ངེས་ཡིན།།

19 ང་ཡིས་ནམ་མཁར་ངོ་མཚར་བྱ་བ་དང༌།།

ས་སྟེང་འདི་རུ་གྲུབ་རྟགས་སྟོན་པར་འགྱུར།།

ཁྲག་དང་མེ་དང་དུད་རླངས་འབྱུང་བར་འགྱུར།།

20 གཙོ་བོའི་ཁྱད་འཕགས་ཉིན་མོ་མ་ཟིན་བར།།

ཉི་མ་མུན་དང་ཟླ་བ་ཁྲག་ཏུ་འགྱུར།།

21 དེ་དུས་གཙོ་བོའི་མཚན་ནས་བརྗོད་མཁན་རྣམས།།

སྐྱབས་ནས་ཐར་པ་ཐོབ་པར་ཐེ་ཚོམ་མེད།།

ཅེས་གསུངས་སོ།།

22 ཀྱེ་ཡི་སི་ར་ཨེལ་པ་རྣམས། ངའི་གཏམ་ལ་ཉོན་ཅིག ཁྱེད་ཀྱིས་ཤེས་གསལ་ལྟར་ཁྱེད་ཚོའི་དཀྱིལ་ལ་ན་ཙ་རེལ་པ་ཡེ་ཤུས་ནུས་མཐུ་ལྡན་པའི་མཛད་པ་དང༌། ངོ་མཚར་ཅན་གྱི་དོན། གྲུབ་རྟགས་བཅས་མཛད། དཀོན་མཆོག་གིས་དེའི་སྒོ་ནས་གཙོ་བོ་ཡེ་ཤུ་ནི་ཁོང་གིས་མངགས་པ་ཡིན་པ་གསལ་པོར་བསྟན།

23 དེ་ཡང་ཁོང་ནི་དཀོན་མཆོག་གི་དགོངས་པ་དང་སྔོན་དུ་མཁྱེན་པ་ལྟར་ཁྱོད་རྣམས་ལ་གཏད་དེ། ཁྱོད་ཀྱིས་ཆོས་ཁྲིམས་མེད་པ་རྣམས་ཀྱི་ལག་པའི་སྒོ་ནས་རྒྱང་ཤིང་སྒང་ལ་གཟེར་བརྒྱབ་སྟེ་བཀྲོངས་སུ་བཅུག་ཀྱང༌།

24 འཆི་བའི་སྡུག་བསྔལ་ལས་སྒྲོལ་བར་མཛད་ནས་དཀོན་མཆོག་གིས་ཁོང་བསླངས། གང་ལགས་ཤེ་ན། འཆི་བའི་དབང་གིས་ཁོང་འཛིན་མི་སྲིད།

25 དེའི་ཕྱིར་རྒྱལ་པོ་དཱ་བིད་ཀྱིས་ཁོང་གི་སྐོར་ལ།

རྟག་ཏུ་གཙོ་བོ་ང་ཡི་མདུན་དུ་མཐོང༌།།

ཁོང་ནི་ང་ཡི་གཡས་སུ་བཞུགས་འགྱུར་བས།།

ང་ནི་གཡོ་མེད་བརྟན་པོར་གནས་པར་འགྱུར།།

26 དེར་བརྟེན་ངའི་སེམས་དགའ་ཞིང་ངག་ནས་བསྟོད།།

ང་ཡི་ལུས་ཀྱང་རེ་བའི་ནང་དུ་གནས།།

27 ཁྱེད་ཀྱི་སྐྱེས་བུ་དམ་པ་མི་འཇིག་ལ།།

ངའི་སེམས་གཤིན་པོའི་གནས་སུ་དོར་མི་འགྱུར།།

28 ཁྱེད་ཀྱིས་ཚེ་ཡི་ལམ་ཁ་ང་ལ་བསྟན།།

མཉམ་དུ་འགྲོགས་པས་དགའ་སྤྲོ་ཁྱབ་པར་འགྱུར།།

ཞེས་གསུངས།

29 ཀྱེ་སྤུན་ཟླ་རྣམས། ང་ཚོའི་མེས་པོ་དཱ་བིད་གྲོངས་ནས་ཁོང་གི་སྐུ་སྤུར་ད་ལྟའི་བར་དུ་གནས་པའི་དུར་ཁང་ནང་དུ་བཅུག་པར་ངས་ཁྱེད་ཚོར་ཡིད་རྟོན་བྱས་ནས་སྨྲས།

30 དཱ་བིད་ནི་ལུང་སྟོན་པ་ཞིག་ཡིན་པས་དཀོན་མཆོག་གིས་ཁོང་ལ་རང་གི་བུ་རྒྱུད་ལས་གཅིག་བཞུགས་ཁྲིར་སྐོ་བའི་མནའ་བཞེས་པར་ཤེས།

31 མཱ་ཤི་ཀ་སླར་གསོན་དུ་འགྱུར་བའི་སྐོར་སྔོན་དུ་མཁྱེན་པས་རྒྱལ་པོ་དཱ་བིད་ཀྱིས་ཁོང་ནི་གཤིན་པོའི་ཁམས་ལ་མ་བོར་ཞིང༌། ཁོང་གི་ཤ་ལུས་ཀྱང་རུལ་བར་མ་གནང་ཞེས་གསུངས།

32 དཀོན་མཆོག་གིས་གཙོ་བོ་ཡེ་ཤུ་དེ་ཉིད་གསོན་པོར་བསླངས་པ་ལ་ང་ཚོ་ཚང་མས་དཔང་པོ་བྱེད།

33 དཀོན་མཆོག་གི་ཕྱག་གཡས་སུ་འཕགས་ཏེ་ཡབ་ནས་དམ་པའི་ཐུགས་ཉིད་གནང་རྒྱུ་ཡིན་པའི་ཞལ་ཆད་ཐོབ་ནས་ཁྱེད་ཀྱིས་མཐོང་བ་དང་ཐོས་པ་འདི་ཁོང་གིས་འབྱུང་བར་མཛད།

34-35 རྒྱུ་མཚན་ནི་རྒྱལ་པོ་དཱ་བིད་དཀོན་མཆོག་གི་ཞིང་ཁམས་སུ་འཕགས་མ་མྱོང་ཡང༌། ཁོང་ཉིད་ཀྱིས།

དཀོན་མཆོག་གིས་ནི་ང་ཡི་གཙོ་བོ་ལ།།

ང་ཡིས་ཁྱེད་ཀྱི་དགྲ་ཚོགས་བཅོམ་ནས་ནི།།

ཁྱེད་ཀྱི་ཞབས་སྟེགས་འོག་དུ་མ་བཅུག་བར།།

ཁྱེད་ངའི་གཡས་སུ་བཞུགས་པར་འགྱུར་ཞིག་ཨང༌།།

ཞེས་གསུངས།

36དེའི་ཕྱིར་ཁྱེད་རྣམས་ཀྱིས་རྒྱང་ཤིང་ལ་བརྒྱངས་པའི་ཡེ་ཤུ་འདི་ནི་དཀོན་མཆོག་གིས་གཙོ་བོ་དང་སྐྱབས་མགོན་མཱ་ཤི་ཀར་བསྐོས་པ་ཡིན་པར་ཡི་སི་ར་ཨེལ་ཡོངས་ཀྱིས་ནན་ཏན་གྱིས་ཤེས་པར་གྱིས་ཤིག་” ཅེས་གསུངས།

37 དེ་ཐོས་ནས་ཁོ་ཚོ་སེམས་ཤིན་ཏུ་འཁྲུགས་པས་པེ་ཏྲོ་དང་སྐུ་ཚབ་གཞན་རྣམས་ལ་ “སྤུན་ཟླ་རྣམས། ང་ཚོས་ཅི་བྱ་” ཞེས་སྨྲས་ནས།

38 པེ་ཏྲོས་ཁོ་ཚོར་ “སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་སྒྱུར་ལ་ཁྱེད་ཀྱི་སྡིག་ཉེས་སེལ་བའི་ཕྱིར་རེ་རེས་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་ཐོག་ནས་ཁྲུས་གསོལ་ལོངས་ཤིག་དང༌། ཁྱེད་རྣམས་ལ་དཀོན་མཆོག་གི་གནང་སྦྱིན་ཏེ་དམ་པའི་ཐུགས་ཉིད་འཐོབ་པར་འགྱུར།

39 གང་ཡིན་ཞེ་ན། ཞལ་ཆད་འདི་ནི་ཁྱེད་དང༌། ཁྱེད་ཀྱི་བུ་རྒྱུད། ཐག་རིང་དུ་སྡོད་པའི་མི་ཐམས་ཅད་དེ། ང་ཚོའི་གཙོ་བོ་དཀོན་མཆོག་གིས་རང་ལ་འབོད་གནང་བའི་མི་སུ་ལ་ཡང་གནང་བ་ཡིན་” ཞེས་གསུངས།

40 ཡང་ཁོང་གིས་གཏམ་གཞན་མང་པོས་དཔང་པོ་བྱས་ཏེ་ཁོ་ཚོར་ “མི་རབས་ངན་པ་འདི་ལས་ཐར་བར་འགྱུར་ཞིག་” ཅེས་ཡང་ཡང་བསྐུལ།

41 དེ་ནས་ཁོང་གིས་གསུངས་པའི་བཀའ་དང་ལེན་བྱེད་མཁན་རྣམས་ཀྱིས་ཁྲུས་གསོལ་བླངས་ཤིང༌། ཉིན་མོ་དེར་མི་གསུམ་སྟོང་ཙམ་ཁོ་ཚོའི་གྲལ་དུ་ཞུགས།

དད་ལྡན་རྣམས་ཀྱི་ཆོས་གྲོགས།

42 ཡང་ཁོ་རྣམས་ལ་སྐུ་ཚབ་ཀྱི་ཆོས་བསྟན་པ་དང༌། དད་ལྡན་དང་འགྲོགས་པ། བག་ལེབ་བགོས་པ། སྨོན་ལམ་འདེབས་པར་བརྩོན་སེམས་ཡོད།

43 དཀོན་མཆོག་གིས་སྐུ་ཚབ་རྣམས་བརྒྱུད་ནས་རྟགས་དང་ངོ་མཚར་བའི་དོན་མང་པོ་བསྟན་པས། མི་ཐམས་ཅད་འཇིགས་ཏེ་དཀོན་མཆོག་ལ་བཀུར་སྟི་བྱས། 44 ཡང་དད་ལྡན་ཐམས་ཅད་འགྲོགས་ཏེ་ནོར་རྫས་ཡོད་ཚད་ཐུན་མོང་དུ་བྱས།

45 ནོར་རྫས་དང་ས་ཞིང་བཙོངས་ནས་མི་ཐམས་ཅད་ཀྱི་ནང་ལ་དགོས་པ་བཞིན་དུ་བགོ་བཤའ་བརྒྱབ།

46-47 ཉིན་རེར་ཁོ་རྣམས་མཆོད་ཁང་གི་ཁྱམས་རར་འཛོམས། ཁྱིམ་ཚང་ནང་བག་ལེབ་བགོས་པ་དང༌། སེམས་དགའ་ཞིང་དྲིན་གཟོའི་སེམས་ཀྱིས་མཉམ་དུ་ཟ་སྟེ། དཀོན་མཆོག་ལ་བསྟོད་པ་ཕུལ་ཞིང༌། མི་ཐམས་ཅད་ཀྱིས་ཁོ་རྣམས་ལ་མོས་མཐུན་བྱས། གཙོ་བོས་ཉིན་རེ་བཞིན་ཐར་བར་གྱུར་བ་རྣམས་ཁོ་ཚོའི་གྲལ་དུ་ཞུགས་པར་མཛད་དོ།།

 

**************************************

Acts (1) – མཛད་པ། (1)

Acts (1) – མཛད་པ། (1)

1-2 ཀྱེ་མི་རྗེ་ཐེ་ཨོ་ཕི་ལུ། གཙོ་བོ་ཡེ་ཤུས་གང་མཛད་པ་དང་ཆོས་གང་གསུངས་པ་ཐམས་ཅད་འགོ་བརྩམས་པ་ནས་བཟུང༌། ཁོང་གིས་བདམས་པའི་སྐུ་ཚབ་རྣམས་ལ་དམ་པའི་ཐུགས་ཉིད་ཐོག་ནས་བཀའ་གནང་བའི་རྗེས་སུ་དཀོན་མཆོག་གི་ཞིང་ཁམས་ལ་མ་འཕགས་པའི་ཉིན་མོའི་བར་དུ། ངས་མདོ་དང་པོར་བཀོད།

3 སྡུག་བསྔལ་མྱོང་བའི་རྗེས་སུ་ཁོང་འཆི་བ་ནས་སླར་གསོན་དུ་གྱུར་བའི་ར་སྤྲོད་མང་པོ་སྐུ་ཚབ་རྣམས་ལ་གསལ་པོར་བསྟན་ཞིང༌། ཉིན་བཞི་བཅུའི་རིང་ཁོང་གིས་ཁོ་ཚོར་མངོན་པར་མཛད་དེ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་གསུངས།

4 ཡང་ཁོ་ཚོ་དང་མཉམ་དུ་བཞུགས་པའི་དུས་ཤིག་ལ་ཁོང་གིས་ “ངས་ཁྱེད་ཚོར་སྔར་བཤད་པ་ལྟར་ངའི་ཡབ་ཀྱིས་ཞལ་ཆད་གནང་བ་དེ་མ་འགྲུབ་པའི་བར་དུ་ཡེ་རུ་ཤ་ལེམ་གྲོང་ཁྱེར་ནས་མ་བྲལ་བར་སྒུག་སྟེ་སྡོད་ཅིག

5 ཡོ་ཧ་ནན་གྱིས་ཆུ་ཡིས་ཁྲུས་གསོལ་གནང་བ་རེད། འོན་ཀྱང་ཉིན་མང་པོ་མ་འགོར་བར་ཁྱེད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྲུས་གསོལ་གནང་བར་འགྱུར་” ཞེས་གསུངས།

སྟོན་པ་ཡེ་ཤུ་དཀོན་མཆོག་གི་ཞིང་ཁམས་སུ་འཕགས་པ།

6 ཡང་ལྷན་དུ་འཛོམས་ནས་ཁོ་ཚོས་ཡེ་ཤུ་ལ་ “གཙོ་བོ། ད་ཁྱེད་ཀྱིས་ཡ་ཧུ་དཱ་པའི་རྒྱལ་སྲིད་སླར་གསོ་མཛད་དམ་” ཞེས་དྲིས་པས།

7 ལན་དུ་ཁོང་གིས་ “ཡབ་ཀྱིས་རང་གི་དབང་ཆ་ལ་བརྟེན་ནས་བཀོད་པའི་དུས་དང་ནམ་དུས་ནི་ཁྱེད་ཀྱིས་ཤེས་པར་མི་རུང༌།

8 ཡང་དམ་པའི་ཐུགས་ཉིད་ཁྱེད་རྣམས་ལ་འབབ་པའི་ཚེ་ཁྱེད་ཚོར་ནུས་མཐུ་འཐོབ་པས། ཡེ་རུ་ཤ་ལེམ་དང༌། ཡ་ཧུ་དཱ་ཡུལ་ཡོངས། ས་མར་ཡཱ་ཡུལ། ས་གཞི་མཐའ་མའི་བར་དུ་ངའི་དཔང་པོ་ཡིན་པར་འགྱུར་” ཞེས་གསུངས་པའི་རྗེས་སུ།

9 ཁོ་ཚོའི་མཐོང་སར་ཁོང་ཡར་འཕགས་ནས་སྤྲིན་པ་ཞིག་གིས་ཁོང་བསུས་ཏེ་མི་མཐོང་བར་གྱུར།

10 ཁོ་ཚོས་ནམ་མཁའི་ཕྱོགས་སུ་ནན་གྱིས་བལྟས་ཏེ་ཁོང་ཡར་ཕེབས་དུས་གློ་བུར་དུ་གོས་དཀར་པོ་གྱོན་པའི་མི་གཉིས་དེ་ཚོའི་འགྲམ་དུ་ཐོན།

11 ཁོང་ཚོས་ “ཀྱེ་ག་ལིལ་པ་རྣམས། ཅིའི་ཕྱིར་བསྡད་དེ་ནམ་མཁའི་ཕྱོགས་སུ་ལྟ། ཁྱེད་ཚོའི་མདུན་ནས་དཀོན་མཆོག་གི་ཞིང་ཁམས་སུ་ཡར་འཕགས་པ་གཙོ་བོ་ཡེ་ཤུ་ཉིད། ཇི་ལྟར་ཞིང་ཁམས་སུ་འཕགས་པ་མཐོང་བ་བཞིན། དེ་ལྟར་ཕྱིར་ལོག་ཕེབས་ངེས་ཡིན་” ཞེས་གསུངས།

མ་ཐི་ཡཱ་སྐུ་ཚབ་ཏུ་བདམས་པ།

12 དེ་ནས་སྐུ་ཚབ་རྣམས་ཡེ་རུ་ཤ་ལེམ་དང་ཐག་ཉེ་བ་སྟེ་སྤྱི་ལེ་གཅིག་ཙམ་གྱི་ས་ལ་ཆགས་པའི་སྐྱུར་རུ་ཤིང་ཟེར་བའི་རི་ནས་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག

13 གྲོང་ཁྱེར་ལ་སླེབས་ནས་ཁོང་ཚོའི་བཞུགས་སའི་ཐོག་ཁང་ནང་དུ་འཛུལ། ཁོང་རྣམས་ནི་པེ་ཏྲོ་དང༌། ཡོ་ཧ་ནན། ཡ་ཀོབ། ཨན་དྲི་ཡཱ། ཕི་ལིབ། ཐོ་མཱ། པར་ཐོ་ལོ་མཱ། མད་ཐཱ། ཨལ་ཕཱ་ཞེས་པ་དེའི་བུ་ཡ་ཀོབ། རྒྱལ་གཅེས་པའི་ཕྱོགས་ཁག་གི་ཁོངས་མི་སི་མོན་ཞེས་པ། ཡ་ཀོབ་ཀྱི་བུ་ཡུ་དཱ་བཅས་ཡིན།

14 ཁོང་ཚོ་ཚང་མ་དང༌། གཙོ་བོ་ཡེ་ཤུའི་ཡུམ་མིར་ཡམ་ཚུད་པའི་བུད་མེད་དང༌། ཁོང་གི་གཅུང་པོ་རྣམས་དུས་རྒྱུན་དུ་འཛོམས་ནས་བློ་སེམས་གཅིག་མཐུན་གྱི་སྒོ་ནས་སྨོན་ལམ་འདེབས་བཞིན་ཡོད།

15 དེའི་དུས་སུ་དད་ལྡན་བརྒྱ་དང་ཉི་ཤུ་ཙམ་ཚོགས་པའི་ཁྲོད་དུ་ཡར་ལངས་ནས་པེ་ཏྲོས་

16-17 “སྤུན་ཟླ་རྣམས། རྒྱལ་པོ་དཱ་བིད་ཀྱི་ཐོག་ནས་དམ་པའི་ཐུགས་ཉིད་ཀྱིས་སྔར་མདོའི་ནང་ཡུ་དཱ་ཡི་སྐོར་གསུངས་པའི་བཀའ་འགྲུབ་དགོས། ཁོ་ནི་ང་ཚོའི་གྲལ་དུ་བརྩིས་ཏེ་ཞབས་ཏོག་འདིའི་སྐལ་བ་ཐོབ་མཁན་དང༌། གཙོ་བོ་ཡེ་ཤུ་འཛིན་མཁན་རྣམས་ཀྱི་ལམ་སྟོན་བྱེད་མཁན་དུ་གྱུར་” ཞེས་གསུངས།

18 (ཁོས་བྱས་པའི་ལས་ངན་གྱི་གླ་ཐོབ་ནས་ཞིང་ཁ་ཞིག་ཉོས་པ་དང༌། དེར་ཁ་སྦུབ་ཏུ་ལྷུངས་ནས་གྲོད་ཁོག་གས་ཏེ་ནང་ཁྲོལ་ཐམས་ཅད་ཕྱིར་ཐོན།

19 ཡེ་རུ་ཤ་ལེམ་ལ་སྡོད་མཁན་ཐམས་ཅད་ཀྱིས་དོན་དེའི་སྐོར་ཐོས་པས། ཞིང་དེའི་མིང་ནི་དེ་ཚོའི་སྐད་དུ་ཨ་ཀེལ་ད་མཱ་ཞེས་བཏགས། དེའི་དོན་ནི་ཁྲག་གི་ཞིང་ཁའོ་)

20 པེ་ཏྲོས་ “གསུང་མགུར་གྱི་མདོ་ལས།

ཁོ་ཡི་སྡོད་ས་སྟོང་བར་འགྱུར།།

སུ་ཡང་དེ་རུ་གནས་མ་ཆོག །

ཅེས་དང༌། ཡང༌།

ཁོའི་ལས་འགན་གཞན་གྱིས་ལེན་པར་བྱོས་ཤིག །

ཅེས་གསུངས།

21-22 དེའི་ཕྱིར་ཡོ་ཧ་ནན་གྱིས་ཁྲུས་གསོལ་གནང་བ་ནས་བཟུང་སྟེ། ང་ཚོའི་མདུན་ནས་དཀོན་མཆོག་གི་ཞིང་ཁམས་སུ་ཡར་འཕགས་པའི་ཉིན་མོའི་བར་དུ། དུས་ཚང་མར་གཙོ་བོ་ཡེ་ཤུ་དང་མཉམ་དུ་འགྲོགས་པའི་ངེད་རྣམས་ཀྱི་ནང་ནས་མི་ཞིག་བདམས་ཏེ་ཁོང་སླར་གསོན་པའི་དཔང་པོར་འགྱུར་དགོས་” ཞེས་གསུངས་པས།

23 ཁོང་ཚོ་ཚང་མས་པར་ས་པཱ་ཟེར་བའི་ཡོ་སེབ་(ཡུ་སི་ཊུ་ཡང་ཟེར་) དང༌། མ་ཐི་ཡཱ་ཟེར་མཁན་གཉིས་འོས་ཁོངས་སུ་ངོ་སྤྲོད་བྱས།

24-25 དེ་ནས་ཁོང་ཚོས་ “ཀྱེ་གཙོ་བོ་ལགས། ཁྱེད་ཀྱིས་མི་ཚང་མའི་སེམས་མཁྱེན་པས། ཡུ་དཱ་ནི་འོས་པའི་གནས་སུ་འགྲོ་བའི་ཆེད་དུ་ལས་ཚན་དོར་བས། སྐུ་ཚབ་ཀྱི་ལས་འགན་བྱེད་པའི་ཕྱིར་མི་འདི་ཚོ་གཉིས་ལས་ཁྱེད་ཀྱིས་བདམས་པར་མཛད་ཟིན་པ་དེ་ང་ཚོར་སྟོན་པར་མཛོད་” ཅེས་སྨོན་ལམ་བཏབ་ནས།

26 ཁོང་ཚོས་རྒྱན་བརྒྱབ་སྟེ་མ་ཐི་ཡཱ་ཡི་མིང་ཐོན་པས། ཁོང་སྐུ་ཚབ་བཅུ་གཅིག་པོའི་གྲལ་དུ་བརྩིས་སོ།།

 

**************************************