Hebrews (2) – ཡ་ཧུ་དཱ་པ། (2)

ལེའུ་གཉིས་པ།

ཐར་པའི་ཐུགས་རྗེར་དོ་སྣང་བྱེད་དགོས།

 

1 དེའི་ཕྱིར་ང་ཚོས་གང་ཐོས་པ་དེ་ལ་སྔོན་ལས་ལྷག་པར་དོ་སྣང་བྱེད་དགོས། དེ་མིན་ང་ཚོར་བདེན་པའི་ལམ་ལས་ཤོར་བའི་ཉེན་ཁ་ཡོད།

2 དཀོན་མཆོག་གི་ཕོ་ཉ་རྣམས་བརྒྱུད་ནས་བསྒྲགས་པའི་འཕྲིན་ནི་བདེན་པར་སྟོན་པ་ཡིན་ཞིང༌། ཆོས་ཁྲིམས་དང་འགལ་བ་དང་བཀའ་ལ་མ་ཉན་པ་རེ་རེར་ཚང་མར་འོས་པའི་ཉེས་ཆད་ཐོབ་པ་ཡིན་ན།

3 དེ་ལྟ་བུ་ཐར་པ་ཆེན་པོ་ལ་དོ་སྣང་མ་བྱས་ན་ང་ཚོ་ཇི་ལྟར་ཐར་བར་འགྱུར། ཐར་པ་དེ་ནི་གཙོ་བོ་ཡེ་ཤུ་བརྒྱུད་ནས་དང་པོར་བསྒྲགས་ཤིང༌། ཐོས་པ་རྣམས་ཀྱིས་ངེད་རྣམས་ལ་ར་སྤྲོད་བྱས།

4 ངོ་མཚར་ཆེ་བའི་རྟགས་དང་དོན། ངོ་མཚར་བའི་ལས་སྣ་ཚོགས་དང༌། དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་རང་གི་ཐུགས་དགོངས་ལྟར་གནང་བའི་སྒོ་ནས་དཀོན་མཆོག་གིས་ཀྱང་བདེན་དཔང་མཛད།

ཐར་བར་འཁྲིད་མཁན་གྱི་སྐོར།

5 ང་ཚོས་སྨྲ་བའི་མ་འོངས་པའི་རྒྱལ་སྲིད་དེ་ནི་དཀོན་མཆོག་གིས་ཕོ་ཉ་རྣམས་ཀྱིས་དབང་བསྒྱུར་དུ་བཅུག་པ་མ་མཛད།

6 འོན་ཀྱང་མི་ཞིག་གིས་མདོ་ཞིག་གི་ནང་ལ་དཔང་པོ་བྱེད་པའི་གཏམ་སྟེ།

མི་ནི་ཅི་ཡིན་ཁྱེད་ཀྱིས་ཐུགས་འཁུར་མཛད།།

མི་བུ་ཅི་ཡིན་ཁྱེད་ཀྱིས་ལྟ་སྐྱོང་མཛད།།

7 གནས་སྐབས་ཁོ་ནི་ཕོ་ཉ་ལས་དམའ་མཛད།།

དཔལ་དང་བཀུར་འོས་ཅོད་པན་རྒྱན་དུ་མཛད།།

8 ཡོད་ཚད་ཁོ་ཡི་རྐང་པའི་འོག་ཏུ་བཅུག །

དཀོན་མཆོག་གིས་དོན་ཐམས་ཅད་ཁོའི་རྐང་པ་འོག་ཏུ་བཅུག་པར་མཛད་ནས་ཁོའི་འོག་ཏུ་མ་བཅུག་པ་གང་ཡང་ལུས་པར་མ་མཛད། འོན་ཀྱང་ཐམས་ཅད་ཁོའི་དབང་འོག་ཏུ་བཅུག་ཡོད་པ་ང་ཚོས་ད་ལྟ་མི་མཐོང་ཡང༌།

9 ཡེ་ཤུ་མཐོང༌། མཐོང་བ་ནི་ཕོ་ཉ་རྣམས་ལས་རེ་ཞིག་དམའ་བར་མཛད་པའི་ཡེ་ཤུ་ཡིན། ཁོང་ནི་ང་ཚོའི་དོན་ལ་འཆི་བའི་སྡུག་བསྔལ་མྱོང་བས་ད་ལྟ་ཁོང་བཀུར་སྟི་འོས་པ་དང་གཟི་བརྗིད་དང་ལྡན་པ་ཡིན། དེ་ནི་དཀོན་མཆོག་གི་ཐུགས་རྗེའི་སྒོ་ནས་མི་ཐམས་ཅད་ཀྱི་དོན་ལ་ཁོང་གིས་འཆི་བའི་སྡུག་བསྔལ་མྱོང་བའི་ཕྱིར་རོ།

10 ཡོད་དོ་ཅོག་བཀོད་པ་གནང་ཞིང༌། ཡོད་དོ་ཅོག་སུ་གཏོགས་པའི་དཀོན་མཆོག་གིས་སྲས་མང་པོ་གཟི་བརྗིད་དང་ལྡན་པར་མཛད་པའི་ཕྱིར། ཁོ་ཚོ་ཐར་བར་འཁྲིད་མཁན་གྱི་དེད་དཔོན་སྡུག་བསྔལ་མྱོང་བའི་སྒོ་ནས་ཡོངས་སུ་རྫོགས་པ་དེ་འོས་སོ།

11 མི་རྣམས་དམ་པ་རུ་མཛད་མཁན་ཡེ་ཤུ་དང་དམ་པ་རུ་འགྱུར་བ་ཐམས་ཅད་ལ་ཡབ་གཅིག་ཡོད་པས་ཡེ་ཤུས་ཁོ་ཚོར་སྤུན་ཟླ་ཞེས་གསུང་བ་ལ་ཐུགས་ཚ་མི་གནང༌།

12 ཁོང་གིས་དཀོན་མཆོག་ལ།

ང་ཡིས་ཁྱེད་ཀྱི་མཚན་སྙན་སྤུན་ཟླར་བསྒྲག །

ཆོས་ཚོགས་ཁྲོད་དུ་ཁྱེད་ལ་བསྔགས་པ་བརྗོད།།

ཅེས་གསུངས།

13 ཡང་ཁོང་གིས།

ང་ཡིས་ཁོང་ལ་དད་པས་བརྟེན་པར་བྱ།།

ཅེས་དང༌། ཡང༌།

གཟིགས་དང༌།

འདི་ལ་ཡོད་པའི་ང་དང་དཀོན་མཆོག་གིས།།

ང་ལ་གནང་བའི་བུ་ཕྲུག་མཉམ་དུ་ཡོད།།

ཅེས་གསུངས།

14 དཀོན་མཆོག་གི་སྲས་དང་སྲས་མོ་རྣམས་ལ་ཤ་ཁྲག་ལས་གྲུབ་པའི་མིའི་ལུས་པོ་དང་ལྡན་པ་ཡིན་པས་ཡེ་ཤུའང་མིའི་ལུས་པོ་དང་ལྡན་པར་འཁྲུངས། དེ་ནི་ཁོང་འགྲོངས་པའི་སྒོ་ནས་ཁོང་གིས་འཆི་བའི་བདག་པོ་སྟེ་བདུད་རྒྱལ་པོ་མེད་པར་མཛད་ཅིང༌།

15 འཆི་བའི་འཇིགས་པས་ཚེ་གང་བཅིངས་པའི་མི་རྣམས་ཡོད་པ་ཐམས་ཅད་སྐྱོབ་པའི་ཆེད་དུ་ཡིན།

16 ཁོང་གིས་དཀོན་མཆོག་གི་ཕོ་ཉ་རྣམས་ལ་རོགས་པ་མི་མཛད་དེ། ཨབ་ར་ཧམ་གྱི་རྒྱུད་པ་རྣམས་ལ་རོགས་པ་མཛད་པ་དེ་གསལ་ལོ།

17 དེའི་ཕྱིར་དཀོན་མཆོག་གི་ཐུགས་ཁྲོ་དག་པར་མཛད་དེ་མི་རྣམས་ཀྱི་སྡིག་ཉེས་སེལ་བ་དང༌། ཁོང་གི་སྤྱན་སྔར་བླ་ཆེན་ཐུགས་རྗེ་ཅན་དང་བློ་གཏད་ཆོག་པར་འགྱུར་བའི་ཆེད་དུ། ཡེ་ཤུ་ནི་རྣམ་པ་ཀུན་ནས་ཁོང་གི་སྤུན་ཟླ་དང་འདྲ་བ་འགྱུར་དགོས།

18 ཁོང་ལ་བསླུ་བྲིད་བྱུང་དུས་སྡུག་བསྔལ་བྱུང་བས། ཁོང་གིས་བསླུ་བྲིད་འབྱུང་བ་རྣམས་ལ་རོགས་པ་མཛད་ཐུབ་བོ།།

Hebrews (1) – ཡ་ཧུ་དཱ་པ། (1)

༄༅།།ཡ་ཧུ་དཱ་པ་རྣམས་ལ་བྲིས་པའི་འཕྲིན་ཡིག་བཞུགས་སོ།།

ལེའུ་དང་པོ།

དཀོན་མཆོག་གིས་ཁོང་གི་སྲས་བརྒྱུད་ནས་གསུངས་པ།

 

1 འདས་པའི་དུས་སུ་དཀོན་མཆོག་གིས་ལུང་སྟོན་པ་རྣམས་བརྒྱུད་ནས་ཐེངས་མང་པོ་དང་ཐབས་སྣ་ཚོགས་ཀྱིས་ང་ཚོའི་མེས་པོ་རྣམས་ལ་གསུངས་ཀྱང༌།

2 ད་མཐའ་མའི་དུས་འདིར་ཁོང་གི་སྲས་བརྒྱུད་ནས་ང་ཚོར་གསུངས་ཏེ། སྲས་ནི་ཡོད་དོ་ཅོག་གི་རྒྱུད་འཛིན་པར་བསྐོས་ཤིང༌། ཁོང་བརྒྱུད་ནས་དཀོན་མཆོག་གིས་འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་བཀོད་པ་གནང༌།

3 སྲས་ནི་དཀོན་མཆོག་གི་གཟི་བརྗིད་ཀྱི་འོད་ལས་མངོན་པར་གསལ་ཞིང༌། དཀོན་མཆོག་གི་ངོ་བོ་ཡང་དག་པར་མཚོན། ཁོང་གི་ནུས་མཐུ་དང་ལྡན་པའི་བཀའ་ཡིས་ཡོད་དོ་ཅོག་སྐྱོང་བར་མཛད། སྡིག་ཉེས་དག་པར་མཛད་ཐབས་གནང་ནས་ཞིང་ཁམས་སུ་གཟི་བརྗིད་དང་ལྡན་པའི་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས།

4 དཀོན་མཆོག་གིས་སྲས་ལ་གནང་བའི་མཚན་ནི་དཀོན་མཆོག་གི་ཕོ་ཉ་རྣམས་ཀྱི་མཚན་ལས་ཆེ་བ་ཡིན་པ་ལྟར། དེ་བཞིན་སྲས་དེ་དཀོན་མཆོག་གི་ཕོ་ཉ་རྣམས་ལས་འཕགས་པའང་ཡིན།

དཀོན་མཆོག་གི་སྲས་ནི་ཕོ་ཉ་ལས་ཁྱད་དུ་འཕགས་པ།

 

5 དཀོན་མཆོག་གིས།

ཁྱེད་ནི་ང་ཡི་བུ་ཉིད་ཡིན་པས་ན།།

དེ་རིང་ང་ནི་ཁྱེད་ཀྱི་ཕ་རུ་གྱུར།།

ཡང༌།

ང་ནི་ཁྱེད་ཀྱི་ཕར་འགྱུར་ཅིང༌།།

ཁྱེད་ནི་ང་ཡི་བུ་རུ་འགྱུར།།

ཞེས་ཕོ་ཉ་རྣམས་ལས་སུ་ཞིག་ལ་གསུངས་མྱོང་ངམ།

 

6 ཡང༌། དཀོན་མཆོག་གིས་རང་གི་སྔོན་དུ་སྐྱེས་པའི་སྲས་འཇིག་རྟེན་ལ་མངགས་དུས།

དཀོན་མཆོག་གི་ནི་ཕོ་ཉ་ཀུན།།

ཁོང་ལ་བསྙེན་བཀུར་བྱོས་ཤིག་ཨང༌།།

ཞེས་གསུངས་སོ།།

7 ཕོ་ཉའི་སྐོར་ལ་དཀོན་མཆོག་གིས།

ཁོང་གིས་ཕོ་ཉ་རླུང་ལྟར་དང༌།།

འཁོར་གཡོག་མེ་ལྕེ་ལྟ་བུར་མཛད།།

ཅེས་གསུངས་སོ།

8 འོན་ཀྱང་སྲས་ཀྱི་སྐོར་ལ།

ཀྱེ།

དཀོན་མཆོག་ཁྱེད་ཀྱི་སྲིད་ཁྲི་གཏན་དུ་གནས།།

ཁྱེད་ཀྱི་རྒྱལ་སྲིད་དྲང་བདེན་ཉིད་ཀྱིས་སྐྱོང༌།།

9 ཁྱེད་ཉིད་དྲང་བདེན་ལ་དགྱེས་ངན་པར་སྡང༌།།

དེའི་ཕྱིར་གང་ཞིག་ཁྱེད་ཀྱི་དཀོན་མཆོག་གིས།།

ཁྱེད་ལ་དགའ་བའི་སྣུམ་བྱུགས་གྲོགས་རྣམས་ལ།།

བྱུགས་པ་དེ་ལས་ལྷག་པ་ཉིད་དུ་གྱུར།།

ཞེས་གསུངས།

10 ཡང་ཁོང་གིས།

ཀྱེ།

གཙོ་བོ་ཉིད་ཀྱིས་ཐོག་མར་ས་གཞི་བཀོད།།

ཁྱེད་ཀྱི་ཕྱག་གིས་གནམ་ཡང་བསྐྲུན་པར་མཛད།།

11 གནམ་ས་འཇིག་ཀྱང་ཁྱེད་ཉིད་ནམ་ཡང་གནས།།

དེ་དག་གྱོན་གོས་བཞིན་དུ་ཟད་པར་འགྱུར།།

12 ཁྱེད་ཀྱིས་དེ་དག་ཕྱི་གོས་བཞིན་དུ་བསྒྲིལ།།

དེ་དག་ཕྱི་གོས་བཞིན་དུ་བརྗེ་བར་འགྱུར།།

འོན་ཏེ་ཁྱེད་ཉིད་གཏན་དུ་འགྱུར་བ་མེད།།

ཁྱེད་ཀྱི་ལོ་ཟླར་མུ་དང་མཐའ་མེད་དོ།།

ཞེས་གསུངས།

13 འོན་ཀྱང༌།

ཁྱེད་ཀྱི་དགྲ་རྣམས་ཁྱེད་ཀྱི་ཞབས་འོག་ཏུ།།

ང་ཡིས་མ་བཅུག་བར་དུ་ཁྱེད་རང་ཉིད།།

ང་ཡི་གཡས་སུ་དེ་བར་བཞུགས་དུ་གསོལ།།

ཞེས་དཀོན་མཆོག་གིས་ཕོ་ཉ་རྣམས་ལས་སུ་ཞིག་ལ་གསུངས་མྱོང་ངམ།

14 དཀོན་མཆོག་གི་ཕོ་ཉ་ཐམས་ཅད་ནི་ཐར་པ་འཐོབ་པ་རྣམས་ཀྱི་དོན་དུ་མངགས་པའི་གཡོག་བྱེད་པའི་སེམས་ཉིད་མ་ཡིན་ནམ།