James (2) – ཡ་ཀོབ། (2)

James (2) – ཡ་ཀོབ། (2)

1 ངའི་སྤུན་ཟླ་རྣམས། ཁྱེད་ཚོ་ནི་ང་ཚོའི་གཟི་བརྗིད་དང་ལྡན་པ་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་མཁན་ཡིན་པས་ཕྱོགས་རིས་མ་བྱོས་ཤིག

2 དཔེར་ན་མི་གོས་སྤུས་ལེགས་ཤིང་གསེར་གྱི་སོར་གདུབ་གྱོན་པ་ཞིག་དང༌། དབུལ་པོ་གོས་ཧྲུལ་པོ་གྱོན་པ་ཞིག་ཀྱང་ཁྱོད་ཚོའི་ཚོགས་པར་ཡོང་ནས།

3 གོས་སྤུས་ལེགས་གྱོན་པ་དེར་བརྩི་བཀུར་བྱས་ནས་ཁྱོད་ཀྱིས་ “གལ་ཆེ་སར་བཞུགས་གདན་འཇགས་” ཞེས་ཟེར་ཞིང༌། དབུལ་པོ་དེར་ “དེར་ལངས་ནས་སྡོད་” ཡང་ན་ “ངའི་རྐང་པའི་འཁྲིས་ལ་སྡོད་ཅིག་” ཅེས་ཟེར་ན།

4 ཁྱོད་ཚོའི་ནང་ནས་དབྱེ་བ་ཕྱེ་པས་ངན་སེམས་ཀྱིས་སྐུལ་བའི་ཁྲིམས་དཔོན་དུ་མ་གྱུར་རམ།

5 ངའི་གཅེས་པའི་སྤུན་ཟླ་རྣམས། ཉོན་ཞིག འཇིག་རྟེན་འདིའི་ངོས་ནས་དབུལ་པོ་རྣམས་ནི་དད་པའི་ཆ་ནས་ཕྱུག་པོར་འགྱུར་བ་དང༌། ཁོང་ལ་བརྩེ་བ་རྣམས་ལ་ཞལ་ཆད་གནང་བའི་རྒྱལ་སྲིད་འཛིན་མཁན་དུ་འགྱུར་བར་དཀོན་མཆོག་གིས་བདམས་པར་མ་མཛད་དམ།

6 འོན་ཀྱང་ཁྱོད་རྣམས་ཀྱིས་དབུལ་པོར་རྩིས་མེད་བཏང༌། ཕྱུག་པོ་རྣམས་ནི་ཁྱོད་ལ་བཙན་གནོན་བྱེད་མཁན་དང༌། ཁྱོད་ཁྲིམས་རར་གཏུག་མཁན་མ་ཡིན་ནམ།

7 ཡང་ཁོ་རྣམས་ནི་ཁྱེད་ཚོ་དང་སྡེབ་པའི་མཚན་མཆོག་ལ་སྐུར་བ་འདེབས་མཁན་མ་ཡིན་ནམ།

8 གལ་ཏེ་ཁྱེད་རྣམས་ཀྱིས་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་ཟུངས་ཤིག་ཅེས་པའི་གསུང་རབ་ལྟར་གྱི་ཆེས་མཐོའི་ཁྲིམས་བསྒྲུབས་ན་ཁྱེད་ཚོས་ལེགས་པར་བྱེད།

9 འོན་ཀྱང་ཕྱོགས་རིས་བྱས་ན་ཁྱོད་རྣམས་ཀྱིས་སྡིག་ཉེས་ཀྱི་ལས་བྱས་པ་ཡིན་ལ། བཀའ་ཁྲིམས་ཀྱིས་ཁྱོད་རྣམས་ཁྲིམས་དང་འགལ་མཁན་ཡང་ཡིན་པར་སྟོན།

10 སུས་ཀྱང་ཆོས་ཁྲིམས་ཆ་ཚང་བསྲུངས་ནས་སྣེ་གཅིག་དང་འགལ་ན་ཐམས་ཅད་འགལ་མཁན་ལ་རྩི་བར་གྱུར་རོ།

11 གང་ཡིན་ཞེ་ན། ལོག་གཡེམ་མ་བྱེད་ཅེས་གསུང་མཁན་དེས་རང་གིས་མིའི་སྲོག་མ་གཅོད་ཅེས་ཀྱང་གསུངས། འོ་ན་ཁྱོད་ཀྱིས་ལོག་གཡེམ་མི་བྱེད་ཀྱང་མིའི་སྲོག་བཅད་ན། ཁྱོད་ཁྲིམས་དང་འགལ་མཁན་དུ་གྱུར་རོ།

12 སྡིག་ཉེས་དང་འཆི་བ་ལས་ཐར་བའི་བཀའ་ཁྲིམས་ཀྱིས་ཁྲིམས་གཅོད་མྱོང་རྒྱུ་ཡིན་པ་ལྟར་གཏམ་དང་སྤྱོད་པ་བྱོས་ཤིག

13 གང་ལགས་ཤེ་ན། གཞན་ལ་སྙིང་རྗེ་མ་བྱེད་མཁན་རྣམས་ལ་དཀོན་མཆོག་གིས་ཐུགས་བརྩེ་མེད་པར་ཁྲིམས་གཅོད་པར་འགྱུར་ཡང༌། སྙིང་རྗེ་ཡིས་ཁྲིམས་གཅོད་ལས་རྒྱལ་ལོ།།

དད་པ་དང་ལག་ལེན།

14 ངའི་སྤུན་ཟླ་རྣམས། གལ་སྲིད་མི་ཞིག་གིས་དད་པ་མཚོན་བྱེད་ཀྱི་བྱ་བ་མ་བྱས་པར་དད་པ་ཡོད་ཅེས་སྨྲས་ན་ཅི་ཕན། དད་པ་དེས་ཁོ་ཐར་བར་བྱེད་ཐུབ་བམ།

15 གལ་ཏེ་སྤུན་ཟླ་ཞིག་ལ་གོས་སམ་ཉིན་རེའི་ཁ་ཟས་མི་འདང་བར།

16 གཟུགས་པོར་གང་དགོས་པ་མ་སྦྱིན་པར་ཁྱོད་ཚོའི་ནང་ནས་མི་ཞིག་གིས་ “བདེ་བའི་ངང་ནས་སོང༌། དྲོད་དང་འགྲང་བར་འགྱུར་བར་ཤོག་” ཅེས་ཟེར་ན་ཅི་ཕན།

17 དེའི་ཕྱིར་བྱ་བ་མི་སྒྲུབ་པའི་དད་པ་ནི་སྟོང་པའོ།།

18 འོན་ཀྱང་མི་ཞིག་གིས་ “ཁྱེད་ལ་དད་པ་ཡོད། ང་ལ་བྱ་བ་བཟང་པོ་ཡོད་” ཅེས་ཟེར་ཡོང༌། ཁྱོད་ཀྱིས་ང་ལ་བྱ་སྤྱོད་དང་བྲལ་ཏེ་རང་གི་དད་པ་བསྟན་ན། ངས་ཁྱོད་ལ་བྱ་སྤྱོད་ཀྱི་སྒོ་ནས་ངའི་དད་པ་སྟོན་པར་བྱ།

19 ཁྱོད་ཀྱིས་དཀོན་མཆོག་གཅིག་རང་ཡིན་པར་དད་པ་བྱེད། དེ་ལེགས་སོ། གདོན་འདྲེས་ཀྱང་དེ་ལྟར་བྱེད་དེ་འཇིགས་ནས་འདར།

20 བླུན་པོ་ཁྱོད། བྱ་སྤྱོད་དང་བྲལ་ཏེ་དད་པ་ཕན་མེད་ཡིན་པ་སྟོན་པར་འདོད་དམ།

21 ང་ཚོའི་མེས་པོ་ཨབ་ར་ཧམ་གྱིས་རང་གི་བུ་ཨི་སཱག་མཆོད་པ་འབུལ་བརྩིས་བྱས་ཏེ་མཆོད་ཁྲིའི་སྟེང་ལ་བཞག་པ་དེ། བྱ་བའི་སྒོ་ནས་ཡང་དག་པར་མ་བརྩིས་སམ།

22 དེའི་སྟེང་ནས་དད་པ་དང་བྱ་བ་བྱེད་པ་གཉིས་མཉམ་དུ་འགྲོགས་ཤིང་བྱ་བ་བྱས་པས་དད་པ་ཚང་བར་གྱུར་བ་དེ་གསལ་ལོ།

23 ཡང་གསུང་རབ་ལས་ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དད་པ་བྱས་པས། དཀོན་མཆོག་གིས་ཁོང་རྣམ་པར་དག་པའི་མི་ཞིག་ལ་བརྩིས་གནང་ངོ་ཞེས་པའི་བཀའ་གྲུབ་ཅིང༌། ཁོང་ལ་དཀོན་མཆོག་གི་མཛའ་གྲོགས་ཞེས་བྱ་བ་ཡིན།

24 དད་པ་ཁོ་ན་མ་ཡིན་གྱིས། བྱ་བའི་སྒོ་ནས་མི་ཞིག་ཡང་དག་པར་རྩི་བ་དེ་གསལ་ལོ།

25 དེ་བཞིན་དུ་ཐ་ན་སྨད་འཚོང་མ་ར་ཧབ་ཀྱིས་སོ་པ་རྣམས་སྣེ་ལེན་བྱས་ནས་ཁོ་ཚོ་ལམ་གཞན་ལ་ཕྱིར་བཏང་བས་བྱ་བའི་སྒོ་ནས་རྣམ་པར་དག་པར་གྱུར་བ་མ་ཡིན་ནམ།

26 དེ་བས་ན་ཇི་ལྟར་སེམས་དང་བྲལ་བའི་ལུས་ནི་རོ་ཡིན་པ་བཞིན། དེ་ལྟར་བྱ་བ་དང་བྲལ་བའི་དད་པ་ཡང་སྟོང་པ་ཡིན་ནོ།།

 

*********************************************

James (1) – ཡ་ཀོབ། (1)

James (1) – ཡ་ཀོབ། (1)

1 དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་ཡ་ཀོབ་ཀྱིས་འཇིག་རྟེན་དུ་འཐོར་བར་གྱུར་བའི་ཡ་ཧུ་དཱ་པའི་ཚོ་ཁག་བཅུ་གཉིས་པོར་འཚམས་འདྲི་ཞུ།

ཉམས་ཚོད་མྱོང་བའི་སྐོར།

2 ངའི་སྤུན་ཟླ་རྣམས། ཉམས་ཚོད་སྣ་ཚོགས་མྱོང་སྐབས་དགའ་སྤྲོ་ཁོ་ནར་རྩིས་ཤིག

3 གང་ལགས་ཟེར་ན། དད་པ་ལ་ཚོད་ལྟ་མྱོང་བའི་སྒོ་ནས་བཟོད་པའི་སེམས་སྐྱེ་བ་ཁྱེད་ཀྱིས་ཤེས།

4 ཡང་ཁྱེད་ཚོ་མ་ཚང་བ་མེད་པར་སྨིན་ཞིང་ཡོངས་སུ་རྫོགས་པར་འགྱུར་བའི་ཆེད་དུ་བཟོད་པའི་སེམས་དེས་བྱ་བ་ཚར་བར་བྱེད་དུ་ཆུག

5ཁྱེད་ཚོའི་ནང་ནས་སུ་ཞིག་ལ་ཤེས་རབ་མ་ཚང་ན། སྐྱོན་འདོགས་ཅི་ཡང་མི་མཛད་པར་ཐམས་ཅད་ལ་ལྷག་པར་གནང་མཁན་དཀོན་མཆོག་ལ་གསོལ་བ་འདེབས་ཤིང༌། གནང་བར་འགྱུར།

6 འོན་ཀྱང་མི་དེས་ཐེ་ཚོམ་ཅི་ཡང་མེད་པར་དད་པའི་ངང་ནས་གསོལ་བ་འདེབས་དགོས། གང་ལགས་ཟེར་ན། ཐེ་ཚོམ་ལྡན་པ་ནི་རྒྱ་མཚོའི་རྦ་རླབས་རླུང་གིས་འདེད་ཅིང་འཕྱུར་བ་དང་འདྲ་བ་ཡིན།

7-8 ཡང་བློ་རྩེ་གཉིས་ཅན་ཏེ་སྤྱོད་ལམ་ཀུན་ལ་མི་བརྟན་པས་གཙོ་བོ་དཀོན་མཆོག་ནས་ཅི་ཞིག་འཐོབ་རྒྱུ་ཡིན་པ་མ་སོམས་ཤིག

9 དཀོན་མཆོག་གིས་སྤུན་ཟླ་དམའ་བ་ལ་མཐོ་བར་མཛད་པས་ཁོས་དགའ་བར་བྱེད་དགོས།

10 ཡང་དཀོན་མཆོག་གིས་ཕྱུག་པོ་ལ་དམའ་བར་མཛད་པས་ཁོས་དགའ་བར་བྱེད་འོས། གང་ཡིན་ཞེ་ན། རྩྭ་ཐང་གི་མེ་ཏོག་ལྟར་ཁོ་འདའ་བར་འགྱུར་ཏེ།

11 ཉི་མ་ཤར་ནས་དེའི་ཚ་རླུང་དྲག་པོས་མེ་ཏོག་སྐམ་ཞིང༌། འདབ་མ་སར་ལྷུངས་ནས་དེའི་མཛེས་སྡུག་འཇིག་པར་འགྱུར། དེ་ལྟར་ཕྱུག་པོའང་ལས་ཀ་བྱེད་པའི་ལམ་དུ་འཇིག་པར་འགྱུར།

12 ཉམས་ཚོད་མྱོང་དུས་བཟོད་བསྲན་བྱེད་མཁན་མི་དེ་བདེའོ། ཁོ་ལ་གདེང་འཇོག་ཐོབ་ནས་གཙོ་བོས་ཁོང་ལ་བརྩེ་བར་འཛིན་མཁན་རྣམས་ལ་དཔག་མེད་ཚེ་ཡི་ཅོད་པན་ཞལ་གྱིས་བཞེས་པ་དེ་འཐོབ་ངེས་ཡིན།

13 བསླུ་བྲིད་མྱོང་སྐབས་མི་སུ་ཞིག་གིས་ “དཀོན་མཆོག་གིས་ང་ལ་བསླུ་བྲིད་མཛད་” ཅེས་ཟེར་མི་རུང༌། གང་ཡིན་ཞེ་ན། ངན་པས་དཀོན་མཆོག་ལ་བསླུ་བྲིད་བྱེད་མི་སྲིད་ཅིང༌། ཁོང་ཉིད་ཀྱིས་སུ་ལ་ཡང་བསླུ་བྲིད་མཛད་མི་སྲིད།

14 འོན་ཀྱང་མི་རྣམས་རང་རང་གི་འདོད་ཆགས་ཀྱིས་སླུ་ཞིང་འདྲེན་ཏེ་བསླུ་བྲིད་མྱོང༌།

15 དེ་ནས་འདོད་ཆགས་ཀྱི་འབྲས་བུ་སྨིན་ཏེ་སྡིག་ཉེས་སྐྱེ་ཞིང༌། སྡིག་ཉེས་ཀྱི་འབྲས་བུ་སྨིན་ཏེ་འཆི་བ་སྐྱེ།

16 ངའི་གཅེས་པའི་སྤུན་ཟླ་རྣམས། མགོ་མ་འཁོར་ཞིག

17 གནང་སྦྱིན་བཟང་པོ་དང་ཡང་དག་པ་ཀུན་སྟེང་ནས་ཉི་ཟླ་སྐར་གསུམ་གྱི་འགོད་པ་གནང་མཁན་ཡབ་དཀོན་མཆོག་ལས་འབབ། ཁོང་ལ་འགྱུར་བའམ་གཡོ་བའི་གྲིབ་མས་མ་གོས་ཤིང་འགྱུར་མེད་ལགས་སོ།

18 ཁོང་གིས་གང་བཀོད་པའི་ནང་ནས་ང་ཚོ་ནི་ལོ་ཏོག་གི་ཕུད་དུ་འགྱུར་བའི་ཆེད་དུ། ཁོང་གི་དགོངས་པ་ལྟར་བདེན་པའི་བཀའ་ཡི་སྒོ་ནས་ང་ཚོ་གསར་དུ་སྐྱེ་བར་མཛད།

བཀའ་སྒྲུབ་མཁན་གྱི་སྐོར།

19 ངའི་གཅེས་པའི་སྤུན་ཟླ་རྣམས། མི་ཐམས་ཅད་ཉན་པ་ལ་མགྱོགས། ཤོད་པ་ལ་དལ་ཞིང༌། ཁོང་ཁྲོ་ལངས་མི་བདེ་བར་འགྱུར་དགོས་པ་ཤེས་པར་གྱིས་ཤིག

20 གང་ལགས་ཟེར་ན། མི་རྣམས་ཀྱི་ཁོང་ཁྲོས་དཀོན་མཆོག་གི་དྲང་བདེན་གྱི་བྱ་བ་སྒྲུབ་མི་སྲིད།

21 དེའི་ཕྱིར་མི་གཙང་བ་ཀུན་དང་ངན་སེམས་ལྷག་མ་དག་སྤངས་ཏེ། སྙེམས་ཆུང་ངང་ནས་ཁྱེད་ཚོ་ཐར་བར་མཛད་ཐུབ་པའི་བཀའ་ཁྱེད་ཀྱི་སེམས་སུ་བཞག་པ་དེ་དང་ལེན་བྱོས་ཤིག

22 རང་གིས་རང་ལ་མགོ་སྐོར་གཏོང་བའི་བཀའ་ཐོས་མཁན་འབའ་ཞིག་ཏུ་མི་འགྱུར་བར། བཀའ་སྒྲུབ་མཁན་དུ་འགྱུར་ཞིག

23 བཀའ་ཐོས་ནས་མི་སྒྲུབ་མཁན་ནི་མེ་ལོང་ལ་བལྟས་ནས་རང་གི་གདོང་པ་མཐོང་མཁན་ལྟར་ཡིན།

24 གང་ལགས་ཤེ་ན། རང་ལ་བལྟས་ཏེ་མེ་ལོང་དང་ཁ་བྲལ་རྗེས་འཕྲལ་དུ་ཅི་ལྟར་ཡོད་པ་བརྗེད།

25 འོན་ཀྱང་ཡང་དག་པ་དང་སྡིག་ཉེས་དང་འཆི་བ་ལས་ཐར་བའི་བཀའ་ཁྲིམས་ལ་ནན་གྱིས་བལྟས་ནས། བརྩོན་འགྲུས་བྱེད་མཁན་ནི་བཀའ་ཐོས་ནས་བརྗེད་པ་མིན་ཏེ་བཀའ་སྒྲུབ་ནས་ལག་ལེན་བྱེད་པ་ཡིན་པས་ཁོའི་བྱ་བ་ལ་བྱིན་གྱིས་བརླབས་པར་འགྱུར་རོ།།

26 གལ་ཏེ་མི་ཞིག་གིས་ང་ཆོས་སེམས་དང་ལྡན་པའི་མི་ཞིག་ཡིན་སྙམ་ནས་རང་གི་ལྕེ་ལ་ཁ་ལོ་མ་སྒྱུར་བར་རང་གིས་རང་ལ་མགོ་སྐོར་བཏང་ན། མི་དེའི་ཆོས་ཕན་མེད་ཡིན།

27 ཡབ་དཀོན་མཆོག་གི་སྤྱན་སྔར་བཅོས་མིན་དང་སྐྱོན་མེད་པའི་ཆོས་ནི་སྡུག་བསྔལ་མྱོང་བའི་དྭ་ཕྲུག་དང་ཡུགས་མོ་རྣམས་ལ་བྱམས་སྐྱོང་བྱེད་ལ། རང་ཉིད་ལ་ཡང་འཇིག་རྟེན་གྱི་མི་གཙང་བ་མ་འགོ་བར་སྲུང་བ་དེ་ཡིན་ནོ།།

 

*************************************************