ལུ་ཀཱ – Gospel of Luke

ལུ་ཀཱ (1) – Luke (1)

1 མི་མང་པོ་ཞིག་གིས་ང་ཚོའི་ཁྲོད་དུ་གང་གྲུབ་པའི་སྐོར་གྱི་ལོ་རྒྱུས་བརྩམས་པས།

2 བཀའི་ཞབས་ཏོག་པ་ཐོག་མ་ནས་མིག་གིས་མཐོང་མཁན་རྣམས་ཀྱིས་ང་ཚོར་གང་གཏད་པ་བཞིན་དུ།

3 ངས་ཀྱང་ཐོག་མ་ནས་གང་ཞིག་བྱུང་བ་ཞིབ་ཕྲ་རྩད་གཅོད་བྱས་ནས་མི་རྗེ་ཐེ་ཨོ་ཕི་ལུ་ཁྱེད་ཀྱི་ཆེད་དུ་གོ་རིམ་ལྡན་པའི་ལོ་རྒྱུས་ཤིག་འབྲི་རྒྱུར་ཐག་གཅོད་བྱས།

4 དེ་ནི་ཁྱེད་ལ་བསྟན་པའི་གསུང་བདེན་པ་ཡིན་པར་མཁྱེན་པའི་ཕྱིར་རོ།།

ཁྲུས་གསོལ་མཁན་ཡོ་ཧ་ནན་འཁྲུང་རྒྱུའི་ལུང་བསྟན།

5 ཡ་ཧུ་དཱ་ཡུལ་གྱི་རྒྱལ་པོ་ཧེ་རོ་དཱེ་ཡི་དུས་སུ་ཟེ་ཀ་རི་ཡཱ་ཞེས་བྱ་བའི་ཡ་ཧུ་དཱ་པའི་བླ་མ་ཞིག་ཡོད། ཁོ་ནི་ཨ་བི་ཡཱ་ཡི་བླ་མའི་སྡེ་ཚན་ཁོངས་ཀྱི་མི་ཞིག་ཡིན་པ་དང༌། ཁོ་ལ་ཡ་ཧུ་དཱ་པའི་མེས་པོ་ཨ་རོན་གྱི་རྒྱུད་པ་ཨེ་ལི་ས་བེད་ཞེས་ཟེར་བའི་བཟའ་ཟླ་ཞིག་ཡོད་པ་ཡིན།

6 དེ་གཉིས་ཀྱིས་སྐྱོན་མེད་པར་དཀོན་མཆོག་གི་བཀའ་དང་ཆོས་ཁྲིམས་ཐམས་ཅད་བསྲུངས་ཏེ་ཁོང་གི་སྤྱན་སྔར་སེམས་དྲང་པོ་ཡིན།

7 འོན་ཀྱང་ཨེ་ལི་ས་བེད་ཕྲུ་གུ་སྐྱེ་མི་ཐུབ་པས་ཁོང་ཚོ་གཉིས་བུ་ཕྲུག་མེད་པར་རྒས།

8 ཡང་ཟེ་ཀ་རི་ཡཱ་ཡི་སྡེ་ཚན་གྱི་རེ་མོས་བབས་ནས་ཁོང་གིས་དཀོན་མཆོག་གི་མདུན་དུ་མཆོད་གཡོག་བྱེད་སྐབས།

9 གཙོ་བོའི་མཆོད་ཁང་ཆེན་མོར་འཛུལ་ནས་སྤོས་འབུལ་བའི་ཆེད་དུ་བླ་མའི་ལུགས་སྲོལ་ལྟར་ཁོང་རྒྱན་བརྒྱབ་ནས་བདམས།

10 སྤོས་འབུལ་བའི་སྐབས་མི་ཚོགས་མང་པོས་ཕྱི་ལོགས་སུ་སྨོན་ལམ་འདེབས་བཞིན་ཡོད།

11 དེའི་དུས་སུ་གཙོ་བོའི་ཕོ་ཉ་ཞིག་སྤོས་འབུལ་བའི་མཆོད་ཁྲིའི་གཡས་ཕྱོགས་སུ་ཟེ་ཀ་རི་ཡཱ་ལ་མངོན་པར་གྱུར་བས།

12 ཁོང་ཕོ་ཉ་དེ་མཐོང་ནས་འདྲོགས་ཏེ་ཤིན་ཏུ་འཇིགས།

13 འོན་ཀྱང་ཕོ་ཉས་ཁོ་ལ་ “ཟེ་ཀ་རི་ཡཱ། མ་འཇིགས་ཤིག གང་ལགས་ཤེ་ན། ཁྱོད་ཀྱི་ཞུ་བ་གསན་པས་ཁྱོད་ཀྱི་བཟའ་ཟླ་ཨེ་ལི་ས་བེད་ལ་བུ་ཞིག་བཙའ་བར་འགྱུར། ཁྱོད་ཀྱིས་བུ་དེའི་མིང་ལ་ཡོ་ཧ་ནན་ཞེས་ཐོགས་ཤིག

14 ཁྱོད་དགའ་ཞིང་སྤྲོ་བར་འགྱུར་ལ་བུ་དེ་སྐྱེ་བས་མི་མང་པོ་ཞིག་གིས་ཀྱང་དགའ་སྐྱིད་བར་འགྱུར།

15 གང་ལགས་ཤེ་ན། གཙོ་བོའི་སྤྱན་སྔར་ཁོ་མི་ཆེན་པོར་འགྱུར། ཁོ་རྒུན་ཆང་ལ་སོགས་འཐུང་མི་རུང་ལ། ཨ་མའི་མངལ་དུ་ཡོད་པའི་དུས་ནས་ཁོ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་གང་བར་འགྱུར།

16 ཡང་ཁོས་ཡི་སི་ར་ཨེལ་པ་མང་པོ་ཞིག་དེ་ཚོའི་གཙོ་བོ་དཀོན་མཆོག་གི་ཕྱོགས་སུ་འགུགས་པར་འགྱུར།

17 ཡང་ཕ་ཡི་སེམས་ཕྲུ་གུའི་ཕྱོགས་སུ་འགུགས་པའི་ཆེད་དང༌། བཀའ་ལ་མི་ཉན་པའི་སེམས་ནི་དྲང་པོའི་ཤེས་རབ་ཏུ་སྒྱུར་ཞིང༌། གཙོ་བོའི་ཞབས་ཕྱི་བྱེད་དུ་འོས་པའི་མི་རྣམས་གྲ་སྒྲིག་བྱེད་པའི་ཕྱིར། ཁོ་ལུང་སྟོན་པ་ཨེ་ལི་ཡཱ་ལྟར་དཀོན་མཆོག་གི་དབང་དང་དམ་པའི་ཐུགས་ཉིད་ཐོག་ནས་གཙོ་བོའི་སྔོན་དུ་འགྲོ་” ཞེས་གསུངས།

18 ཟེ་ཀ་རི་ཡཱ་ཡིས་ཕོ་ཉ་ལ་ “ང་དང་ངའི་ཟླ་བོ་ཡང་རྒས་པས་དེ་བདེན་པ་ཡིན་པར་ངས་ཅི་ལྟར་ཤེས་” ཞེས་དྲིས།

19 ཕོ་ཉས་ “ང་དཀོན་མཆོག་གི་མདུན་དུ་བཞུགས་པའི་ཕོ་ཉ་གེབ་རི་ཨེལ་ཡིན་ཏེ། ཁྱོད་ལ་སྨྲ་བ་དང༌། གཏམ་བཟང་པོ་འདི་འཆད་པའི་ཕྱིར་མངག་མཁན་ཡིན།

20 ལྟོས་ཤིག དོན་འདི་རྣམས་མ་འགྲུབ་པའི་བར་དུ་ཁྱོད་ཀྱིས་ཅི་ཡང་མི་སྨྲ་སྟེ་སྐད་ཆ་ཤོད་མི་ཐུབ་པ་གནས་པར་འགྱུར། གང་ལགས་ཤེ་ན། ཁྱོད་ཀྱིས་ངས་བཤད་པའི་བཀའ་ལ་ཡིད་མ་ཆེས་པས། དུས་ལ་འབབ་དུས་བཀའ་དེ་འགྲུབ་ངེས་ཡིན་” ཞེས་གསུངས།

21 དེའི་རིང་ལ་མི་རྣམས་ཟེ་ཀ་རི་ཡཱ་སྒུག་ནས་བསྡད་ལ་ཁོ་མཆོད་ཁང་ཆེན་མོར་ཡུན་རིང་འགོར་བས་ཡ་མཚན་སྐྱེས།

22 ཁོ་ཕྱིར་ཐོན་སྐབས་མི་དེ་ཚོར་སྐད་ཆ་ཤོད་མི་ཐུབ་པས་ཁོས་མཆོད་ཁང་ནང་ལ་ཞལ་གཟིགས་མཐོང་བར་མི་རྣམས་ཀྱིས་ཤེས། ཁོས་ཁོ་ཚོར་ལག་བརྡ་བྱེད་དེ་ཁ་གྲགས་མི་ཐུབ་པར་གནས།

23 ཞབས་ཏོག་གི་དུས་རིམ་ཚར་ནས་ཟེ་ཀ་རི་ཡཱ་ནང་ལ་ལོག

24 དེ་ནས་ཁོང་གི་བཟའ་ཟླ་ཨེ་ལི་ས་བེད་མངལ་དང་ལྡན་པར་གྱུར་བས་ཟླ་བ་ལྔའི་རིང་ཕྱི་རུ་མ་ཐོན་པར་ནང་ལ་བསྡད།

25 ཁོ་མོས་ “གཙོ་བོས་ང་ལ་གཟིགས་སྐྱོང་མཛད་ནས་ངའི་མི་རིགས་ཀྱི་མདུན་དུ་ང་ཡི་ངོ་ཚ་བསལ་ཏེ་ང་ལ་འདི་ལྟར་མཛད་” ཅེས་སྨྲས།

སྟོན་པ་ཡེ་ཤུ་འཁྲུང་རྒྱུའི་ལུང་བསྟན།

26 ཨེ་ལི་ས་བེད་མངལ་དང་ལྡན་པའི་ཟླ་བ་དྲུག་པར་དཀོན་མཆོག་གིས་ཕོ་ཉ་གེབ་རི་ཨེལ་ག་ལིལ་ཡུལ་གྱི་ན་ཙ་རེལ་ཟེར་བའི་གྲོང་ཚོར་

27 མིར་ཡམ་ཞེས་ཟེར་བའི་གཞོན་ནུ་མའི་སར་མངགས། མིར་ཡམ་ནི་རྒྱལ་པོ་དཱ་བིད་ཀྱི་རྒྱུད་པ་ཡོ་སེབ་ཀྱི་བཟའ་ཟླར་འགྱུར་བ་ཐག་གཅོད་བྱས་པ་རེད།

28 ནང་ལ་ཕེབས་སྐབས་གེབ་རི་ཨེལ་གྱིས་ཁོ་མོར་ “ཐུགས་རྗེ་ཐོབ་པ་ཁྱོད་ལ་བདེ་བ་དང་ལྡན་པར་གྱུར་ཅིག གཙོ་བོ་ཁྱོད་དང་མཉམ་དུ་བཞུགས་” ཞེས་གསུངས།

29 དེ་ཐོས་ནས་མིར་ཡམ་སེམས་ཤིན་ཏུ་འཁྲུགས་ཤིང་འཚམས་འདྲི་དེ་ཅི་ལྟར་ཡིན་བསམ་ཞིབ་བྱེད་བཞིན་ཡོད།

30 དཀོན་མཆོག་གི་ཕོ་ཉས་ཁོ་མོར་ “མིར་ཡམ། མ་འཇིགས་ཤིག དཀོན་མཆོག་ནས་ཁྱོད་ལ་ཐུགས་རྗེ་ཐོབ།

31 ལྟོས་ཤིག ཁྱོད་མངལ་དང་ལྡན་པར་འགྱུར་ཏེ་སྲས་ཤིག་སྐྱེས་ནས་ཁྱོད་ཀྱིས་ཁོང་གི་མཚན་ལ་ཡེ་ཤུ་ཞེས་ཐོགས་ཤིག

32 ཁོང་སྐྱེས་བུ་ཆེན་པོར་འགྱུར་ལ་བླ་ན་མེད་པའི་དཀོན་མཆོག་གི་སྲས་ཞེས་ཀྱང་གསོལ་བར་འགྱུར། གཙོ་བོ་དཀོན་མཆོག་གིས་ཁོང་ལ་རང་གི་མེས་པོ་དཱ་བིད་ཀྱི་བཞུགས་ཁྲི་གནང་ཞིང༌།

33 ཁོང་གིས་ཡ་ཀོབ་ཀྱི་རྒྱུད་པར་དུས་རྒྱུན་དུ་དབང་སྒྱུར་ལ། ཁོང་གི་རྒྱལ་སྲིད་ནི་མཐའ་མེད་པའོ་” ཞེས་གསུངས།

34 མིར་ཡམ་གྱིས་ཕོ་ཉ་ལ་ “ང་སྐྱེས་པ་དང་འདུས་མ་མྱོང་བས་འདི་ཅི་ལྟར་སྲིད་” ཅེས་ཞུས་པ་ན།

35 ཕོ་ཉས་ “དམ་པའི་ཐུགས་ཉིད་ཁྱོད་ལ་འབབ་ཅིང་བླ་ན་མེད་པའི་དཀོན་མཆོག་གི་ནུས་མཐུ་ཁྱོད་ལ་ཁྱབ་པར་འགྱུར། དེའི་ཕྱིར་ཕྲུ་གུ་དམ་པ་དེ་ལ་དཀོན་མཆོག་གི་སྲས་ཞེས་གསོལ།

36 ལྟོས་ཤིག ཁྱོད་ཀྱི་སྤུན་མཆེད་རྒན་མོ་ཨེ་ལི་ས་བེད་རབས་ཆད་མ་ཞེས་བྱ་བ་ཡིན་ཀྱང༌། ད་ལྟ་མངལ་དུ་བུ་ཞིག་འཁོར་ནས་ཟླ་བ་དྲུག་ཡིན།

37 གང་ཡིན་ཟེར་ན། དཀོན་མཆོག་གིས་མཛད་མི་སྲིད་པ་གང་ཡང་མེད་དོ་” ཞེས་གསུངས།

38 དེ་ནས་མིར་ཡམ་གྱིས་ “ང་གཙོ་བོའི་གཡོག་མོ་ཞིག་ཡིན་ཏེ་ཁྱེད་ཀྱི་བཀའ་ལྟར་ང་ལ་འབྱུང་བར་ཤོག་” ཅེས་སྨྲས་རྗེས་ཕོ་ཉ་ཕར་ཕེབས།

མིར་ཡམ་གྱིས་ཨེ་ལི་ས་བེད་མཇལ་བ།

39 དེའི་དུས་སུ་མིར་ཡམ་གྲ་སྒྲིག་བྱས་ནས་ཡ་ཧུ་དཱ་ཡུལ་གྱི་རི་ཁུལ་གྲོང་གསེབ་ཅིག་ལ་མགྱོགས་པོར་ཕྱིན་པ་དང༌།

40 ཟེ་ཀ་རི་ཡཱ་ཡི་ཁང་པར་འཛུལ་ནས་ཨེ་ལི་ས་བེད་ལ་འཚམས་འདྲི་ཞུས།

41 ཨེ་ལི་ས་བེད་ཀྱིས་མིར་ཡམ་གྱི་འཚམས་འདྲི་ཐོས་སྐབས་མངལ་དུ་ཡོད་པའི་བུ་གློ་བུར་དུ་འགུལ། ཨེ་ལི་ས་བེད་དམ་པའི་ཐུགས་ཉིད་ཀྱིས་གང་སྟེ།

42 སྐད་ཆེན་པོས་ “བུད་མེད་རྣམས་ལས་ཁྱེད་ནི་བྱིན་རླབས་ཆེ། ཁྱེད་ཀྱི་ལྷུམས་སུ་ཡོད་པའི་བུའང་བྱིན་གྱིས་བརླབས་སོ།

43 ངའི་གཙོ་བོའི་ཡུམ་ངའི་རྩར་ཕེབས་པའི་བཀའ་དྲིན་འདི་ཅི་ལགས།

44 གཟིགས་དང༌། ཁྱེད་ཀྱི་འཚམས་འདྲིའི་སྐད་ཐོས་མ་ཐག་ངའི་མངལ་དུ་ཡོད་པའི་བུ་དགའ་བས་འགུལ།

45 གཙོ་བོས་ཁོ་མོ་ལ་གང་གསུངས་པ་དེ་འགྲུབ་པར་འགྱུར་བར་ཡིད་ཆེས་པ་བྱིན་རླབས་ཆེ་” ཞེས་གསུངས།

མིར་ཡམ་གྱི་བསྟོད་དབྱངས།

46 ཡང་མིར་ཡམ་གྱིས།

ང་ཡི་སེམས་ནས་གཙོ་བོར་བསྟོད།།

47 དཀོན་མཆོག་སྐྱབས་མགོན་ལ་ཡི་རང༌།།

48 ཁོང་གིས་དམའ་བའི་གཡོག་མོར་གཟིགས།།

ད་ནས་མི་རབས་ཀུན་གྱིས་ནི།།

ང་ལ་བདེ་ལེགས་བརྗོད་པར་འགྱུར།།

49 དབང་ཀུན་ལྡན་པས་ང་ལ་ནི།།

ངོ་མཚར་ལས་རྣམས་མཛད་པ་དང༌།།

ཁོང་གི་མཚན་ནི་དམ་པ་ཡིན།།

50 ཁོང་ལ་གུས་པའི་མི་རབས་ཀུན།།

ཁོང་གི་ཐུགས་རྗེས་ཁྱབ་པར་འགྱུར།།

51 ཁོང་གི་ཕྱག་གིས་མཛད་ཆེན་བསྒྲུབས།།

ང་རྒྱལ་ཅན་རྣམས་གཏོར་བར་མཛད།།

52 དབང་ཅན་ཁྲི་ལས་ཕབ་པར་མཛད།།

དམའ་བ་མཐོ་སར་བཏེགས་པར་མཛད།།

53 ལྟོགས་པར་བཟང་པོས་ཚིམས་པར་མཛད།།

ཕྱུག་པོ་སྟོང་བར་བཏོན་པར་མཛད།།

54-55 ཁོང་གིས་མེས་པོར་གསུངས་པ་ལྟར།།

ཡི་སི་ར་ཨེལ་གཡོག་པོ་ལ།།

ཁོང་གིས་རོགས་པ་གནང་བར་མཛད།།

ཨབ་ར་ཧམ་དང་དེའི་རྒྱུད་པ།།

དགོངས་ནས་ནམ་ཡང་ཐུགས་རྗེས་གཟིགས།།

ཞེས་གསུངས་སོ།།

56 དེ་ནས་མིར་ཡམ་ཟླ་བ་གསུམ་ཙམ་ཁོ་མོ་དང་མཉམ་དུ་བསྡད་ནས་རང་གི་ནང་ལ་ཕྱིར་ལོག

ཁྲུས་གསོལ་མཁན་ཡོ་ཧ་ནན་འཁྲུངས་པའི་སྐོར།

57 བུ་བཙའ་བའི་དུས་ལ་བབས་ཏེ་ཨེ་ལི་ས་བེད་ལ་བུ་ཞིག་སྐྱེས།

58 ཁྱིམ་མཚེས་དང་གཉེན་ཚན་རྣམས་ཀྱིས་གཙོ་བོས་ཁོ་མོར་ཐུགས་རྗེ་ཆེན་པོ་གཟིགས་པ་ཐོས་ནས་མི་དེ་ཚོ་ཁོ་མོ་དང་མཉམ་དུ་དགའ་བར་གྱུར།

59 ཉི་མ་བརྒྱད་པར་ཁོ་ཚོ་བུ་དེར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་རྒྱག་པའི་ཆེད་དུ་འཛོམས་ནས་ཕ་ལྟར་ཟེ་ཀ་རི་ཡཱ་ཞེས་བུའི་མིང་བཏགས་སྙམ།

60 འོན་ཀྱང་བུའི་ཨ་མས་ “ལགས་མ་ཡིན། ཡོ་ཧ་ནན་ཞེས་མིང་འདོགས་པར་འགྱུར་” ཞེས་སྨྲས་པ་ན།

61 ཁོ་ཚོས་ “ཁྱེད་ཀྱི་གཉེན་ཚན་གྱི་ཁྲོད་དུ་མིང་དེ་འདྲ་སུ་ལ་ཡང་མེད་” ཅེས་ཟེར་བས།

62 བུའི་མིང་གང་འདོགས་འདོད་པ་ཤེས་པའི་ཕྱིར་ཁོ་ཚོས་ཕ་ལ་ལག་བརྡ་བྱས།

63 ཁོང་གིས་ཡི་གེ་འབྲི་པང་ཞིག་བསླངས་ནས་ཁོའི་མིང་ཡོ་ཧ་ནན་ཡིན་ཞེས་བྲིས་པས་ཁོ་ཚོ་ཐམས་ཅད་ངོ་མཚར་སྐྱེས།

64 འཕྲལ་དུ་ཁོའི་ཁ་ཕྱེ་སྟེ་ལྕེ་གྲོལ་ནས་སྐད་ཆ་བཤད་དེ་དཀོན་མཆོག་ལ་བསྟོད་པ་ཕུལ།

65 ཉེ་འཁོར་གྱི་མི་ཐམས་ཅད་ཡ་མཚན་གྱིས་ཁེངས་ཏེ། ཡ་ཧུ་དཱ་ཡུལ་གྱི་རི་ཁུལ་ལ་སྡོད་མཁན་ཐམས་ཅད་ཀྱིས་དོན་དེའི་སྐོར་སྐད་ཆ་བཤད།

66 དོན་དེ་ཚོ་ཐོས་མཁན་ཐམས་ཅད་ཀྱིས་ཡིད་ལ་འཆང་སྟེ་ “ཕྲུ་གུ་དེ་ཅི་ལྟ་བུ་ཞིག་འབྱུང་ཡོང་” ཞེས་སྨྲས། གང་ལགས་ཤེ་ན། གཙོ་བོའི་ནུས་མཐུ་ཁོང་དང་མཉམ་དུ་ཡོད་པས་སོ།།

ཟེ་ཀ་རི་ཡཱའི་ལུང་བསྟན།

67 ཁོའི་ཕ་ཟེ་ཀ་རི་ཡཱ་དམ་པའི་ཐུགས་ཉིད་ཀྱིས་གང་ནས་འདི་ལྟར་ལུང་བསྟན།

68 ཡི་སི་ར་ཨེལ་གཙོ་བོ་དཀོན་མཆོག་ཉིད།།

རང་གི་མི་རིགས་གཟིགས་ནས་བསྐྱབས་པར་མཛད།།

དེ་ཡི་ཕྱིར་དུ་ཁོང་ལ་བསྟོད་པར་ཤོག །

69 ཞབས་ཕྱི་དཱ་བིད་དེ་ཡི་བུ་རྒྱུད་ལས།།

ངེད་ཕྱིར་ཐར་པའི་རྭ་ནི་མཐོན་པོར་བཏེགས།།*

70 གནའ་བོའི་དུས་ནས་དམ་པའི་ལུང་སྟོན་པའི།།

བཀའ་ཡི་སྒོ་ནས་ཁོང་གིས་གསུངས་པ་ལྟར།།

71 དགྲ་དང་སྡང་མཁན་ལག་ནས་ངེད་སྐྱོབ་སྟེ།།

72-73 ངེད་ཀྱི་མེས་པོར་སྙིང་རྗེ་མཛད་པ་དང༌།།

མེས་པོ་ཨབ་ར་ཧམ་ལ་མནའ་བཞེས་པའི།།

ཉིད་ཀྱི་དམ་པའི་ཞལ་ཆད་དྲན་པའི་ཕྱིར།།

74-75 ངེད་ཀྱི་དགྲ་ཡི་ལག་ལས་བསྐྱབས་མཛད་དེ།།

ངེད་ཀྱི་ཚེ་གང་དམ་པ་དྲང་པོའི་ངང༌།།

འཇིགས་པ་མེད་པར་ཁོང་ལ་བསྙེན་བཀུར་ཞུ།།

76 ང་ཡི་བུ་ཁྱོད་བླ་ན་མེད་པ་ཡི།།

དཀོན་མཆོག་གི་ནི་ལུང་སྟོན་པ་ཞེས་ཟེར།།

གཙོ་བོའི་ཕེབས་ལམ་སེལ་བར་བྱེད་པའི་ཕྱིར།།

ཁོང་གི་སྔོན་དུ་ལམ་ལ་འགྲོ་བར་བྱ།།

77 དེ་ཚོའི་སྡིག་ཉེས་སེལ་བའི་ཤེས་རབ་ཀྱིས།།

ཁོང་གི་མི་རྣམས་ཐར་ལམ་ངོ་སྤྲོད་ཕྱིར།།

78 དཀོན་མཆོག་ཉིད་ཀྱི་བཀའ་དྲིན་ཆེན་པོ་ཡིས།།

གནམ་ནས་ཐུགས་རྗེའི་ཉི་མ་འཆར་བའི་ཚེ།།

79 མུན་གྲིབ་འཆི་གྲིབ་སེལ་ཕྱིར་འོད་འཕྲོས་ཏེ།།

ཞི་བདེའི་ལམ་དུ་རྐང་པ་འདྲེན་པའི་ཕྱིར།།

ཞེས་ལུང་བསྟན་ནོ།།

80 བུ་དེ་འཚར་ལོངས་བྱུང་ནས་སེམས་སུ་སྟོབས་དང་ལྡན་པར་གྱུར། ཡི་སི་ར་ཨེལ་པ་རྣམས་ལ་མངོན་སུམ་དུ་མ་འགྱུར་བའི་བར་དུ་ཁོང་དབེན་སྟོང་ལ་བཞུགས་སོ།།

ལུ་ཀཱ (2) – Luke (2)

1 དེའི་དུས་སུ་རྒྱལ་པོ་སེ་སར་ཨུ་རྒ་ཟི་ཏུ་ཡིས་རོ་མ་གོང་མའི་རྒྱལ་ཁབ་ཀྱི་འབངས་མི་ཐམས་ཅད་ལ་མིང་ཐོ་འགོད་པའི་བཀའ་བཏང༌།

2 དེ་ནི་ཐོ་འགོད་བྱེད་པ་དང་པོ་ཡིན་ཏེ་སི་རི་ཡཱ་ཡུལ་གྱི་ས་གནས་དཔོན་པོ་ཀུ་རེ་ནུ་ཡི་དུས་སུ་བྱུང༌།

3 མི་ཐམས་ཅད་མིང་ཐོ་འགོད་པའི་ཕྱིར་སོ་སོའི་ཕ་ཡུལ་ལ་ཕྱིན་པ་རེད།

4 ཡོ་སེབ་ནི་དཱ་བིད་ཀྱི་བུ་རྒྱུད་ཡིན་པས་ཁོང་ཡང་ག་ལིལ་ཡུལ་གྱི་ན་ཙ་རེལ་གྲོང་ཚོ་ནས་ཡ་ཧུ་དཱ་ཡུལ་གྱི་བེད་ལེ་ཧེམ་ཞེས་བྱ་བའི་དཱ་བིད་ཀྱི་གྲོང་ཁྱེར་ལ་ཕྱིན།

5 ཁོང་གི་བཟའ་ཟླར་འགྱུར་བ་ཐག་གཅོད་བྱས་པ་དང༌། མངལ་དང་ལྡན་པའི་མིར་ཡམ་ཁོང་མཉམ་དུ་ཐོ་རྒྱག་པའི་ཆེད་དུ་ཕྱིན།

6 ཁོང་ཚོ་དེར་བཞུགས་དུས་མིར་ཡམ་གྱི་བུ་བཙའ་བའི་དུས་ལ་བབས་ཏེ།

7 སྲས་དང་པོ་འཁྲུངས། མགྲོན་ཁང་ལ་སྡོད་ས་མེད་པས་རས་ཀྱིས་བཏུམས་ནས་བྲེས་ཤིག་གི་ནང་ལ་བཞག

ལུག་རྫི་དང་ཕོ་ཉ།

8 ཡུལ་དེར་རྩྭ་ཐང་སྟེང་ལ་བསྡད་པའི་ལུག་རྫི་ཡིས་མཚན་མོར་ལུག་ཁྱུ་བསྲུངས་ཏེ།

9 དཀོན་མཆོག་གི་ཕོ་ཉ་མྱུར་དུ་ཁོ་ཚོའི་མདུན་དུ་མངོན་པར་གྱུར་ནས་དཀོན་མཆོག་གི་གཟི་བརྗིད་ཁོ་ཚོའི་སྐོར་ལ་འཕྲོས་པས་འཇིགས་སྐྲག་སྐྱེས།

10 འོན་ཀྱང་ཕོ་ཉ་དེས་ “མ་འཇིགས་ཤིག གཟིགས་དང༌། མི་ཚང་མའི་ཕྱིར་ངས་ཤིན་ཏུ་དགའ་བའི་འཕྲིན་བཟང་ཁྱབ་བསྒྲགས་བྱེད་དེ།

11 དེ་རིང་ཁྱེད་རྣམས་ལ་དཱ་བིད་ཀྱི་གྲོང་ཁྱེར་དུ་སྐྱབས་མགོན་ཞིག་འཁྲུངས་ཡོད། ཁོང་ནི་གཙོ་བོ་མཱ་ཤི་ཀ་ཡིན།

12 དེ་ནི་ཁྱེད་ལ་ཁོང་གི་རྟགས་འདི་ཡིན། བྲེས་ཤིག་ནང་ལ་རས་ཀྱིས་བཏུམས་པའི་མ་འབྱར་ཉལ་བ་ཞིག་མཇལ་བར་འགྱུར་” ཞེས་གསུངས།

13 གློ་བུར་དུ་དཀོན་མཆོག་གི་ཞིང་ཁམས་སུ་བཞུགས་མཁན་ཧ་ཅང་མང་པོ་ཞིག་ཕོ་ཉ་དང་མཉམ་དུ་མངོན་པར་གྱུར་ནས་དཀོན་མཆོག་ལ་བསྟོད་དེ།

14 བླ་ན་མེད་པའི་གནས་སུ་དཀོན་མཆོག་ལ་བསྟོད་པ་ཕུལ་ཞིང༌།།

ས་ལ་ཁོང་གི་ཐུགས་མཉེས་པའི་མིར་ཞི་བདེ་འབབ་པར་ཤོག །

15 དེ་ནས་ཕོ་ཉ་ཞིང་ཁམས་སུ་ཕྱིར་ལོག་ནས་ལུག་རྫི་རྣམས་ཀྱིས་གཅིག་གིས་གཅིག་ལ་ “གཙོ་བོས་ང་ཚོར་གསུངས་པའི་དོན་དེ་ལྟ་བའི་ཕྱིར་ད་བེད་ལེ་ཧེམ་དུ་ཐད་ཀར་འགྲོ་” ཞེས་བཤད།

16 ཁོ་ཚོས་མགྱོགས་པོར་ཕྱིན་ནས་མིར་ཡམ་དང་ཡོ་སེབ་བཙལ་ཏེ་བྲེས་ཀྱི་ནང་ལ་ཉལ་བའི་མ་འབྱར་མཇལ།

17 དོན་དེ་མཐོང་ནས་ཕྲུ་གུ་དེའི་སྐོར་ཁོ་ཚོར་གང་གསུངས་པའི་གཏམ་གང་སར་བཤད།

18 ཡང་ལུག་རྫིའི་གཏམ་ཐོས་པ་ཐམས་ཅད་ཡ་མཚན་སྐྱེས།

19 འོན་ཀྱང་མིར་ཡམ་གྱིས་དོན་དེ་ཚོ་ཐམས་ཅད་སེམས་གཏིང་ལ་བཞག་ནས་བསམ་ཞིབ་བྱས།

20 ལུག་རྫི་རྣམས་ཀྱིས་གང་ཐོས་པ་དང་མཐོང་བའི་དོན་ཐམས་ཅད་ཕོ་ཉས་གསུངས་པ་ལྟར་གྲུབ་པས་དཀོན་མཆོག་ལ་བསྟོད་ཅིང་བསྔགས་ནས་ཕྱིར་ལོག

21 ཉིན་བརྒྱད་ཀྱི་རྗེས་སུ་ཡ་ཧུ་དཱ་པའི་རྟགས་རྒྱག་སྐབས་ཁོང་གི་མཚན་ལ་ཡེ་ཤུ་ཞེས་བཏགས། དེ་ནི་ཁོང་གི་ཡུམ་མངལ་དང་ལྡན་པར་གྱུར་བའི་སྔོན་ལ་དཀོན་མཆོག་གི་ཕོ་ཉས་གནང་བའི་མཚན་ཡིན་པས་སོ།།

སྟོན་པ་ཡེ་ཤུ་མཆོད་ཁང་ནང་དཀོན་མཆོག་ལ་ཕུལ་བའི་སྐོར།

22 ལུང་སྟོན་པ་མོ་ཤེའི་ཆོས་ཁྲིམས་ལྟར་ཁོང་ཚོའི་གཙང་སྦྲ་བྱེད་པའི་དུས་ཚར་ནས་གཙོ་བོ་དཀོན་མཆོག་ལ་ཡེ་ཤུ་འབུལ་བའི་ཆེད་དུ་ཁོང་རྣམས་ཡེ་རུ་ཤ་ལེམ་ལ་ཕེབས།

23 (གཙོ་བོའི་ཆོས་ཁྲིམས་ལ་བཀོད་པ་ལྟར་སྔོན་ལ་སྐྱེས་པའི་ཕོ་རེ་རེ་གཙོ་བོ་ལ་དམ་པར་བརྩི་བར་བྱ་ཞེས་གསུངས་)

24 ཡང་གཙོ་བོའི་ཆོས་ཁྲིམས་ལ་བཀོད་པ་ལྟར་ཐི་བ་ཟུང་གཅིག་གམ་ཕུག་རོན་ཆུང་ངུ་གཉིས་མཆོད་པར་འབུལ་དགོས་ཞེས་པའི་བཀའ་བཞིན་དུ་ཁོང་ཚོས་མཆོད་པ་ཞིག་ཕུལ།

25 ཡེ་རུ་ཤ་ལེམ་ལ་སི་མེ་ཡོན་ཞེས་བྱ་བའི་སེམས་དྲང་པོ་དང་ཆོས་སེམས་དང་ལྡན་པའི་མི་ཞིག་ཡོད། ཁོང་ནི་ཡི་སི་ར་ཨེལ་སྐྱོབ་པའི་དུས་སུ་སྒུག་མཁན་ཡིན་པ་དང༌། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཁོང་དང་མཉམ་དུ་ཡོད།

26 ཁོང་འཆི་བ་མ་མྱོང་བའི་སྔོན་ལ་གཙོ་བོའི་མཱ་ཤི་ཀ་ལ་མཇལ་རྒྱུ་ཡིན་པར་དམ་པའི་ཐུགས་ཉིད་ཀྱིས་ཁོང་ལ་མངོན་པར་མཛད་ཡོད།

27 དམ་པའི་ཐུགས་ཉིད་ཀྱིས་བསྐུལ་ཏེ་ཁོང་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་ཁྱམས་རའི་རྩར་ཕྱིན་པ་དང༌། ཆོས་ཁྲིམས་གང་དགོས་པ་བྱེད་པའི་ཕྱིར་ཕ་མས་ཕྲུ་གུ་ཡེ་ཤུ་ཁྱེར་ནས་སླེབས་སྐབས།

28 སི་མེ་ཡོན་གྱིས་ཕྲུ་གུ་པང་དུ་བླངས་ནས་དཀོན་མཆོག་ལ་བསྟོད་བསྔགས་ཏེ།

29 གཙོ་བོ་ད་ལྟ་ཁྱེད་ཀྱི་བཀའ་བཞིན་དུ།།

ཁྱེད་ཀྱི་ཞབས་ཕྱི་ཞི་བདེར་འགྲོ་རུ་འཇུག །

30-31 ང་ཡི་མིག་གིས་མི་རིགས་ཀུན་གྱི་ཆེད།།

ཁྱེད་ཀྱིས་བཀོད་པ་གནང་བའི་ཐར་པ་མཐོང༌།།

32 ཡི་སི་ར་ཨེལ་ཁྱེད་ཀྱི་མི་རིགས་ལ།།

གཟི་བརྗིད་དང་ནི་ཕྱི་པར་འཕྲོ་བའི་འོད།།

ཞེས་སོ།

33 ཕྲུ་གུའི་ཡབ་དང་ཡུམ་ཁོང་གི་སྐོར་ལ་བཤད་པའི་གཏམ་དེ་ལ་ཡ་མཚན་སྐྱེས།

34 སི་མེ་ཡོན་ཁོང་ཚོར་བྱིན་གྱིས་རླབས་ནས་ཁོང་གི་ཡུམ་མིར་ཡམ་ལ་ “གཟིགས་དང༌། ཕྲུ་གུ་འདི་ནི་ཡི་སི་ར་ཨེལ་པ་མང་པོ་འགྱེལ་བའི་རྒྱུ་རྐྱེན་དང༌། ལང་བའི་རྒྱུ་རྐྱེན་དང༌། རྒོལ་རྒྱུ་ཡིན་པའི་རྟགས་སུ་བསྐོས།

35 དེ་ནི་མི་མང་པོའི་གསང་བའི་བསམ་པ་མངོན་སུམ་དུ་འགྱུར་བའི་ཆེད་དུ་ཡིན། རལ་གྲི་ཞིག་གིས་ཁྱེད་ཀྱི་སེམས་ལ་ཡང་འཛུགས་པར་འགྱུར་” ཞེས་གསུངས།

36 ཡང་ཡི་སི་ར་ཨེལ་གྱི་ཚོ་ཁག་ཨ་ཤེར་ནས་ཕཱ་ནུ་ཨེལ་གྱི་བུ་མོ་ཨན་ནཱ་ནི་ལོ་ན་ཤིན་ཏུ་རྒས་པའི་ལུང་སྟོན་པ་དེར་ཡོད་དེ། ཁོ་མོ་གཉེན་སྒྲིག་བྱས་ནས་ལོ་བདུན་ཁྱོ་བོ་དང་མཉམ་དུ་བསྡད།

37 དེ་ནས་ཡུགས་མོའི་འཚོ་བ་བསྐྱལ་ནས་ལོ་བརྒྱད་ཅུ་གྱ་བཞི་བར་གསོན། ཁོ་མོས་མཆོད་ཁང་དང་མི་འབྲལ་བར་ཉིན་མཚན་མེད་པར་སྨྱུང་གནས་སྲུང་བ་དང་སྨོན་ལམ་བཏབ་སྟེ་དཀོན་མཆོག་ལ་བསྙེན་བཀུར་ཞུས།

38 དུས་དེ་རང་ལ་ཁོ་མོ་ཡོང་ནས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་པ་དང༌། ཡེ་རུ་ཤ་ལེམ་གྱི་ཐར་བའི་ཉིན་མོ་སྒུག་མཁན་ཐམས་ཅད་ལ་ཕྲུ་གུ་དེའི་སྐོར་ལ་གཏམ་བྱས།

39 གཙོ་བོའི་ཆོས་ཁྲིམས་ལྟར་དོན་ཐམས་ཅད་བསྒྲུབས་ཚར་ནས་ཁོང་ཚོ་ག་ལིལ་ཡུལ་དུ་རང་གི་གྲོང་ཁྱེར་ན་ཙ་རེལ་ལ་ཕྱིར་ལོག

40 བུ་དེ་འཚར་ལོངས་བྱུང་སྟེ་སེམས་སུ་སྟོབས་དང་བློ་ལ་ཤེས་རབ་རྒྱས་པ་དང༌། དཀོན་མཆོག་གི་ཐུགས་རྗེ་ཁོང་གི་ཐོག་ལ་གནས།

སྟོན་པ་ཡེ་ཤུ་མཆོད་ཁང་ནང་བཞུགས་པའི་སྐོར།

41 ལོ་ལྟར་པེ་སག་ཟེར་བའི་དུས་ཆེན་གྱི་སྐབས་སུ་ཁོང་གི་ཡབ་ཡུམ་གཉིས་ཡེ་རུ་ཤ་ལེམ་ལ་ཕྱིན་པ་དང༌།

42 ཁོང་དགུང་ལོ་བཅུ་གཉིས་ལོན་སྐབས་ཁོང་ཚོ་ནམ་རྒྱུན་ལྟར་དུས་ཆེན་ལ་ཕེབས།

43 དུས་ཆེན་ཚར་ནས་ཁོང་ཚོ་ཕྱིར་ལོག་སྐབས་ཡབ་ཡུམ་གྱིས་མ་ཤེས་པར་ཕྲུ་གུ་ཡེ་ཤུ་ཡེ་རུ་ཤ་ལེམ་དུ་གནས།

44 ཁོང་ལམ་གྲོགས་ཀྱི་དཀྱིལ་ལ་ཡོད་བསམས་ནས་ཉིན་གཅིག་གི་ལམ་ལ་ཕྱིན་ཏེ། ཡབ་ཡུམ་གྱིས་གཉེན་ཚན་དང་ངོ་ཤེས་པའི་ནང་ཁོང་བཙལ།

45 མ་རྙེད་པར་ཁོང་འཚོལ་བའི་ཆེད་དུ་ཡེ་རུ་ཤ་ལེམ་ལ་ཕྱིར་ལོག

46 ཉིན་གསུམ་གྱི་རྗེས་སུ་ཁོང་མཆོད་ཁང་གི་ཁྱམས་རར་སློབ་དཔོན་ཁྲོད་དུ་བཞུགས་ཏེ་ཁོ་ཚོའི་ཆོས་གསན་པ་དང་ཁོ་ཚོར་བཀའ་འདྲི་གནང་སྟེ་ཕ་མ་རྙེད།

47 ཁོང་གི་མཁས་པའི་སེམས་དང་ལན་འདེབས་པ་ཐོས་མཁན་ཚང་མ་ཡ་མཚན་སྐྱེས།

48 ཡབ་ཡུམ་གྱིས་ཁོང་མཐོང་སྐབས་ཡ་མཚན་སྐྱེས་ཏེ་ཡུམ་གྱིས་ “བུ། ཁྱོད་ཀྱིས་ཅི་ལ་ང་ཚོར་འདི་ལྟར་བྱས། ལྟོས་ཤིག ཁྱོད་ཀྱི་ཡབ་དང་ང་སེམས་ཤིན་ཏུ་འཚབས་ནས་ཁྱོད་བཙལ་” ཞེས་སྨྲས་པ་ན།

49 ཁོང་གིས་ “ཅིའི་ཕྱིར་ང་བཙལ་བ་ཡིན། ངའི་ཡབ་ཀྱི་ཕོ་བྲང་ལ་སྡོད་དགོས་པར་ཁྱེད་ཀྱིས་མི་མཁྱེན་ནམ་” ཞེས་གསུངས།

50 འོན་ཀྱང་ཁོང་གིས་གང་གསུངས་པ་ཁོང་ཚོས་མ་མཁྱེན།

51 དེ་ནས་ཁོང་ཚོ་ན་ཙ་རེལ་ལ་མར་ཕེབས་པ་དང་ཁོང་གིས་ཡབ་ཡུམ་གྱི་བཀའ་ལ་ཉན་ནས་བཞུགས། ཁོང་གི་ཡུམ་གྱིས་དོན་དེ་ཚོ་ཚང་མ་སེམས་ལ་བཞག

52 ཡང་ཡེ་ཤུ་ཤེས་རབ་དང༌། སྐུ་གཟུགས། དཀོན་མཆོག་གི་ཐུགས་དགྱེས་པ། མི་རྣམས་ཀྱི་བརྩི་མཐོང་ལ་འཕེལ་ལོ།།

ལུ་ཀཱ (3) – Luke (3)

1 རྒྱལ་པོ་ཏི་པེར་ཡུ་སེ་སར་སྲིད་སྐྱོང་བྱེད་པའི་ལོ་བཅོ་ལྔའི་རིང་ལ་ཕོན་ཏི་ཡུ་པི་ལ་ཏུ་ཡ་ཧུ་དཱ་ཡུལ་གྱི་སྤྱི་ཁྱབ་ཡིན་པ་དང༌། ཧེ་རོ་དཱེ་ག་ལིལ་ཡུལ་གྱི་ས་གནས་དཔོན་པོ་ཡིན་ཏེ། ཁོའི་གཅེན་པོ་ཕི་ལིབ་ཨེ་ཏུ་རི་ཡཱ་དང་ཏྲ་ཀོ་ནི་ཏི་ཡུལ་གྱི་ས་གནས་དཔོན་པོ་དང༌། ལི་སན་ཡུ་ཨ་བི་ལེ་ནེ་ཡུལ་གྱི་ས་གནས་དཔོན་པོ་ཡིན་ལ།

2 ཨ་ན་སི་དང་ཀ་ཡ་ཕཱ་བླ་ཆེན་གཙོ་བོ་བྱེད་པའི་དུས་སུ་དབེན་སྟོང་ཡུལ་ལ་ཟེ་ཀ་རི་ཡཱ་ཡི་བུ་ཡོ་ཧ་ནན་ལ་དཀོན་མཆོག་གི་བཀའ་བབས།

3ཡོར་དན་གཙང་པོའི་མཐའ་འཁོར་གྱི་ཡུལ་ཀུན་ཏུ་ཁོང་གིས་སྡིག་ཉེས་སེལ་བའི་ཆེད་དུ་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་བའི་རྟགས་སུ་ཁྲུས་གསོལ་ལེན་དགོས་པར་བསྒྲགས་ཏེ་ཕེབས།

4 ཡེ་ཤ་ཡཱ་ཞེས་ཟེར་བའི་ལུང་སྟོན་པས་བྲིས་པའི་མདོ་ལ་བཀོད་པ་ལྟར།

དབེན་སྟོང་ཡུལ་ནང་གྲགས་པའི་འབོད་སྒྲ་ཡིས།།

གཙོ་བོའི་ཆེད་དུ་ཕེབས་ལམ་གྲ་སྒྲིག་བྱོས།།

ལམ་བུ་དེ་ནི་བདེ་བར་བཟོས་ཤིག་ཨང༌།།

5 རོང་རྣམས་སྙོམས་ཤིང་རི་དག་དམའ་བར་འགྱུར།།

འཁྱོག་པ་དྲང་ལ་རྩུབ་པོ་བདེ་བར་འགྱུར།།

6 ཀུན་གྱིས་དཀོན་མཆོག་ཐར་པ་མཐོང་བར་འགྱུར།།

ཞེས་གསུངས།

7 ཡང་ཡོ་ཧ་ནན་ནས་ཁྲུས་གསོལ་ལེན་པའི་ཆེད་དུ་ཡོང་བའི་མི་ཚོགས་མང་པོར་ཁོང་གིས་ “དུག་སྦྲུལ་གྱི་རིགས་ཁྱོད་ཚོ། སྡིག་པའི་ཉེས་ཆད་ཡིན་ཏེ་མ་འོངས་པའི་ཐུགས་ཁྲོ་ལས་འབྲོས་པ་ཁྱོད་ཚོར་སུས་བསྟན།

8 སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་བའི་འབྲས་བུ་སྨིན་ཞིག ཡང་ཨབ་ར་ཧམ་ང་ཚོའི་མེས་པོ་ཡིན་ཞེས་མ་སོམས། ངས་ཁྱོད་ཚོར་ཟེར་རྒྱུར། དཀོན་མཆོག་གིས་རྡོ་འདི་ཚོ་ལས་ཨབ་ར་ཧམ་ལ་བུ་རྒྱུད་འབྱུང་བར་མཛད་ཐུབ་པའི་ཕྱིར་རོ།

9 ད་ལྟ་སྟ་རེ་ཞིག་ཤིང་སྡོང་གི་རྩ་ལ་བཞག་ཡོད་པས་འབྲས་བུ་བཟང་པོ་མ་སྨིན་པའི་ཤིང་སྡོང་རེ་རེ་བཞིན་བཅད་ནས་མེ་ལ་གཡུག་པར་འགྱུར་” ཞེས་གསུངས།

10 མི་ཚོགས་ཀྱིས་ཁོང་ལ་ “བྱས་ན་ང་ཚོས་ཅི་བྱེད་དགོས་” ཞེས་དྲིས།

11 ལན་དུ་ཁོང་གིས་ཁོ་ཚོར་ “གོས་གཉིས་ཡོད་པ་གོས་མེད་པ་ལ་བགོད་པ་དང༌། ཟས་ཡོད་མཁན་གྱིས་ཀྱང་དེ་ལྟར་བྱེད་དགོས་” ཞེས་གསུངས་པས།

12 ཁྲལ་སྡུད་མཁན་ཁྲུས་གསོལ་ལེན་ཕྱིར་ཡོང་ནས་ཁོང་ལ་ “སློབ་དཔོན་ལགས། ང་ཚོས་ཅི་བྱེད་དགོས་” ཅེས་དྲིས་པ་དང༌།

13 ཁོང་གིས་ཁོ་ཚོར་ “ཁ་མངག་པ་ལས་ལྷག་པར་མ་ལེན་” ཞེས་གསུངས།

14 དམག་མི་ཁ་ཤས་ཀྱིས་ཁོང་ལ་ “ང་ཚོས་ཅི་བྱེད་དགོས་” ཅེས་དྲིས་པ་ན། ཁོང་གིས་ “བཙན་ཐབས་ཀྱིས་དངུལ་མ་ལེན། མི་སུ་ཡང་ལ་སྙད་མ་འདོགས། ཁྱོད་ཀྱི་གླ་ཆ་ཡིས་ཚིམ་པར་འགྱུར་ཞིག་” ཅེས་གསུངས།

15 མི་རྣམས་རེ་སྒུག་བྱེད་བཞིན་པས་ཚང་མའི་སེམས་ལ་ཡོ་ཧ་ནན་ནི་མཱ་ཤི་ཀ་ཡིན་མིན་སྙམ་པ་དང༌།

16 ཡོ་ཧ་ནན་གྱིས་མི་དེ་ཚོ་ཚང་མར་ “ངས་ནི་ཆུ་ཡིས་ཁྱོད་ཚོར་ཁྲུས་གསོལ་བྱེད། འོན་ཀྱང་ངའི་རྗེས་ལ་ང་ལས་དབང་ཆེ་བ་ཞིག་ཕེབས་ཡོང་བར་ངེས་ཏེ། ང་ཁོང་གི་ལྷམ་སྒྲོག་ཀྱང་འགྲོལ་བར་མི་འོས། ཁོང་གིས་ཁྱོད་ཚོར་དཀོན་མཆོག་གི་དམ་པའི་ཐུགས་ཉིད་དང་མེ་ཡིས་ཁྲུས་གསོལ་གནང་བར་འགྱུར་རོ།

17 ཁོང་གི་གཡུལ་ཁ་ལེགས་པོར་གཙང་མ་བཟོ་བའི་ཆེད་དང༌། མཛོད་ཁང་ལ་གྲོ་སྡུད་པའི་ཕྱིར་སྦར་མོ་ཕྱག་ལ་ཡོད། འོན་ཀྱང་རྩྭ་རྣམས་ཁོང་གིས་གསོད་མི་སྲིད་པའི་མེ་ཡིས་སྲེག་པར་བྱ་” ཞེས་གསུངས།

18 ད་དུང་སྐད་ཆ་གཞན་དག་མང་པོས་སྐུལ་མ་བཏང་སྟེ་ཁོང་གིས་མི་རྣམས་ལ་འཕྲིན་བཟང་བསྒྲགས།

19 འོན་ཀྱང་ཡོ་ཧ་ནན་གྱིས་ས་གནས་དཔོན་པོ་ཧེ་རོ་དཱེ་ལ་ཁོའི་གཅེན་པོའི་བཟའ་ཟླ་ཧེ་རོད་ཡཱ་ཡི་རྒྱུ་རྐྱེན་དང༌། ཁོས་བྱས་པའི་ལས་ངན་ཚང་མའི་རྐྱེན་གྱིས་བཀའ་བཀྱོན་བྱེད་སྐབས།

20 ཉེས་པ་གཞན་ཐམས་ཅད་བྱས་པའི་སྟེང་དུ་ཁོས་ཡོ་ཧ་ནན་བཙོན་ཁང་ལ་བཅུག

སྟོན་པ་ཡེ་ཤུས་ཁྲུས་གསོལ་བཞེས་པ།

21 དེར་ཡོད་པའི་མི་རྣམས་ཁྲུས་གསོལ་ལེན་སྐབས་གཙོ་བོ་ཡེ་ཤུའང་ཁྲུས་གསོལ་བཞེས། ཁོང་གིས་གསོལ་སྨོན་འདེབས་དུས་ནམ་མཁའ་ཕྱེ་ནས།

22 དམ་པའི་ཐུགས་ཉིད་གཟུགས་དང་ལྡན་ཅིང་ཕུག་རོན་ལྟར་ཁོང་གི་སྟེང་ལ་བབས་ཏེ་དཀོན་མཆོག་གི་ཞིང་ཁམས་ནས་ “ཁྱེད་ནི་ངའི་གཅེས་པའི་བུ་ཡིན། ང་རང་ཁྱེད་ལ་ཤིན་ཏུ་དགའོ་” ཞེས་པའི་གསུང་སྐད་ཅིག་བྱུང༌།

སྟོན་པ་ཡེ་ཤུའི་གདུང་རྒྱུད།

23 ཡེ་ཤུའི་ཕྱག་ལས་འགོ་འཛུགས་དུས་ཁོང་དགུང་ལོ་སུམ་བཅུ་ཙམ་ལོན་ཅིང༌། མི་རྣམས་ཀྱིས་ཁོང་ཡོ་སེབ་ཀྱི་བུ་ཡིན་པར་བསམས། ཡོ་སེབ་ནི་ཨེ་ལི་ཞེས་བྱ་བའི་བུ་དང༌།

24 ཨེ་ལི་ནི་མད་ཐད་ཅེས་བྱ་བའི་བུ། མད་ཐད་ནི་ལེ་ཝི་ཞེས་བྱ་བའི་བུ་དང༌། ལེ་ཝི་ནི་མེལ་ཀི་ཞེས་བྱ་བའི་བུ། མེལ་ཀི་ནི་ཡན་ནཱ་ཞེས་བྱ་བའི་བུ་དང༌། ཡན་ནཱ་ནི་ཡོ་སེབ་ཅེས་བྱ་བའི་བུ།

25 ཡོ་སེབ་ནི་མད་ཐི་ཐི་ཞེས་བྱ་བའི་བུ་དང༌། མད་ཐི་ཐི་ནི་ཨ་མོ་ཟི་ཞེས་བྱ་བའི་བུ། ཨ་མོ་ཟི་ནི་ནཱ་ཧུམ་ཞེས་བྱ་བའི་བུ་དང༌། ནཱ་ཧུམ་ནི་ཧེ་ཟི་ལེ་ཞེས་བྱ་བའི་བུ། ཧེ་ཟི་ལེ་ནི་ནཱ་གེ་ཞེས་བྱ་བའི་བུ་དང༌།

26 ནཱ་གེ་ནི་མ་ཧ་ཐུ་ཞེས་བྱ་བའི་བུ། མ་ཧ་ཐུ་ནི་མད་ཐི་ཐི་ཞེས་བྱ་བའི་བུ་དང༌། མད་ཐི་ཐི་ནི་སེ་མེ་ཞེས་བྱ་བའི་བུ། སེ་མེ་ནི་ཡོ་སེག་ཅེས་བྱ་བའི་བུ་དང༌། ཡོ་སེག་ནི་ཡོ་དཱ་ཞེས་བྱ་བའི་བུ།

27 ཡོ་དཱ་ནི་ཡོ་ཧན་ནཱ་ཞེས་བྱ་བའི་བུ་དང༌། ཡོ་ཧན་ནཱ་ནི་རེ་སཱ་ཞེས་བྱ་བའི་བུ། རེ་སཱ་ནི་བཟེ་རུ་པ་པེལ་ཞེས་བྱ་བའི་བུ་དང༌། བཟེ་རུ་པ་པེལ་ནི་ཤེ་ཨལ་ཐི་ཨེལ་ཞེས་བྱ་བའི་བུ། ཤེ་ཨལ་ཐི་ཨེལ་ནི་ནེ་རི་ཞེས་བྱ་བའི་བུ་དང༌།

28 ནེ་རི་ནི་མེལ་ཀི་ཞེས་བྱ་བའི་བུ། མེལ་ཀི་ནི་ཨ་དཱ་ཞེས་བྱ་བའི་བུ་དང༌། ཨ་དཱ་ནི་ཁོ་སམ་ཞེས་བྱ་བའི་བུ། ཁོ་སམ་ནི་ཨེལ་མོ་དཱམ་ཞེས་བྱ་བའི་བུ་དང༌། ཨེལ་མོ་དཱམ་ནི་ཨེར་ཞེས་བྱ་བའི་བུ།

29 ཨེར་ནི་ཡོ་ཤུ་ཨ་ཞེས་བྱ་བའི་བུ་དང༌། ཡོ་ཤུ་ཨ་ནི་ཨེ་ལི་ཨེ་བཟིར་ཞེས་བྱ་བའི་བུ། ཨེ་ལི་ཨེ་བཟིར་ནི་ཡོ་རིམ་ཞེས་བྱ་བའི་བུ་དང༌། ཡོ་རིམ་ནི་མད་ཐད་ཅེས་བྱ་བའི་བུ། མད་ཐད་ནི་ལེ་ཝི་ཞེས་བྱ་བའི་བུ་དང༌།

30 ལེ་ཝི་ནི་སི་མེ་ཡོན་ཞེས་བྱ་བའི་བུ། སི་མེ་ཡོན་ནི་ཡུ་དཱ་ཞེས་བྱ་བའི་བུ་དང༌། ཡུ་དཱ་ནི་ཡོ་སེབ་ཅེས་བྱ་བའི་བུ། ཡོ་སེབ་ནི་ཡོ་ནཱམ་ཞེས་བྱ་བའི་བུ་དང༌། ཡོ་ནཱམ་ནི་ཨེལ་ཡ་ཀིམ་ཞེས་བྱ་བའི་བུ།

31 ཨེལ་ཡ་ཀིམ་ནི་མེ་ལེ་ཡཱ་ཞེས་བྱ་བའི་བུ་དང༌། མེ་ལེ་ཡཱ་ནི་མེན་ནཱ་ཞེས་བྱ་བའི་བུ། མེན་ནཱ་ནི་མད་ཐ་ཐི་ཞེས་བྱ་བའི་བུ་དང༌། མད་ཐ་ཐི་ནི་ནཱ་ཐན་ཞེས་བྱ་བའི་བུ། ནཱ་ཐན་ནི་དཱ་བིད་ཅེས་བྱ་བའི་བུ་དང༌།

32 དཱ་བིད་ནི་ཡེ་སེ་ཞེས་བྱ་བའི་བུ། ཡེ་སེ་ནི་ཨོ་པེད་ཅེས་བྱ་བའི་བུ་དང༌། ཨོ་པེད་ནི་པོ་ཨ་ཟི་ཞེས་བྱ་བའི་བུ། པོ་ཨ་ཟི་ནི་སལ་མོན་ཞེས་བྱ་བའི་བུ་དང༌། སལ་མོན་ནི་ནཱ་སོན་ཞེས་བྱ་བའི་བུ།

33 ནཱ་སོན་ནི་ཨ་མི་ན་དབ་ཅེས་བྱ་བའི་བུ་དང༌། ཨ་མི་ན་དབ་ནི་ཨད་མན་ཞེས་བྱ་བའི་བུ། ཨད་མན་ནི་རམ་ཞེས་བྱ་བའི་བུ་དང༌། རམ་ནི་ཧེ་ཟི་རོན་ཞེས་བྱ་བའི་བུ། ཧེ་ཟི་རོན་ནི་པེ་རེ་ཟི་ཞེས་བྱ་བའི་བུ་དང༌། པེ་རེ་ཟི་ནི་ཡུ་དཱ་ཞེས་བྱ་བའི་བུ།

34 ཡུ་དཱ་ནི་ཡ་ཀོབ་ཅེས་བྱ་བའི་བུ་དང༌། ཡ་ཀོབ་ནི་ཨི་སཱག་ཅེས་བྱ་བའི་བུ། ཨི་སཱག་ནི་ཨབ་ར་ཧམ་ཞེས་བྱ་བའི་བུ་དང༌། ཨབ་ར་ཧམ་ནི་ཐེ་རཱ་ཞེས་བྱ་བའི་བུ། ཐེ་རཱ་ནི་ནཱ་ཧོར་ཞེས་བྱ་བའི་བུ་དང༌།

35 ནཱ་ཧོར་ནི་སེ་རུག་ཅེས་བྱ་བའི་བུ། སེ་རུག་ནི་རེའུ་ཞེས་བྱ་བའི་བུ་དང༌། རེའུ་ནི་ཕེ་ལེག་ཅེས་བྱ་བའི་བུ། ཕེ་ལེག་ནི་ཨེ་པེར་ཞེས་བྱ་བའི་བུ་དང༌། ཨེ་པེར་ནི་ས་ལཱ་ཞེས་བྱ་བའི་བུ།

36 ས་ལཱ་ནི་ཁེ་ནཱན་ཞེས་བྱ་བའི་བུ་དང༌། ཁེ་ནཱན་ནི་ཨར་པག་སད་ཅེས་བྱ་བའི་བུ། ཨར་པག་སད་ནི་ཤེམ་ཞེས་བྱ་བའི་བུ་དང༌། ཤེམ་ནི་ནོ་ཨ་ཞེས་བྱ་བའི་བུ། ནོ་ཨ་ནི་ལ་མེག་ཅེས་བྱ་བའི་བུ་དང༌།

37 ལ་མེག་ནི་མེ་ཐུ་ཟི་ལཱ་ཞེས་བྱ་བའི་བུ། མེ་ཐུ་ཟི་ལཱ་ནི་ཧེ་ནོག་ཅེས་བྱ་བའི་བུ་དང༌། ཧེ་ནོག་ནི་ཡཱ་རིད་ཅེས་བྱ་བའི་བུ། ཡཱ་རིད་ནི་མཱ་ཧ་ལཱ་ཨེལ་ཞེས་བྱ་བའི་བུ་དང༌། མཱ་ཧ་ལཱ་ཨེལ་ནི་ཁེ་ནཱན་ཞེས་བྱ་བའི་བུ།

38 ཁེ་ནཱན་ནི་ཨེ་ནོ་ཟི་ཞེས་བྱ་བའི་བུ་དང༌། ཨེ་ནོ་ཟི་ནི་སེད་ཅེས་བྱ་བའི་བུ། སེད་ནི་ཨ་དམ་ཞེས་བྱ་བའི་བུ་ཡིན་པ་དང༌། ཨ་དམ་ནི་དཀོན་མཆོག་ནས་བྱུང་ངོ༌།།

ལུ་ཀཱ (4) – Luke (4)

1 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁོང་ཡོངས་སུ་གང་སྟེ་ཡེ་ཤུ་ཡོར་དན་གཙང་པོ་ནས་ཕྱིར་ལོག་ཕེབས་པ་དང༌། དམ་པའི་ཐུགས་ཉིད་ཀྱིས་སྐུལ་ཏེ་ཁོང་དབེན་སྟོང་ལ་ཕེབས།

2 ཉིན་ཞག་བཞི་བཅུའི་རིང་བདུད་སཱ་ཏན་གྱིས་ཁོང་ལ་ཉམས་ཚོད་བླངས། དེའི་དུས་སུ་ཁོང་གིས་ཞལ་ཟས་ཅི་ཡང་མ་བཞེས་པས་དུས་སྐབས་དེའི་མཐའ་མར་བཀྲེས།

3 བདུད་ཀྱིས་ཁོང་ལ་ “ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན་རྡོ་འདི་བག་ལེབ་ཏུ་འགྱུར་བའི་བཀའ་གཏོང་ཞིག་” ཞེས་སྨྲས་པ་ན།

4 ལན་དུ་ཡེ་ཤུས་ “གསུང་རབ་ནང་མི་ནི་བག་ལེབ་ཁོ་ནར་བརྟེན་ནས་འཚོ་བ་མ་ཡིན་ཞེས་བྲིས་འདུག་” ཅེས་གསུངས་པས།

5 བདུད་ཀྱིས་ཁོང་ཡར་ཁྲིད་ནས་ཡུད་ཙམ་ཞིག་ལ་འཇིག་རྟེན་གྱི་རྒྱལ་ཁམས་ཚང་མ་བསྟན་པ་རེད།

6 ཁོང་ལ་ “རྒྱལ་ཁམས་འདི་རྣམས་ཀྱི་སྲིད་དབང་དང་དཔལ་ང་ལ་གཏད་ཡོད་དེ་ངས་སུ་ལ་དགའ་བར་སྟེར་བས་ཁྱེད་ལ་འབུལ་བར་བྱ།

7 དེའི་ཕྱིར་ང་ལ་ཕྱག་འཚལ་ན་དེ་ཐམས་ཅད་ཁྱེད་ཀྱི་ཡིན་པར་འགྱུར་” ཞེས་ཟེར་བས།

8 ལན་དུ་ཡེ་ཤུས་ “གསུང་རབ་ནང་ཁྱེད་ཀྱིས་རང་གི་གཙོ་བོ་དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་དང་ཁོང་ཁོ་ནར་ཞབས་ཕྱི་བྱེད་དགོས་ཞེས་བྲིས་འདུག་” ཅེས་གསུངས།

9 བདུད་ཀྱིས་ཡེ་ཤུ་ཡེ་རུ་ཤ་ལེམ་ལ་ཁྲིད་ནས་མཆོད་ཁང་ཆེན་མོའི་རྩེ་རུ་ལང་དུ་བཅུག་ནས་ཁོང་ལ་ཁྱེད་རང་དཀོན་མཆོག་གི་སྲས་ཡིན་ན་འདི་ནས་མར་མཆོངས་ཤིག

10 གང་ལགས་ཟེར་ན། གསུང་རབ་ཀྱི་མདོ་ལས།

ཁོང་གི་སྲུང་དགོས་ཕོ་ཉ་རྣམས་སུ་ནི།།

ཁྱེད་སྐྱོབ་དགོས་པའི་བཀའ་ཡང་གནང་བར་འགྱུར།།

11 རྡོ་ལ་ཁྱེད་ཀྱི་ཞབས་ནི་མི་ཕོག་ཕྱིར།།

དེ་ཚོའི་ལག་པར་ཁྱེད་ནི་འདེགས་པར་འགྱུར།།

ཅེས་བྲིས་འདུག

12 ཡེ་ཤུས་ “གཙོ་བོ་ཁྱེད་ཀྱི་དཀོན་མཆོག་ལ་ཉམས་ཚོད་མ་བྱོས་ཤིག་ཅེས་བྲིས་འདུག་” ཅེས་གསུངས་པ་དང༌།

13 བདུད་ཉམས་ཚོད་ཀུན་ཚར་བའི་རྗེས་སུ་གོ་སྐབས་མ་འཐོབ་པར་ཁོང་དང་བྲལ།

14 ཡེ་ཤུ་དམ་པའི་ཐུགས་ཉིད་ཀྱི་དབང་ཐོག་ནས་ག་ལིལ་ཡུལ་དུ་ཕྱིར་ལོག་ཕེབས་ནས་ཁོང་གི་སྙན་གྲགས་ག་ལིལ་གྱི་མཐའ་འཁོར་ཡུལ་ཀུན་ཏུ་ཁྱབ་པ་རེད།

15 དེར་ཡོད་པའི་ཡ་ཧུ་དཱ་པའི་འདུ་ཁང་རྣམས་ཀྱི་ནང་ལ་ཁོང་གིས་ཆོས་བསྟན་གནང་བ་དང་མི་ཚང་མས་ཁོང་ལ་བསྟོད།

སྟོན་པ་ཡེ་ཤུས་ཆོས་བསྟན་འགོ་ཚུགས་པ།

16 ཡང་ཁོང་གི་འཚར་ལོངས་བྱུང་ས་ན་ཙ་རེལ་ལ་བྱོན་ཏེ་ནམ་རྒྱུན་ལྟར་ངལ་གསོ་བའི་ཉིན་མོར་ཁོང་འདུ་ཁང་ལ་ཕེབས། ཁོང་གསུང་རབ་ཀྱི་མདོ་ཀློག་པའི་ཆེད་དུ་བཞེངས་སྐབས།

17 ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ཁོང་ལ་ཕུལ་ནས་ཁ་ཕྱེ་སྟེ་འདི་ལྟར་བྲིས་པའི་གནས་རྙེད།

18-19 དབུལ་ཕོངས་རྣམས་ལ་འཕྲིན་བཟང་སྒྲོག་པའི་ཆེད།།

གཙོ་བོའི་ཐུགས་ཉིད་ང་ཡི་སྟེང་དུ་གནས།།

བཙོན་པ་ཐར་ཞིང་ལོང་བ་གསོ་བ་དང༌།།

བཙན་གནོན་རྣམས་ལ་བཅིངས་འགྲོལ་བྱེད་པ་དང༌།།

ཁོང་གི་ལོ་བཟང་སླེབས་པ་སྒྲོག་པའི་ཆེད།།

གཙོ་བོ་དཀོན་མཆོག་ང་ལ་བསྐོས་ཤིང་མངགས།།

ཞེས་གསུངས།

20 ཁོང་གིས་ཤོག་སྒྲིལ་དེ་བསྒྲིལ་ཏེ་གཡོག་པོ་ལ་གནང་ནས་བཞུགས་པ་དང༌། འདུ་ཁང་ལ་ཡོད་པའི་མི་ཚང་མས་ཁོང་ལ་མིག་ནན་གྱིས་བལྟས།

21 ཡང་ཁོང་གིས་མི་དེ་ཚོར་ “དེ་རིང་ཁྱེད་ཚོས་ཐོས་པའི་རིང་ལ་ལུང་བསྟན་འདི་གྲུབ་བོ་” ཞེས་གསུངས་པ་དང༌།

22 མི་ཚང་མས་ཁོང་ལ་བསྟོད་དེ་ཁོང་གི་ཐུགས་རྗེ་དང་ལྡན་པའི་གསུང་ལ་ཡ་མཚན་སྐྱེས་ཏེ། ཁོ་ཚོས་ “འདི་ནི་ཡོ་སེབ་ཀྱི་བུ་མ་ཡིན་ནམ་” ཞེས་ཟེར།

23 ཁོང་གིས་ཁོ་ཚོར་ “ཁྱེད་ཚོས་སྨན་པ་རང་གིས་རང་གསོ་བར་བྱོས་ཞེས་པའི་གཏམ་དཔེ་ང་ལ་ཟེར་ངེས་ཡིན་པ་དང༌། ང་ཚོས་ཐོས་པའི་ཀ་ཕར་ན་ཧུམ་ལ་གང་མཛད་པ་དེ་ཁྱེད་ཀྱི་ཕ་ཡུལ་འདི་རུའང་མཛོད་ཅེས་སྨྲ་བར་འགྱུར་” ཞེས་གསུངས།

24 ཡང་ཁོང་གིས་ “ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། རང་གི་ཕ་ཡུལ་ལ་ལུང་སྟོན་པ་སུ་ཞིག་ཀྱང་བསུ་བར་མི་འགྱུར།

25 དངོས་གནས་བྱས་ན་ལུང་སྟོན་པ་ཨེ་ལི་ཡཱ་ཡི་དུས་སུ་ལོ་གསུམ་དང་ཟླ་བ་དྲུག་རིང་ལ་ཆར་པ་ཆད་པས་ཡུལ་ཆ་ཚང་ལ་མུ་གེ་ཆེན་པོ་བྱུང་སྐབས། ཡི་སི་ར་ཨེལ་ལ་ཡུགས་མོ་མང་པོ་ཡོད་ནའང༌།

26 ཚི་དོན་ཡུལ་གྱི་ས་རེབ་ཏཱ་ཞེས་པའི་གྲོང་སྡེ་ཡི་ཡུགས་མོ་ཞིག་མ་གཏོགས་པར་ཨེ་ལི་ཡཱ་དེ་ཚོར་མ་མངགས།

27ཡང་ལུང་སྟོན་པ་ཨེ་ལི་ཤཱ་ཡི་དུས་སུ་ཡི་སི་ར་ཨེལ་ལ་མཛེ་ནད་ཅན་མང་པོ་ཡོད་ནའང་སི་རི་ཡཱ་པ་ནེ་མན་མ་གཏོགས་པར་དེ་ཚོའི་ནང་ནས་སུ་ཡང་ནད་གསོས་ནས་གཙང་བར་མ་གྱུར་” ཞེས་གསུངས།

28 དོན་དེ་ཐོས་པའི་རྗེས་སུ་འདུ་ཁང་ལ་ཡོད་པ་ཐམས་ཅད་ཁོང་ཁྲོ་འབར་པས།

29 ལངས་ཏེ་ཁོང་གྲོང་སྡེ་ནས་ཕྱིར་བསྐྲད། ཁོ་ཚོའི་གྲོང་སྡེ་བྲག་རིའི་ལྡེབས་ལ་ཆགས་ཏེ་ཁོང་གཡང་ས་ནས་འཕེན་པའི་ཕྱིར་རིའི་ཟུར་ལ་ཁྲིད།

30 འོན་ཀྱང་ཁོང་མི་ཚོགས་ཀྱི་ཁྲོད་ནས་ཐོན་ཏེ་ཕར་ཕེབས་སོ།།

གདོན་འདྲེ་བསྐྲད་པ།

31 ག་ལིལ་ཡུལ་གྱི་གྲོང་སྡེ་ཀ་ཕར་ན་ཧུམ་ལ་མར་ཕེབས་ནས་ངལ་གསོ་བའི་ཉིན་མོར་ཁོང་གིས་ཁོ་ཚོར་ཆོས་བསྟན་གནང་བཞིན་ཡོད།

32 ཁོང་གི་གསུང་དབང་དང་ལྡན་པས་མི་དེ་ཚོ་ཡ་མཚན་ཆེན་པོ་སྐྱེས།

33 འདུ་ཁང་ལ་གདོན་འདྲེ་མི་གཙང་བས་ཟིན་པའི་མི་ཞིག་ཡོད་དེ་ཁོས་སྐད་ཆེན་པོས་

34 “ཧ། ན་ཙ་རེལ་པ་ཡེ་ཤུ། ང་ཚོ་དང་ཁྱེད་འབྲེལ་བ་གང་ཡོད། ཁྱེད་ཀྱིས་ང་ཚོ་མེད་པ་བཟོ་བར་ཕེབས་སམ། ཁྱེད་སུ་ཡིན་པ་ངས་ཤེས་ཀྱི་ཡོད། ཁྱེད་ནི་དཀོན་མཆོག་གི་སྐྱེས་བུ་དམ་པ་དེ་ཡིན་” ཞེས་བཤད།

35 འོན་ཀྱང་གཙོ་བོ་ཡེ་ཤུས་དེ་ལ་བཀའ་བསྐྱོན་གནང་སྟེ་ “ཁ་རོག་སྡོད། མི་དེའི་ལུས་ནས་ཐོན་ཅིག་” ཅེས་གསུངས་པ་ན། གདོན་འདྲེ་དེས་མི་རྣམས་ཀྱི་དཀྱིལ་དུ་ཁོ་ས་ལ་བསྒྱེལ་ནས་གནོད་འཚེ་མ་བྱུང་བར་ཁོའི་ལུས་ནས་ཕྱིར་ཐོན།

36 མི་ཐམས་ཅད་ཧ་ལས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་ “བསྟན་པ་འདི་ཅི་ཡིན། དབང་ཆ་དང་ནུས་མཐུའི་སྒོ་ནས་ཁོང་གིས་གདོན་འདྲེ་མི་གཙང་བར་བཀའ་གནང་ནས་ཕྱིར་ཐོན་” ཞེས་བཤད་བཞིན་ཡོད།

37 ཁོང་གི་སྙན་གྲགས་མཐའ་འཁོར་གྱི་ཡུལ་ཀུན་ཏུ་ཁྱབ་པའོ།།

ནད་རིགས་སྣ་ཚོགས་སེལ་བ།

38 ཁོང་བཞེངས་ཏེ་འདུ་ཁང་ནས་ཐོན་ཏེ་སི་མོན་གྱི་ཁྱིམ་དུ་ཕེབས། སི་མོན་གྱི་བཟའ་ཟླའི་ཨ་མ་ཚ་བ་ཤིན་ཏུ་རྒྱས་པས་ཁོ་རྣམས་ཀྱིས་ཁོང་ལ་དེའི་སྐོར་ཞུས།

39 ཁོ་མོའི་མདུན་དུ་བཞེངས་ཏེ་ཁོང་གིས་ཚ་བ་ལ་བཀའ་བསྐྱོན་གནང་བས་འཇགས་པ་དང༌། འཕྲལ་དུ་ཁོ་མོ་ལངས་ནས་ཁོང་རྣམས་ལ་ཞབས་ཕྱི་ཞུས།

40 ཉི་མ་བཞུད་པའི་དུས་སུ་ཁོ་ཚོས་ནད་སྣ་ཚོགས་ཕོག་པའི་མི་ཐམས་ཅད་ཡེ་ཤུའི་དྲུང་དུ་ཁྲིད་པ་དང༌། ཁོང་གིས་མི་དེ་ཚོ་རེ་རེར་ཕྱག་བཞག་སྟེ་གསོ་བར་མཛད།

41 མ་ཟད་གདོན་འདྲེ་མི་མང་པོའི་ནང་ནས་ཕྱིར་ཐོན་ཏེ་སྐད་ཆེན་པོས་ “ཁྱེད་ནི་དཀོན་མཆོག་གི་སྲས་ཡིན་” ཞེས་སྨྲས། འོན་ཀྱང་དེ་ཚོར་བཀའ་བསྐྱོན་གནང་ནས་ཁོང་གིས་གདོན་དེ་ཚོར་སྐད་ཆ་ལབ་ཏུ་མ་བཅུག གང་ཡིན་ཟེར་ན། གདོན་འདྲེས་ཁོང་མཱ་ཤི་ཀ་ཡིན་པར་ཤེས་ཀྱི་ཡོད་པས་རེད།

42 དེའི་སང་ཞོགས་སུ་ཡེ་ཤུ་དབེན་གནས་ཤིག་ཏུ་ཕེབས། མི་ཚོགས་ཀྱིས་བཙལ་ནས་ཁོང་གི་མདུན་དུ་ཡོང་བ་དང༌། ཕར་མི་ཕེབས་པའི་ཕྱིར་ཁོང་འགོག་པར་འདོད།

43 འོན་ཀྱང་ཁོང་གིས་ཁོ་ཚོར་ “ངས་གྲོང་ཁྱེར་གཞན་རྣམས་ལ་ཡང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་སྒྲོག་དགོས། ང་དོན་འདིའི་ཆེད་དུ་མངགས་པ་ཡིན་” ཞེས་གསུངས།

44 དེའི་ཕྱིར་ཁོང་གིས་ཡ་ཧུ་དཱ་ཡུལ་ཀྱི་འདུ་ཁང་ནང་ལ་ཆོས་ཡང་ཡང་གསུང་བཞིན་ཡོད་དོ།།

ལུ་ཀཱ (5) – Luke (5)

1 ཡེ་ཤུ་གེ་ནེ་སཱ་རེལ་ཞེས་པའི་མཚོའི་འགྲམ་དུ་བཞུགས་པ་དང༌། དཀོན་མཆོག་གི་བཀའ་ལ་ཉན་པའི་ཆེད་དུ་མི་ཚོགས་འཚང་ཁ་བརྒྱབ་སྟེ་ཁོང་གི་མཐའ་ནས་བསྐོར་སྐབས།

2 ཁོང་གིས་མཚོའི་འགྲམ་ལ་གྲུ་གཉིས་ཡོད་པ་གཟིགས། ཉ་པ་རྣམས་གྲུ་བཞག་ནས་དྲ་རྒྱ་འཁྲུད་བཞིན་ཡོད།

3 ཁོང་སི་མོན་གྱི་གྲུ་ལ་ཞུགས་ནས་སི་མོན་ལ་སྐམ་ས་ནས་ཕྱིར་བསྐྱོད་ཏོག་ཙམ་བྱོས་ཞེས་གསུངས་པས། ཁོང་གྲུ་ལ་བཞུགས་ཏེ་མི་ཚོགས་ལ་ཆོས་བསྟན་གནང༌།

4 ཆོས་གསུངས་ཚར་ནས་ཁོང་གིས་སི་མོན་ལ་ “ཉ་ཟིན་པའི་ཕྱིར་ཆུ་གཏིང་རིང་པོའི་སར་སོང་ལ་དྲ་རྒྱ་མར་ཐོང་” ཞེས་གསུངས་པ་ན།

5 ལན་དུ་སི་མོན་གྱིས་ “རྒན་ལགས། ང་ཚོས་མཚན་གང་དཀའ་ལས་བྱས་ནས་ཉ་གཅིག་ཀྱང་ཟིན་མ་ཐུབ། འོན་ཀྱང་ཁྱེད་ཀྱིས་དེ་ལྟར་གསུངས་པས་ངས་དྲ་རྒྱ་མར་འབེབས་པར་བྱ་” ཞེས་ཟེར།

6 དེ་ལྟར་བྱས་ནས་ཉ་ཤིན་ཏུ་མང་པོ་བཟུང་བས་དྲ་རྒྱ་རལ་གྲབས་འདུག

7 རོགས་རམ་ཐོབ་པའི་ཕྱིར་ཁོ་ཚོས་གྲུ་གཞན་ལ་ཡོད་པའི་ལས་རོགས་རྣམས་ལ་ལག་བརྡ་བྱས་པ་དང༌། ཁོ་ཚོ་ཡོང་ནས་ཆུར་ནུབ་གྲབས་ཙམ་ལ་གྲུ་གཉིས་ཀ་ཉ་ཡིས་བཀང༌།

8 དེ་མཐོང་ནས་སི་མོན་པེ་ཏྲོ་ཡིས་གཙོ་བོ་ཡེ་ཤུའི་མདུན་དུ་པུས་མོ་སར་བཙུགས་ནས་ཁོང་ལ་ “གཙོ་བོ། ང་མི་སྡིག་ཉེས་ཅན་ཡིན་པས་ངའི་རྩ་ནས་ཕར་ཕེབས་” ཞེས་ཟེར།

9 ཉ་དེ་ཙམ་མང་པོ་བཟུང་བའི་རྐྱེན་གྱིས་ཁོ་དང་ཁོའི་ལས་རོགས་ཚང་མ་ཡ་མཚན་ཆེན་པོ་སྐྱེས།

10 སི་མོན་གྱི་ལས་རོགས་ཡིན་པ་ཟེ་བད་ཡཱ་ཟེར་བའི་བུ་ཡ་ཀོབ་དང་ཡོ་ཧ་ནན་ཡང་དེ་ལྟར་ཧ་ལས་པ་དང༌། ཡེ་ཤུས་སི་མོན་ལ་ “མ་འཇིགས་ཤིག ཁྱེད་ཚོས་ཉ་བཙལ་བ་ལྟར་ད་ནས་བཟུང་མི་རྣམས་འཚོལ་བར་འགྱུར་” ཞེས་གསུངས།

11 གྲུ་གཉིས་སྐམ་སར་སླེབས་ནས་ཐམས་ཅད་སྤངས་ཏེ་ཁོ་ཚོ་ཁོང་གི་རྗེས་སུ་འབྲངས་སོ།།

མཛེ་ནད་དག་པར་མཛད་པ།

12 གྲོང་ཁྱེར་ཞིག་ལ་བཞུགས་སྐབས་མཛེ་ནད་ལྗིད་པོ་ཅན་ཞིག་གིས་ཡེ་ཤུ་མཐོང་ནས་ཕྱག་འཚལ་ཏེ་ཁོང་ལ་ “གཙོ་བོ། གལ་ཏེ་ཁྱེད་ཐུགས་མཉེས་པ་ཡིན་ན་ཁྱེད་ཀྱིས་ང་རང་མཛེ་ནད་དག་པར་མཛད་ཐུབ་” ཅེས་ཞུ་བ་ཆེན་པོ་ཕུལ་བས།

13 ཡེ་ཤུས་ཕྱག་བརྐྱངས་ནས་ཁོ་ལ་རེག་སྟེ་ “ང་དེ་བཞིན་དུ་བྱེད་འདོད་ཡོད། དག་པར་གྱུར་ཅིག་” ཅེས་གསུངས་པ་དང༌། འཕྲལ་དུ་ཁོ་མཛེ་ནད་དེ་དག་པར་གྱུར།

14 མི་དེར་གཞན་ལ་ཅི་ཡང་སྨྲ་བར་མི་བྱེད་པའི་བཀའ་གནང་སྟེ་ “སོང་ལ་རང་གི་ལུས་ཡ་ཧུ་དཱ་པའི་བླ་མར་སྟོན་དང༌། ཁོང་རྣམས་ལ་བདེན་དཔང་བྱེད་པའི་ཕྱིར་ལུང་སྟོན་པ་མོ་ཤེ་ཡིས་བཀའ་གནང་བ་ལྟར་ཁྱེད་དག་པར་གྱུར་བའི་ཕྱིར་མཆོད་པ་ཞིག་ཕུལ་” ཞེས་གསུངས།

15 ཁོང་གི་སྙན་གྲགས་སྔོན་ལས་རྒྱ་ཆེ་བར་ཁྱབ་བཞིན་ཡོད་པས་ཁོང་གི་གསུང་ལ་ཉན་པ་དང༌། ཁོ་ཚོ་ནད་ལས་ཐར་བའི་ཆེད་དུ་མི་ཚོགས་མང་པོ་འཛོམས།

16 འོན་ཀྱང་ཡེ་ཤུ་སྨོན་ལམ་འདེབས་པའི་ཆེད་དུ་ནམ་རྒྱུན་ལྟར་དབེན་སྟོང་ལ་ཕེབས་སོ།།

ཞ་བོའི་ནད་སེལ་བ།

17 ཉིན་ཞིག་ཁོང་གིས་ཆོས་བསྟན་གནང་བའི་སྐབས། ག་ལིལ་ཡུལ་གྱི་གྲོང་གསེབ་རེ་རེ་དང༌། ཡ་ཧུ་དཱ་ཡུལ། ཡེ་རུ་ཤ་ལེམ་ནས་ཡོང་བའི་ཕཱ་རུ་ཤི་པ་དང་ཆོས་ཁྲིམས་ལ་མཁས་པའི་མི་ཁ་ཤས་དེ་རུ་བསྡད་དེ། ནད་གསོ་བར་མཛད་པའི་ཆེད་དུ་དཀོན་མཆོག་གི་ནུས་མཐུ་ཁོང་དང་ལྷན་དུ་གནས།

18 མི་འགའ་ཤས་ཀྱིས་ཉལ་ཁྲི་སྟེང་ལ་གོམ་པ་སྤོ་མི་ཐུབ་པའི་ནད་པ་གཅིག་ཁུར་ཏེ་ནང་ལ་ཡོང་ནས་ཡེ་ཤུའི་མདུན་དུ་འཇོག་པའི་ཐབས་བཙལ་ཡང༌།

19 མི་ཚོགས་མང་བས་ཁོ་ཚོ་ཁོང་གི་དྲུང་དུ་མ་ཐར་སྟབས། ཁང་པའི་ཐོག་ཁར་འཛེགས་ནས་ཐོག་ས་བཀོག་སྟེ་ཁོ་ཚོས་ནད་པ་དང་ཉལ་ཁྲི་མཉམ་དུ་མི་ཚོགས་ཀྱི་དཀྱིལ་ལ་ཡེ་ཤུ་བཞུགས་སའི་མདུན་དུ་མར་ཕབ་པ་རེད།

20 ཁོ་ཚོའི་དད་པའི་སེམས་མཁྱེན་ནས་ཁོང་གིས་ “བུ། ཁྱེད་ཀྱི་སྡིག་ཉེས་བསལ་ཟིན་པ་ཡིན་” ཞེས་གསུངས།

21 ཆོས་ཁྲིམས་ལ་མཁས་པའི་མི་དང་ཕཱ་རུ་ཤི་པའི་བསམ་པ་ལ་དཀོན་མཆོག་ལ་སྐུར་བ་འདེབས་མཁན་འདི་སུ་ཡིན། དཀོན་མཆོག་གཅིག་པོས་མ་གཏོགས་གཞན་སུས་སྡིག་ཉེས་སེལ་ཐུབ་སྙམ།

22 ཁོ་ཚོའི་བསམ་པ་མཁྱེན་ནས་ཡེ་ཤུས་ཁོ་ཚོར་ “ཁྱོད་ཚོས་བསམ་བློ་འདི་ལྟར་བཏང་དགོས་པའི་རྒྱུ་མཚན་གང་ཡིན།

23 ནད་པ་དེར་ཁྱེད་ཀྱི་སྡིག་ཉེས་བསལ་ཟིན་ཟེར་བ་ལས་སླ་པོ་ཡིན་ནམ། ཡང་ན་ལོངས་ལ་སོང་ཞིག་ཟེར་བ་ལས་སླ་པོ་ཡིན།

24 འོན་ཀྱང་མིའི་རིགས་ཀྱི་བུ་ཟེར་མཁན་དེ་ལ་འཇིག་རྟེན་འདིར་སྡིག་ཉེས་སེལ་བའི་དབང་ཡོད་པ་ཁྱོད་ཚོས་ཤེས་པའི་ཕྱིར༌༌༌༌” ཞེས་གསུངས་ནས་ཁོང་གིས་ནད་པ་དེ་ལ་ “ངས་ཁྱེད་ལ་ཟེར་རྒྱུར། ལོངས་ལ་ཉལ་ཁྲི་ཁྱེར་ནས་ནང་ལ་ལོག་ཅིག་” ཅེས་གསུངས་པས།

25 མི་དེས་ཁོ་ཚོའི་མདུན་དུ་ལམ་སེང་ཡར་ལངས་ནས་ཉལ་ཁྲི་ཁྱེར་བ་དང་དཀོན་མཆོག་ལ་བསྟོད་དེ་ཁྱིམ་དུ་ཕྱིར་ལོག

26 ཁོ་ཚོ་ཐམས་ཅད་ཡ་མཚན་ཆེན་པོ་སྐྱེས་ནས་དཀོན་མཆོག་ལ་བསྟོད་པ་ཕུལ། འཇིགས་སྐྲག་སྐྱེས་ཏེ་ “དེ་རིང་ང་ཚོས་ངོ་མཚར་ཅན་གྱི་མཛད་པ་མཐོང་བྱུང་” ཞེས་བཤད་དོ།།

སྟོན་པ་ཡེ་ཤུས་ལེ་ཝི་ཉེ་གནས་སུ་སྐོང་བ།

27 དེའི་རྗེས་སུ་ཁོང་ཕྱི་རུ་ཕེབས་ནས་ལེ་ཝི་ཞེས་བྱ་བའི་མི་ཞིག་ཁྲལ་ལེན་སར་བསྡད་ཡོད་པ་གཟིགས་ནས་དེ་ལ་ “ཁྱེད་རང་ངའི་རྗེས་སུ་ཤོག་” ཅེས་གསུངས་པས།

28 ཐམས་ཅད་སྤངས་ནས་ཡར་ལངས་ཏེ་ཁོང་གི་རྗེས་སུ་འབྲངས།

29 ལེ་ཝི་ཡིས་རང་གི་ཁྱིམ་དུ་ཡེ་ཤུ་ལ་གསོལ་སྟོན་ཆེན་པོ་བཤམས་ཏེ། ཁྲལ་སྡུད་མཁན་ལ་སོགས་པའི་མི་ཚོགས་མང་པོ་ཞིག་ཁོང་ཚོ་དང་མཉམ་དུ་ཟ་བཞིན་ཡོད།

30 ཕཱ་རུ་ཤི་པ་དང་ཁོ་ཚོའི་ཕྱོགས་ཁག་ཏུ་གཏོགས་པའི་ཆོས་ཁྲིམས་ལ་མཁས་པའི་མི་ཚོས་ཁོང་གི་ཉེ་གནས་རྣམས་ལ་ “ཁྱེད་ཚོས་ཁྲལ་སྡུད་མཁན་དང་སྡིག་ཉེས་ཅན་མཉམ་དུ་བཟའ་བཏུང་བྱེད་པ་འདི་ཅི་ཡིན་” ཞེས་མ་རངས་པའི་གཏམ་ཤོད་བཞིན་ཡོད་པ་དང༌།

31 ཡེ་ཤུས་ “ཁམས་བཟང་པོའི་མི་ལ་སྨན་པ་མི་དགོས་ཀྱི། ནད་པ་ཚོ་ལ་དགོས།

32 ང་རང་ནི་ཆོས་དྲང་པོའི་མི་རྣམས་འབོད་དུ་ཡོང་བ་མ་ཡིན་གྱི། མི་སྡིག་ཅན་རྣམས་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་བར་འབོད་དུ་ཡོང་བ་ཡིན་” ཞེས་གསུངས།

སྨྱུང་གནས་ཀྱི་སྐོར།

33 ཁོ་ཚོས་ཁོང་ལ་ “ཡོ་ཧ་ནན་གྱི་སློབ་མར་སྨྱུང་གནས་སྲུང་ཞིང་སྨོན་ལམ་འདེབས་པའི་ལུགས་སྲོལ་ཡོད། ཕཱ་རུ་ཤི་པའི་སློབ་མའང་དེ་ལྟར་བྱེད། འོན་ཀྱང་ཁྱེད་ཀྱི་སློབ་མས་བཟའ་བཏུང་བྱེད་” ཅེས་སྨྲས།

34 ཡེ་ཤུས་ “ཆང་སའི་སྐབས། མག་པ་དང་ཁོའི་རོགས་པ་རྣམས་མཉམ་དུ་ཡོད་དུས་ཁྱེད་ཀྱིས་དེ་ཚོར་སྨྱུང་གནས་སྲུང་དུ་འཇུག་ཐུབ་བམ།

35 འོན་ཀྱང་མག་པ་ཁོ་ཚོ་དང་ཁ་འབྲལ་བའི་དུས་ལ་འབབ་ཡོང༌། དུས་དེར་ཁོ་ཚོས་སྨྱུང་གནས་སྲུང་ངེས་” ཞེས་གསུངས།

36 དཔེའི་སྒོ་ནས་ཁོང་གིས་ཁོ་ཚོར་ “མི་སུ་ཡིན་ཡང་རས་མཐུག་པོས་གོས་སྲབ་པོར་ལྷན་པ་མི་རྒྱག ལྷན་པ་བརྒྱབ་ན་རས་མཐུག་པོ་དེས་གོས་སྲབ་པོའི་སྲུབས་ཁ་ཇེ་ཆེར་འགྲོ

37 ཡང་དེ་ལྟར་མི་སུ་ཞིག་ཡིན་ཡང་རྒུན་འབྲུམ་ཆང་གསར་པ་པགས་པའི་ཁུག་མ་རྙིང་པའི་ནང་བསྙལ་བར་མི་བྱ་སྟེ། གལ་ཏེ་བསྙལ་ཚེ་ཆང་འཕེལ་ནས་ཁུག་མ་རྙིང་པ་གས་ཏེ་ཆང་དང་ཁུག་མ་གཉིས་ཀ་འཕྲོ་བརླག་འགྲོ་བར་འགྱུར།

38 རྒུན་འབྲུམ་ཆང་གསར་པ་དེ་ཁུག་མ་གསར་པའི་ནང་དུ་བླུག་དགོས།

39 ཡང་རྒུན་འབྲུམ་ཆང་རྙིང་མ་བཏུངས་ནས་མི་སུས་ཀྱང་གསར་པ་འཐུང་མི་འདོད། གང་ལགས་ཤེ་ན། ཁོས་རྒུན་ཆང་རྙིང་པ་དེ་ལེགས་སོ་ཞེས་ཟེར་” ཞེས་གསུངས་སོ།།

ལུ་ཀཱ (6) – Luke (6)

1 ངལ་གསོ་བའི་ཉིན་མོ་ཞིག་ལ་ཡེ་ཤུ་ཞིང་ཁ་ཞིག་བརྒྱུད་ནས་ཕེབས་སྐབས། ཁོང་གི་ཉེ་གནས་རྣམས་ཀྱིས་འབྲུ་ཡི་སྙེ་མ་བཏོགས་ཏེ་ལག་པར་འཕུར་འཕུར་བྱས་ནས་བཟས་པ་ལ།

2 ཕཱ་རུ་ཤི་པ་ཁ་ཤས་ཀྱིས་ “ཁྱེད་ཚོས་ཅིའི་ཕྱིར་ངལ་གསོ་བའི་ཉིན་མོར་བྱེད་མི་ཆོག་པའི་ལས་བྱེད་བཞིན་ཡོད་དམ་” ཞེས་དྲིས།

3 ཡེ་ཤུས་ “རྒྱལ་པོ་དཱ་བིད་དང་ཁོང་གི་འཁོར་གཡོག་རྣམས་ཀྱིས་ལྟོགས་པའི་ཚེ་ཅི་ཞིག་བྱས་པ་དེ་ཡང་ཁྱོད་ཚོས་བཀླགས་མ་མྱོང་ངམ།

4 ཁོང་ཚོ་དཀོན་མཆོག་གི་མཆོད་ཁང་ལ་ཕེབས་ཏེ་དཀོན་མཆོག་གི་སྐུ་མདུན་གྱི་བག་ལེབ་བླངས་ནས་བཟས་ཤིང་འཁོར་གཡོག་རྣམས་ལའང་བྱིན་ནོ། བག་ལེབ་དེ་བཀའ་ཁྲིམས་ལྟར་ན་ཡ་ཧུ་དཱ་པའི་བླ་མ་རྣམས་ལས་གཞན་སུས་ཀྱང་ཟ་མི་ཆོག་” ཞེས་གསུངས།

5 དེ་ནས་ཁོང་གིས་ “མིའི་རིགས་ཀྱི་བུ་ནི་ངལ་གསོ་བའི་ཉིན་གྱི་གཙོ་བོ་ཡིན་ནོ་” ཞེས་གསུངས།

ངལ་གསོའི་ཉིན་མོར་ནད་སེལ་བ།

6 ངལ་གསོ་བའི་ཉིན་མོ་གཞན་ཞིག་ལ་ཁོང་ཡ་ཧུ་དཱ་པའི་འདུ་ཁང་ནང་དུ་ཕེབས་ནས་ཆོས་བསྟན་གནང་སྟེ། ལག་གཡས་པ་འཁུམས་པ་ཞིག་དེ་རུ་ཡོད།

7 ཡེ་ཤུ་ལ་ནག་ཉེས་བཙུགས་པའི་ཕྱིར་ཆོས་ཁྲིམས་ལ་མཁས་པའི་མི་དང་ཕཱ་རུ་ཤི་པ་རྣམས་ཀྱིས་ངལ་གསོ་བའི་ཉིན་མོར་ཁོང་གིས་ནད་བཅོས་མི་བཅོས་ལ་ནན་ཏན་གྱིས་བལྟས་ཏེ་བསྡད།

8 འོན་ཀྱང་མི་དེ་ཚོའི་བསམ་པ་མཁྱེན་ཏེ་ཁོང་གིས་ལག་པ་འཁུམས་པའི་མི་དེར་ “ཡར་ལངས་ནས་ཚུར་ཤོག་ཅིག་” ཅེས་གསུངས་པས་ཁོས་དེ་ལྟར་བྱས།

9 ཡེ་ཤུས་ཁོ་ཚོར་ “དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་མི་རྣམས་ལ་ངལ་གསོ་བའི་ཉིན་མོར་ལས་བཟང་པོ་བྱེད་ཆོག་གམ་ཡང་ན་ལས་ངན་པ་བྱེད་ཆོག སྲོག་སྐྱོབ་ཆོག་གམ་ཡང་ན་སྲོག་གཅོད་ཆོག་” ཅེས་དྲིས་ནས།

10 དེ་ཐམས་ཅད་ལ་རིམ་གྱིས་གཟིགས་ནས་ཁོང་གིས་མི་དེར་ “ལག་པ་རྐྱོངས་ཤིག་” ཅེས་གསུངས་པས་ཁོས་ལག་པ་བརྐྱངས་ཤིང་ནད་གསོས་པར་གྱུར།

11 འོན་ཀྱང་ཁོ་ཚོ་ཁོང་ཁྲོ་འབར་ནས་ཡེ་ཤུ་ལ་ཅི་ཞིག་བྱེད་པར་གྲོས་བསྡུར་བྱས་སོ།།

ཉེ་གནས་བཅུ་གཉིས་བདམས་པ།

12 དེའི་དུས་སུ་སྨོན་ལམ་འདེབས་པའི་ཕྱིར་ཁོང་རི་ཞིག་ལ་ཕེབས་ནས་མཚན་གང་དཀོན་མཆོག་ལ་གསོལ་བ་བཏབ།

13 ནམ་ལངས་པའི་ཚེ་ཁོང་གི་ཉེ་གནས་རྣམས་བོས་ནས་བཅུ་གཉིས་པོ་བདམས་ཏེ་ཁོང་གིས་ཁོ་ཚོར་སྐུ་ཚབ་ཅེས་བཏགས།

14 ཁོ་ཚོ་ནི་ཁོང་གིས་པེ་ཏྲོ་ཞེས་བཏགས་པའི་སི་མོན་དང༌། ཁོའི་གཅུང་པོ་ཨན་དྲི་ཡཱ། ཡ་ཀོབ། ཡོ་ཧ་ནན། ཕི་ལིབ། པར་ཐོ་ལོ་མཱ།

15 མད་ཐཱ། ཐོ་མཱ། ཨལ་ཕཱ་ཞེས་པ་དེའི་བུ་ཡ་ཀོབ། རྒྱལ་གཅེས་པའི་ཕྱོགས་ཁག་གི་ཁོངས་མི་སི་མོན། 16 ཡ་ཀོབ་ཀྱི་བུ་ཡུ་དཱ། ཁོང་ལ་རྒྱབ་གཏོད་བྱེད་མཁན་དུ་འགྱུར་བ་ཡུ་དཱ་དབྱི་སི་ཀར་རེ་བཅས་ཡིན་ནོ།།

མི་མང་པོའི་ནད་སེལ་བ།

17 ཡེ་ཤུ་ཁོ་ཚོ་དང་མཉམ་དུ་རི་ནས་མར་ཕེབས་ནས་ཐང་ཞིག་ལ་བཞུགས། དེར་ཡ་ཧུ་དཱའི་ཡུལ་ཐམས་ཅད་དང༌། ཡེ་རུ་ཤ་ལེམ། ས་དབུས་རྒྱ་མཚོའི་འགྲམ་ལ་ཆགས་པའི་གྲོང་ཁྱེར་ཐཱ་ཨེར་དང་ཚི་དོན་ནི།

18 ཁོང་གི་གསུང་ལ་ཉན་པ་དང༌། ཁོ་ཚོ་ནད་ལས་ཐར་བའི་ཆེད་དུ་མི་ཚོགས་ཧ་ཅང་མང་པོ་འཛོམས་ཏེ། གདོན་འདྲེ་མི་གཙང་བས་བཟུང་པའི་མི་རྣམས་གསོས་པར་གྱུར།

19 ནུས་མཐུ་ཞིག་ཁོང་ནས་ཕྱིར་ཐོན་ཏེ་ཁོ་ཚོའི་ནད་ཀུན་གསོས་པར་མཛད་པས་ཚང་མས་ཁོང་ལ་རེག་ཐབས་བཙལ།

བདེ་སྡུག་བསྟན་པ།

20 ཉེ་གནས་རྣམས་ལ་གཟིགས་ཏེ་ཁོང་གིས།

དཀོན་མཆོག་རྒྱལ་སྲིད་ཁྱེད་ལ་གནང་བས་ནི།།

དབུལ་ཕོངས་ཡིན་པ་ཁྱེད་རྣམས་བདེ་བ་ཡིན།།

21 ཁྱེད་ཚོ་ཚིམ་པར་འགྱུར་ངེས་ཡིན་པའི་ཕྱིར།།

ད་ལྟ་བཀྲེས་པ་རྣམས་ནི་བདེ་བ་ཡིན།།

རྗེས་མ་ཁྱེད་ཚོ་དགའ་བར་འགྱུར་བའི་ཆེད།།

ཁྱེད་རྣམས་ད་ལྟ་བཤུམ་མཁན་བདེ་བ་ཡིན།།

22 མི་ཡི་རིགས་ཀྱི་བུ་ཡི་དོན་དུ་ནི།།

ཁྱེད་ལ་སྡང་དང་ཟུར་ལ་ཕུད་བྱེད་དེ།།

དམའ་འབེབས་གཏོང་དང་མཐོང་ཆུང་བྱེད་པའི་སྐབས།།

ཁྱེད་རྣམས་ཤིན་ཏུ་བདེ་བ་ཡིན་པས་སོ།།

23 ལྟོས་དང༌། དཀོན་མཆོག་གི་ཞིང་ཁམས་སུ་ཁྱེད་ལ་བྱ་དགའ་ཆེན་པོ་ཡོད་པས་ཉིན་མོ་དེར་དགའ་བའི་ངང་ནས་མཆོངས་ཤིག གང་ལགས་ཟེར་ན། མི་དེ་ཚོའི་མེས་པོས་ཀྱང་ལུང་སྟོན་པ་རྣམས་ལ་དེ་ལྟར་བྱས་སོ།།

24 འོན་ཀྱང༌།

ཕྱུག་པོ་ཡོངས་སུ་སེམས་གསོ་ཐོབ་ཟིན་པས།།

ཁྱོད་རྣམས་ཆད་པ་ཕོག་པར་འགྱུར་ངེས་ཡིན།།

25 ཁྱོད་རྣམས་བཟས་ནས་ཚིམ་པར་འགྱུར་བ་ལ།།

ལྟོགས་པར་འགྱུར་བའི་ཆད་པ་ཕོག་པར་འགྱུར།།

གད་མོ་དགོད་པར་ཆད་པ་ཕོག་འགྱུར་ཏེ།།

ཁྱོད་རྣམས་མྱ་ངན་བྱེད་ཅིང་ངུ་བར་འགྱུར།།

26 ལུང་སྟོན་རྫུན་མར་མེས་པོས་བྱས་པ་ལྟར།།

ཐམས་ཅད་ཁྱོད་ལ་བསྟོད་བསྔགས་བྱས་འགྱུར་ན།།

ཁྱོད་རྣམས་ཆད་པ་ཕོག་པར་འགྱུར་ངེས་ཡིན།།

ཞེས་གསུངས་སོ།།

དགྲ་བོ་རྣམས་ལ་བྱམས་པ་བྱེད་དགོས་པའི་སྐོར།

27 ཡང་ཁོང་གིས་ “ངས་ཁྱེད་ཉན་མཁན་རྣམས་ལ་ཟེར་རྒྱུར། དགྲ་བོ་རྣམས་ལ་བྱམས་པ་གྱིས་ཤིག ཁྱེད་ལ་སྡང་མཁན་རྣམས་ལ་ལས་བཟང་པོ་བྱོས།

28 ཁྱེད་ཚོར་དམོད་མོ་འདེབས་མཁན་ལ་བྱིན་གྱིས་རློབས་ཤིང༌། ཁྱེད་ཚོར་སྨད་ར་གཏོང་མཁན་གྱི་དོན་དུ་སྨོན་ལམ་འདེབས་ཤིག

29 སུས་ཁྱེད་ལ་འགྲམ་པ་ཡ་གཅིག་ལ་འགྲམ་ལྕག་བཞུས་ན། དེ་ལ་འགྲམ་པ་གཞན་ཡང་སྟོན། སུས་ཁྱེད་ཀྱི་ཕྱི་གོས་ཕྲོགས་ན། དེ་ལ་ནང་གོས་ཀྱང་འཁྱེར་དུ་ཆུག

30 སུས་ཁྱེད་ལ་གང་ཞིག་ཞུས་ན་དེ་ལ་སྦྱིན། སུས་ཁྱེད་ཀྱི་དངོས་པོ་ཕྲོགས་ན། དེ་ལ་ཚུར་ཁྱེར་ཤོག་ཅེས་མི་ཟེར།

31 མི་གཞན་གྱིས་ཇི་ལྟར་ཁྱེད་ཚོར་བྱས་ན་དགའ་བ་བཞིན། དེ་ལྟར་གཞན་ལ་བྱོས་ཤིག

32 ཁྱེད་ལ་བྱམས་པ་བྱེད་མཁན་ལ་བྱམས་ན་ཅི་ཕན། སྡིག་ཉེས་ཅན་ཡང་སོ་སོར་བྱམས་པ་བྱེད་མཁན་ལ་བྱམས།

33 ཁྱེད་ལ་བཟང་པོ་བྱེད་མཁན་ལ་བཟང་པོ་བྱས་ན་ཅི་ཕན། སྡིག་ཉེས་ཅན་གྱིས་ཀྱང་དེ་ལྟར་བྱེད།

34 སྐྱིན་པ་ལེན་པའི་ཆེད་དུ་མི་གཞན་ལ་གཡར་ན་ཅི་ཕན། སྐྱིན་པ་ལེན་པའི་ཕྱིར་ཐ་ན་སྡིག་ཅན་གྱིས་སྡིག་ཅན་ལ་གཡར།

35 གལ་ཏེ་ཁྱེད་ཀྱིས་དགྲ་བོ་རྣམས་ལ་བྱམས་ཤིང༌། བཟང་པོ་བྱེད། སྐྱིན་པ་ལེན་པའི་རེ་བ་མེད་པར་མི་གཞན་ལ་གཡར་ན། ཁྱེད་ཀྱི་བྱ་དགའ་ཆེན་པོ་ཡིན་པ་མ་ཟད། ཁྱེད་ཚོ་བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡིན་པར་འགྱུར། གང་ལགས་ཟེར་ན། ཁོང་གིས་དྲིན་ལན་ལོག་འཇལ་བ་དང་ངན་པ་རྣམས་ལ་དྲིན་སྐྱོང་མཛད།

36 ཁྱེད་ཀྱི་ཡབ་ཐུགས་རྗེ་ཅན་ཡིན་པ་ལྟར་ཁྱེད་ཀྱང་སྙིང་རྗེ་ཅན་དུ་འགྱུར་དགོས་” ཞེས་གསུངས།

གཞན་ལ་སྐྱོན་འདོགས་མི་བྱེད་པའི་སྐོར།

37 ཡང་ཁོང་གིས་ “སྐྱོན་འདོགས་མ་བྱོས་དང་ཁྲིམས་གཅོད་འབྱུང་བར་མི་འགྱུར། ཁ་རྡུང་མ་གཏོང་དང་ཆད་པ་ཕོག་པར་མི་འགྱུར། གཞན་ལ་གུ་ཡངས་གཏོང་དང་རང་གི་སྡིག་ཉེས་སེལ་བར་འགྱུར།

38 མི་གཞན་ལ་སྦྱིན་དང་ཁྱེད་ལ་གནང་བར་འགྱུར་ཏེ། བྲེ་གང་ལས་མང༌། མནན་ནས་སྤྲུགས་པར་ཁྱེད་ཀྱི་ཐུ་བ་ལ་གཏོང་ཕོད་ཀྱིས་བླུག་པར་འགྱུར། སྣོད་གང་གིས་འཇལ་བ་དེ་རང་གིས་ཁྱེད་ལ་ཡང་འཇལ་བར་འགྱུར་” ཞེས་གསུངས།

39 དེ་ཡང་དཔེའི་སྒོ་ནས་ཁོང་གིས་ཁོ་རྣམས་ལ་ “ལོང་བ་ཞིག་གིས་ལོང་བ་གཞན་ཞིག་ཁྲིད་ན་དེ་ཚོ་གཉིས་ས་སྡོང་ལ་འགྱེལ་བར་མི་འགྱུར་རམ།

40 ཉེ་གནས་སློབ་དཔོན་ལས་ཆེ་བ་མ་ཡིན། འོན་ཀྱང་ཡོན་ཏན་མཐར་ཕྱིན་པ་རྣམས་སློབ་དཔོན་དང་འདྲ་བར་འགྱུར།

41 གཞན་གྱི་མིག་ལ་ཡོད་པའི་ཤིང་རྡུལ་མཐོང་ཡང༌། རང་གི་མིག་ལ་ཡོད་པའི་གདུང་མ་མི་མཐོང་བ་དེ་ཅི་ཡིན།

42 རང་གི་མིག་ལ་ཡོད་པའི་གདུང་མ་མི་མཐོང་བར་གཞན་ལ་ཁྱེད་ཀྱི་མིག་ལ་ཡོད་པའི་ཤིང་རྡུལ་འདོན་པར་བྱ་ཞེས་ཅི་ལྟར་ཟེར། ཁ་བཤད་དོན་ལ་མི་གནས་པ་ཁྱོད། རང་གི་མིག་ལ་ཡོད་པའི་གདུང་མ་ཐོན་ཅིག དེ་ནས་གཞན་གྱི་མིག་ལ་ཤིང་རྡུལ་འདོན་པའི་ཆེད་དུ་གསལ་པོར་མཐོང་” ཞེས་གསུངས།

ལས་དང་འབྲས་བུའི་དཔེ་ཁག་གཉིས།

43 ཁོང་གིས་ “ཤིང་སྡོང་བཟང་པོ་ལས་འབྲས་བུ་ངན་པ་མི་སྐྱེ་ལ། ཤིང་སྡོང་ངན་པ་ལས་འབྲས་བུ་ལེགས་པོ་མི་སྐྱེ།

44 དེའི་ཕྱིར་ཤིང་སྡོང་རེ་རེ་འབྲས་བུ་ནས་ངོ་ཤེས། སུས་ཀྱང་ཚེར་ཤིང་ནས་བསེ་ཡབ་ཀྱི་འབྲས་བུ་མི་ལེན་ལ། ཡང་ན་སེ་བའི་མེ་ཏོག་ནས་རྒུན་འབྲུམ་འཐོག་མི་སྲིད།

45 མི་བཟང་པོ་ཞིག་གིས་སེམས་ཀྱི་མཛོད་བཟང་པོ་ནས་བཟང་པོ་འདོན་པ་དང༌། མི་ངན་པ་ཞིག་གིས་སེམས་ཀྱི་མཛོད་ངན་པ་ནས་ངན་པ་འདོན། གང་ལགས་ཟེར་ན། སེམས་ཀྱི་མཛོད་ནས་ཁ་ཡིས་བརྗོད།

46 ང་ལ་གཙོ་བོ་ལགས། གཙོ་བོ་ལགས་ཞེས་ཟེར་ནས་ངའི་ཁ་ལ་མི་ཉན་པ་དེ་ཅི་ཡིན།

47 ངའི་རྩར་ཡོང་ནས་ངས་སྨྲ་བའི་ཚིག་ཐོས་ཏེ་ཉམས་ལེན་བྱེད་མཁན་འདི་ལྟར་ཡིན།

48 ཁོ་ནི་གཏིང་རིང་པོ་བརྐོས་ནས་བྲག་ལ་རྨང་གཞི་བརྟན་པོ་བཟོས་པའི་ཁང་པ་བཟོ་མཁན་ལྟར་ཡིན། ཁང་པ་དེ་ལེགས་པོར་བརྩིགས་པས་ཆུ་ལོག་བྱུང་སྐབས་དྲག་ཏུ་རྒྱུག་པའི་ཆུ་ཡིས་ཁང་པ་དེར་ཕོག་ནས་གཡོས་མ་ཐུབ།

49 འོན་ཀྱང་ངས་སྨྲ་བའི་ཚིག་ཐོས་ནས་ཉམས་ལེན་མི་བྱེད་མཁན་ནི་རྨང་གཞི་མེད་པའི་ཁང་པ་བཟོ་མཁན་ལྟར་ཡིན། ཆུ་ལོག་བྱུང་སྐབས་དྲག་ཏུ་རྒྱུག་པའི་ཆུ་ཡིས་ཁང་པ་དེར་ཕོག་ནས་འཕྲལ་དུ་རྡིབ་སྟེ། ཁང་པ་དེ་ཡོངས་སུ་འཇིག་” ཅེས་གསུངས་སོ།།

ལུ་ཀཱ (7) – Luke (7)

1 ཡེ་ཤུས་མི་ཚོགས་ཀྱི་ཐོས་སར་བཀའ་དེ་ཐམས་ཅད་གསུངས་ཚར་རྗེས་ཀ་ཕར་ན་ཧུམ་ལ་ཕེབས།

2 དེར་དམག་མི་བརྒྱ་དཔོན་ཅིག་གིས་གུས་པར་བྱེད་པའི་གཡོག་པོ་ཞིག་ན་ནས་ཤི་གྲབས་ཡོད།

3 བརྒྱ་དཔོན་དེས་ཡེ་ཤུའི་སྐོར་ཐོས་པ་དང༌། གཡོག་པོ་ནད་ལས་ཐར་བའི་ཕྱིར་ཁོས་ཡེ་ཤུ་གདན་འདྲེན་ཞུ་བར་ཡ་ཧུ་དཱ་པའི་འགན་འཁུར་བའི་རྒན་པོ་རྣམས་ཁོང་གི་རྩར་བཏང་བ་དང༌།

4 ཡེ་ཤུའི་མདུན་དུ་སླེབས་ནས་ཁོ་ཚོས་ “ཁྱེད་ཀྱིས་དམག་མི་འདི་ལ་དེ་ལྟར་མཛད་འོས་པ་ཡིན།

5 གང་ལགས་ཤེ་ན། ང་ཚོའི་མི་རིགས་ལ་བྱམས་ཤིང༌། ཁོང་གིས་ང་ཚོའི་འདུ་ཁང་བརྩིགས་” ཞེས་ཞུ་བ་ནན་གྱིས་ཕུལ།

6 ཡེ་ཤུ་ཁོ་ཚོ་དང་མཉམ་དུ་ཕེབས་ནས་ཁང་པ་དང་ཉེ་བར་བྱོན་སྐབས། བརྒྱ་དཔོན་གྱིས་གྲོགས་པོ་ཁ་ཤས་བཏང་སྟེ་ཁོང་ལ་ “གཙོ་བོ། ཁྱེད་འོ་བརྒྱལ་ཏེ་ངའི་ཁྱིམ་ནང་དུ་ཕེབས་པར་མི་འོས་པ་མ་ཟད།

7 ང་ཁྱེད་ཀྱི་སྐུ་མདུན་དུ་བཅར་བ་ཡང་མི་འོས་བསམས་པས། ཁྱེད་ཀྱིས་བཀའ་གནང་བར་མཛོད་དང༌། ངའི་གཡོག་པོ་ནད་ལས་ཐར་བར་འགྱུར།

8 གང་ལགས་ཤེ་ན། ང་ཡང་གཞན་གྱི་དབང་འོག་ཏུ་ཡོད་དང༌། ངའི་འོག་ཏུ་ཡང་དམག་མི་ཡོད། ངས་མི་ཞིག་ལ་སོང་ཞེས་ཟེར་ན་འགྲོ གཞན་ལ་ཚུར་ཤོག་ཅེས་བཤད་ན་ཡོང༌། ངའི་གཡོག་པོར་ལས་ཀ་དེ་བྱོས་ཤིག་ཅེས་བཤད་ན་ཁོས་དེ་ལྟར་བྱེད་” ཅེས་སྨྲས་པ་ལ།

9 ཡེ་ཤུས་དེ་གསན་ནས་ཡ་མཚན་སྐྱེས་པ་དང༌། ཞལ་ཕྱིར་བསྐོར་ཏེ་ཁོང་གི་རྗེས་སུ་འབྲང་བའི་མི་ཚོགས་ལ་ “ངས་ཁྱེད་རྣམས་ལ་ཟེར་རྒྱུར། ཡི་སི་ར་ཨེལ་ལ་ཡང་ངས་འདི་འདྲ་བའི་དད་སེམས་ཡོད་པའི་མི་མ་མཐོང་” ཅེས་གསུངས།

10 ཡེ་ཤུའི་མདུན་དུ་བཏང་ཡོད་པའི་མི་རྣམས་བརྒྱ་དཔོན་གྱི་ཁང་པར་ཕྱིར་ལོག་སྐབས་གཡོག་པོ་ཁམས་བཟང་པོར་བསྡད་པ་མཐོང༌།

བུ་ཞིག་སླར་གསོན་དུ་བཅུག་པ།

11 རིང་པོར་མ་ལོན་པར་ཁོང་ཉེ་གནས་དང་མི་ཚོགས་མང་པོ་ཞིག་དང་བཅས་པ་ནཱ་ཨིན་ཞེས་པའི་གྲོང་ཁྱེར་དུ་ཕེབས།

12 གྲོང་ཁྱེར་གྱི་རྒྱལ་སྒོ་དང་ཉེ་བར་བྱོན་སྐབས། ཁོང་གིས་མི་ཚོགས་མང་པོ་ཡོང་བཞིན་པ་གཟིགས། ཁོ་ཚོས་ཡུགས་མོ་ཞིག་གི་བུ་གཅིག་པོའི་ཕུང་པོ་ཕྱི་ལོགས་སུ་ཁུར་བ་དང༌།

13 གཙོ་བོས་ཁོ་མོ་ལ་གཟིགས་ནས་ཐུགས་རྗེ་སྐྱེས་ཏེ་ཁོ་མོར་ “མ་ཤུམས་” ཞེས་གསུངས།

14 ཏོག་ཙམ་ཚུར་ཕེབས་པ་དང་ཕུང་པོ་ཡོད་པའི་འཁྱོགས་ཤིང་ལ་ཕྱག་གིས་རེག་ནས་ཁུར་མཁན་བསྡད། ཁོང་གིས་ “གཞོན་ནུ། ངས་ཁྱེད་ལ་ཟེར་རྒྱུར། ཡར་ལོངས་ཤིག་” ཅེས་གསུངས་པས།

15 གཤིན་པོ་དེ་གསོན་པོར་ལངས་ནས་སྐད་ཆ་བཤད། ཡེ་ཤུས་བུ་དེ་རང་གི་ཨ་མ་ལ་གནང༌།

16 འཇིགས་པ་སྐྱེས་ནས་ཚང་མས་དཀོན་མཆོག་ལ་བསྟོད་པ་ཕུལ་ཏེ་ “ང་ཚོའི་ཁྲོད་དུ་ལུང་སྟོན་པ་ཆེན་པོ་ཞིག་འདུག་” ཅེས་པ་དང་ “དཀོན་མཆོག་གིས་ཁོང་གི་མི་རིགས་ལ་ཐུགས་རྗེས་གཟིགས་ཡོད་” ཅེས་བཤད།

17 གཏམ་འདི་ཡ་ཧུ་དཱ་ཡུལ་ཡོངས་དང༌། མཐའ་འཁོར་གྱི་ས་ཆ་ཀུན་ཏུ་ཁྱབ་པ་རེད།

ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སྐོར།

18 ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་སློབ་མ་རྣམས་ཀྱིས་ཁོང་ལ་དོན་དེ་ཚོ་ཐམས་ཅད་བཤད་པས། ཡོ་ཧ་ནན་གྱིས་སློབ་མ་གཉིས་བོས་པ་དང༌།

19 གཙོ་བོའི་མདུན་དུ་བཏང་སྟེ་ཁོང་ལ་ “ཁྱེད་འབྱོན་པར་འགྱུར་ཞེས་བྱ་བ་དེ་ཡིན་ནམ། ཡང་ན་ང་ཚོ་གཞན་ཞིག་སྒུག་པར་བྱ་” ཞེས་འདྲི་བའི་ཆེད་དུ་བཏང༌།

20 སློབ་མ་དེ་གཉིས་ཡེ་ཤུའི་དྲུང་དུ་སླེབས་ནས་ཁོང་ལ་ “ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་འདི་ཞུ་བར་ང་ཚོ་མངགས་ཏེ། ཁྱེད་འབྱོན་པར་འགྱུར་བ་དེ་ཡིན་ནམ། ཡང་ན་ང་ཚོ་གཞན་ཞིག་སྒུག་པར་བྱ་” ཞེས་སྨྲས།

21 དེའི་སྐབས་སུ་ཡེ་ཤུས་ནད་རིགས་སྣ་ཚོགས་གསོས་པར་མཛད་པ་དང༌། གདོན་འདྲེ་མང་པོ་ཕྱིར་བསྐྲད་པ་མ་ཟད། ལོང་བ་མང་པོ་མཐོང་བར་མཛད།

22 ལན་དུ་ཁོང་གིས་ཁོ་ཚོར་ “སོང་ལ་ཁྱེད་ཀྱིས་གང་མཐོང་བ་དང་ཐོས་པ། ལོང་བས་མཐོང་བ། ཞ་བོ་འགྲོ་བ། མཛེ་ནད་ཅན་དག་པར་འགྱུར་བ། འོན་པས་ཐོས་པ། གཤིན་པོ་རྣམས་གསོན་པོར་ལངས་པར་འགྱུར་བ། དབུལ་ཕོངས་རྣམས་ལ་འཕྲིན་བཟང་སྒྲོག་པ་སོགས་ཡོ་ཧ་ནན་ལ་ཤོད།

23 ངའི་རྐྱེན་གྱིས་དད་པ་མི་ཉམས་པ་ནི་བདེའོ་” ཞེས་གསུངས།

24 ཡོ་ཧ་ནན་གྱི་བང་ཆེན་སོང་ནས་ཡེ་ཤུས་མི་ཚོགས་ལ་ཡོ་ཧ་ནན་གྱི་སྐོར་འདི་ལྟར་གསུངས་ “ཁྱེད་ཚོས་ཅི་ཞིག་ལྟ་རུ་དབེན་སྟོང་ལ་སོང༌། རླུང་གིས་གཡོ་བའི་འདམ་རྩྭ་ཞིག་ལྟ་རུ་སོང་ངམ།

25 འོ་ན་ཁྱེད་ཚོས་ཅི་ཞིག་ལྟ་རུ་སོང༌། མི་གོས་སྤུས་ལེགས་གྱོན་པ་ཞིག་ལ་ལྟ་རུ་སོང་ངམ། གོས་སྤུས་ལེགས་གྱོན་པ་དང་རྒྱས་སྤྲོས་བྱེད་པ་རྣམས་ནི་རྒྱལ་པོའི་ཕོ་བྲང་ལ་སྡོད་མཁན་ཡིན།

26 ཁྱེད་ཚོས་ཅི་ཞིག་ལ་ལྟ་རུ་སོང༌། ལུང་སྟོན་པ་ཞིག་ལ་ལྟ་རུ་སོང་ངམ། ལགས་ཡིན། ངས་ཁྱེད་ཚོ་ལ་ཟེར་རྒྱུར། ལུང་སྟོན་པ་ལས་ལྷག་པ་ཞིག་ལྟ་རུ་སོང༌།

27 ཁོང་གི་སྐོར་ལ་དཀོན་མཆོག་གི་དམ་པའི་གསུང་རབ་ནང་དུ་འདི་ལྟར་གསུངས།

ལྟོས་ཤིག

ང་ཡི་ཕོ་ཉ་ཁྱེད་ཀྱི་མདུན་དུ་གཏོང༌།།

དེ་ཡིས་ཁྱེད་ཀྱི་ལམ་ནི་བསལ་བར་བྱ།།

ཞེས་གསུངས།

28 ངས་ཁྱེད་ཚོ་ལ་ཟེར་རྒྱུར། བུད་མེད་ལས་སྐྱེས་པ་ཐམས་ཅད་ཀྱི་ནང་ནས་ཡོ་ཧ་ནན་ལས་ཆེ་བ་གཅིག་ཀྱང་མེད། འོན་ཀྱང་དཀོན་མཆོག་གི་རྒྱལ་སྲིད་ནང་ལ་མི་ཆུང་ཤོས་ཁོང་ལས་ཆེའོ་” ཞེས་གསུངས།

29 ཁྲལ་སྡུད་མཁན་ཚུད་པའི་མི་ཐམས་ཅད་ཀྱིས་དེ་ཐོས་ནས་དཀོན་མཆོག་གི་དྲང་བ་ཉིད་ངོས་ལེན་བྱས། གང་ལགས་ཟེར་ན། ཁོ་ཚོས་ཡོ་ཧ་ནན་གྱི་ཁྲུས་གསོལ་བླངས་པའི་ཕྱིར་རོ།

30 འོན་ཀྱང་ཕཱ་རུ་ཤི་པ་དང་ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ནི་ཡོ་ཧ་ནན་གྱི་ཁྲུས་གསོལ་མ་བླངས་པའི་སྒོ་ནས་དཀོན་མཆོག་གི་ཐུགས་དགོངས་རང་གི་དོན་དུ་དོར་བ་ཡིན།

31 དུས་རབས་འདིའི་མི་རྣམས་གང་ཞིག་ལ་སྡུར་བར་བྱ། ཁོ་ཚོ་སུ་དང་འདྲ་བ་ཡིན།

32 ཁོ་ཚོ་ཚོང་རར་སྡོད་པའི་ཕྲུ་གུ་གཅིག་གིས་གཅིག་ལ་འབོད་དེ།

ཁྱོད་ཕྱིར་གླིང་བུ་བཏང་ན་ཡང༌།།

ཁྱོད་ཀྱིས་ཞབས་བྲོ་མ་བརྒྱབ་ལ།།

ཁྱོད་ཆེད་མྱ་ངན་གླུ་བླངས་ཀྱང༌།།

ཁྱོད་ཚོས་ངུ་བར་མ་བྱས་སོ།།

ཞེས་པ་དང་འདྲ་བ་ཡིན།

33 གང་ལགས་ཟེར་ན། ཁྲུས་གསོལ་མཁན་ཡོ་ཧ་ནན་བག་ལེབ་ཀྱང་མི་ཟ་རྒུན་ཆང་ཀྱང་མི་འཐུང་བར་ཕེབས་དུས་ཁྱོད་ཚོས་ “འདྲེ་ཞུགས་པ་ཞིག་ཡིན་” ཞེས་སྨྲས།

34 མིའི་རིགས་ཀྱི་བུ་ཟ་འཐུང་བྱེད་པར་ཡོང་ནས་ཁྱོད་ཚོས་ “ལྟོས་ཤིག ཁོ་ནི་ལྟོགས་རྔམ་ཅན་དང༌། ར་བཟི་ཅན། ཁྲལ་སྡུད་མཁན་དང་སྡིག་ཉེས་ཅན་གྱི་གྲོགས་པོ་ཞིག་ཡིན་” ཞེས་སྨྲ།

35 འོན་ཀྱང་ཤེས་རབ་དེའི་ཕྲུ་གུ་ཀུན་གྱིས་ཡང་དག་པ་ཡིན་པར་ཁུངས་སྐྱེལ་ལོ།།

རིན་ཐང་ཆེ་བའི་སྤོས་ཆུ་བླུགས་པ།

36 དེ་ཡང་ཕཱ་རུ་ཤི་པ་ཞིག་གིས་ཡེ་ཤུ་དྲངས་ཏེ་ཁོང་དེའི་ཁྱིམ་ལ་ཕེབས་ནས་ཉལ་ཁྲིར་བསྙེས་ཏེ་གསོལ་བ་བཞེས་སུ་བཞུགས།

37 བུད་མེད་སྡིག་ཉེས་ཅན་ཞིག་གྲོང་ཁྱེར་དེར་ཡོད་དེ། ཁོ་མོས་ཡེ་ཤུ་ཕཱ་རུ་ཤི་པའི་ཁྱིམ་ལ་ཞལ་ལག་བཞེས་བཞིན་པར་ཤེས་ནས། སྤོས་ཆུ་གང་བའི་རྡོ་ཀ་མ་རུའི་བུམ་པ་ཞིག་ཁྱེར་ཡོང་བ་དང༌།

38 ཁོང་གི་རྒྱབ་ཏུ་ཡེ་ཤུའི་ཞབས་དང་ཉེ་བར་ལངས་ནས་ངུ་བཞིན་བསྡད་པ་དང༌། ཁོ་མོའི་མིག་ཆུས་ཁོང་གི་ཞབས་རློན་པར་འགྱུར་ཏེ་རང་གི་སྐྲ་ཡིས་འཕྱིས་པ་དང༌། ཞབས་ལ་འོ་བྱས་ནས་སྤོས་ཆུ་བླུགས།

39 ད་ཁོང་གདན་འདྲེན་ཞུ་བའི་ཕཱ་རུ་ཤི་པས་དེ་མཐོང་ནས་མི་འདི་ལུང་སྟོན་པ་ཡིན་ན་ཁོང་ལ་རེག་པའི་བུད་མེད་འདི་སུ་དང་གང་འདྲ་ཞིག་ཡིན་པ་དང༌། སྡིག་ཉེས་ཅན་ཡིན་པར་མཁྱེན་གྱི་རེད་བསམས།

40 ལན་དུ་ཡེ་ཤུས་ “སི་མོན། ངས་ཁྱེད་ལ་སྐད་ཆ་ཤོད་རྒྱུ་ཡོད་” ཅེས་གསུངས་པས་ཁོས་ “སློབ་དཔོན་ལགས། གསུང་རོགས་གནང་” ཞེས་བཤད།

41 ཡེ་ཤུས་ “དངུལ་བུན་གཏོང་མཁན་ཅིག་ལ་བུ་ལོན་པ་གཉིས་ཡོད་དེ། གཅིག་ལ་དེ་ཎ་རིའི་དངུལ་སྒོར་ལྔ་བརྒྱ་དང༌། གཞན་ལ་དེ་ཎ་རིའི་དངུལ་སྒོར་ལྔ་བཅུའི་བུ་ལོན་ཡོད།

42 བུ་ལོན་འཇལ་མ་ཐུབ་པས་བུན་བདག་གིས་ཁོ་ཚོ་གཉིས་ཀའི་བུ་ལོན་བསལ། ད་ཁོང་ལ་ལྷག་པར་གཅེས་པའི་བུ་ལོན་པ་སུ་ཡིན་” ཞེས་གསུངས།

43 ལན་དུ་སི་མོན་གྱིས་ “མང་པོ་བསལ་བ་དེས་ལྷག་པར་གཅེས་པར་བྱ་སྙམ་བྱུང་” ཞེས་སྨྲས་པ་དང༌། ཁོང་གིས་ཁོ་ལ་ “ཁྱེད་ཀྱིས་ལེགས་པར་བཤད་” ཅེས་གསུངས།

44 བུད་མེད་དེར་ཞལ་ཕྱིར་བསྐོར་ཏེ་ཁོང་གིས་སི་མོན་ལ་ “ཁྱོད་ཀྱིས་བུད་མེད་འདི་མཐོང་ངམ། ང་ཁྱོད་ཀྱི་ཁྱིམ་དུ་ཡོང་བ་དང༌། ཁྱོད་ཀྱིས་ང་ལ་རྐང་པ་འཁྲུད་པའི་ཆུ་མ་སྟེར། འོན་ཀྱང་ཁོ་མོས་རང་གི་མིག་ཆུ་ཡིས་ངའི་རྐང་པ་བཀྲུས་ནས་སྐྲ་ཡིས་འཕྱིས།

45 ཁྱོད་ཀྱིས་ང་ལ་འོ་མ་བྱས། ང་སླེབས་ནས་ཁོ་མོས་ངའི་རྐང་པར་མུ་མཐུད་ནས་འོ་བྱས།

46 ཁྱོད་ཀྱིས་ངའི་མགོར་སྣུམ་མ་བྱུགས། ཁོ་མོས་ངའི་རྐང་པར་སྤོས་ཆུ་བླུགས།

47 དེའི་ཕྱིར་ངས་ཁྱོད་ལ་ཟེར་རྒྱུར། ཁོ་མོའི་སྡིག་ཉེས་མང་པོ་བསལ་ཟིན་པའི་རྐྱེན་གྱིས་མང་དུ་གཅེས། སྡིག་ཉེས་ཉུང་ངུ་བསལ་བ་དེས་ཉུང་ངུ་གཅེས་སོ་” ཞེས་གསུངས།

48 དེ་ནས་ཁོང་གིས་ཁོ་མོར་ “ཁྱེད་ཀྱི་སྡིག་ཉེས་བསལ་ཟིན་པ་ཡིན་” ཞེས་གསུངས་པ་དང༌།

49 ཁོང་དང་གསོལ་བ་བཞེས་པའི་མི་རྣམས་གཅིག་གིས་གཅིག་ལ་ “སྡིག་ཉེས་ཀྱང་སེལ་མཁན་འདི་སུ་ཡིན་” ཞེས་སྨྲས།

50 ཡང་ཁོང་གིས་བུད་མེད་དེར་ “ཁྱེད་ཀྱི་དད་པས་ཁྱེད་ཐར་ཟིན་པས་ཞི་བདེར་སོང་” ཞེས་གསུངས་སོ།།

ལུ་ཀཱ (8) – Luke (8)

1 རིང་པོར་མ་ལོན་པར་ཁོང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་སྒྲོག་སྟེ་གྲོང་ཁྱེར་དང༌། གྲོང་གསེབ་བརྒྱུད་ནས་ཕེབས། ཉེ་གནས་བཅུ་གཉིས་པོ་ཁོང་དང་མཉམ་དུ་ཡོད་པ་མ་ཟད། 2 ནད་དང་གདོན་འདྲེ་ལས་ཐར་བའི་བུད་མེད་ནི། གདོན་འདྲེ་བདུན་ཕྱིར་ཐོན་པའི་མག་རྡལ་ནས་ཡིན་པའི་མིར་ཡམ་དང༌།

3 རྒྱལ་པོ་ཧེ་རོ་དཱེ་ཡི་ཁྱིམ་ཚང་གི་གཉེར་པ་ཀུ་སཱ་ཡི་བཟའ་ཟླ་ཡོ་ཨ་ནཱ། སུ་སན་ནཱ་སོགས་པའི་བུད་མེད་མང་པོ་ཡང་ཡོད། ཁོ་ཚོས་རང་གི་རྒྱུ་ནོར་གྱིས་ཁོང་ཚོར་རྒྱབ་སྐྱོར་བྱས།

ས་བོན་འདེབས་པའི་དཔེ།

4 གྲོང་ཁྱེར་སོ་སོ་ནས་ཡོང་བའི་མི་རྣམས་ཁོང་གི་མདུན་དུ་ཡོང་བ་དང་མི་ཚོགས་མང་པོ་ཞིག་འཛོམས་ཏེ་ཁོང་གིས་དཔེའི་སྒོ་ནས་དེ་རྣམས་ལ་

5 “ས་བོན་འདེབས་མཁན་ཞིག་ས་བོན་འདེབས་པར་ཕྱིན། ས་བོན་གཏོར་བའི་དུས་སུ། ས་བོན་ཁ་ཤས་ལམ་ཁར་འཐོར་ནས་རྐང་པས་བརྫིས་པ་དང་བྱ་རྣམས་ཡོང་ནས་བཟས།

6 ཁ་ཤས་ནི་ས་མང་པོ་མེད་པའི་བྲག་གི་སྟེང་ལ་འཐོར་བ་དང་ཡར་སྐྱེས་ནས་བཞའ་ཚན་མེད་པས་བསྐམས།

7 ས་བོན་ཁ་ཤས་ཚེར་མའི་ནང་དུ་འཐོར་ཞིང་ཚེར་མ་དང་མཉམ་དུ་ཡར་སྐྱེས་ཏེ་བསྒྲིབས་ནས་འབྲས་བུ་མ་སྨིན།

8 ཡང་ས་བོན་ཁ་ཤས་ས་རྒྱུ་བཟང་པོར་འཐོར་བས་ཡར་སྐྱེས་ཤིང་འབྲས་བུ་ལྡབ་བརྒྱ་སྨིན་” ཞེས་གསུངས་དུས་ཁོང་གིས་ “རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག་” ཅེས་གསུངས།

དཔེའི་མཚོན་དོན་གསུངས་པ།

9 ཁོང་གི་ཉེ་གནས་རྣམས་ཀྱིས་ཁོང་ལ་དཔེའི་ནང་དོན་ཅི་ཡིན་པ་དྲིས་པའི་སྐབས།

10 ཁོང་གིས་ “དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསང་བའི་དོན་དེ་ཁྱེད་ཚོ་ལ་བསྟན་པ་ཡིན། འོན་ཀྱང་གཞན་དག་རྣམས་ལ་དཔེའི་སྒོ་ནས་བསྟན། དེ་ནི།

ལྟ་བར་བྱེད་ཀྱང་མི་མཐོང༌།།

ཐོས་པར་བྱེད་ཀྱང་མི་རྟོགས།།

ཞེས་པའི་ཕྱིར་ཡིན།

11 དཔེ་དེ་འདི་ལྟར་ཡིན། ས་བོན་ནི་དཀོན་མཆོག་གི་བཀའ་དང་འདྲ་བ་ཡིན་ཏེ།

12 ལམ་ཁར་འཐོར་བ་ནི་བཀའ་ཐོས་པ་རྣམས་ཡིན། དད་པ་མི་སྐྱེ་པའི་ཆེད་དང༌། ཐར་བར་མི་འགྱུར་བའི་ཕྱིར་བདུད་སཱ་ཏན་ཡོང་ཞིང་དེ་རྣམས་ཀྱི་སེམས་ནང་གི་བཀའ་ཕྲོགས་ནས་ཕར་འཁྱེར།

13 བྲག་ཡོད་པའི་ས་ལ་འཐོར་བ་ནི་ཡང་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་ནས་སེམས་དགའ་བའི་ངང་ནས་བླངས་ཀྱང༌། རང་གི་སེམས་ནང་ལ་རྩ་བ་གཏིང་རིང་པོ་ཚུགས་མེད་པས་དུས་ཐུང་ངུ་ལ་གནས་ཀྱང༌། སླུ་བྲིད་འབྱུང་སྐབས་དད་ལོག་བྱེད་པ་དང་འདྲ་བ་ཡིན།

14 ཡང་ཚེར་མའི་ནང་དུ་འཐོར་བ་ནི་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་ནས་རྗེས་མ་འཚོ་བའི་སྐོར་གྱི་སེམས་ཁྲལ་དང༌། རྒྱུ་ནོར། འདོད་པ་སྣ་ཚོགས་ཀྱིས་བཀའ་མནན་ནས་འབྲས་བུ་སྨིན་མ་ཐུབ་པ་དང་འདྲ་བ་ཡིན།

15 ས་རྒྱུ་བཟང་པོ་ལ་འཐོར་བ་ནི་ཡང་མི་ལ་ལས་དཀོན་མཆོག་གི་བཀའ་དེ་ཐོས་ཏེ་སེམས་དྲང་ཞིང་བཟང་པོ་ཞིག་ལ་དམ་པོར་བཟུང་ནས་མཐར་སྐྱེལ་བཏང་བའི་ངང་ནས་འབྲས་བུ་སྨིན་ཐུབ་པ་རྣམས་དང་འདྲ་བ་ཡིན་” ཞེས་གསུངས།

མར་མེའི་དཔེ།

16 ཡང་ཡེ་ཤུས་ “མི་སུ་ཡིན་ཡང་མར་མེ་སྤར་ནས་བྲེ་ཡང་ན་ཉལ་ཁྲིའི་འོག་ཏུ་མི་འཇོག་སྟེ་ནང་ལ་ཡོང་མཁན་རྣམས་ཀྱིས་འོད་མཐོང་བའི་ཕྱིར་སྟེགས་བུའི་སྟེང་དུ་འཇོག

17 གང་ལགས་ཟེར་ན། སྦས་པའི་དོན་རྣམས་མི་མངོན་པ་ཅི་ཡང་མེད་ལ། གསང་བའི་དོན་ཐམས་ཅད་ཀྱང་མི་མངོན་པའམ་མི་ཤེས་པ་ཅི་ཡང་མེད་དོ།

18 ཁྱེད་ཚོས་གང་ཐོས་པ་དེ་ལ་གཟབ་ཉན་གྱིས་ཤིག གང་ལགས་ཟེར་ན། མི་སུ་ཞིག་ཐོས་པ་དང་རྟོགས་པ་འདོད་པ་དེ་ལ་སྟེར་བར་འགྱུར། རྟོགས་པ་མི་འདོད་པ་དེ་ལས་གང་ཡོད་པ་དེ་ཡང་ལེན་པར་འགྱུར་” ཞེས་གསུངས།

བདེན་པའི་སྤུན་མཆེད།

19 དེ་ནས་ཡེ་ཤུའི་ཡུམ་དང་གཅུང་པོ་ཚོ་ཕེབས་ཏེ། མི་ཚོགས་མང་བས་ཁོང་ཚོ་ཁོང་གི་དྲུང་དུ་མ་ཐར་སྟབས།

20 མི་ཞིག་གིས་ཁོང་ལ་ “ཁྱེད་ཀྱི་ཡུམ་དང་སྐུ་མཆེད་ཚོས་ཕྱི་རོལ་ནས་ཁྱེད་རང་འཚོལ་བཞིན་འདུག་” ཅེས་སྨྲས་པ་དང༌།

21 ལན་དུ་ཁོང་གིས་ཁོ་ཚོར་ “དཀོན་མཆོག་གི་བཀའ་ཐོས་ནས་སྒྲུབ་མཁན་ནི་ངའི་མ་དང་ངའི་སྤུན་རྣམས་ཡིན་” ཞེས་གསུངས།

སྟོན་པ་ཡེ་ཤུས་རླུང་འཚུབ་ཞི་བར་མཛད་པ།

22 ཉིན་ཞིག་ཡེ་ཤུ་དང་ཁོང་གི་ཉེ་གནས་རྣམས་གྲུའི་ནང་འཛུལ་ནས་ཁོང་གིས་ཁོ་ཚོར་ “ང་ཚོ་མཚོའི་ཕ་རོལ་ལ་འགྲོ་” ཞེས་གསུངས་པས། ཁོང་ཚོ་མཉམ་དུ་ཕེབས་པ་རེད།

23 དེའི་རྗེས་སུ་ཡེ་ཤུ་མནལ་ལ་གཟིམས་ནས་མཚོའི་སྟེང་དུ་རླུང་འཚུབ་ཆེན་པོ་ལངས་ཏེ་རྦ་རླབས་གྲུའི་ནང་ཡོང༌། གྲུ་ཆུས་ཁེངས་གྲབས་བྱས་ཏེ་ནུབ་ཉེན་ཆེན་པོ་ཡོད་པས།

24 ཁོ་ཚོ་ཁོང་གི་མདུན་དུ་ཡོང་ནས་མནལ་སད་པ་དང་ “སློབ་དཔོན་ལགས། སློབ་དཔོན་ལགས། ང་ཚོ་ཤི་གྲབས་བྱེད་ཀྱི་འདུག་” ཅེས་ཟེར། ཁོང་ཡར་བཞེངས་ཏེ་རླུང་དང་རྦ་རླབས་དྲག་པོ་ལ་བཀའ་བཀྱོན་མཛད་པ་དང་རླུང་འཇགས་ནས་མཚོ་ཡོངས་སུ་ཞི་བར་གྱུར།

25 དེ་ནས་ཁོང་གིས་ཉེ་གནས་ཚོར་ “ཁྱོད་ཚོའི་དད་སེམས་གང་དུ་ཡོད་” ཅེས་གསུངས། ཡ་མཚན་སྐྱེས་ཏེ་ཤིན་ཏུ་འཇིགས་ནས་ཁོ་ཚོས་གཅིག་གིས་གཅིག་ལ་ “འདི་སུ་ཡིན་ནམ། རླུང་དང་རྦ་རླབས་ཀྱིས་ཀྱང་ཁོང་གི་བཀའ་ལ་ཉན་པར་བྱེད་” ཅེས་ཟེར།

གདོན་འདྲེས་བཟུང་བའི་མི་གསོ་བར་མཛད་པ།

26 དེ་ནས་ཁོང་རྣམས་ག་ལིལ་ཡུལ་ནས་མཚོའི་ཕ་རོལ་གྱི་གེ་ར་སཱ་ཞེས་བྱ་བའི་ཡུལ་དུ་ཕེབས་པ་དང༌།

27 ཡེ་ཤུ་གྲུ་ལས་བབས་ཏེ་གྲོང་ཁྱེར་ནས་གདོན་འདྲེ་རྣམས་ཀྱིས་བཟུང་བའི་མི་ཞིག་ཁོང་དང་མཇལ། ཁོ་ནི་ཡུན་རིང་པོར་གྱོན་ཆས་མ་གྱོན་ཞིང་ཁང་པར་མི་སྡོད་པར་དུར་ཁང་གི་ཁྲོད་དུ་གནས།

28 ཁོས་ཡེ་ཤུ་མཐོང་སྟེ་ཁོང་ལ་ཕྱག་འཚལ་བ་དང་སྐད་ཆེན་པོས་ “བླ་ན་མེད་པའི་དཀོན་མཆོག་གི་སྲས་ཡེ་ཤུ་ལགས། ང་ཁྱེད་དང་འབྲེལ་བ་ཅི་ཡོད། ང་ལ་མནར་གཅོད་གཏོང་བ་མ་གནང་” ཞེས་ཞུས།

29 གང་ལགས་ཤེ་ན། ཡེ་ཤུས་གདོན་འདྲེ་མི་གཙང་བ་མི་དེ་ནས་ཕྱིར་འཐོན་པའི་བཀའ་གནང༌། ཐེངས་མང་པོར་གདོན་འདྲེ་དེས་མི་དེ་བཟུང་སྐབས། མི་རྣམས་ཀྱིས་ཁོ་བསྲུངས་ཤིང་ལྕགས་ཐག་དང་རྐང་སྒྲོག་གིས་བཅིངས་ན་ཡང༌། ཁོས་དེ་ཚོ་བཅད་པ་དང་གདོན་འདྲེས་ཁོ་དབེན་སྟོང་ལ་བསྐྲད།

30 ཡང་ཡེ་ཤུས་ཁོ་ལ་ “ཁྱོད་ཀྱི་མིང་ལ་ཅི་ཟེར་” ཞེས་དྲིས་ཤིང༌། མི་དེས་ “དཔུང་ཚོགས་ཟེར་” ཞེས་སྨྲས། དེ་ནི་གདོན་འདྲེ་མང་པོ་ཁོའི་ནང་ལ་འཛུལ་ཡོད་པའི་ཕྱིར་རོ།

31 དེ་ཚོས་ཁོང་ལ་དམྱལ་བར་འགྲོ་དགོས་པའི་བཀའ་མ་གནང་བའི་ཞུ་བ་ནན་གྱིས་ཕུལ།

32 རིའི་ལོགས་སུ་ཕག་ཁྱུ་ཆེན་པོ་ཞིག་འཚོ་བཞིན་ཡོད་པ་དང༌། གདོན་འདྲེ་དེ་ཚོས་ཡེ་ཤུ་ལ་ཕག་པ་ལ་འཛུལ་བའི་ཆོག་མཆན་ཞུས་ནས་ཁོང་གིས་དེ་ཚོ་ལ་དགོངས་པ་གནང༌།

33 གདོན་འདྲེ་དེ་ཚོ་མི་དེ་ནས་ཕྱིར་ཐོན་ཏེ་ཕག་པའི་ནང་དུ་འཛུལ་ཤིང༌། ཕག་པ་གཡང་གཟར་དུ་མཆོངས་ཤིང་མཚོའི་ནང་དུ་ནུབ་ནས་ཤིའོ།

34 ཕག་རྫི་རྣམས་ཀྱིས་དེ་མཐོང་ནས་བྲོས་ཏེ་གྲོང་ཁྱེར་དང་སྡེ་པའི་མི་རྣམས་ལ་གནས་ཚུལ་དེ་བཤད།

35 མི་རྣམས་ཅི་བྱུང་བར་ལྟ་རུ་ཡོང༌། ཁོ་ཚོ་ཡེ་ཤུའི་དྲུང་དུ་སླེབས་དུས། དེ་སྔོན་གདོན་འདྲེས་བཟུང་བའི་མི་དེ་དྲན་པ་གསོས་ཤིང་གོས་གྱོན་ནས་ཡེ་ཤུའི་ཞབས་ཀྱི་མདུན་ལ་བསྡད་ཡོད་པ་མཐོང་སྟེ་འཇིགས་སྣང་སྐྱེས།

36 ཡང་གནས་ཚུལ་འདི་མཐོང་བའི་མི་རྣམས་ཀྱིས་གདོན་འདྲེས་བཟུང་བའི་མི་ཅི་ལྟར་གསོས་པའི་ལོ་རྒྱུས་དེ་དེར་ཡོང་མཁན་རྣམས་ལ་བཤད།

37 འཇིགས་སྐྲག་སྐྱེས་པས་གེ་ར་སཱ་དང་དེའི་མཐའ་འཁོར་ལ་ཡོད་པའི་ཡུལ་མི་ཐམས་ཅད་ཀྱིས་ཡེ་ཤུར་ཕར་ཕེབས་པའི་ཞུ་བ་ཕུལ་བས། ཁོང་གྲུའི་ནང་དུ་བཞུགས་ནས་ཕྱིར་ལོག་ཕེབས།

38 དེ་སྔོན་གདོན་འདྲེས་བཟུང་བའི་མི་དེས་ཁོང་དང་མཉམ་དུ་འགྲོ་བའི་ཞུ་བ་ཕུལ་ཡང༌། ཁོང་གིས་མི་དེ་ཕར་ལ་བཏང་སྟེ་ཁོ་ལ་

39 “ཁྱེད་རང་གི་ནང་ལ་སོང་དང༌། ཁྱེད་ཀྱི་དོན་དུ་དཀོན་མཆོག་གིས་གང་མཛད་པ་དེ་ཤོད་ཅིག་” ཅེས་བཀའ་གནང་ནས་ཁོ་ཕར་སོང་བ་དང༌། དོན་དེ་རྣམས་གྲོང་ཁྱེར་ཡོངས་སུ་བསྒྲགས་སོ།།

དྲག་ནད་སེལ་བ་དང་བུ་མོ་ཞིག་སླར་གསོན་དུ་བཅུག་པ།

40 མི་ཐམས་ཅད་ཀྱིས་ཁོང་བསྒུགས་ཡོད་པས་ཡེ་ཤུ་ལོག་ཕེབས་སྐབས་ཁོང་ལ་དགའ་བསུ་ཞུས།

41 སྐབས་དེར་ཡ་ཧུ་དཱ་པའི་འདུ་ཁང་གི་དཔོན་པོའི་མིང་ལ་ཡ་ཨིར་ཟེར་བ་ཞིག་ཡོང་ནས། ཡེ་ཤུའི་ཞབས་ལ་གཏུག་སྟེ་ཁོའི་ཁང་པར་ཕེབས་པའི་ཞུ་བ་ནན་གྱིས་ཕུལ།

42 གང་ཡིན་ཞེ་ན། ཁོང་ལ་ལོ་བཅུ་གཉིས་ཙམ་ལོན་པའི་བུ་མོ་གཅིག་པུ་དེ་ཤི་གྲབས་འདུག་པའི་ཕྱིར་ཡིན། ཁོང་ཕེབས་པའི་དུས་སུ་མི་ཚོགས་ཀྱིས་ཁོང་ལ་འཚང་ཁ་བརྒྱབ།

43 དེའི་ཚེ་བུད་མེད་གཅིག་ལོ་བཅུ་གཉིས་ཀྱི་བར་དུ་ལུས་ནས་ཁྲག་འཛིར་བའི་ནད་ཕོག་སྟེ། སུས་ཀྱང་ཁོ་མོ་ནད་ལས་ཐར་ཐུབ་མ་བྱས།

44 ཁོ་མོ་ཡེ་ཤུའི་རྒྱབ་ཏུ་ཡོང་ཞིང་ཁོང་གི་སྟོད་གོས་ཀྱི་མཐའ་འཛར་ལ་རེག་མ་ཐག་ཏུ་ཁྲག་འཛིར་བ་ཆད།

45 ཡེ་ཤུས་ “སུས་ང་ལ་རེག་པ་ཡིན་ནམ་” ཞེས་གསུངས་པས་ཁོ་ཚོ་ཚང་མས་ཁས་མ་བླངས་པའི་ཚེ་པེ་ཏྲོས་ཁོང་ལ་ “སློབ་དཔོན་ལགས། མི་ཚོགས་ཀྱིས་ཁྱེད་མཐའ་བསྐོར་ཞིང་འཚང་ཁ་རྒྱག་བཞིན་འདུག་” ཅེས་བཤད།

46 འོན་ཀྱང་ཡེ་ཤུས་ “ང་ནས་ནུས་མཐུ་ཞིག་ཕྱིར་ཐོན་པས་མི་ཞིག་གིས་ང་ལ་རེག་པར་ཤེས་” ཞེས་གསུངས།

47 བུད་མེད་དེས་དོན་དེ་གསང་མི་ཐུབ་པ་ཤེས་པའི་ཚེ་འཇིགས་ནས་འདར་ཏེ་ཁོང་གི་སྐུ་དྲུང་དུ་པུས་མོ་སར་བཙུགས། ཁོ་མོས་ཁོང་གི་སྟོད་གོས་ལ་རེག་པའི་རྒྱུ་མཚན་དང་འཕྲལ་དུ་དྲག་པའི་ལོ་རྒྱུས་ཁོང་ཚོ་ཚང་མར་བཤད།

48 ཁོང་གིས་ཁོ་མོར་ “བུ་མོ། ཁྱོད་ཀྱི་དད་པས་ཁྱོད་རང་ནད་ལས་ཐར་བ་ཡིན་པས། བདེ་བའི་ངང་ནས་སོང་དང་” ཞེས་གསུངས།

49 ཁོང་གིས་དེ་ལྟར་གསུང་བཞིན་པའི་སྐབས་སུ། ཡ་ཧུ་དཱ་པའི་འདུ་ཁང་གི་དཔོན་པོའི་ཁྱིམ་ནས་མི་འགའ་ཤས་ཡོང་སྟེ། ཁོ་ལ་ “ཁྱེད་རང་གི་བུ་མོ་ཤི་ཚར་འདུག་པས་སྟོན་པ་ལ་འོ་བརྒྱལ་ཞུས་ནས་ག་རེ་བྱེད་” ཅེས་ཟེར།

50 ཁོ་ཚོའི་སྐད་ཆ་གསན་ནས་ཡེ་ཤུས་མི་དེར་ “ཞེད་སྣང་མ་བྱེད། དད་པ་རང་གྱིས་ཤིག ཁོ་མོ་ཐར་བར་འགྱུར་” ཞེས་གསུངས།

51 ཁྱིམ་དུ་སླེབས་ནས་ཁོང་གིས་པེ་ཏྲོ་དང༌། ཡ་ཀོབ། ཡོ་ཧ་ནན། བུ་མོའི་ཕ་མ་གཉིས་མ་གཏོགས་གཞན་སུ་ཡང་ཁོང་དང་མཉམ་དུ་འཛུལ་མ་བཅུག

52 བུ་མོ་དེའི་དོན་ལ་མི་ཐམས་ཅད་ངུ་ཞིང་སྨྲེ་སྔགས་འདོན་པས་ཁོང་གིས་ “བུ་མོ་འདི་ཤི་མེད་པར་གཉིད་ཁུག་འདུག་པས་མ་ངུ་ཞིག་” ཅེས་གསུངས།

53 བུ་མོ་ཤི་ཚར་བ་ཤེས་ཏེ་ཁོ་ཚོས་ཁོང་ལ་ཁྲེལ་དགོད་བྱས།

54 འོན་ཀྱང་ཁོང་གིས་བུ་མོའི་ལག་པ་ནས་འཇུས་ཏེ་ “བུ་མོ་ལོངས་ཤིག་” ཅེས་གསུངས་པས།

55 དབུགས་ཕྱིར་ལོག་ཅིང་བུ་མོ་དེ་ལམ་སེང་ཡར་ལངས། དེ་ནས་ཁོང་གིས་བུ་མོ་ལ་ཟས་སྟེར་དགོས་ཞེས་བཀའ་གནང༌།

56 བུ་མོའི་ཕ་མ་གཉིས་ཡ་མཚན་སྐྱེས། ཡེ་ཤུས་ཁོ་ཚོར་གང་བྱུང་བ་དེ་མི་གཞན་སུ་ལ་ཡང་མི་ཤོད་པའི་བཀའ་གནང་ངོ༌།།

ལུ་ཀཱ (9) – Luke (9)

1 ཉེ་གནས་བཅུ་གཉིས་པོ་རང་གི་དྲུང་དུ་བོས་ནས་ཡེ་ཤུས་གདོན་འདྲེ་ཐམས་ཅད་འདུལ་བ་དང་ནད་ལས་ཐར་བའི་ནུས་མཐུ་དང་དབང་ཁོ་ཚོར་གནང་ནས།

2 དཀོན་མཆོག་གི་རྒྱལ་སྲིད་སྒྲོག་པའི་ཆེད་དང༌། ནད་ལས་ཐར་བའི་ཕྱིར་ཁོ་ཚོ་ཕྱི་རུ་མངགས།

3 ཁོང་གིས་ཁོ་ཚོར་ “ཁྱེད་ཚོ་ལམ་ལ་ཅི་ཡང་མ་ཁྱེར་ཅིག དབྱུག་པ་དང༌། ཁུག་མ། བག་ལེབ། དངུལ། ད་དུང་སྟོད་གོས་ལྷག་མའང་མ་ཁྱེར།

4 ཁྱེད་ཚོ་མི་ཁྱིམ་ཞིག་ལ་བསྡད་ནའང་གྲོང་ཚོ་དེ་ནས་ཁ་མ་བྲལ་བར་དུ་དེ་རུ་སྡོད།

5 ཡུལ་གང་གི་མིས་ཁྱེད་ཚོར་གནས་ཚང་མི་བཏང་ན། དོན་དེར་འགན་ཁུར་ལེན་དགོས་པར་ཁོ་རྣམས་ལ་བདེན་དཔང་བྱེད་པའི་ཆེད་དུ། ཁྱེད་ཚོ་ས་ཆ་དེ་ནས་ཐོན་པའི་སྐབས་སུ་རྐང་པའི་ཐོག་གི་ས་རྡུལ་སྤྲུགས་ཤིག་” ཅེས་གསུངས།

6 ཁོ་ཚོ་སོང་ནས་ཡུལ་ཀུན་གྱི་གྲོང་གསེབ་བརྒྱུད་ནས་ཕྱིན་ཏེ་འཕྲིན་བཟང་བསྒྲགས་པ་དང་ནད་པ་རྣམས་ནད་ལས་ཐར་བར་བྱས།

7-8 དེའི་དུས་སུ་ས་གནས་དཔོན་པོ་ཧེ་རོ་དཱེ་ཡིས་གང་བྱུང་བ་ཐམས་ཅད་ཐོས་པ་དང༌། མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན་གཤིན་པོ་ནས་གསོན་པོར་ལངས་བ་དང༌། མི་ལ་ལས་ལུང་སྟོན་པ་ཨེ་ལི་ཡཱ་མངོན་སུམ་དུ་གྱུར་བ་དང༌། ཡང་མི་གཞན་གྱིས་གནའ་རབས་ཀྱི་ལུང་སྟོན་པའི་ནང་ནས་གཅིག་གསོན་པོར་ལངས་བ་ཞེས་ཟེར་བའི་རྐྱེན་གྱིས་ག་བྱེད་འདི་བྱེད་མེད་པར་གྱུར།

9 ཧེ་རོ་དཱེས་ “ངས་བཀའ་བསྒོས་ཏེ་ཡོ་ཧ་ནན་གྱི་མགོ་བོ་བཅད་ནས་བསད། འོན་ཀྱང་དོན་དེ་འདྲ་ཐོས་པའི་མི་དེ་སུ་ཡིན་” ཞེས་ཟེར་བས་ཁོང་དང་མཇལ་ཐབས་བཙལ།

མི་ལྔ་སྟོང་ཙམ་གྱི་བཀྲེས་ལྟོགས་སེལ་བ།

10 ཡེ་ཤུའི་དྲུང་དུ་འཛོམས་ནས་སྐུ་ཚབ་རྣམས་ཀྱིས་ཇི་བྱས་པ་ཐམས་ཅད་ཁོང་ལ་ཞུས། ཁོ་ཚོ་ཁོ་ན་ཁྲིད་ནས་ཡེ་ཤུ་པེ་སད་དཱ་ཞེས་བྱ་བའི་གྲོང་སྡེ་ལ་ཕེབས།

11 གཏམ་དེ་ཐོས་ནས་མི་ཚོགས་ཁོང་གི་རྗེས་སུ་འབྲངས། ཡེ་ཤུས་ཁོ་ཚོར་དགའ་བསུ་མཛད་ནས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལ་གསུངས་པ་དང༌། ནད་ལས་ཐར་དགོས་པ་རྣམས་ནད་ལས་ཐར་བར་མཛད།

12 ཉི་མ་ནུབ་ལ་ཉེ་བའི་དུས་སུ། ཉེ་གནས་བཅུ་གཉིས་པོ་ཁོང་གི་དྲུང་དུ་ཡོང་སྟེ་ “ས་ཆ་འདི་དབེན་སྟོང་ཡིན་པས་ཁོ་ཚོ་མཐའ་འཁོར་གྱི་ཡུལ་སྡེ་རྣམས་ལ་རང་རང་གི་ཟས་ཉོ་བ་དང༌། བསྡད་ས་འཚོལ་བའི་ཆེད་དུ་གཏོང་བར་མཛོད་” ཅེས་ཁོང་ལ་ཞུས་པ་ན།

13 ཡེ་ཤུས་ཁོ་རྣམས་ལ་ “ཁྱེད་ཚོས་ཁོ་ཚོར་ཟས་སྟེར་ཞིག་” ཅེས་གསུངས། ཁོ་ཚོས་ “བག་ལེབ་ལྔ་དང་ཉ་ཤ་གཉིས་ལས་མེད་པས་མི་ཚོགས་མང་པོ་འདིར་ཟས་ཉོ་རུ་འགྲོ་བར་བྱའམ་” ཞེས་ཟེར།

14 དེ་རུ་སྐྱེས་པ་ལྔ་སྟོང་ཙམ་ཡོད། ཁོང་གིས་ཉེ་གནས་རྣམས་ལ་ “མི་ཚོགས་ལྔ་བཅུ་ཙམ་རེ་བྱས་ནས་སྡོད་དུ་འཇུག་” ཅེས་གསུངས།

15 དེ་ལྟར་བྱས་ནས་ཐམས་ཅད་བསྡད།

16 དེ་ནས་ཡེ་ཤུས་བག་ལེབ་ལྔ་དང་ཉ་ཤ་གཉིས་པོ་ཕྱག་ཏུ་བསྣམས་ཏེ་དཀོན་མཆོག་གི་ཞིང་ཁམས་ལ་ཡར་གཟིགས་ཤིང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་རྗེས། བག་ལེབ་དུམ་བུར་བཅག་ནས་མི་ཚོགས་ལ་བགོ་བའི་ཆེད་དུ་ཉེ་གནས་རྣམས་ལ་གནང༌།

17 མི་ཚང་མས་བཟས་ནས་འགྲངས་ཏེ་ཟས་ལྷག་བསྡུས་པའི་རྗེས་སུ་བག་ལེབ་ཆག་དུམ་གྱིས་སླེ་པོ་བཅུ་གཉིས་ཁེངས།

པེ་ཏྲོས་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པར་ཁས་ལེན་པ།

18 དེ་ནས་ཁོང་གཅིག་པོ་གསོལ་བ་འདེབས་པའི་སྐབས། ཉེ་གནས་ཀྱང་ཁོང་དང་ཉེ་བར་ཡོད་དེ་ཁོང་གིས་ “མི་རྣམས་ཀྱིས་ང་རང་སུ་རེད་ཅེས་བཤད་བཞིན་ཡོད་དམ་” ཞེས་གསུངས་ཤིང༌།

19 ལན་དུ་ཁོ་རྣམས་ཀྱིས་ “མི་ལ་ལས་ཁྲུས་གསོལ་མཁན་ཡོ་ཧ་ནན་རེད་ཅེས་དང༌། ལ་ལས་ལུང་སྟོན་པ་ཨེ་ལི་ཡཱ་རེད་ཅེས། ཡང་མི་ལ་ལས་གནའ་རབས་ཀྱི་ལུང་སྟོན་པའི་ནང་ནས་གཅིག་སླར་གསོན་པར་གྱུར་” ཞེས་ཟེར།

20 ཁོང་གིས་ “འོ་ན་ཁྱེད་ཚོས་བྱས་ན་ང་རང་སུ་ཡིན་ཟེར་” ཞེས་གསུངས་པས་ལན་དུ་པེ་ཏྲོས་ “ཁྱེད་ནི་དཀོན་མཆོག་གི་སྐྱབས་མགོན་མཱ་ཤི་ཀ་ཡིན་ནོ་” ཞེས་ཞུས།

21 ཡེ་ཤུས་ཁོ་རྣམས་ལ་ “དོན་འདི་མི་གཞན་ལ་མ་ཤོད་” ཅེས་ནན་གྱིས་བསྐུལ།

22 ཁོང་གིས་ཉེ་གནས་ཚོར་ “མིའི་རིགས་ཀྱི་བུ་ངེས་པར་དུ་སྡུག་བསྔལ་མང་པོ་མྱོང་ཞིང༌། ཡ་ཧུ་དཱ་པའི་མི་རིགས་ཀྱི་རྒན་པོ་དང་བླ་ཆེན་རྣམས། ཆོས་ཁྲིམས་ལ་མཁས་པའི་མིས་ཁོ་རང་དོར་ནས་གསོད་པར་འགྱུར་ལ། ཡང་ཉི་མ་གསུམ་པར་འཆི་བ་ནས་ཡར་ལང་བར་འགྱུར་དགོས་སོ་” ཞེས་གསུངས།

23 དེ་ནས་ཁོང་གིས་ཁོ་ཚོ་ཚང་མར་ “གལ་ཏེ་མི་སུ་ཞིག་ང་ཡི་རྗེས་སུ་འབྲང་འདོད་ན། རང་ཉིད་དོར་ནས་རང་གི་རྒྱང་ཤིང་ཉིན་ལྟར་འཁུར་ཏེ་ང་ཡི་རྗེས་སུ་འབྲང་དགོས།

24 གང་ལགས་ཟེར་ན། མི་སུས་ཀྱང་རང་གི་སྲོག་ཐར་བར་བྱེད་འདོད་པ་དེས་བརླག་པར་འགྱུར། མི་སུས་ཀྱང་ང་རང་གི་དོན་དུ་རང་གི་སྲོག་གཏོང་པ་དེས་ཐར་བར་འགྱུར་ངེས་ཡིན།

25 སུ་ལ་འཇིག་རྟེན་ཧྲིལ་པོ་ཐོབ་ཀྱང་རང་སྲོག་ཤོར་བའམ་བརླགས་ན་ཅི་ཕན།

26 མི་སུ་ཞིག་གིས་ང་དང་ངའི་བཀའ་ངོ་ཚ་བའི་རྒྱུར་བརྩིས་ན། མིའི་རིགས་ཀྱི་བུས་ཀྱང་རང་ཉིད་དང༌། ཡབ་དཀོན་མཆོག་དང་དམ་པའི་ཕོ་ཉ་རྣམས་ཀྱི་གཟི་བརྗིད་དང་བཅས་འཇིག་རྟེན་དུ་ཕེབས་སྐབས། མི་དེ་ཡང་ངོ་ཚ་བའི་རྒྱུར་བརྩི་བར་བྱ།

27 ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར། འདི་རུ་ཡོད་པའི་མི་རྣམས་ཀྱི་ནང་ནས་འགའ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་མ་མཐོང་བའི་བར་དུ་ཅི་ནས་ཀྱང་འཆི་བ་མྱོང་བར་མི་འགྱུར་” ཞེས་གསུངས་སོ།།

སྐུའི་རྣམ་པ་གྱུར་བ།

28 གསུང་འདི་ཚོ་བརྗོད་ནས་ཉི་མ་བརྒྱད་ཙམ་གྱི་རྗེས་ལ་ཡེ་ཤུས་པེ་ཏྲོ་དང་ཡ་ཀོབ་ཡོ་ཧ་ནན་གསུམ་ཁྲིད་ནས་རི་ཞིག་ལ་གསོལ་བ་འདེབས་པའི་ཆེད་དུ་ཕེབས།

29 གསོལ་བ་འདེབས་དུས་ཁོང་གི་ཞལ་གྱི་རྣམ་པ་གྱུར་ཞིང༌། ཁོང་གི་ན་བཟའ་འོད་འཕྲོ་བའི་ཚོན་མདོག་ཧ་ཅང་དཀར་པོ་ཞིག་ཏུ་གྱུར།

30-31 གློ་བུར་དུ་ལུང་སྟོན་པ་མོ་ཤེ་དང་ཨེ་ལི་ཡཱ་གཉིས་མངོན་སུམ་དུ་གཟི་བརྗིད་དང་ལྡན་པར་གྱུར་ནས་ཡེ་ཤུ་དང་བཀའ་མོལ་གནང༌། ཁོང་ཚོས་ཡེ་ཤུ་སྐུ་ཚེ་ལས་འདའ་བའི་དོན་དེ་ནི་ཡེ་རུ་ཤ་ལེམ་ལ་བསྒྲུབ་རྒྱུ་ཡིན་པའི་སྐོར་གསུངས།

32 པེ་ཏྲོ་དང་ཁོའི་གྲོགས་པོ་གཉིས་གཉིད་ལྗིད་པོ་ཞིག་ཁུག་ནས་གཉིད་སད་སྐབས་ཁོང་གི་གཟི་བརྗིད་དང༌། ཁོང་དང་མཉམ་དུ་བཞེངས་པའི་མི་གཉིས་མཐོང༌།

33 ལུང་སྟོན་པ་ཨེ་ལི་ཡཱ་དང་མོ་ཤེ་གཉིས་ཁོང་དང་བྲལ་སྐབས། ཇི་ལྟར་ཞུ་དགོས་མིན་མ་ཤེས་ཏེ་པེ་ཏྲོས་ཡེ་ཤུ་ལ་ “སློབ་དཔོན་ལགས། ང་ཚོ་འདིར་བསྡད་ན་ལེགས། ང་ཚོས་བཞུགས་ས་གསུམ་བཟོ་བར་བྱ། ཁྱེད་ལ་གཅིག་དང་མོ་ཤེ་ལ་གཅིག ཨེ་ལི་ཡཱ་ལ་གཅིག་བཅས་ཡིན་” ཞེས་ཞུས་པའི་དུས་སུ།

34 སྤྲིན་པ་ཞིག་ཡོང་ནས་ཁོང་ཚོ་བསྒྲིབས། དེའི་ནང་དུ་སོང་སྐབས་ཁོ་ཚོ་འཇིགས་ཤིང་སྐྲག་པར་གྱུར།

35 སྤྲིན་པ་ནས་གསུང་ཞིག་བྱུང་སྟེ་ “འདི་ནི་ངའི་སྲས་དང་ངས་བདམས་པ་ཡིན་ནོ། ཁོང་ལ་ཉོན་ཅིག་” ཅེས་གསུངས་པའི་རྗེས་སུ།

36 ཡེ་ཤུ་གཅིག་པོར་གནས། ཡང་དེའི་དུས་སྐབས་སུ་ཉེ་གནས་རྣམས་ཀྱིས་གང་མཐོང་བའི་གཏམ་མི་གླེང་ལ་མི་གཞན་ལ་ཡང་ཅི་ཡང་མ་བཤད།

གདོན་འདྲེས་ཟིན་པའི་བུ་གསོས་པ།

37 དེའི་སང་ཉིན་ཁོང་ཚོ་རི་ནས་བབས་པའི་རྗེས་སུ་མི་ཚོགས་མང་པོ་ཞིག་ཁོང་དང་མཇལ།

38 མི་ཚོགས་ལས་གཅིག་གིས་ “སློབ་དཔོན་ལགས། ངའི་ཕྲུ་གུ་གཅིག་པོ་ཡིན་པའི་བུ་ལ་ཐུགས་རྗེས་གཟིགས་རོགས་གནང༌།

39 གདོན་འདྲེས་ག་དུས་འཛིན་ནའང༌། ཁོ་གློ་བུར་དུ་སྐད་ངན་ཆེན་པོ་ཤོར་ནས་ས་ལ་འགྱེལ་ཞིང་ཁ་ནས་ལྦུ་བ་འཐོན་ཅིང༌། སོ་ཁྲིག་ཁྲིག་བྱེད། ལུས་པོའང་རེངས་པོར་འགྱུར། གདོན་འདྲེ་འཐོན་པར་དཀའ་ཞིང་དེས་ཁོ་ལ་གནོད་འཚེ་ཆེན་པོ་གཏོང་བཞིན་འདུག

40 ངས་ཁྱེད་ཀྱི་ཉེ་གནས་རྣམས་ལ་གདོན་འདྲེ་དེ་ཕྱིར་སྐྲོད་པར་ཞུས་ཀྱང་ཁོང་ཚོས་བསྐྲད་མ་ཐུབ་” ཞེས་སྨྲས།

41 དེ་ནས་ཡེ་ཤུས་ “ངན་སེམས་ཅན་དང་དད་པ་མི་བྱེད་པའི་མི་རབས་ཁྱོད་ཚོ། ང་རང་ཁྱོད་ཚོ་དང་མཉམ་དུ་དུས་ནམ་ཞིག་གི་བར་དུ་བསྡད་ནས་བཟོད་པར་བྱེད་དགོས་སམ། བུ་དེ་ངའི་མདུན་དུ་ཁྲིད་ཤོག་” ཅེས་གསུངས་པ་དང༌།

42 བུ་དེ་ཁོང་གི་མདུན་ལ་ཡོང་དུས་གདོན་འདྲེ་མི་གཙང་བ་དེས་ཁོ་ས་ལ་བརྡབས་ནས་དྲག་པོར་སྤྲུགས། འོན་ཀྱང་ཡེ་ཤུས་གདོན་འདྲེ་དེར་བཀའ་བཀྱོན་གནང་སྟེ་བུ་གསོས་པར་མཛད་ནས་ཁོའི་ཕ་ལ་གནང་བས།

43 མི་ཐམས་ཅད་དཀོན་མཆོག་གི་གཟི་བརྗིད་ལ་ཡ་མཚན་སྐྱེས།

ཁོང་གིས་མཛད་པའི་དོན་ལ་མི་ཚང་མ་ངོ་མཚར་སྐྱེ་བའི་དུས་སུ་ཁོང་གིས་ཉེ་གནས་རྣམས་ལ་

44 “གཏམ་འདི་སེམས་ལ་ཟུངས་ཤིག མིའི་རིགས་ཀྱི་བུ་ནི་མི་རྣམས་ཀྱི་ལག་ཏུ་གཏོད་པར་འགྱུར་རོ་” ཞེས་གསུངས།

45 ཉེ་གནས་རྣམས་ཀྱིས་གསུང་དེའི་དོན་ཧ་མ་གོ ཁོ་ཚོ་མི་རྟོགས་པའི་ཕྱིར་དེའི་དོན་ཁོ་རྣམས་ལ་སྦས་པར་གྱུར་ཞིང་འཇིགས་ནས་ཁོང་ལ་དེའི་སྐོར་བཀའ་འདྲི་ཞུ་མ་ཕོད།

ཉེ་གནས་རྣམས་ལས་སུ་མཆོག་ཏུ་འགྱུར་བའི་སྐོར།

46 ཁོ་ཚོའི་ནང་ནས་སུ་མཆོག་ཏུ་ཡིན་པའི་རྩོད་གླེང་ཞིག་བྱུང༌།

47 ཁོ་ཚོའི་བསམ་པ་མཁྱེན་ནས་ཡེ་ཤུས་ཕྲུ་གུ་ཆུང་ངུ་ཞིག་ཁྲིད་ཡོང་སྟེ་རང་གི་རྩར་ལང་དུ་བཅུག་ནས་

48 ཁོ་ཚོར་ “སུས་ཀྱང་ཕྲུ་གུ་འདི་ངའི་མིང་གི་ཐོག་ནས་དྲངས་ན་དེས་ང་རང་འདྲེན། སུས་ཀྱང་ང་འདྲེན་པ་དེས་ང་མངགས་མཁན་དེ་སྤྱན་འདྲེན། རྒྱུ་མཚན་ནི་ཁྱོད་ཚོའི་ནང་ནས་དམའ་ཤོས་ཡིན་པ་དེ་མཆོག་ཏུ་འགྱུར་བ་ཡིན་” ཞེས་གསུངས།

49 ལན་དུ་ཡོ་ཧ་ནན་གྱིས་ཁོང་ལ་ “སྟོན་པ་ལགས། ང་ཚོས་མི་གཞན་ཞིག་གིས་ཁྱེད་ཀྱི་མཚན་ཐོག་ནས་གདོན་འདྲེ་སྐྲོད་པ་མཐོང་བྱུང༌། མི་དེ་ང་ཚོའི་ཁོངས་གཏོགས་མིན་པས་དོན་དེ་ལྟར་སྒྲུབ་པ་བཀག་ཐབས་བཙལ་བ་ཡིན་” ཞེས་ཞུས་པ་ལ།

50 ཡེ་ཤུས་ “སུས་ཀྱང་ཁྱེད་ལ་དགྲ་མི་བྱེད་པ་དེས་ཁྱེད་ཀྱི་ཕྱོགས་བྱེད་པས་ཁོ་འགོག་པར་མ་བྱོས་ཤིག་” ཅེས་གསུངས།

སྟོན་པ་ཡེ་ཤུ་ལ་བསུ་བ་མ་བྱས་པའི་སྐོར།

51 དཀོན་མཆོག་གི་ཞིང་ཁམས་སུ་འཕག་པའི་དུས་ཉེ་བར་སླེབས་པས་ཁོང་ཡེ་རུ་ཤ་ལེམ་ལ་ཕེབས་རྒྱུའི་འདུན་པ་བརྟན་པོར་བཅངས་སོ།

52 ཁོང་གི་སྔོན་དུ་བང་ཆེན་མངགས་པ་དང༌། ཁོ་ཚོ་ཁོང་གི་དོན་ལ་གྲ་སྒྲིག་བྱེད་པའི་ཕྱིར་ས་མར་ཡཱ་ཡུལ་གྱི་གྲོང་གསེབ་ཅིག་ཏུ་སོང༌།

53 ཁོང་ཡེ་རུ་ཤ་ལེམ་ལ་ཕེབས་པར་ཤེས་ཏེ་ས་མར་ཡཱ་པས་ཁོང་ལ་བསུ་བ་མ་བྱས།

54 དོན་དེ་མཐོང་ནས་ཉེ་གནས་ཡོ་ཧ་ནན་དང་ཡ་ཀོབ་ཀྱིས་ “གཙོ་བོ། མི་དེ་ཚོ་མེད་པར་བྱེད་པའི་ཕྱིར་ང་ཚོས་དཀོན་མཆོག་གི་ཞིང་ཁམས་ནས་མེ་འབབ་པའི་བཀོད་པ་གཏོང་བར་ཁྱེད་ཐུགས་མཉེས་སམ་” ཞེས་སྨྲས།

55 འོན་ཀྱང་ཁོང་ཞལ་ཕྱིར་བསྐོར་ཏེ་ཁོ་ཚོར་བཀའ་བསྐྱོན་མཛད་པ་དང༌།

56 ཁོང་ཚོ་གྲོང་གསེབ་གཞན་ཞིག་ལ་ཕེབས།

སྟོན་པ་ཡེ་ཤུའི་རྗེས་སུ་འབྲངས་པའི་སྐོར།

57 ལམ་བར་དུ་མི་ཞིག་གིས་ཁོང་ལ་ “ཁྱེད་གང་དུ་ཕེབས་ན་ཡང་ང་ཁྱེད་ཀྱི་རྗེས་སུ་འབྲང་བར་བྱ་” ཞེས་ཟེར་བས།

58 ཁོང་གིས་ཁོ་ལ་ “ཝ་ལ་ཝ་ཚང་དང༌། བྱ་ལ་བྱ་ཚང་ཡོད་ཀྱང༌། མིའི་རིགས་ཀྱི་བུ་ལ་མགོ་བཞག་ས་ཙམ་ཡང་མེད་” ཅེས་གསུངས།

59 ཡང་ཁོང་གིས་མི་གཞན་ལ་ “ངའི་རྗེས་སུ་འབྲོངས་ཤིག་” ཅེས་གསུངས་པས་ལན་དུ་ཁོས་ “གཙོ་བོ། སྔོན་ལ་ང་སོང་ནས་ཕ་དུར་དུ་འཇུག་པའི་དགོངས་པ་གནང་རོགས་” ཞེས་སྨྲས།

60 འོན་ཀྱང་ཁོང་གིས་མི་དེར་ “གཤིན་པོ་དང་འདྲ་བ་རྣམས་ཀྱིས་རང་གི་གཤིན་པོ་རྣམས་དུར་དུ་འཇུག་ཆོག ཁྱོད་སོང་ནས་དཀོན་མཆོག་གི་རྒྱལ་སྲིད་ཁྱབ་བསྒྲགས་གྱིས་ཤིག་” ཅེས་གསུངས།

61 ད་དུང་མི་གཞན་གྱིས་ “གཙོ་བོ། ཁྱེད་ཀྱི་རྗེས་སུ་འབྲང་བར་བྱ། འོན་ཀྱང་དེའི་སྔོན་དུ་ནང་མི་རྣམས་ལ་གྱེས་མཚམས་ཞུ་བའི་དགོངས་པ་གནང་རོགས་” ཞེས་ཟེར་བ་ལ།

62 ཡེ་ཤུས་མི་དེར་ “སུས་ཀྱང་ཐོང་གཤོལ་བཟུང་སྟེ་ཕྱི་བལྟས་སློག་ན་དཀོན་མཆོག་གི་རྒྱལ་སྲིད་ལ་མི་འོས་” ཞེས་གསུངས་སོ།།

ལུ་ཀཱ (10) – Luke (10)

1 དེ་ནས་གཙོ་བོས་མི་གཞན་བདུན་ཅུ་བསྐོས་ཏེ་ཁོང་ཕེབས་རྒྱུ་ཡིན་པའི་གྲོང་ཁྱེར་དང་ས་ཆ་རེ་རེར་མི་གཉིས་རེ་མངགས།

2 ཡང་ཁོང་གིས་ཁོ་ཚོར་ “སྟོན་ཐོག་རྔ་རྒྱུ་མང་པོ་ཡོད་ཀྱང་ལས་ཀ་བྱེད་མཁན་ཉུང་ངུ་ཡོད། དེའི་ཕྱིར་ལོ་ཏོག་གི་བདག་པོར་སྟོན་ཐོག་སྡུད་མཁན་རྣམས་རང་གི་ས་ཞིང་ལ་མངག་པར་ཞུས་ཤིག

3 སོང་ལ། ངས་སྤྱང་ཀིའི་ཁྲོད་དུ་ལུ་གུ་ལྟར་ཁྱེད་ཚོ་མངག

4 ཁྱེད་ཚོ་ཁུག་མ་དང༌། ལྷམ་གྱོན། སྐེ་རགས་ནང་ལའང་དངུལ་ཅི་ཡང་མ་ཁྱེར་ཞིང༌། ལམ་བར་དུ་མི་སུ་ལ་ཡང་འཚམས་འདྲི་མ་ཞུས།

5 ཁྱིམ་ཚང་གང་ཞིག་ལ་འཛུལ་ནའང་ཐོག་མར་ཁྱིམ་ཚང་འདི་ལ་ཞི་བདེ་འབབ་པར་ཤོག་ཅེས་ཤོད།

6 གལ་སྲིད་ཞི་བདེ་དང་ལྡན་པའི་སྐྱེས་པ་ཞིག་ཁྱིམ་ཚང་དེར་བཞུགས་ན་ཁྱེད་ཀྱི་ཞི་བདེ་ཁོང་ལ་གནས་པར་འགྱུར། འོན་ཀྱང་མེད་ན་ཞི་བདེ་ཁྱེད་ལ་ཕྱིར་ལོག་ཡོང༌།

7 ཁོ་ཚོས་ཁྱེད་ལ་གང་སྟེར་བ་དེ་བཟའ་བཏུང་བྱེད་པར་ཁྱིམ་ཚང་དེ་རང་ལ་སྡོད། གང་ཡིན་ཞེ་ན། ལས་བྱེད་མཁན་ལ་གླ་ཆ་ཐོབ་པར་འོས་སོ། ཁང་པ་གཅིག་ནས་གཞན་པར་མ་སྤོས།

8 ཁྱེད་ཚོ་གྲོང་ཁྱེར་གང་ཞིག་ལ་ཞུགས་ནས་གནས་ཚང་བཏང་ན་ཁྱེད་ཚོར་གང་བཤམས་པ་དེ་ཟོ་ཞིག

9 དེར་ཡོད་པའི་ནད་པ་རྣམས་ནད་ལས་ཐར་བར་བྱེད་དེ་ཁོ་ཚོར་དཀོན་མཆོག་གི་རྒྱལ་སྲིད་ཁྱེད་དང་ཉེ་བར་སླེབས་ཞེས་ཤོད།

10 ཁྱེད་ཚོ་གྲོང་ཁྱེར་གང་ཞིག་ལ་ཞུགས་ནས་གནས་ཚང་མི་བཏང་ན་ལམ་ལ་སོང་ནས།

11 ཁྱོད་ཚོ་དོན་འདི་ལ་འགན་ཁུར་དགོས་པར་སྟོན་པའི་ཕྱིར་ངེད་ཀྱི་རྐང་པ་ལ་ཁྱོད་ཚོའི་གྲོང་ཁྱེར་གྱི་ས་རྡུལ་འབྱར་བ་ཡང་ང་ཚོས་འཕྱི། དཀོན་མཆོག་གི་རྒྱལ་སྲིད་ཁྱེད་དང་ཉེ་བར་སླེབ་པ་ཤེས་པར་གྱིས་ཤིག་ཅེས་སྨྲོས།

12 ངས་ཁྱེད་ཚོ་ལ་ཟེར་རྒྱུར། ཁྲིམས་གཅོད་པའི་ཉིན་མོ་དེར་གྲོང་ཁྱེར་འདིའི་ཉེས་ཆད་སཱ་དོམ་གྲོང་ཁྱེར་ལས་ལྗིད་བ་འཕོག་པར་འགྱུར།

13 གལ་ཏེ་གྲོང་ཁྱེར་ཐཱ་ཨེར་དང་ཚི་དོན་ལ་བྱུང་བའི་ངོ་མཚར་ཅན་གྱི་རྟགས་ཁྱོད་ཚོར་བྱུང་ཡོད་ན། མི་དེ་ཚོ་སེམས་བསྒྱུར་བའི་རྟགས་སུ་རྩྭ་རས་གྱོན་པ་དང་གོ་ཐལ་ཁྲོད་ལ་བསྡད་དེ་ཡུན་རིང་ནས་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་བ་ཡིན་པས། ཀྱེ་ཀོ་ར་ཟིན་དང་པེ་སད་དཱ་པ་རྣམས། ཁྱོད་ཚོར་ཆད་པ་ཕོག་པར་འགྱུར་ངེས་ཡིན།

14 འོན་ཀྱང་ཁྲིམས་གཅོད་བྱེད་པའི་ཉིན་མོར་ཁྱོད་རྣམས་ལས་ཐཱ་ཨེར་དང་ཚི་དོན་གཉིས་ལ་བཟོད་པར་སླ་བར་འགྱུར་རོ།

15 ཀྱེ་ཀ་ཕར་ན་ཧུམ་པ་རྣམས། ཁྱོད་ཞིང་ཁམས་སུ་འཕག་པར་འགྱུར་བ་ཡིན་ནམ། མ་ཡིན། ཁྱོད་དམྱལ་བའི་གཏིང་སར་འཕེན་པར་འགྱུར།

16 ཁྱོད་རྣམས་ལ་ཉན་པ་དེས་ང་ལའང་ཉན། ཁྱོད་རྣམས་འདོར་བ་དེས་ང་ཡང་འདོར། ང་འདོར་མཁན་གྱིས་ང་མངག་མཁན་ཡང་འདོར་” ཞེས་གསུངས།

17 བདུན་ཅུ་དེ་རྣམས་ཀྱིས་ “གཙོ་བོ། ཁྱེད་ཀྱི་མཚན་ཐོག་ནས་གདོན་འདྲེས་ཀྱང་ང་ཚོའི་ཁ་ལ་ཉན་” ཞེས་སྨྲས་ཏེ་དགའ་བའི་ངང་ནས་ཕྱིར་ལོག་ཡོང༌།

18 ཁོང་གིས་ཁོ་ཚོར་ “ངས་དཀོན་མཆོག་གི་ཞིང་ཁམས་ནས་བདུད་སཱ་ཏན་གློག་འཁྱུག་པ་ལྟར་བབས་པར་བལྟས།

19 ལྟོས་ཤིག ངས་ཁྱེད་ཚོར་སྦྲུལ་དང་སྡིག་པ་རྭ་ཉག་བརྫི་རྒྱུ་དང༌། དགྲའི་མཐུ་ཐམས་ཅད་འཇོམས་པའི་དབང་ཆ་སྟེར་བ་ཡིན་པས། ཁྱེད་རྣམས་ལ་གནོད་འཚེ་ཅིའང་བྱེད་མི་ཐུབ།

20 འོན་ཀྱང་གདོན་འདྲེས་ཁྱེད་ཚོའི་བཀའ་ལ་ཉན་པར་མ་དགའ། ཁྱེད་ཚོའི་མིང་དཀོན་མཆོག་གི་ཞིང་ཁམས་སུ་བཀོད་པ་ཡིན་པས་དགའ་བར་འགྱུར་” ཞེས་གསུངས།

21 དུས་དེར་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཐོག་ནས་ཤིན་ཏུ་དགྱེས་པས་ཁོང་གིས་ “ཀྱེ་ཡབ་འཇིག་རྟེན་ཁམས་ཀྱི་བདག་པོ་ལགས། ཁྱེད་ཀྱིས་དོན་འདི་རྣམས་ཤེས་ཡོན་དང་ལྡན་པ་རྣམས་ལ་སྦས་པ་གནང་ནས་ཕྲུ་གུ་རྣམས་ལ་མངོན་པར་མཛད་པས་ཁྱེད་ལ་བསྟོད་པ་འབུལ་ལོ། ཡབ་ལགས། དེ་ནི་ཁྱེད་ཀྱི་ཐུགས་རྗེ་དང་ལྡན་པའི་དགོངས་པ་ཡིན་པས་སོ།

22 ངའི་ཡབ་ཀྱིས་ང་ལ་ཡོད་དོ་ཅོག་གཏད་བྱུང༌། ཡབ་མ་གཏོགས་པར་སྲས་སུ་ཡིན་པ་སུས་ཀྱང་མི་ཤེས། སྲས་དང༌། སྲས་ཀྱིས་སྟོན་པར་འདོད་པའི་མི་མ་གཏོགས་པར། ཡབ་སུ་ཡིན་པ་སུས་ཀྱང་མི་ཤེས་” ཞེས་གསུངས།

23 ཉེ་གནས་རྣམས་ལ་ཞལ་ཕྱིར་བསྐོར་ཏེ་ཟུར་དུ་ཁོང་གིས་ “ཁྱེད་ཀྱིས་གང་མཐོང་བའི་དོན་དེ་མཐོང་མཁན་རྣམས་བདེའོ།

24 ངས་ཁྱེད་རྣམས་ལ་ཟེར་རྒྱུར། ཁྱེད་ཀྱིས་གང་མཐོང་བ་དང་ཐོས་པ་ནི་ལུང་སྟོན་པ་དང་རྒྱལ་པོ་མང་པོས་དེ་མཐོང་བ་དང་ཐོས་པ་འདོད་ཀྱང་མ་མྱོང་” ཞེས་གསུངས།

ས་མར་ཡཱ་པ་བཟང་པོའི་དཔེ།

25 དེ་ནས་ཁོང་ལ་ཉམས་ཚོད་ལེན་པའི་ཕྱིར་ཆོས་ཁྲིམས་ལ་མཁས་པའི་མི་ཞིག་ཡར་ལངས་ཏེ་ཁོང་ལ་ “སློབ་དཔོན་ལགས། དཔག་ཏུ་མེད་པའི་ཚེ་ཐོབ་ཕྱིར་ངས་གང་ཞིག་བྱ་དགོས་སམ་” ཞེས་ཞུས་པ་ན།

26 ཁོང་གིས་མི་དེ་ལ་ “ཆོས་ཁྲིམས་ནང་ལ་ཅི་ཞིག་འཁོད་འདུག ཁྱེད་ཀྱིས་ཇི་ལྟར་ཀློག་” ཅེས་གསུངས།

27 ལན་དུ་ཁོས་ “ཆོས་ཁྲིམས་ནང་ལ་རང་གིས་གཙོ་བོ་དཀོན་མཆོག་ལ་བློ་གཅིག་སེམས་གཅིག་དང་ནུས་པ་ཅི་ཡོད་ཀྱིས་བརྩེ་བར་ཟུངས་ཤིག ཁྱེད་རང་གིས་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་ཟུངས་ཤིག་ཅེས་འཁོད་འདུག་” ཅེས་སྨྲས།

28 ཡེ་ཤུས་ “ཁྱེད་ཀྱིས་བཤད་པ་དེ་བདེན། དེ་ལྟར་བྱས་ན་འཚོ་བར་འགྱུར་” ཞེས་གསུངས།

29 འོན་ཀྱང་རང་ལ་རྒྱུ་མཚན་ཡོད་པ་གསལ་པོར་སྟོན་ཕྱིར་མི་དེས་ཡེ་ཤུ་ལ་ “འོ་ན་ངའི་ཁྱིམ་མཚེས་སུ་ཡིན་” ཞེས་དྲིས།

30 ལན་དུ་ཡེ་ཤུས་ “མི་ཞིག་ཡེ་རུ་ཤ་ལེམ་ནས་ཡེ་རུ་ཀོ་གྲོང་ཁྱེར་དུ་མར་འགྲོ་དུས་ཇག་པས་བཟུང་ནས་གོས་ཕྲོགས་པ་དང༌། ཁོ་མ་ཤི་ཙམ་དུ་བརྡུངས་ནས་སོང༌།

31 དེ་དུས་ཡ་ཧུ་དཱ་པའི་བླ་མ་ཞིག་ལམ་དེ་བརྒྱུད་ནས་ཡོང་བ་དང་སྐབས་འཁེལ་བས་མི་དེ་མཐོང་སྟེ་ཕར་ཕྱོགས་ནས་སོང༌།

32 དེ་བཞིན་དུ་ལེ་ཝི་པ་ཟེར་བའི་མཆོད་གཡོག་ཅིག་ཡོང་ནས་མི་དེ་མཐོང་སྟེ་ཡང་ཕར་ཕྱོགས་ནས་སོང༌།

33 འོན་ཀྱང་ས་མར་ཡཱ་པའི་འགྲུལ་པ་ཞིག་ཡོང་ནས་མི་དེ་མཐོང་སྟེ་སྙིང་རྗེ་སྐྱེས།

34 ཁོའི་ཕྱོགས་སུ་སོང་ནས་རྨ་ལ་སྣུམ་དང་རྒུན་ཆང་བླུགས་ཏེ་རས་ཀྱིས་བཏུམས་པ་དང༌། རང་གི་ཁལ་མར་བསྐྱོན་ཏེ་མགྲོན་ཁང་ཞིག་ལ་བསྐྱལ་ནས་བྱམས་སྐྱོང་བྱས།

35 དེའི་སང་ཉིན་ཁོས་དེ་ཎ་རིའི་དངུལ་ཊམ་ཀ་གཉིས་མགྲོན་ཁང་གི་བདག་པོ་ལ་སྟེར་ནས་ཁོ་ལ་བདག་སྐྱོང་བྱེད་དང༌། དེ་ལས་ལྷག་པ་བཏང་ན་ལོག་སྐབས་སུ་ངས་ཁྱེད་ལ་སྐྱིན་པ་འཇལ་རྒྱུ་ཡིན་ཞེས་སྨྲས།

36 ཁྱེད་ཀྱི་བསམ་པར་འདི་ཚོ་གསུམ་གྱི་ནང་ནས་ཇག་པས་བཟུང་བའི་ཁྱིམ་མཚེས་སུ་ཡིན་” ཞེས་གསུངས་ནས།

37 ཆོས་ཁྲིམས་ལ་མཁས་པའི་མི་དེས་ “ཁོ་ལ་སྙིང་རྗེ་བྱེད་མཁན་དེ་ཡིན་” ཞེས་ཟེར་བས། ཡེ་ཤུས་ “སོང་ལ་དེ་ལྟར་བྱོས་ཤིག་” ཅེས་གསུངས།

མར་ཐཱ་དང་མིར་ཡམ།

38 ལམ་ལ་ཕེབས་དུས་ཡེ་ཤུ་དང་ཉེ་གནས་གྲོང་གསེབ་ཅིག་ལ་ཞུགས་ནས་མར་ཐཱ་ཞེས་བྱ་བའི་བུད་མེད་ཀྱིས་ཁོ་མོའི་ནང་ལ་ཁོང་ཚོར་སྣེ་ལེན་ཞུས།

39 ཁོ་མོའི་ནུ་མོ་མིར་ཡམ་ནི་གཙོ་བོའི་ཞབས་ཀྱི་མདུན་དུ་བསྡད་དེ་ཁོང་གི་གསུང་ལ་ཉན།

40 སྣེ་ལེན་གྱི་ལས་མང་བས་མར་ཐཱ་ཡིས་སེམས་འཚབ་སྟེ་ཁོང་གི་མདུན་དུ་ཡོང་བ་དང་ “ངའི་ནུ་མོས་ང་གཅིག་པོ་སྣེ་ལེན་བྱེད་དུ་འཇུག་པ་ཁྱེད་ཀྱིས་ཐུགས་སྣང་མི་མཛད་དམ། ང་ལ་རོགས་རམ་བྱེད་དགོས་པའི་བཀའ་ཁོ་མོར་གནང་དང་” ཞེས་ཟེར།

41 འོན་ཀྱང་ལན་དུ་གཙོ་བོས་ “མར་ཐཱ། མར་ཐཱ། ཁྱེད་ཀྱིས་དོན་མང་པོའི་ཆེད་དུ་སེམས་ཁྲལ་དང་སེམས་འཁྲུག་པར་བྱེད།

42 འོན་ཀྱང་དོན་གལ་ཆེ་བ་ནི་གཅིག་རང་ཡིན། མིར་ཡམ་གྱིས་སྐལ་བ་བཟང་པོ་བདམས་པས་ཁོ་མོའི་ས་ནས་ལེན་པར་མི་འགྱུར་” ཞེས་གསུངས་སོ།།

ལུ་ཀཱ (11) – Luke (11)

1 ཡེ་ཤུས་ས་ཆ་ཞིག་ལ་གསོལ་བ་བཏབ་པ་དང༌། དེ་ཚར་རྗེས་ཉེ་གནས་ཤིག་གིས་ཁོང་ལ་ “གཙོ་བོ། ཡོ་ཧ་ནན་གྱིས་ཁོང་གི་ཉེ་གནས་རྣམས་ལ་སྨོན་ལམ་འདེབས་པར་བསླབས་པ་ལྟར། ང་ཚོ་ལའང་སྨོན་ལམ་འདེབས་པར་སློབས་དང་” ཞེས་སྨྲས་པ་ལ།

2 ཁོང་གིས་ཁོ་ཚོར་ “ཁྱེད་ཚོས་སྨོན་ལམ་འདེབས་སྐབས་འདི་ལྟར་ཤོད།

ཡབ་ལགས།

ཁྱེད་མཚན་དམ་པར་སྲུང་བར་ཤོག །

ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག །

3 ངེད་ཀྱི་ཉིན་རེའི་ཁ་ཟས་དེ།།

ཁྱེད་ཀྱིས་ང་ཚོར་གནང་བར་མཛོད།།

4 ངེད་ཚོས་གཞན་གྱི་སྡིག་ཉེས་རྣམས།།

གུ་ཡངས་གཏོང་བ་ཇི་བཞིན་དུ།།

ངེད་ཀྱི་སྡིག་བུན་སེལ་བར་མཛོད།།

ཉམས་ཚོད་ནང་དུ་འཇུག་མ་མཛོད།།”

ཞེས་གསུངས།

5 ཁོང་གིས་ཁོ་ཚོར་ “དཔེར་ན་ཁྱེད་ཚོའི་ནང་ནས་གཅིག་ལ་གྲོགས་པོ་ཡོད་ན། ནམ་ཕྱེད་ལ་ཁོའི་རྩར་ཕྱིན་ནས་ཁོ་ལ་གྲོགས་པོ། བག་ལེབ་གསུམ་ང་ལ་གཡར་དང༌།

6 གང་ལགས་ཟེར་ན། ཐག་རིང་ནས་ངའི་གྲོགས་པོ་ཞིག་སླེབས་པ་དང༌། ཁོ་ལ་སྟེར་བའི་ཟས་གང་ཡང་མེད་ཅེས་སྨྲས།

7 ལན་དུ་ནང་ལ་ཡོད་པའི་མི་དེས་ང་ལ་སུན་པོ་མ་བཟོས། སྒོ་བརྒྱབ་ཚར་ཏེ་ངའི་ཕྲུ་གུ་ང་དང་མཉམ་དུ་ཉལ་ཡོད་པས་ཁྱོད་ལ་གང་ཞིག་སྟེར་བའི་ཕྱིར་ཡར་ལང་མི་ཐུབ་ཅེས་ཟེར་” ཞེས་གསུངས།

8 ཡེ་ཤུས་ “ངས་ཁྱེད་ཚོ་ལ་ཟེར་རྒྱུར། ནང་ལ་ཡོད་པའི་མི་དེ་གྲོགས་པོ་ཡིན་པས་ལངས་ནས་མི་སྟེར་ན་ཡང༌། ཕྱི་ལོགས་ཀྱི་མིས་ཡང་ཡང་ཞུ་བའི་རྐྱེན་གྱིས་ཡར་ལངས་ནས་གང་ཙམ་དགོས་པ་ཁོ་ལ་སྟེར་ངེས་ཡིན།

9 དེའི་ཕྱིར་ངས་ཁྱེད་ཚོར་ཟེར་རྒྱུར་ཞུས་ན་གནང་བར་འགྱུར། བཙལ་ན་རྙེད་པར་འགྱུར། སྒོ་བརྡུངས་ན་འབྱེད་པར་འགྱུར།

10 གང་ལགས་ཟེར་ན། ཞུ་མཁན་ཐམས་ཅད་ལ་འཐོབ་པ་དང༌། འཚོལ་མཁན་ཐམས་ཅད་ལ་རྙེད། སྒོ་རྡུང་མཁན་ཐམས་ཅད་ལ་སྒོ་འབྱེད་པར་འགྱུར་བས་སོ།

11 དཔེར་ན་ཁྱེད་ཚོ་ལས་སུ་ཞིག་ཕ་ཡིན་པ་དེས་བུ་ཉ་ཤ་དགོས་ཞེས་ཞུས་ན་སྦྲུལ་སྟེར་བར་བྱའམ།

12 ཡང་ན་བུ་ཡིས་སྒོ་ང་དགོས་ཞེས་ཞུས་ན་སྡིག་པ་རྭ་ཉག་ཅིག་སྟེར་རམ།

13 ཁྱོད་ཚོ་ངན་པ་ཡིན་ཡང་ཁྱོད་ཀྱི་ཕྲུ་གུ་རྣམས་ལ་ལག་རྟགས་བཟང་པོ་སྤྲོད་པར་ཤེས་ན། ཁྱེད་ཀྱི་ཡབ་ཞིང་ཁམས་སུ་བཞུགས་པ་ཡིས་ཁོང་ལ་གསོལ་འདེབས་བྱེད་མཁན་རྣམས་ལ་དམ་པའི་ཐུགས་ཉིད་དེ་བས་ཀྱང་གནང་བར་འགྱུར་” ཞེས་གསུངས།

སྟོན་པ་ཡེ་ཤུ་དང་བདུད་པེ་ཨིལ་བཟི་པད།

14 དེའི་རྗེས་སུ་ཁོང་གིས་གདོན་འདྲེ་ཁ་མི་གྲགས་པ་ཞིག་བསྐྲད། དེ་ཐོན་ཚར་ནས་ཁ་ལྐུགས་པས་སྐད་ཆ་བཤད་པ་དང༌། མི་ཚོགས་ཡ་མཚན་སྐྱེས།

15 འོན་ཀྱང་མི་དེ་ཚོའི་ནང་ནས་ལ་ལས་ “བདུད་ཀྱི་རྒྱལ་པོ་པེ་ཨིལ་བཟི་པད་ལ་བརྟེན་ནས་ཁོས་གདོན་འདྲེ་སྐྲོད་” ཅེས་སྨྲས།

16 ཁོང་ལ་ཉམས་ཚོད་ལེན་པའི་ཕྱིར་གཞན་པ་རྣམས་ཀྱིས་དཀོན་མཆོག་གི་ཞིང་ཁམས་ནས་ངོ་མཚར་བའི་རྟགས་སྟོན་ཞུ་བ་ཡང་ཡང་ཞུས།

17 ཁོ་ཚོའི་བསམ་པ་མཁྱེན་ནས་ཁོང་གིས་ཁོ་ཚོར་ “རྒྱལ་ཁམས་ཤིག་གི་ནང་ལ་ནང་འཁྲུག་བྱུང་ན་འཇིག་པར་འགྱུར་ལ། ཁྱིམ་ཚང་ནང་ལའང་ནང་འཁྲུག་བྱུང་ན་ཉམས་པར་འགྱུར། 18 དེ་བཞིན་དུ་བདུད་སཱ་ཏན་གྱིས་རང་ལ་ནང་འཁྲུག་བསླངས་ན། ཁོའི་རྒྱལ་ཁམས་ཅི་ལྟར་གནས། དེ་ནི་ཁྱོད་ཚོས་ངས་བདུད་ཀྱི་རྒྱལ་པོ་པེ་ཨིལ་བཟི་པད་ལ་བརྟེན་ནས་གདོན་འདྲེ་སྐྲོད་ཅེས་སྨྲ་བའི་ཕྱིར་ཡིན།

19 གལ་ཏེ་པེ་ཨིལ་བཟི་པད་ལ་བརྟེན་ནས་ངས་གདོན་འདྲེ་བསྐྲད་ན། ཁྱོད་རྣམས་ཀྱི་བུ་ཡིས་སུ་ལ་བརྟེན་ནས་གདོན་འདྲེ་སྐྲོད་དམ། དེའི་ཕྱིར་ཁོ་ཚོ་ནི་ཁྱོད་ཚོའི་ཁྲིམས་དཔོན་དུ་འགྱུར་ངེས་ཡིན།

20 འོན་ཀྱང་ངས་དཀོན་མཆོག་གི་ཕྱག་མཛུབ་ལ་བརྟེན་ནས་གདོན་འདྲེ་བསྐྲད་ན། དཀོན་མཆོག་གི་རྒྱལ་སྲིད་ཁྱོད་ཚོའི་རྩར་སླེབས་ཡོད།

21 མཚོན་ཆ་འཁྱེར་བའི་མི་སྟོབས་ཤུགས་ཆེན་པོ་ཞིག་གིས་རང་གི་ཁང་པ་བསྲུངས་ན། ཁོའི་ཅ་ལག་འཕྲོག་མི་ཐུབ།

22 འོན་ཀྱང་ཁོ་ལས་སྟོབས་ཤུགས་ཆེ་བ་ཞིག་ཡོང་ནས་མི་སྟོབས་ཤུགས་ཅན་བཅོམ་ན། ཁོས་བརྟེན་པར་བྱས་པའི་མཚོན་ཆ་ཕྲོགས་ནས་སྟོབས་ཤུགས་ཆེ་བ་དེས་འཕྲོག་ནོར་བགོ་བཤའ་རྒྱག

23 སུས་ཀྱང་ང་ཡི་ཕྱོགས་མི་བྱེད་པ་དེས་ང་ལ་རྒོལ་ཞིང༌། སུས་ཀྱང་ང་དང་མཉམ་དུ་མི་སྡུད་བ་དེས་གཏོར།”

གདོན་འདྲེ་མི་གཙང་བ་ཕྱིར་ལོག་པའི་སྐོར།

24 “མི་ཞིག་ནས་གདོན་འདྲེ་མི་གཙང་བ་འཐོན་སྐབས། ངལ་གསོ་འཚོལ་བའི་ཕྱིར་ཆུ་མེད་པའི་ས་བརྒྱུད་དེ་ཕྱིན་ནས། མ་རྙེད་པས་ང་ཐོན་པའི་ཁང་པ་དེ་ལ་ཕྱིར་ལོག་ཅེས་ཟེར།

25 དེར་སླེབས་དུས་གད་བརྒྱབ་ནས་གཙང་བ་དང་ལེགས་པར་བསྒྲིགས་ཡོད་པ་མཐོང་སྟེ།

26 སོང་ནས་དེ་ལས་ཀྱང་ངན་པ་གདོན་འདྲེ་བདུན་ཁྲིད་དེ་ཁང་པ་དེར་འཛུལ་ནས་བསྡད། མི་དེའི་གནས་ཚུལ་སྔ་མ་ལས་ཕྱི་མ་སྡུག་གོ་” ཞེས་གསུངས།

27 ཡེ་ཤུས་དེ་ལྟར་གསུང་དུས་མི་ཚོགས་ནང་ནས་བུད་མེད་གཅིག་གིས་སྐད་ཆེན་པོས་ཁོང་ལ་ “ཁྱེད་བཞུགས་པའི་ལྷུམས་དང་ཁྱེད་ལ་ཆབ་ཞོ་སྟེར་བའི་ནུ་མ་བདེའོ་” ཞེས་ཟེར་བ་ན།

28 ཁོང་གིས་ “དེ་བས་དཀོན་མཆོག་གི་བཀའ་ཐོས་ནས་ཁ་ལ་ཉན་པ་རྣམས་ལས་བདེ་བ་མེད་” ཅེས་གསུངས།

ལུང་སྟོན་པ་ཡོ་ནཱ་ཡི་རྟགས་ཀྱི་སྐོར།

29 མི་ཚོགས་མང་པོ་ཁོང་གི་དྲུང་དུ་འཛོམས་སྐབས་ཁོང་གིས་ “མི་རབས་འདི་ནི་མི་རབས་ངན་པ་ཞིག་ཡིན། མི་རབས་འདིས་རྟགས་ཤིག་ཞུས་ན་ཡང༌། ལུང་སྟོན་པ་ཡོ་ནཱ་ཡི་རྟགས་མ་གཏོགས་པར་གཞན་ཅི་ཡང་སྟེར་བར་མི་འགྱུར།

30 རྒྱུ་མཚན་ནི་ལུང་སྟོན་པ་ཡོ་ནཱ་ནི་གནའ་བོའི་གྲོང་ཁྱེར་ནུ་ནེ་ཝཱ་ཡི་མི་རྣམས་ལ་རྟགས་ཤིག་ཏུ་གྱུར་བ་ལྟར། མིའི་རིགས་ཀྱི་བུ་ཡང་མི་རབས་འདི་ལ་རྟགས་སུ་འགྱུར་ཡོང༌།

31 ཁྲིམས་གཅོད་པའི་ཉིན་མོར་ལྷོ་ཡུལ་གྱི་རྒྱལ་མོ་ལངས་ནས་མི་རབས་འདིའི་མི་རྣམས་ལ་ཉེས་སྐྱོན་འདོན་པར་བྱ། གང་ཡིན་ཞེ་ན། རྒྱལ་པོ་སོ་ལོ་མོན་གྱི་ཤེས་རབ་ཐོས་པའི་ཕྱིར་ཁོ་མོ་ས་གཞིའི་མཐའ་ནས་ཡོང༌། ལྟོས་ཤིག ད་ལྟ་སོ་ལོ་མོན་ལས་ཆེ་བ་ཞིག་འདིར་ཡོད།

32 ཁྲིམས་གཅོད་པའི་ཉིན་མོར་གྲོང་ཁྱེར་ནུ་ནེ་ཝཱ་ཡི་མི་རྣམས་ལངས་ནས་མི་རབས་འདིའི་མི་རྣམས་ལ་ཉེས་སྐྱོན་འདོན་པར་བྱ། གང་ལགས་ཤེ་ན། ལུང་སྟོན་པ་ཡོ་ནཱའི་གསུང་ཐོས་ནས་དེ་ཚོས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར། ལྟོས་ཤིག ད་ལྟ་ཡོ་ནཱ་ལས་ཆེ་བ་ཞིག་འདིར་ཡོད།”

འོད་ཀྱི་དཔེ།

33 “མི་སུས་ཀྱང་མར་མེ་སྤར་ནས་ས་འོག་ཁང་མིག་ཡང་ན། བྲེ་འོག་ཏུ་མི་འཇོག་སྟེ་ནང་ལ་ཡོང་མཁན་རྣམས་ཀྱིས་འོད་མཐོང་བའི་ཕྱིར་སྟེགས་བུའི་སྟེང་དུ་འཇོག

34 མིག་ནི་ལུས་ཀྱི་སྒྲོན་མེ་ལྟར་ཡིན། མིག་བཟང་པོ་ཡིན་ན་ལུས་ཧྲིལ་པོ་འོད་ཀྱིས་གང༌། མིག་བཟང་པོ་མིན་ན་ལུས་ཧྲིལ་པོ་མུན་ནག་གིས་གང༌།

35 དེའི་ཕྱིར་ཁྱེད་ཀྱི་ནང་ན་ཡོད་པའི་འོད་ནི་མུན་ནག་ཡིན་མིན་བསམ་བློ་ཞིབ་ཕྲ་གཏོང༌།

36 ཁྱེད་ཀྱི་ལུས་ཧྲིལ་པོ་འོད་ཀྱིས་གང་ནས་མུན་ནག་ཅི་ཡང་མེད་ན། སྒྲོན་མེས་ཁྱེད་ལ་འོད་འཕྲོ་བ་ལྟར་ཁྱེད་ཡོངས་སུ་འོད་ཅན་དུ་འགྱུར་” ཞེས་གསུངས།

ཆོས་ཁྲིམས་ལ་མཁས་པའི་མི་ལ་བཀའ་བཀྱོན་གནང་བ།

37 དེ་ལྟར་གསུངས་ནས་ཕཱ་རུ་ཤི་པ་ཞིག་གིས་དྲངས་ཏེ་ཁོང་དེའི་ཁྱིམ་ལ་ཕེབས་ནས་གསོལ་བ་བཞེས་སུ་བཞུགས།

38 ཕཱ་རུ་ཤི་པ་དེས་ཁོང་ཡ་ཧུ་དཱ་པའི་ཆོས་ཁྲིམས་དང་མི་མཐུན་པར་གསོལ་བ་མ་བཞེས་པའི་སྔོན་ལ་ཕྱག་མ་བཀྲུས་པ་མཐོང་ནས་ཡ་མཚན་སྐྱེས།

39 འོན་ཀྱང་གཙོ་བོས་ “ཕཱ་རུ་ཤི་པ་ཁྱོད་རྣམས་ཕོར་པ་དང་སྡེར་མའི་ཕྱི་ཕྱོགས་གཙང་བར་བྱེད་ནའང༌། ནང་ཕྱོགས་སུ་ཁྱོད་ཚོ་སེར་སྣ་དང་ངན་སེམས་ཀྱིས་ཁེང་འདུག

40 བླུན་པོ་ཁྱོད། ཕྱི་ཕྱོགས་འགོད་པ་གནང་མཁན་གྱིས་ནང་ཕྱོགས་ཀྱང་མ་བཀོད་དམ།

41 འོན་ཀྱང་ནང་ན་ཡོད་པ་དེ་སྦྱིན་པ་བཏང་ན། ཁྱོད་རྣམས་ལ་ཐམས་ཅད་གཙང་བར་འགྱུར།

42 ཕཱ་རུ་ཤི་པ་ཁྱོད་ཚོ་ཆད་པ་ཕོག་པར་འགྱུར་ངེས་ཡིན། གང་ལགས་ཟེར་ན། ལྡུམ་རའི་རྩྭ་དྲི་ཞིམ་དང་སྔོ་ཚོད་ཆུང་ཆུང་སྣ་ཚོགས་ཀྱི་བཅུ་ཆ་གཅིག་དཀོན་མཆོག་ལ་ཕུལ་ན་ཡང༌། ཁྱོད་ཚོས་དྲང་བ་ཉིད་དང་དཀོན་མཆོག་གི་བྱམས་པ་སྣང་མེད་དུ་རྩི་པས་སོ། འདི་ནི་བསྲུངས་ཏེ་གཞན་རྣམས་དོར་བར་མི་རུང༌།

43 ཕཱ་རུ་ཤི་པ་ཁྱོད་ཚོ་ཆད་པ་ཕོག་པར་འགྱུར་ངེས་ཡིན། གང་ལགས་ཟེར་ན། འདུ་ཁང་ལ་གྲལ་མགོའི་གལ་ཆེ་སར་སྡོད་པ་དང༌། ཁྲོམ་ལ་མི་རྣམས་ཀྱིས་བརྩི་བཀུར་ལྡན་པའི་འཚམས་འདྲི་ལ་དགའ་བས་སོ།

44 ཁྱོད་ཚོ་ཆད་པ་ཕོག་པར་འགྱུར་ངེས་ཡིན། གང་ལགས་ཟེར་ན། ཁྱོད་ཚོ་རྟགས་མེད་པའི་དུར་ཁང་ལྟར་ཡིན། མི་རྣམས་ཀྱིས་མི་ཤེས་པར་དེའི་སྟེང་ལ་འགྲོ་བས་སོ་” ཞེས་གསུངས།

45 ལན་དུ་ཆོས་ཁྲིམས་ལ་མཁས་པའི་མི་ཞིག་གིས་ “སློབ་དཔོན་ལགས། དེ་ལྟར་གསུངས་ནས་ཁྱེད་ཀྱིས་ང་ཚོ་ལའང་སྨོད་བཞིན་འདུག་” ཅེས་སྨྲས་པ་ན།

46 ཡེ་ཤུས་ “ཆོས་ཁྲིམས་ལ་མཁས་པའི་མི་ཁྱོད་ཚོ་ལའང་སྡུག་བསྔལ་ཆེན་པོ་འབྱུང་ངེས་ཡིན། རྒྱུ་མཚན་ནི་ཁྱོད་ཚོས་མི་གཞན་ལ་ཁུར་ཆེན་པོ་འགེལ། འོན་ཀྱང་རང་གི་མཛུབ་མོ་གཅིག་ཙམ་གྱིས་དེ་ལ་མི་རེག

47 ཁྱོད་ཚོར་སྡུག་བསྔལ་ཆེན་པོ་འབྱུང་ངེས་ཡིན། ཁྱོད་རྣམས་ཀྱིས་ཁྱོད་ཀྱི་མེས་པོས་བསད་པའི་ལུང་སྟོན་པའི་དུར་ཁང་རྩིག

48 དེའི་ཕྱིར་ཁྱོད་ཀྱི་མེས་པོས་བྱས་པའི་ལས་ལ་མོས་མཐུན་བྱེད་ཅིང་དཔང་པོ་བྱེད། མེས་པོས་དེ་རྣམས་བསད་ཅིང་ཁྱོད་ཚོས་དུར་ཁང་རྩིག

49 དེའི་ཕྱིར་དཀོན་མཆོག་གི་ཤེས་རབ་ཀྱིས་ངས་ལུང་སྟོན་པ་དང་སྐུ་ཚབ་མངག་པར་བྱ། ཁོ་ཚོས་ཁ་ཤས་གསོད་དང་ཁ་ཤས་གནོད་སྐྱེལ་བར་འགྱུར་ཞེས་གསུངས།

50 དེ་བས་འཇིག་རྟེན་བཀོད་པ་ནས་བཟུང་བསད་པའི་ལུང་སྟོན་པ་ཐམས་ཅད་ཀྱི་ཁྲག་ནི་མི་རབས་འདིས་འགན་ཁུར་ལེན་དགོས།

51 ངས་ཁྱེད་ཚོར་ཟེར་རྒྱུར། ཧ་བེལ་ནས་མཆོད་ཁྲི་དང་དཀོན་མཆོག་གི་ཕོ་བྲང་གཉིས་བར་དུ་བསད་པའི་ཟེ་ཀ་རི་ཡཱ་ཙམ་གྱི་ཁྲག་དེ་ཐམས་ཅད་མི་རབས་འདིས་འགན་ཁུར་ལེན་དགོས།

52 ཆོས་ཁྲིམས་ལ་མཁས་པའི་མི་ཁྱོད་ཚོ་ལ་སྡུག་བསྔལ་ཆེན་པོ་འབྱུང་ངེས་ཡིན། ཁྱོད་ཚོས་ཤེས་རབ་ཕོ་བྲང་གི་ལྡེ་མིག་ཕར་ཁྱེར་ཏེ་ཁྱོད་ཚོ་རང་ནང་དུ་མ་ཞུགས་པ་དང༌། ནང་ལ་འགྲོ་བཞིན་པ་རྣམས་ཀྱང་བཀག་” ཅེས་གསུངས།

53-54 ས་ཆ་དེ་དང་ཁ་བྲལ་ནས་ཆོས་ཁྲིམས་ལ་མཁས་པའི་མི་དང་ཕཱ་རུ་ཤི་པ་རྣམས་ཀྱིས་ཁོང་དགྲར་འཛིན་ཏེ་རྩོད་པའི་དྲི་བ་སྣ་ཚོགས་དྲིས་པ་དང༌། ཡེ་ཤུ་ཁྲིམས་དང་འགལ་བའི་གཏམ་བཤད་ནང་དུ་འཇུག་ཆེད་ཇུས་ངན་བཏིང་ངོ༌།།

ལུ་ཀཱ (12) – Luke (12)

1 དེའི་དུས་སུ་མི་ཚོགས་སྟོང་ཕྲག་མང་པོ་འཛོམས་པས་གཅིག་གིས་གཅིག་བརྫིས། སྐབས་དེར་ཁོང་གིས་ཐོག་མར་ཉེ་གནས་རྣམས་ལ་ “ཕཱ་རུ་ཤི་པའི་སྐྱུར་རྩི་ལ་དོགས་ཟོན་གྱིས་ཤིག སྐྱུར་རྩི་དེ་ནི་ཁ་བཤད་དོན་ལ་མི་གནས་པ་ཡིན།

2 སྦས་པ་ཡིན་པ་ཐམས་ཅད་མངོན་པར་འགྱུར་བ་དང༌། གསང་བ་ཡིན་པ་ཐམས་ཅད་ཀྱང་ཤེས་པར་འགྱུར།

3 དེའི་ཕྱིར་ཁྱེད་ཀྱིས་མུན་པར་གང་བཤད་པ་དེ་འོད་ནང་ཐོས་པར་འགྱུར། ཁང་པའི་ཕུག་ནང་གང་ཤུབ་ཤུབ་ཏུ་སྨྲས་པ་དེ་ཁང་པའི་ཐོག་ཁ་ནས་སྒྲོག་པར་འགྱུར།”

4 “གྲོགས་པོ་ཚོ། ངས་ཁྱེད་ཚོ་ལ་ཟེར་རྒྱུར། གཟུགས་པོ་གསོད་པ་ལས་ཅི་ཡང་བྱེད་མི་ཐུབ་པ་རྣམས་ལ་མ་འཇིགས་ཤིག

5 འོན་ཀྱང་ངས་ཁྱེད་ཚོར་སུ་ཞིག་ལ་འཇིགས་དགོས་པ་སྟོན་པར་བྱ། བསད་ནས་དམྱལ་ཁམས་སུ་འཕེན་པའི་དབང་ཆ་ཡོད་མཁན་དེ་ལ་འཇིགས་དགོས། སླར་ཡང་ངས་ཁྱེད་ཚོར་ཁོང་ལ་འཇིགས་ཤིག་ཅེས་སྐུལ།

6 ཁང་བྱིའུ་ལྔ་ཟངས་ཀྱི་སྒོར་མོ་གཉིས་ལ་མི་འཚོང་ངམ། འོན་ཀྱང་དཀོན་མཆོག་གི་སྤྱན་ངར་དེ་རྣམས་ལས་གཅིག་ཀྱང་མི་བརྗེད།

7 དེ་བས་ཀྱང་ཁྱེད་ཀྱི་མགོའི་སྐྲ་ཐམས་ཅད་ཀྱང་གྲངས་ཀ་བརྒྱབ་ཡོད་པས་མ་འཇིགས་ཤིག ཁང་བྱིའུ་མང་པོ་ལས་ཁྱེད་ཚོ་རིན་ཐང་ཆེའོ།།”

8 “ཡང་ངས་ཁྱེད་རྣམས་ལ་ཟེར་རྒྱུར། སུས་ཀྱང་མི་གཞན་གྱི་མདུན་དུ་ང་ཁས་ལེན་ན། དཀོན་མཆོག་གི་ཕོ་ཉའི་མདུན་དུ་མིའི་རིགས་ཀྱི་བུས་མི་དེ་ཡང་ཁས་ལེན་བྱེད་པར་འགྱུར།

9 འོན་ཀྱང་སུས་མི་གཞན་གྱི་མདུན་དུ་ང་ཁས་མི་ལེན་ན། དཀོན་མཆོག་གི་ཕོ་ཉའི་མདུན་དུ་མི་དེ་ཡང་ཁས་ལེན་བྱེད་པར་མི་འགྱུར།

10 མིའི་རིགས་ཀྱི་བུ་ལ་ངན་སྨྲས་བྱེད་མཁན་དེའི་སྡིག་ཉེས་སེལ་བར་འགྱུར། འོན་ཀྱང་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་སྐུར་བ་འདེབས་མཁན་དེའི་སྡིག་ཉེས་སེལ་བར་མི་འགྱུར།

11 ཁོ་ཚོས་ཡ་ཧུ་དཱ་པའི་འདུ་ཁང་གི་ཚོགས་འདུ་དང༌། དཔོན་པོ། ཁྲིམས་དཔོན་ལ་སོགས་པའི་མདུན་དུ་ཁྱེད་ཚོ་ཁྲིམས་གཅོད་བྱེད་དུ་འཁྲིད་སྐབས། ལན་ཅི་ལྟར་བྱེད་པ་དང༌། ཡང་ན་ཅི་སྨྲ་བ་སེམས་ཁྲལ་མ་བྱེད།

12 གང་ལགས་ཟེར་ན། དུས་དེ་རང་ལ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཚོར་ཅི་ཞིག་སྨྲ་དགོས་པ་གསུང་བར་འགྱུར་” ཞེས་གསུངས།

ཕྱུག་པོ་བླུན་པོ་ཞིག་གི་དཔེ།

13 མི་ཚོགས་ནང་ནས་མི་ཞིག་གིས་ “སློབ་དཔོན་ལགས། ངའི་གཅེན་པོ་ལ་ཕ་ཤུལ་ང་དང་བགོ་བཤའ་རྒྱག་དགོས་པའི་བཀའ་གནང་རོགས་” ཞེས་བཤད།

14 ཁོང་གིས་མི་དེར་ “གྲོགས་པོ། སུས་ང་ཁྱོད་ཀྱི་ཁྲིམས་དཔོན་ནམ། བར་འདུམ་གཏོང་མཁན་ལ་བསྐོས་” ཞེས་གསུངས།

15 དེ་ནས་ཁོང་གིས་ཁོ་ཚོར་ “སེར་སྣ་ཐམས་ཅད་ལ་དོགས་ཟོན་གྱིས་ཤིག རྒྱུ་མཚན་ནི་མི་ཞིག་གི་ཚེ་ནོར་མང་པོ་ཡོད་མེད་ལ་རག་མི་ལས་པའི་ཕྱིར་རོ་” ཞེས་གསུངས།

16 ཡང་དཔེའི་སྒོ་ནས་གསུངས་ཏེ་ཁོང་གིས་ “ཕྱུག་པོ་ཞིག་གི་ས་ཞིང་ལས་ལོ་ཏོག་ལེགས་པོ་བྱུང་བས།

17 ང་ལ་ལོ་ཏོག་བཞག་ས་མེད་པས་ངས་ཅི་བྱ་ཞེས་སྙམ་ནས།

18 ཁོས་ངས་མཛོད་ཁང་རྣམས་བཤིག་ནས་དེ་ལས་ཆེ་བ་རྩིག་པར་བྱ། དེར་ངའི་འབྲུ་རིགས་དང་ཅ་ལག་ཐམས་ཅད་ཉར་ཚགས་བྱེད་ཅེས་ཟེར།

19 ཡང་ངས་ང་རང་གིས་རང་ལ། ལོ་མང་པོའི་ཆེད་དུ་རྒྱུ་ནོར་ཉར་ཚགས་བྱས་ཡོད་པས་ངལ་གསོ་དང༌། ལོངས་སྤྱོད། སྐྱིད་པོ་བྱས་ཏེ། བཟའ་བཏུང་བྱེད་པར་བྱ་ཞེས་ཟེར་རྒྱུ་ཡིན།

20 འོན་ཀྱང་དཀོན་མཆོག་གིས་དེ་ལ། བླུན་པོ་ཁྱོད། མཚན་མོ་འདི་རང་ལ་ཁྱོད་ཀྱི་ཚེ་སྲོག་ལེན་པར་འགྱུར། ཁྱོད་ཀྱིས་གྲ་སྒྲིག་བྱས་པའི་ཅ་ལག་དེ་ཚོ་སུ་ལ་འཐོབ་ཡོང་ཞེས་གསུངས།

21 དཀོན་མཆོག་གི་སྤྱན་ངར་ཕྱུག་པོ་མ་ཡིན་པ་རྣམས་ནི་རང་ལ་རྒྱུ་ནོར་གསོག་པས་དེ་ལྟར་འབྱུང་” ཞེས་གསུངས།

སེམས་ཁྲལ་བྱེད་མི་དགོས་པའི་སྐོར།

22 ཡེ་ཤུས་ཁོང་གི་ཉེ་གནས་རྣམས་ལ་ “དེའི་ཕྱིར་ངས་ཁྱེད་རྣམས་ལ་ཟེར་རྒྱུར། མི་ཚེའི་ཕྱིར་ཟས་གང་ཞིག་ཟ་རྒྱུ་དང༌། ལུས་ཀྱི་ཕྱིར་གོས་གང་ཞིག་གྱོན་པ་སེམས་ཁྲལ་མ་བྱོས་ཤིག

23 གང་ལགས་ཟེར་ན། མི་ཚེ་ནི་ཟས་དང༌། ལུས་པོ་གྱོན་ཆས་དེ་གཉིས་ལས་ལྷག་པ་ཡོད་དོ།

24 ཕོ་རོག་ལ་ལྟོས་ཤིག དེ་ཚོས་ས་བོན་མི་འདེབས་ལ། ལོ་ཏོག་ཡང་མི་རྔ༌། དེ་ཚོར་མཛོད་ཁང་ངམ་བང་མཛོད་མེད་ཀྱང༌། དཀོན་མཆོག་གིས་དེ་ཚོར་ཟས་གནང༌། ཁྱེད་ཚོ་བྱ་རྣམས་ལས་ཇི་ཙམ་གྱི་གལ་ཆེའོ།

25 ཁྱེད་ཚོ་ལས་སུ་ཞིག་གིས་སེམས་ཁྲལ་བྱེད་པའི་ངང་ནས་མི་ཚེ་འདི་ལ་ཆུ་ཚོད་གཅིག་ཙམ་གྱི་རིང་དུ་གཏོང་ཐུབ་བམ།

26 དེ་ལྟར་དོན་ཆུང་འདི་ཡང་བྱེད་མི་ཐུབ་ན། དོན་གཞན་ལ་ཅིའི་ཕྱིར་སེམས་ཁྲལ་བྱེད།

27 སྟག་གཟིག་མེ་ཏོག་ཇི་ལྟར་སྐྱེ་བར་ལྟོས་ཤིག དེ་ཚོས་ལས་ཀ་མི་བྱེད་ཅིང་བལ་ཡང་མི་འཁལ། ངས་ཁྱེད་ཚོ་ལ་ཟེར་རྒྱུར། རྒྱལ་པོ་སོ་ལོ་མོན་གཟི་བརྗིད་དང་ལྡན་པ་ཡིན་ཡང༌། ཁོང་གི་རྒྱན་གོས་དེ་ཚོ་ལས་གཅིག་ལའང་འགྲན་མི་ཐུབ།

28 གལ་ཏེ་དཀོན་མཆོག་གིས་ཞིང་གི་རྩྭ་ནི་དེ་རིང་སྐྱེ་སྟེ་སང་ཉིན་ཐབ་ལ་འཕེན་རྒྱུ་ཡིན་པ་དེ་ལྟར་གཡོག་པར་མཛད་ན། ཁོང་གིས་དེ་བས་ཀྱང་ཁྱོད་དད་ཆུང་བ་རྣམས་ལ་གཡོག་པ་གནང་བར་བྱའམ།

29 ཅི་ཟ་དང་ཅི་འཐུང་མ་འཚོལ་ཞིང་སེམས་ཁྲལ་མ་བྱོས།

30 རྒྱུ་མཚན་ནི་ཕྱི་པ་རྣམས་ཀྱིས་དེ་ཚོ་ཚང་མ་འཚོལ། ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ཚོ་ལ་དེ་རྣམས་དགོས་པ་མཁྱེན།

31 ཁོང་གི་རྒྱལ་སྲིད་ལ་འབད་བརྩོན་བྱོས། དེ་ནས་དེ་རྣམས་ཁྱེད་ཚོ་ལ་གནང་བར་འགྱུར།

32 ཀྱེ། ཁྱུ་ཆུང་དང་འདྲ་བ་རྣམས། མ་འཇིགས་ཤིག གང་ཡིན་ཞེ་ན། རྒྱལ་སྲིད་ཁྱོད་རྣམས་ལ་གནང་བ་དེ་ཁྱོད་ཀྱི་ཡབ་ལ་ཐུགས་མཉེས་སོ།

33 སོ་སོའི་དངོས་པོ་བཙོངས་ནས་དབུལ་ཕོངས་ལ་སྦྱིན་པ་ཐོང༌། བསྐུལ་ཟད་མི་འཐེབས་པའི་དངུལ་ཁུག་དང༌། རྐུན་མ་མི་ཡོང་བ་དང་མུག་པས་མི་འཇིག་པའི་ཞིང་ཁམས་སུ་ཡོད་པའི་རྒྱུ་ནོར་རྒྱུན་དུ་གནས་པ་ཞིག་འཐོབ་པར་གྱིས་ཤིག

34 གང་ཡིན་ཞེ་ན། ཁྱེད་ཀྱི་རྒྱུ་ནོར་གང་དུ་ཡོད་པ་དེར་ཁྱེད་ཀྱི་སེམས་ཀྱང་ཡོད་དོ་” ཞེས་གསུངས།

སྟོན་པ་ཡེ་ཤུ་སླར་འབྱོན་རྒྱུར་རེ་སྒུག་བྱེད་པ།

35-36 ཡང་ཡེ་ཤུས་ “བག་སྟོན་ནས་ཕྱིར་ལོག་པའི་ཁྱིམ་བདག་གིས་སྒོ་བརྡུངས་ནས་འཕྲལ་དུ་སྒོ་འབྱེད་པའི་ཕྱིར་སྒུག་མཁན་རྣམས་ལྟར་ཞབས་ཕྱི་བྱེད་པར་སྐེད་རགས་ཆིངས་ཤིང༌། སྒྲོན་མེ་འབར་ཏེ་གནས་པར་གྱིས་ཤིག

37 ཁྱིམ་བདག་སླེབས་སྐབས་ཁོང་གིས་བྱ་ར་བྱེད་བཞིན་པའི་གཡོག་པོ་རྣམས་མཐོང་ན་དེ་རྣམས་བདེའོ། ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། ཁྱིམ་བདག་དེ་སྐེད་རགས་བཅིངས་ཏེ་ཁོ་ཚོ་ཟས་ཟ་བར་སྡོད་དུ་འཇུག་པ་དང༌། ཁོ་ཚོའི་རྩར་ཕེབས་ནས་གཡོག་བྱེད་ཡོང༌།

38 ཁོང་ནམ་ཕྱེད་དང༌། ཡང་ན་སྐྱ་རེངས་ཤར་དུས་ཕེབས་ཀྱང་དེ་ལྟར་མཐོང་ན། གཡོག་པོ་དེ་རྣམས་བདེའོ།

39 ཁྱིམ་བདག་གིས་རྐུན་མ་སླེབས་པའི་དུས་དེ་ཤེས་པ་ཡིན་ན། ཁང་པར་འཛུལ་དུ་མི་འཇུག་པ་དེ་རྟོགས་པར་གྱིས་ཤིག

40 དེའི་ཕྱིར་ཁྱེད་ཚོའང་གྲ་སྒྲིག་བྱས་ནས་སྡོད་དགོས། གང་ལགས་ཟེར་ན། མིའི་རིགས་ཀྱི་བུ་ཁྱེད་ཀྱིས་མི་སེམས་པའི་དུས་ལ་ཕེབས་ངེས་ཡིན་” ཞེས་གསུངས།

41 པེ་ཏྲོས་ “གཙོ་བོ་ལགས། དཔེ་དེ་ང་ཚོ་ལ་གསུངས་པ་ཡིན་ནམ། ཡང་ན་མི་ཚང་མར་གསུངས་པ་ཡིན་” ཞེས་བཤད།

42 ཡང་གཙོ་བོས་ “བློ་གཏད་ཆོག་པ་དང་ཤེས་རབ་དང་ལྡན་པའི་གཉེར་པ་སུ་ཡིན། ཁྱིམ་བདག་གིས་མི་དེ་ལ་དབང་ཆ་སྤྲད་ནས་ཁོས་དུས་ལ་འབབ་སྐབས་སུ་གཡོག་པོ་གཞན་པ་རྣམས་ལ་ཟས་སྐལ་བ་སྟེར།

43 དེ་ལྟར་བྱེད་བཞིན་པའི་གཡོག་པོ་ནི་ཁྱིམ་བདག་ཡོང་ནས་བལྟས་ན་བདེའོ།

44 ངས་ཁྱོད་ཚོ་ལ་བདེན་པར་ཟེར་རྒྱུར། ཁྱིམ་བདག་དེས་ཁོ་ལ་གང་ཡོད་པ་ཐམས་ཅད་གཉེར་པ་དེའི་དབང་འོག་ཏུ་འཇུག་ངེས་ཡིན།

45 འོན་ཀྱང་གཡོག་པོ་དེས་ཁྱིམ་བདག་འགྱང་བར་བསམས་ཏེ་གཡོག་པོ་དང་གཡོག་མོ་བརྡུངས་ཏེ་ཟ་འཐུང་བྱས་ནས་ར་བཟི་བར་གྱུར་ན།

46 གཡོག་པོས་མི་བསམ་པའི་ཉིན་དང༌། མི་ཤེས་པའི་དུས་ཚོད་ལ་ཁྱིམ་བདག་ཡོང་སྟེ་ཁོ་དུམ་བུར་བཅད་ནས་དད་པ་མེད་པའི་མི་དང་ལྷན་དུ་གནས་དུ་འཇུག་ངེས་ཡིན།

47 གཡོག་པོས་ཁྱིམ་བདག་གི་དགོངས་པ་ཤེས་ན་ཡང༌། གྲ་སྒྲིག་མ་བྱས་པ་དང་ཁྱིམ་བདག་གི་དགོངས་པ་ལྟར་མ་བྱས་པ་དེ་ལ་ཉེས་རྡུང་དྲག་པོ་གཟེད་པར་འགྱུར།

48 གཡོག་པོས་ཁྱིམ་བདག་གི་དགོངས་པ་མི་ཤེས་པའི་སྒོ་ནས་ཉེས་རྡུང་འོས་པའི་ལས་བྱས་པ་དེར་ཉེས་རྡུང་ཏོག་ཙམ་གཟེད་པར་འགྱུར། སུ་ཞིག་ལ་མང་པོ་སྟེར་ཡོད་པ་དེས་མང་པོ་སྟེར་དགོས་དང༌། སུ་ཞིག་ལ་མང་པོ་གཏད་ཡོད་པ་དེས་ལྷག་པར་སྟེར་དགོས།”

མི་མཐུན་པའི་རྐྱེན་འོང་བའི་སྐོར།

49 “ང་འཇིག་རྟེན་ལ་མེ་འཕེན་པའི་ཕྱིར་ཡོང་བས་དེ་འབར་ཟིན་པ་ཅི་མ་རུང༌།

50 ང་ལ་མྱོང་དགོས་པའི་ཁྲུས་གསོལ་ཡོད། དེ་མ་ཚར་བའི་བར་དུ་ང་སེམས་ཤིན་ཏུ་འཁྲུགས།

51 ང་ཞི་བདེ་གཏོང་བར་འཇིག་རྟེན་ལ་ཡོང་བ་ཡིན་པར་སེམས་སམ། ངས་ཟེར་རྒྱུར་དེ་ལྟར་མ་ཡིན། མི་མཐུན་པ་སྦྱིན་པར་ཡོང༌།

52 ད་ནས་བཟུང་ཁྱིམ་ཚང་གཅིག་གི་མི་ལྔ་མི་མཐུན་པར་སྡོད་དེ། གསུམ་གྱིས་གཉིས་དང་གཉིས་ཀྱིས་གསུམ་ལ་རྒོལ་བར་འགྱུར།

53 དེ་ཚོ་མི་མཐུན་པར་སྡོད་དེ། ཕ་ཡིས་བུ་དང༌། བུ་ཡིས་ཕ། མ་ཡིས་བུ་མོ་དང༌། བུ་མོས་མ། སྒྱུག་མོས་མནའ་མ་དང༌། མནའ་མས་སྒྱུག་མོར་རྒོལ་བར་འགྱུར་” ཞེས་གསུངས།

དུས་ལ་བརྟག་དཔྱད་བྱེད་པའི་སྐོར།

54 ཡང་ཁོང་གིས་མི་ཚོགས་ལ་ “ནུབ་ཕྱོགས་ནས་སྤྲིན་པ་བྱུང་སྐབས་འཕྲལ་དུ་ཁྱོད་ཚོས་ཆར་པ་འབབ་གྲབས་འདུག་ཅེས་སྨྲས་ནས་དེ་ལྟར་འབྱུང༌།

55 ཡང་ལྷོ་ཕྱོགས་ནས་རླུང་ཞིག་རྒྱུག་བཞིན་པ་མཐོང་སྐབས་ཁྱོད་ཚོས་གནམ་གཤིས་ཚ་པོར་འགྱུར་ཞེས་ཟེར་ནས་དེ་ལྟར་འབྱུང༌།

56 ཁ་ཆོས་པ་ཁྱོད་ཚོ། གནམ་ས་གཉིས་ཀྱི་གནས་ཚུལ་དཔྱོད་སྟངས་ཤེས་ན། དུས་འདིའི་གནས་ཚུལ་ཅིའི་ཕྱིར་མི་དཔྱོད།”

57 “ཡང་ཁྱོད་ཚོ་རང་གིས་གང་ཞིག་འོས་པ་ཡིན་པར་ཅིའི་ཕྱིར་ཐག་གཅོད་མི་བྱེད།

58 དཔེར་ན་ཁྱོད་དང་ཁྱོད་ཀྱི་ཁ་གཏད་གཉིས་དཔོན་པོའི་རྩར་འགྲོ་དུས་ལམ་བར་དུ་ཁོ་དང་མཐུན་འགྲིག་བྱེད་པར་བརྩོན་ལེན་བྱོས་ཤིག དེ་མིན་ན་ཁ་གཏད་དེས་ཁྱོད་ཁྲིམས་དཔོན་གྱི་མདུན་དུ་འཁྲིད་དུ་བཅུག་པ་དང༌། ཁྲིམས་དཔོན་གྱིས་ཁྱོད་བཙོན་སྲུང་པར་གཏད་ནས་བཙོན་ཁང་དུ་འཇུག

59 ངས་ཁྱོད་ཚོ་ལ་ཟེར་རྒྱུར། མཐའ་མའི་ཟངས་ཀྱི་སྒོར་མོ་ཆུང་ཆུང་གཅིག་མ་འཇལ་བའི་བར་དུ་ཁྱོད་དེ་ལས་ཐར་མི་སྲིད་” ཅེས་གསུངས་སོ།།

ལུ་ཀཱ (13) – Luke (13)

1དེའི་དུས་སུ་དེར་ཡོད་པའི་མི་ཁ་ཤས་ཀྱིས་ཁོང་ལ་སྤྱི་ཁྱབ་པི་ལ་ཏུ་ཡིས་ག་ལིལ་པ་བསད་ནས་དེ་ཚོའི་ཁྲག་མཆོད་པར་ཕུལ་བའི་སེམས་ཅན་གྱི་ཁྲག་དང་བསྲེས་པའི་གཏམ་བཤད་པ་དང༌། 2 ཡེ་ཤུས་ཁོ་ཚོར་ “སྡུག་བསྔལ་དེ་ལྟར་མྱངས་པས་ག་ལིལ་པ་ཐམས་ཅད་ལས་འདི་ཚོ་སྡིག་ཉེས་ཅན་ཡིན་པར་སེམས་སམ།

3 དེ་ལྟར་མ་ཡིན་ཞེས་ཟེར། ཁྱོད་ཚོས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་མ་བསྒྱུར་ན་ཁྱོད་ཚོ་ཐམས་ཅད་དེ་ལྟར་འཇིག་པར་འགྱུར།

4 ཡང་སི་ལོམ་གྱི་མཁར་རྡིབ་ནས་མི་བཅོ་བརྒྱད་ཤི་བ་རྣམས་ཡེ་རུ་ཤ་ལེམ་ལ་སྡོད་མཁན་ཐམས་ཅད་ལས་ཉེས་ཅན་ཡིན་པར་སེམས་སམ།

5 དེ་ལྟར་མ་ཡིན་ཞེས་ཟེར། ཁྱོད་ཚོས་སྤྱོད་པ་ངན་པ་སྤངས་ནས་སེམས་མ་བསྒྱུར་ན་ཁྱོད་ཚོ་ཐམས་ཅད་དེ་ལྟར་དུ་འཇིག་པར་འགྱུར་” ཞེས་གསུངས།

འབྲས་བུ་མེད་པའི་བསེ་ཡབ་ཤིང་སྡོང་གི་དཔེ།

6 ཡང་དཔེའི་སྒོ་ནས་ཁོང་གིས་ “མི་ཞིག་གི་རྒུན་འབྲུམ་གྱི་ལྡུམ་རར་བསེ་ཡབ་ཤིང་སྡོང་ཞིག་བཙུགས་ཡོད་པ་དང༌། ཁོས་འབྲས་བུ་བཙལ་བར་ཡོང་སྟེ་ཅི་ཡང་མ་རྙེད།

7 ཡང་ཁོས་ཚལ་སྲུང་མཁན་ལ། ལྟོས་ཤིག ལོ་གསུམ་རིང་ངས་བསེ་ཡབ་ཤིང་འདིར་འབྲས་བུ་བཙལ་ནས་ཅི་ཡང་མ་རྙེད། དེ་ཆོད་ཅིག དེས་ས་རྒྱུ་ཆུད་ཟོས་གཏོང་བའི་དོན་གང་ཡིན་ཞེས་སྨྲས་པ་ལ།

8 ལན་དུ་ཁོས། སྐུ་ཞབས་ལགས། ད་དུང་ལོ་གཅིག་རིང་ལ་དེ་མི་གཅོད་པར་ཞོག ངས་མཐའ་འཁོར་གྱི་ས་རྒྱུ་བརྐོས་ནས་ལུད་རྒྱག་གི་ཡིན།

9 ལོ་རྗེས་མར་འབྲས་བུ་སྐྱེས་ན་ལེགས་སོ། མ་སྐྱེས་ན་གཅད་ཆོག་” ཅེས་གསུངས།

བུད་མེད་ནད་པ་ཞིག་ནད་ལས་ཐར་བ།

10 དེ་ནས་ངལ་གསོ་བའི་ཉིན་མོར་ཁོང་གིས་ཡ་ཧུ་དཱ་པའི་འདུ་ཁང་ཞིག་ལ་ཆོས་གསུང་སྐབས།

11 གདོན་འདྲེས་བཟུང་ནས་ལོ་བཅོ་བརྒྱད་རིང་དགུར་པོར་འགྲོ་དགོས་པ་དང༌། འདྲོང་པོར་ལང་མི་ཐུབ་པའི་བུད་མེད་ནད་པ་ཞིག་དེར་ཡོད།

12 ཡེ་ཤུས་བུད་མེད་དེ་གཟིགས་ནས་ཁོ་མོ་ལ་ཚུར་ཤོག་ཅེས་པའི་བཀའ་གནང་སྟེ་ “ཨ་ཅག་ལགས། ཁྱེད་ནད་ལས་ཐར་རོ་” ཞེས་གསུངས་ནས།

13 ཁོང་གིས་ཁོ་མོར་ཕྱག་བཞག་སྟེ་འཕྲལ་དུ་འདྲོང་པོར་ལངས་ནས་ཁོ་མོས་དཀོན་མཆོག་ལ་བསྟོད་པ་ཕུལ།

14 འོན་ཀྱང་ཡེ་ཤུས་ངལ་གསོ་བའི་ཉིན་མོར་ནད་གསོས་པར་མཛད་པའི་རྐྱེན་གྱིས་འདུ་ཁང་གི་དཔོན་པོས་ཁྲོས་ཏེ་མི་ཚོགས་ལ་ “ལས་ཀ་བྱེད་ཆོག་པའི་ཉི་མ་དྲུག་ཡོད། ངལ་གསོ་བའི་ཉིན་མོ་མ་ཡིན་པ་དེ་ཚོ་ལ་ནད་གསོ་བའི་ཕྱིར་ཤོག་” ཅེས་བཤད།

15 ལན་དུ་གཙོ་བོས་ “ཁ་ཆོས་པ་ཁྱོད་ཚོ། ཁྱོད་རྣམས་ཀྱི་ནང་ནས་རེ་རེས་ངལ་གསོ་བའི་ཉིན་མོར་གླང་གོག་དང༌། ཡང་ན་བོང་བུ་བྲེས་ནས་བཀྲོལ་ཏེ་ཆུ་འཐུང་བར་མི་འཁྲིད་དམ།

16 ཡང་ཨབ་ར་ཧམ་གྱི་བུ་མོ་ཡིན་པའི་བུད་མེད་འདི་ནི་བདུད་སཱ་ཏན་གྱིས་ལོ་བཅོ་བརྒྱད་རིང་བཅིངས་ནས་ངལ་གསོ་བའི་ཉིན་མོར་ནད་ལས་ཐར་བར་འགྱུར་མི་འོས་སམ་” ཞེས་གསུངས་པས།

17 ཁོང་གི་ཁ་གཏད་ཐམས་ཅད་ངོ་ཚ་བར་གྱུར། ཁོང་གིས་ངོ་མཚར་བའི་ལས་མང་པོ་མཛད་པས་མི་ཚོགས་ཚང་མ་དགའ་བར་གྱུར།

ཡུངས་འབྲུའི་ས་བོན་དང་སྐྱུར་རྩིའི་དཔེ།

18 དེའི་ཕྱིར་ཁོང་གིས་ “དཀོན་མཆོག་གི་རྒྱལ་སྲིད་ཅི་དང་འདྲ་བ་ཡིན་ལ། ངས་གང་ཞིག་དང་སྡུར་བར་བྱ།

19 དེ་ནི་ཡུངས་འབྲུ་ས་བོན་ཅིག་དང་འདྲ་སྟེ། མི་ཞིག་དེ་བླངས་ནས་རང་གི་ལྡུམ་རར་ས་ལ་བཏབ་ནས་ཆེར་སྐྱེས་ཏེ་རྩི་ཤིང་དུ་གྱུར་ཞིང༌། བྱིའུ་རྣམས་ཀྱིས་དེའི་ཡལ་གར་ཚང་བཟོས་” ཞེས་གསུངས།

20 ཡང་ཁོང་གིས་ “ངས་དཀོན་མཆོག་གི་རྒྱལ་སྲིད་གང་ཞིག་དང་སྡུར་བར་བྱ།

21 དེ་ནི་སྐྱུར་རྩི་དང་འདྲ་སྟེ། བུད་མེད་ཞིག་གིས་དེ་གྲོ་ཕྱེ་བྲེ་གསུམ་གྱི་ནང་ལ་བསྲེས་པ་དང༌། རྗེས་མ་ཕྱེ་ཐམས་ཅད་ལ་སྐྱུར་ལངས་” ཞེས་གསུངས།

སྒོ་དོག་མོའི་དཔེ།

22 ཡེ་རུ་ཤ་ལེམ་ལ་ཕེབས་པའི་ལམ་བར་དུ་ཡེ་ཤུས་ཆོས་གསུངས་ཏེ་གྲོང་ཁྱེར་དང༌། གྲོང་གསེབ་མང་པོ་བརྒྱུད།

23 མི་ཞིག་གིས་ཁོང་ལ་ “གཙོ་བོ་ལགས། ཐར་དུ་འགྱུར་བ་རྣམས་ཉུང་ངུ་ཡིན་ནམ་” ཞེས་དྲིས་པས་ཁོང་གིས་ཁོ་ཚོར་

24 “སྒོ་དོག་མོའི་བརྒྱུད་ནས་འཇུག་པར་འབད་བརྩོན་གྱིས་ཤིག ངས་ཁྱེད་རྣམས་ལ་ཟེར་རྒྱུར། མི་མང་པོ་འཇུག་པའི་ཐབས་བཙལ་ཡང་མི་ཐུབ་པའི་ཕྱིར་རོ།

25 ཁྱིམ་བདག་ཡར་ལངས་ནས་སྒོ་བརྒྱབ་པའི་རྗེས་སུ་ཁྱོད་ཚོས་ཕྱི་རུ་ལངས་ཤིང་སྒོ་བརྡུངས་ཏེ། གཙོ་བོ་ལགས། ང་ཚོ་ལ་སྒོ་འབྱེད་པར་མཛོད་ཅེས་ཟེར། ལན་དུ་ཁོང་གིས་ཁྱོད་ཚོ་གང་ནས་ཡོང་མིན་ངས་མི་ཤེས་ཞེས་གསུང་བར་འགྱུར།

26 དེ་ནས་ཁྱོད་ཚོས། ཁྱེད་ཀྱི་མདུན་དུ་ང་ཚོས་བཟས་ཤིང་བཏུངས། ང་ཚོའི་ལམ་ལ་ཁྱེད་ཀྱིས་ཆོས་གསུངས་ཞེས་ཟེར།

27 ཁོང་གིས། ངས་ཁྱོད་ཚོར་ཟེར་རྒྱུར། ཁྱོད་གང་ནས་ཡོང་མིན་ངས་མི་ཤེས། ཁྱོད་ལས་ངན་བྱེད་མཁན་ཐམས་ཅད། ངའི་རྩ་ནས་ཕར་སོང་ཞིག་ཅེས་གསུང་བར་འགྱུར།

28 ཨབ་ར་ཧམ་དང༌། ཨི་སཱག ཡ་ཀོབ། ལུང་སྟོན་པ་ཐམས་ཅད་དཀོན་མཆོག་གི་རྒྱལ་སྲིད་ལ་གནས་ཏེ་ཁྱོད་རང་ཕྱིར་འདོན་པར་མཐོང་ནས་ཁྱོད་ཚོས་ངུ་ཞིང་སོ་ཁྲིག་ཁྲིག་བྱེད་པར་འགྱུར།

29 ཡང་དེ་རྣམས་དཀོན་མཆོག་གི་རྒྱལ་སྲིད་ལ་ཞལ་ཟས་བཞེས་པའི་ཕྱིར་ཤར་ནུབ་དང༌། ལྷོ་བྱང་ཕྱོགས་ནས་ཡོང་ངེས་ཡིན།

30 ཡང་ལྟོས་ཤིག མཐའ་མ་ཡིན་པ་ཁ་ཤས་དང་པོར་འགྱུར་ལ། དང་པོ་ཡིན་པ་ཁ་ཤས་མཐའ་མར་འགྱུར་ངེས་ཡིན་” ཞེས་གསུངས།

ཡེ་རུ་ཤ་ལེམ་གྱི་ཕྱིར་སྨྲེ་སྔགས་འདོན་པ།

31 དུས་དེ་རང་ལ་ཕཱ་རུ་ཤི་པ་ཁ་ཤས་ཡོང་ནས་ཁོང་ལ་ “རྒྱལ་པོ་ཧེ་རོ་དཱེ་ཡིས་ཁྱེད་གསོད་པར་འདོད་པས་ཕར་ཕེབས་ཤིག་” ཅེས་སྨྲས་པ་ན།

32 ཁོང་གིས་ཁོ་ཚོར་ “སོང་ལ་གཡོ་ཅན་ཝ་དང་འདྲ་བ་དེར། ཉོན་ཅིག ངས་དེ་རིང་དང་སང་ཉིན་གདོན་འདྲེ་སྐྲོད་པ་དང་ནད་སེལ་ཏེ། ཉིན་མོ་གསུམ་པར་ངའི་དམིགས་ཡུལ་སྒྲུབ་པར་བྱ།

33 འོན་ཀྱང་དེ་རིང་དང༌། སང་ཉིན། གནངས་ཉིན་བཅས་ང་ལམ་ལ་འགྲོ་དགོས། གང་ཡིན་ཞེ་ན། ལུང་སྟོན་པ་ཞིག་ཡེ་རུ་ཤ་ལེམ་གྱི་ཕྱི་རོལ་དུ་ཤི་མི་སྲིད་” ཅེས་གསུངས།

34 ཁོང་གིས་ “ཀྱེ་ཡེ་རུ་ཤ་ལེམ། ཡེ་རུ་ཤ་ལེམ། ཁྱོད་ཀྱིས་ལུང་སྟོན་པ་རྣམས་གསོད་ཅིང་ཁྱོད་ལ་མངག་མཁན་རྣམས་རྡོ་རུབ་གཏོང༌། བྱ་མོས་རང་གི་བྱ་ཕྲུག་གཤོག་པའི་འོག་ཏུ་སྡུད་པ་ལྟར་ངས་ཐེངས་མང་པོར་ཁྱོད་ཀྱི་ཕྲུ་གུ་སྡུད་པར་འདོད་ཀྱང༌། ཁྱོད་རྣམས་མ་མོས།

35 ལྟོས་ཤིག ཁྱོད་ཀྱི་གནས་ཁང་སྟོང་པར་འགྱུར། ངས་ཁྱོད་རྣམས་ལ་ཟེར་རྒྱུར། གཙོ་བོའི་མཚན་ཐོག་ནས་ཕེབས་མཁན་ལ་བྱིན་རླབས་གནང་བར་ཤོག་ཅེས་ཟེར་བའི་བར་དུ་ཁྱོད་ཀྱིས་ང་མཐོང་བར་མི་འགྱུར་” ཞེས་གསུངས་སོ།།

ལུ་ཀཱ (14) – Luke (14)

1 ངལ་གསོ་བའི་ཉིན་མོར་ཁོང་ཞལ་ཟས་བཞེས་པའི་ཕྱིར་ཕཱ་རུ་ཤི་པའི་དཔོན་པོ་ཞིག་གི་ཁང་པར་ཕེབས་ནས་ཁོ་ཚོས་ཁོང་ལ་ནན་ཏན་གྱིས་བལྟས་བཞིན་ཡོད།

2 དེའི་དུས་སུ་ཁོང་གི་མདུན་དུ་གཟུགས་པོ་སྐྲང་ནད་ཕོག་པའི་མི་ཞིག་ཡོད་དེ།

3 ཡེ་ཤུས་ཆོས་ཁྲིམས་ལ་མཁས་པའི་མི་དང་ཕཱ་རུ་ཤི་པ་རྣམས་ལ་ “ཆོས་ཁྲིམས་ལྟར་ངལ་གསོ་བའི་ཉིན་མོར་ནད་གསོ་བར་བྱེད་ཆོག་གམ། མི་ཆོག་” ཅེས་གསུངས།

4 འོན་ཀྱང་ཁོ་ཚོ་ཁ་རོག་བསྡད། ཡེ་ཤུས་མི་དེ་ལ་རེག་སྟེ་ནད་གསོ་བར་མཛད་ནས་འགྲོ་རུ་བཅུག

5 ཡང་ཁོང་གིས་ཁོ་ཚོར་ “ཁྱོད་ཚོའི་ནང་སུ་ཞིག་གིས་བུ་ཕྲུག་གམ་བ་གླང་ངལ་གསོ་བའི་ཉིན་མོར་རྫིང་བུར་ལྷུངས་ན་འཕྲལ་དུ་མི་འདོན་ནམ་” ཞེས་གསུངས།

6 ཁོ་ཚོས་ལན་ཅི་ཡང་བརྗོད་མ་ཐུབ། གྲལ་མགོའི་སྐོར།

7 མགྲོན་པོ་རྣམས་གྲལ་མགོའི་གལ་ཆེ་སར་བདམས་པར་གཟིགས་ནས་ཁོང་གིས་ཁོ་ཚོར་དཔེའི་སྒོ་ནས་

8 “སུ་ཞིག་གིས་ཁྱོད་བག་སྟོན་དུ་མགྲོན་ལ་བོས་སྐབས་གྲལ་མགོའི་གལ་ཆེ་སར་མ་སྡོད། གང་ལགས་ཟེར་ན། སྦྱིན་བདག་གིས་ཁྱོད་ལས་གལ་ཆེ་བ་ཞིག་བོས་ཡོད་ན།

9 ཁྱོད་གཉིས་སྟོན་ལ་འབོད་མཁན་ཡོང་ནས་ཁྱོད་ལ། ཁྱེད་ཀྱི་བཞུགས་ས་མི་འདི་ལ་གནང་རོགས་ཞེས་བཤད་དེ་ངོ་ཚ་བའི་ངང་ནས་ཁྱོད་གྲལ་མཇུག་ཏུ་འགྲོ་དགོས།

10 འོན་ཀྱང་སྟོན་ལ་བོས་སྐབས་སུ་གྲལ་མཇུག་ཏུ་སོང༌། དེ་ནས་ཁྱོད་སྟོན་ལ་འབོད་མཁན་ཡོང་ནས། གྲོགས་པོ། གྲལ་མགོའི་གལ་ཆེ་སར་བཞུགས་རོགས་གནང་ཞེས་སྨྲས་ནས་ཚང་མའི་མདུན་དུ་ཁྱོད་བཀུར་སྟི་འཐོབ་པར་འགྱུར།

11 དེ་བས་རང་གིས་རང་ལ་བཀུར་སྟི་བྱེད་མཁན་ཐམས་ཅད་དམའ་བར་འགྱུར་ཞིང༌། རང་གིས་རང་ལ་དམའ་བར་གཏོང་མཁན་ཐམས་ཅད་བཀུར་སྟི་འཐོབ་པར་འགྱུར་ ཞེས་གསུངས།

12 དེ་ནས་ཁོང་སྟོན་དུ་འབོད་མཁན་ལ་ཁོང་གིས་ “ཁྱེད་ཀྱིས་དགུང་ཟས་དང༌། ཡང་ན་དགོང་ཟས་གཏོང་སྐབས་གྲོགས་པོའམ། སྤུན་ནམ། ཁྱིམ་མཚེས་ཕྱུག་པོ་རྣམས་མགྲོན་ལ་མ་འབོད། དེ་ལྟར་བྱས་ན་དེ་ཚོས་ཀྱང་ཁྱེད་སྟོན་ལ་བོས་ནས་དྲིན་ལན་འཇལ་བར་འགྱུར།

13 གསོལ་སྟོན་གཏོང་སྐབས་སུ་དབུལ་པོ་དང༌། དབང་པོ་སྐྱོན་ཅན། ཞ་བོ། ལོང་བ་ལ་སོགས་པའི་མི་རྣམས་བོས་ནས།

14 ཁྱེད་བདེ་བར་འགྱུར། རྒྱུ་མཚན་ནི་ཁོ་ཚོར་དྲིན་ལན་བྱེད་རྒྱུ་མེད་པས་རྣམ་དག་པ་རྣམས་འཆི་བ་ནས་སླར་གསོན་པའི་དུས་སུ་ཁྱེད་ཀྱི་དྲིན་ལན་འཇལ་བར་འགྱུར་ངེས་ཡིན་ ཞེས་གསུངས། གསོལ་སྟོན་ཆེན་པོའི་དཔེ།

15 ཁོང་དང་ཞལ་ཟས་བཞེས་པའི་མི་རྣམས་ཀྱི་ནང་ནས་མགྲོན་པོ་ཞིག་གིས་དེ་ཐོས་ནས་ཁོང་ལ་ “དཀོན་མཆོག་གི་རྒྱལ་སྲིད་ལ་ཞལ་ཟས་བཞེས་མཁན་ཐམས་ཅད་བདེའོ་” ཞེས་བཤད།

16 ཁོང་གིས་མི་དེར་ “མི་ཞིག་གིས་གསོལ་སྟོན་ཆེན་པོ་གཏོང་བའི་སྔོན་ལ་མི་མང་པོ་བོས།

17 དགོངས་ཟས་དུས་ལ་འབབ་ཚེ། མགྲོན་པོ་རྣམས་ལ་ད་ལྟ་ཐམས་ཅད་བཤམས་པས་ཕེབས་ཤོག་ཅེས་ཟེར་རྒྱུར་ཁོས་གཡོག་པོ་ཞིག་མངགས།

18 འོན་ཀྱང་དེ་ཚོ་ཚང་མས་ཁ་མཐུན་ནས་སྙད་བཏགས། དང་པོས་ཁོ་ལ། ངས་ས་ཞིང་ཉོས་ནས་དེ་ལྟ་རུ་འགྲོ་དགོས་པས་དགོངས་དག་ཞུ་ཞེས་སྨྲས།

19 གཞན་ཞིག་གིས་ངས་བ་གླང་དོར་ལྔ་ཉོས་ནས་དེ་ཚོ་ཚོད་ལྟ་བྱེད་པའི་ཆེད་དུ་འགྲོ་དགོས་པས་དགོངས་དག་ཞུ་ཞེས་སྨྲས།

20 ཡང་གཞན་ཞིག་གིས་ངས་ད་ལྟ་བག་མ་བླངས་པས་ཡོང་མི་ཐུབ་ཞེས་སྨྲས།

21 གཡོག་པོ་དེ་ཕྱིར་ལོག་པ་དང་ཁྱིམ་བདག་ལ་གཏམ་དེ་བཤད། ཁྱིམ་བདག་ཁྲོས་ཏེ་གཡོག་པོར། གྲོང་ཁྱེར་གྱི་སྲང་ལམ་ལ་མགྱོགས་པོར་སོང་ལ། དབུལ་པོ་དང༌། དབང་པོ་སྐྱོན་ཅན། ཞ་བོ། ལོང་བ་ལ་སོགས་པའི་མི་རྣམས་འདི་རུ་ཁྲིད་དེ་ཤོག་ཅིག་ཅེས་སྨྲས།

22 དེའི་རྗེས་སུ་གཡོག་པོས་སྐུ་ཞབས་ལགས། ཁྱེད་ཀྱིས་བཀའ་མངག་མཛད་པ་དེ་གྲུབ་ནས་ད་དུང་སྡོད་ས་སྟོང་པ་ཡོད་” ཅེས་བཤད།

23 ཁྱིམ་བདག་གིས་གཡོག་པོར་ “ངའི་ཁང་པ་སྟོང་པ་མེད་པར་བྱེད་པའི་ཕྱིར་གཞུང་ལམ་དང་གྲོང་གསེབ་ལ་སོང་ནས་དེ་ཚོ་འདིར་ཡོང་དུ་འཇུག

24 ངས་ཁྱོད་ཚོར་ཟེར་རྒྱུར། སྔར་སྟོན་ལ་བོས་པ་རྣམས་ཀྱི་ནང་ནས་མི་སུ་ཞིག་ཀྱང་དགོངས་ཟས་བྲོ་བ་མྱོང་བར་མི་འགྱུར་ཞེས་སྨྲས་” ཞེས་གསུངས།

རྗེས་སུ་འབྲང་མཁན་ཚོས་ཅིའི་ཕྱིར་སྤངས་པའི་སྐོར།

25 མི་ཚོགས་ཤིན་ཏུ་མང་པོ་ཞིག་ཁོང་དང་མཉམ་དུ་སོང་བ་དང༌། ཁོ་ཚོར་ཞལ་ཕྱིར་བསྐོར་ཏེ་ཁོང་གིས་

26 “སུ་ཡང་ངའི་རྩར་ཡོང་བ་དང༌། ང་ལས་ཕའམ། མ། བཟའ་ཟླ། ཕྲུ་གུ མིང་སྲིང་དང༌། ཐ་ན་རང་ཉིད་ཀྱི་སྲོག་ལས་ཀྱང་གཅེས་པར་བཟུང་ན། དེ་ངའི་ཉེ་གནས་ཡིན་པར་མི་སྲིད།

27 སུས་ཀྱང་རང་གི་རྒྱང་ཤིང་མ་འཁུར་བར་ང་ཡི་རྗེས་སུ་འབྲང་མཁན་དེ་ངའི་ཉེ་གནས་ཡིན་པར་མི་སྲིད།

28 དཔེར་ན། ཁྱེད་རྣམས་ལས་མི་སུ་ཞིག་གིས་ཐོག་བརྩེགས་ཁང་རྩིག་པར་འདོད་ན། སྔོན་ལ་བསྡད་ནས་དེ་སྒྲུབ་པའི་ཕྱིར་འགྲོ་གྲོན་མི་རྩི་བའམ།

29 དེ་མིན་ན་རྨང་གཞི་ཚར་ནས་སྒྲུབ་མི་ཐུབ་པས་དེ་མཐོང་མཁན་ཐམས་ཅད་ཀྱིས་ཁོ་ལ་འཕྱ་དམོད་བྱེད་དེ།

30 མི་དེས་ལས་ཀ་འགོ་འཛུགས་ནའང་སྒྲུབ་པར་མི་ཐུབ་ཅེས་ཟེར་བར་འགྱུར།

31 ཡང་ན་རྒྱལ་པོ་ཞིག་ལ་དམག་མི་ཁྲི་གཅིག་ཡོད་དེ་དམག་མི་ཁྲི་གཉིས་ཡོད་པའི་རྒྱལ་པོ་གཞན་པར་དམག་འདྲེན་ན། ཕར་རྒོལ་བྱེད་མཁན་ལས་རྒྱལ་བ་འཐོབ་མི་ཐུབ་པ་ཁོས་ཐོག་མར་བསྡད་ནས་རྩིའམ།

32 དེ་ལྟར་མིན་ན། ཕར་རྒོལ་བྱེད་མཁན་ད་དུང་ཐག་རིང་པོ་ཡོད་པའི་ཚེ་ཞི་མཐུན་ཞུ་བའི་ཕྱིར་ཁོས་ཕོ་ཉ་འགའ་གཏོང༌།

33 དེའི་ཕྱིར་ཁྱེད་ཚོའི་ནང་ནས་མི་སུ་ཞིག་གིས་ཅི་ཡོད་པ་ཐམས་ཅད་མི་སྤངས་ན་ངའི་ཉེ་གནས་ཡིན་པར་མི་སྲིད།

34 ཚྭ་ནི་ཡག་པོ་ཡིན་ཀྱང་ཚྭའི་བྲོ་བ་ཡལ་ན། དེའི་བྲོ་བ་གང་གིས་གསོ་བར་བྱེད་དམ།

35 ས་རྒྱུར་རམ་ལུད་ཕུང་ལ་ཡང་མི་ཕན་པས་དེ་ཚོས་ཕྱི་རུ་དབྱུག རྣ་བ་ཡོད་པ་རྣམས་ཀྱིས་ཉོན་ཅིག་” ཅེས་གསུངས་སོ།།

ལུ་ཀཱ (15) – Luke (15)

1 ཁོང་གི་གསུང་ལ་ཉན་པའི་ཕྱིར་ཁྲལ་སྡུད་མཁན་དང་སྡིག་ཅན་མང་པོ་ཞིག་ཁོང་གི་མདུན་དུ་ཡོང་བ་དང༌།

2 ཆོས་ཁྲིམས་ལ་མཁས་པའི་མི་དང་ཕཱ་རུ་ཤི་པ་རྣམས་ཀྱིས་ཡིད་མ་རངས་པའི་གཏམ་བྱེད་བཞིན་ཡོད་དེ་ “མི་འདིས་སྡིག་ཅན་རྣམས་བསུས་ནས་ཁོ་ཚོ་དང་མཉམ་དུ་ཟ་” ཞེས་སྨྲས།

3 དེའི་ཕྱིར་དཔེའི་སྒོ་ནས་ཁོང་གིས་

4 “ཁྱེད་ཚོའི་ནང་ནས་སུ་ཞིག་ལ་ལུག་བརྒྱ་ཡོད་པ་ལས་ལུག་གཅིག་བརླགས་ན། དགུ་བཅུ་གོ་དགུ་པོ་རྩྭ་ཐང་ལ་བཞག་ནས་བརླག་པ་དེ་མ་རྙེད་པའི་བར་དུ་མི་འཚོལ་ལམ།

5 ལུག་བརླག་པ་དེ་རྙེད་རྗེས་དགའ་བའི་ངང་ནས་རང་གི་དཔུང་པར་འཁུར་བ་དང༌།

6 ནང་ལ་སླེབས་རྗེས་གྲོགས་པོ་དང་ཁྱིམ་མཚེས་བོས་ནས་ཁོ་ཚོར་ང་དང་མཉམ་དུ་དགའ་སྤྲོ་གྱིས་དང༌། གང་ལགས་ཟེར་ན། ངའི་ལུག་བརླག་པ་དེ་རྙེད་པའི་ཕྱིར་རོ་ཞེས་ཟེར།

7 ངས་ཁྱེད་རྣམས་ལ་ཟེར་རྒྱུར། དེ་ལྟར་སེམས་བསྒྱུར་བར་མི་དགོས་པའི་མི་སེམས་དྲང་པོ་དགུ་བཅུ་གོ་དགུ་པོ་ལས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་བའི་སྡིག་ཅན་གཅིག་གི་དོན་དུ་དཀོན་མཆོག་གི་ཞིང་ཁམས་སུ་ལྷག་པར་དགའ་བར་འགྱུར།”

ཊམ་ཀ་བརླག་པའི་དཔེ།

8 “ཡང་ན་བུད་མེད་སུ་ཞིག་ལ་དངུལ་ཊམ་ཀ་བཅུ་ཡོད་པ་ལས་གཅིག་བརླགས་ན། བརླག་པ་དེ་མ་རྙེད་པའི་བར་དུ་མར་མེ་སྤར་ནས་ཁང་པ་གད་བརྒྱབ་སྟེ་གཟབ་ནན་ཆེན་པོས་མི་འཚོལ་ལམ།

9 བརླག་པ་དེ་རྙེད་ནས་གྲོགས་མོ་དང་ཁྱིམ་མཚེས་བོས་ནས་ཁོ་ཚོར་ང་དང་མཉམ་དུ་དགའ་སྤྲོ་གྱིས་དང༌། གང་ལགས་ཟེར་ན། ངའི་དངུལ་ཊམ་ཀ་བརླག་པ་དེ་རྙེད་པའི་ཕྱིར་རོ་ཞེས་ཟེར།

10 ངས་ཁྱེད་ཚོར་ཟེར་རྒྱུར། དེ་ལྟར་སྡིག་ཅན་གཅིག་གིས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་བས་དཀོན་མཆོག་གི་ཕོ་ཉ་རྣམས་ཀྱི་མདུན་དུ་དགའ་སྤྲོ་ཡོད་” ཅེས་གསུངས།

བུ་འཁྱམས་པོ་སླར་ལོག་པའི་དཔེ།

11 ཡང་ཁོང་གིས་ “མི་ཞིག་ལ་བུ་གཉིས་ཡོད་པ་དང༌།

12 ཆུང་བ་ཡིས་ཁོའི་ཕ་ལ། ཡབ་ལགས། ང་ལ་འཐོབ་རྒྱུ་ཡིན་པའི་ནོར་སྐལ་གནང་རོགས་ཞེས་ཟེར་བས་ཕ་ཡིས་བུ་གཉིས་ལ་རང་གི་ནོར་བགོ་བཤའ་བརྒྱབ།

13 ཉིན་མང་པོ་མ་ལོན་པར་བུ་ཆུང་བ་ཡིས་ཅི་ཡོད་པ་ཐམས་ཅད་བསྡུས་ནས་ཡུལ་ཐག་རིང་པོ་ཞིག་ལ་སོང༌། དེར་ཁོས་བྱ་སྤྱོད་ངན་པ་སྣ་ཚོགས་ཀྱི་ཐོག་ནས་ནོར་སྐལ་འཕྲོག་བརླག་བཏང༌།

14 རྒྱུ་ནོར་ཚང་མ་རྫོགས་ནས་ཡུལ་དེར་མུ་གེ་ཚབས་ཆེན་བྱུང་བས། ཁོ་བཀྲེས་སྐོམ་གྱིས་མནར་ཏེ་དབུལ་པོར་གྱུར།

15 དེའི་ཕྱིར་ཁོ་ཕྱིན་ནས་ཡུལ་དེའི་ཁྱིམ་བདག་གཅིག་ལ་བརྟེན་པས། དེས་ཕག་པ་འཚོ་བའི་ཕྱིར་བུ་ཞིང་ཐང་དུ་བཏང༌།

16 སུས་ཀྱང་ཁོ་ལ་ཟ་རྒྱུ་ཅི་ཡང་མ་སྟེར་བས་ཁོ་ལྟོགས་ཏེ་ཕག་པས་ཟ་བའི་གང་བུ་ཡང་ཟ་འདོད་ཆེན་པོ་ལངས།

17 དེ་ནས་བློ་ཁུག་སྟེ་ཁོས་ངའི་ཕ་ཡི་གཡོག་པོ་རྣམས་ལ་བག་ལེབ་ཟ་རྒྱུ་ཡོད་པ་མ་ཟད་བསག་རྒྱུ་ཡང་ཡོད། འོན་ཀྱང་ཡུལ་འདིར་ང་ལྟོགས་ནས་ཤི་གྲབས་འདུག

18 ང་ཡར་ལངས་ཏེ་ཕའི་རྩར་ཕྱིན་ནས་ཁོང་ལ། ཕ་ལགས། ངས་དཀོན་མཆོག་གི་ཞིང་ཁམས་དང་ཁྱེད་ལ་སྡིག་ཉེས་བྱས་པས།

19 ང་ནི་ཁྱེད་ཀྱི་སྲས་ཞེས་ཟེར་བ་མི་འོས་ཏེ་ང་ཁྱེད་ཀྱི་གླ་པ་ཞིག་དང་འདྲ་བར་མཛོད་ཅེས་ཟེར་བར་བྱ་སྙམ།

20 ཁོ་ལངས་ནས་ཕའི་རྩར་སོང༌། འོན་ཀྱང་ཕ་ཡིས་རྒྱང་རིང་ནས་ཁོ་མཐོང་བ་དང༌། སྙིང་རྗེ་སྐྱེས་ནས་བུའི་མདུན་དུ་བརྒྱུགས་པ་དང༌། ཁོ་ལ་འཐམ་སྟེ་འོ་བྱས།

21 བུ་ཡིས་ཁོང་ལ། ཕ་ལགས། ངས་དཀོན་མཆོག་གི་ཞིང་ཁམས་དང་ཁྱེད་ལ་སྡིག་ཉེས་བྱས་པས་ང་ནི་ཁྱེད་ཀྱི་བུ་ཞེས་འབོད་པར་མི་འོས་ཞེས་སྨྲས།

22 འོན་ཀྱང་ཕ་ཡིས་ཁོའི་གཡོག་པོ་ཚོར། ཕྱུ་པ་ཡག་ཤོས་མགྱོགས་པོར་འཁྱེར་ནས་གཡོགས་ལ། ཁོའི་མཛུབ་མོར་སོར་གདུབ་དང༌། རྐང་པར་ལྷམ་གཡོགས་ཤིག

23 བེའུ་རྒྱགས་པ་དེ་འདིར་ཁྲིད་ནས་སོད། ང་ཚོས་ཟ་ཞིང་དགའ་སྟོན་བྱེད་པར་བྱ།

24 གང་ལགས་ཤེ་ན། ངའི་བུ་འདི་ཤི་ནས་སླར་གསོན་པོར་གྱུར་ཞིང༌། བརླགས་ནས་རྙེད་པར་གྱུར་བས་སོ་ཞེས་བཤད་རྗེས་ཁོ་ཚོས་སྐྱིད་པོ་བཏང༌།

25 དེའི་རིང་ལ་ཁོའི་བུ་རྒན་པ་ཞིང་ཁར་ཡོད་པ་དང༌། ཁོ་ཕྱིར་ལོག་སྟེ་ཁང་པར་སླེབས་པའི་ཚེ་རོལ་མོ་དང་ཞབས་བྲོའི་སྒྲ་ཐོས་པས།

26 གཡོག་པོ་ཞིག་བོས་ནས་དེ་ཅི་ཡིན་ཞེས་སྐད་ཆ་དྲིས།

27 གཡོག་པོ་དེས་ཁྱེད་ཀྱི་གཅུང་པོ་སྐུ་ཁམས་བཟང་པོར་སླེབས་པས་ཁྱེད་ཀྱི་ཡབ་ཀྱིས་བེའུ་རྒྱགས་པ་བསད་ཅེས་སྨྲས།

28 དེ་ཐོས་ནས་ཁྲོས་ཏེ་ཁོ་འཛུལ་བར་མ་དགའ། ཁོའི་ཕ་ཕྱི་རོལ་དུ་ཡོང་ནས་ཁོ་ནང་དུ་འཛུལ་བར་རེ་འབོད་བྱས།

29 ཁོས་ཁོའི་ཕ་ལ། གཟིགས་དང༌། ཁྱེད་ཀྱི་བཀའ་ལས་ནམ་ཡང་མ་འགལ་ཏེ་ལོ་འདི་འདྲ་མང་པོའི་རིང་ལ་ངས་གཡོག་པོ་ལྟར་ལས་ཀ་བྱས་ཀྱང༌། ངའི་གྲོགས་པོ་དང་མཉམ་དུ་དགའ་སྟོན་བྱེད་པའི་ཕྱིར་ཁྱེད་ཀྱིས་ར་ཕྲུག་ཙམ་ཡང་ང་ལ་གནང་མ་བྱུང༌།

30 འོན་ཀྱང་ཁྱེད་ཀྱི་བུ་ཟེར་བ་དེ་སྨད་འཚོང་མ་རྣམས་དང་མཉམ་དུ་ཁྱེད་ཀྱི་རྒྱུ་ནོར་ཆུད་ཟོས་གཏོང་མཁན་ཡོང་སྐབས་ཁྱེད་ཀྱིས་ཁོའི་དོན་ལ་བེའུ་རྒྱགས་པ་བསད་ཅེས་བཤད།

31 ཕ་ཡིས་ཁོ་ལ། ངའི་བུ། ཁྱོད་དུས་རྒྱུན་དུ་ང་དང་མཉམ་དུ་ཡོད་པས། ང་ལ་ཅི་ཡོད་པ་ཐམས་ཅད་ཁྱོད་ཀྱི་ཡིན།

32 འོན་ཀྱང་ང་ཚོས་སྤྲོ་སེམས་ཀྱིས་དགའ་སྟོན་བྱེད་དགོས། གང་ལགས་ཟེར་ན། ཁྱོད་ཀྱི་ནུ་བོ་འདི་ཤི་ནས་སླར་གསོན་པོར་གྱུར་ཞིང༌། བརླགས་ནས་རྙེད་པར་གྱུར་ཟེར་” ཞེས་གསུངས་སོ།།

ལུ་ཀཱ (16) – Luke (16)

1 དེ་ནས་ཡེ་ཤུས་ཉེ་གནས་རྣམས་ལ་ “མི་ཕྱུག་པོ་ཞིག་ལ་གཉེར་པ་ཞིག་ཡོད་དེ། ཁོའི་རྒྱུ་ནོར་གཉེར་པས་འཕྲོ་བརླག་གཏོང་ཞེས་པའི་གཏམ་ཐོས་པ་ན།

2 གཉེར་པ་བོས་ནས་མི་ཕྱུག་པོས་ཁོ་ལ། ཁྱོད་ཀྱི་སྐོར་གཏམ་འདི་ཅི་ཡིན། ད་ནས་བཟུང་ཁྱོད་གཉེར་པའི་ལས་བྱེད་མི་ཆོག་པས་རྩིས་དག་ཞུ་ཞིག་ཅེས་སྨྲས།

3 གཉེར་པས། བདག་པོས་ང་ཕྱིར་འབུད་པས་ཅི་བྱེད་པར་བྱ། ས་རྐོ་བའི་སྟོབས་ཤུགས་ནི་མེད། སློང་བར་ནི་ངོ་ཚ།

4 ང་ཕྱིར་འབུད་པའི་རྗེས་སུ་མི་རྣམས་ཀྱིས་ཁོ་ཚོའི་ཁྱིམ་ཚང་ལ་ང་བསུ་བའི་ཆེད་དུ་ཅི་བྱེད་པར་ངས་ཤེས་སོ་སྙམ།

5 ཁོའི་བདག་པོའི་བུ་ལོན་ལེན་མཁན་རེ་རེ་བཞིན་བོས་ནས་ཁོས་བུ་ལོན་ལེན་མཁན་དང་པོ་ལ། ཁྱེད་ཀྱིས་ངའི་བདག་པོར་འཇལ་དགོས་པའི་བུ་ལོན་ཇི་ཙམ་ཡོད་ཅེས་བཤད།

6 ལན་དུ་ཁོས་སྣུམ་རྫ་སྣོད་བརྒྱ་ཐམ་པའི་བུ་ལོན་ཡོད་ཅེས་སྨྲས་པ་དང༌། གཉེར་པས་རྩིས་ཁྲ་ལོངས་ལ་མགྱོགས་པོ་མར་བསྡད་ནས་ལྔ་བཅུ་བྲིས་ཤིག་ཅེས་བཤད།

7 ཡང་མི་གཞན་པར་ཁྱེད་ལ་བུ་ལོན་ཇི་ཙམ་ཡོད་ཅེས་དྲིས་པ་དང་མི་དེས་གྲོ་བྲེ་བརྒྱ་ཡོད་ཅེས་བཤད། གཉེར་པས་རྩིས་ཁྲ་ལོངས་ལ་བརྒྱད་བཅུ་བྲིས་ཤིག་ཅེས་ཟེར།

8 བདག་པོས་དྲང་པོ་མེད་པའི་གཉེར་པས་མགོ་གྲུང་པོའི་ངང་ནས་ལས་བསྒྲུབས་པར་བསྟོད་ར་བྱས། གང་ལགས་ཤེ་ན། འོད་ཀྱི་བུ་རྣམས་ལས་རང་དང་འདྲ་བ་རྣམས་ཀྱི་ཁྲོད་དུ་འཇིག་རྟེན་འདིའི་བུ་ཚོས་སོ་སོའི་དོན་སྒྲུབ་པར་མཁས་པར་ཆེ།

9 ངས་ཁྱེད་རྣམས་ལ་ཟེར་རྒྱུར། འཇིག་རྟེན་འདིའི་ལོག་པའི་ནོར་གྱིས་གྲོགས་པོ་སྒྲིགས། དེ་རྫོགས་སྐབས་རྟག་པའི་གནས་སར་མི་དེ་ཚོས་ཁྱེད་བསུ་བར་འགྱུར།

10 སུ་ཡང་དོན་ཆུང་བ་ལ་བློ་གཏད་ཆོག་ཡིན་པ་དེ་དོན་ཆེན་པོ་ལའང་བློ་གཏད་ཆོག་པ་ཡིན། སུ་ཡང་དོན་ཆུང་བ་ལ་དྲང་པོ་མིན་པ་དེ་དོན་ཆེན་པོ་ལའང་དྲང་པོ་མིན།

11 དེའི་ཕྱིར་ཁྱེད་ནི་འཇིག་རྟེན་འདིའི་ལོག་པའི་ནོར་ལ་བློ་གཏད་ཆོག་པ་མ་ཡིན་ན། སུས་ཁྱེད་ལ་བདེན་པའི་རྒྱུ་ནོར་འཆོལ་བར་འགྱུར།

12 གང་ཞིག་གཞན་ལ་ཡོད་པར་ཁྱེད་བློ་གཏད་ཆོག་པ་མ་ཡིན་ན། རང་ལ་བདག་འོས་པའི་ནོར་དེ་སུས་སྟེར་བར་འགྱུར།

13 གཡོག་པོ་ཞིག་གིས་བདག་པོ་གཉིས་ལ་གཡོག་བྱེད་མི་སྲིད། གང་ལགས་ཤེ་ན། ཁོས་གཅིག་ལ་སྡང་ཞིང་གཅིག་ལ་གཅེས་པའམ། ཁོས་གཅིག་ལ་ཆགས་ཤིང་གཅིག་ལ་སྨད་པར་བྱེད། ཁྱེད་ཚོས་དཀོན་མཆོག་དང་རྒྱུ་ནོར་གཉིས་ཀའི་གཡོག་བྱེད་མི་སྲིད་” ཅེས་གསུངས།

བཀའ་ཁྲིམས་དང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར།

14 རྒྱུ་ནོར་ལ་ཆགས་པའི་ཕཱ་རུ་ཤི་པ་རྣམས་ཀྱིས་དོན་དེ་ཚོ་ཐམས་ཅད་ཐོས་ནས་ཁོང་ལ་འཕྱ་དམོད་བྱེད་བཞིན་ཡོད།

15 ཁོང་གིས་ཁོ་ཚོར་ “མི་རྣམས་ཀྱི་མདུན་དུ་ཁྱོད་ཚོ་དྲང་པོ་ཡིན་ཚུལ་སྟོན། འོན་ཀྱང་དཀོན་མཆོག་གིས་ཁྱོད་ཀྱི་སེམས་མཁྱེན། མི་རྣམས་ཀྱིས་གང་བརྩི་བཀུར་བྱེད་པ་དེ་དཀོན་མཆོག་གི་སྤྱན་སྔར་སྐྱུག་བྲོ་བ་ཡིན།

16 བཀའ་ཁྲིམས་དང་ལུང་སྟོན་པའི་བཀའ་གཉིས་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱི་བར་དུ་བསྒྲགས་མྱོང༌། དུས་དེ་ནས་བཟུང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་སྒྲོག་བཞིན་ཡོད་པ་དང༌། མི་ཐམས་ཅད་དེའི་ནང་དུ་འཛུལ་བར་ནན་གྱིས་བརྩོན།

17 འོན་ཀྱང་བཀའ་ཁྲིམས་ཀྱི་ཚེག་གཅིག་འཇིག་པ་ལས་ནམ་མཁའ་དང་ས་གཉིས་འཇིག་པ་སླའོ།

18 སུས་ཀྱང་རང་གི་བཟའ་ཟླ་བཞག་ནས་བུད་མེད་གཞན་ཞིག་བཟའ་ཟླར་བླངས་ན་ལོག་གཡེམ་བྱེད་པ་དང༌། བཟའ་ཚང་ཁ་བྲལ་མྱོང་བའི་བུད་མེད་གཅིག་བཟའ་ཟླར་ལེན་མཁན་དེ་ནི་ལོག་པར་གཡེམ་པའོ་” ཞེས་གསུངས་སོ།།

ལཱ་ཟར་དང་ཕྱུག་པོ་ཞིག་གི་དཔེ།

19 ཡང་ཡེ་ཤུས་ “རས་སྤུས་ལེགས་མདོག་རྒྱ་སྨུག་ཅན་གྱི་གྱོན་ཆས་གྱོན་པའི་མི་ཕྱུག་པོ་ཞིག་ཡོད་པ་དང༌། ཁོས་ཉིན་ལྟར་རྒྱས་སྤྲོས་བྱས།

20 ཡང་ལཱ་ཟར་ཞེས་པ་ནི་ལུས་ཡོངས་སུ་པགས་ནད་ཀྱི་རྨ་ཡིས་ཁྱབ་པའི་དབུལ་པོ་ཞིག་ཡིན་ཏེ། ཁོ་མི་ཕྱུག་པོའི་གནས་ཁང་གི་རྒྱལ་སྒོར་བཞག་ཡོད།

21 མི་ཕྱུག་པོའི་ཅོག་ཙེ་ནས་ས་ལ་ལྷུང་བའི་ཟས་སྙིགས་ཆུང་ཆུང་ཟ་བར་འདོད་ཅིང༌། ཁྱིས་ཀྱང་ཡོང་ནས་ཁོའི་རྨ་བལྡགས།

22 དབུལ་པོ་དེ་ཤི་ནས་དཀོན་མཆོག་གི་ཕོ་ཉ་རྣམས་ཀྱིས་མེས་པོ་ཨབ་ར་ཧམ་གྱི་དྲུང་དུ་བསྐྱལ་བ་དང༌། མི་ཕྱུག་པོའང་ཤི་ནས་དུར་དུ་བཅུག

23 དམྱལ་ཁམས་སུ་སྡུག་བསྔལ་ཆེན་པོ་མྱོང་སྟེ་ཕྱུག་པོས་ཡར་བལྟས་ནས་ཨབ་ར་ཧམ་དང་ཁོང་གི་དྲུང་དུ་སྡོད་མཁན་ལཱ་ཟར་ཐག་རིང་ནས་མཐོང་སྟེ།

24 སྐད་ཆེན་པོས། ཡབ་ཨབ་ར་ཧམ་ལགས། ང་ལ་ཐུགས་རྗེ་གཟིགས། མེ་འདིའི་ནང་སྡུག་བསྔལ་ཆེན་པོ་མྱོང་བས་ངའི་ལྕེ་བསིལ་བར་བྱེད་པའི་ཕྱིར་ལཱ་ཟར་གྱི་མཛུབ་མོའི་རྩེ་ཆུར་བཅུག་ནས་མངག་པར་མཛོད་ཅེས་བཤད།

25 ཨབ་ར་ཧམ་གྱིས། ངའི་བུ། གསོན་པའི་དུས་སུ་ཁྱོད་ནི་བཟང་པོ་དང་ལཱ་ཟར་སྡུག་པོ་ཐོབ་པ་དེ་དྲན་པར་གྱིས་ཤིག ད་འདི་རུ་ཁོ་སེམས་གསོ་བར་འགྱུར་བ་དང༌། ཁྱོད་སྡུག་བསྔལ་མྱོང་བཞིན་ཡོད་པ་མ་ཟད།

26 འདི་ནས་ཁྱོད་ཀྱི་རྩར་འགྲོ་འདོད་པ་དང༌། དེ་ནས་ང་ཚོའི་མདུན་དུ་ཡོང་འདོད་ཀྱང་བརྒལ་མི་སྲིད་པའི་ཕྱིར་ང་ཚོ་དང་ཁྱོད་ཀྱི་བར་ལ་གཡང་ས་ཆེན་པོ་ཞིག་འདུག་ཅེས་སྨྲས།

27 ཕྱུག་པོས་ཞུ་བ་ཞུས་ཏེ། ཡབ་ལགས། ལཱ་ཟར་ངའི་ཕའི་ཁང་པར་མངག་པར་མཛོད་ཅིག

28 གང་ལགས་ཤེ་ན། ང་ལ་སྤུན་ལྔ་ཡོད། ལཱ་ཟར་གྱིས་ཁོ་ཚོར་ཐ་ཚིག་བསྒྲགས་ན་ཁོ་ཚོའང་སྡུག་བསྔལ་ཆེན་པོའི་གནས་འདིར་མི་ཡོང་ཞེས་བཤད།

29 འོན་ཀྱང་ཨབ་ར་ཧམ་གྱིས། ཁོ་ཚོར་མོ་ཤེ་དང་ལུང་སྟོན་པའི་བཀའ་ཡོད་པས་ཁོ་ཚོས་དེ་ལ་ཉན་དགོས་ཞེས་གསུངས།

30 ཕྱུག་པོས། ཡབ་ཨབ་ར་ཧམ་ལགས། གལ་ཏེ་གཤིན་པོ་རྣམས་ལས་སུ་ཞིག་ཁོ་ཚོའི་རྩར་སོང་ན་ཁོ་ཚོས་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་རོ་ཞེས་བཤད།

31 ཨབ་ར་ཧམ་གྱིས་ཁོ་ལ་མོ་ཤེ་དང་ལུང་སྟོན་པའི་བཀའ་ལ་མ་ཉན་ན་གཤིན་པོ་རྣམས་ལས་སུ་ཞིག་ལངས་ན་ཡང་ཡིད་མི་ཆེས་” ཞེས་གསུངས་སོ།།

ལུ་ཀཱ (17) – Luke (17)

1 ཡེ་ཤུས་ཉེ་གནས་རྣམས་ལ་ “སླུ་བའི་རྒྱུ་མི་འབྱུང་བར་མི་སྲིད། འོན་ཀྱང་སླུ་བར་བྱེད་མཁན་ལ་ཆད་པ་ཕོག་པར་འགྱུར་ངེས་ཡིན།

2 ཆུང་ངུ་འདི་རྣམས་ལས་གཅིག་སླུ་བར་བྱེད་པ་ལས་མི་དེ་ཉིད་ཀྱི་སྐེ་ལ་རང་འཐག་གི་རྡོ་ཆེན་པོ་ཞིག་བཏགས་ནས་རྒྱ་མཚོའི་ནང་དུ་དབྱུགས་ན་ཁོ་ལ་ལེགས་སོ།

3 དོགས་ཟོན་གྱིས་ཤིག ཁྱེད་ཀྱི་སྤུན་གྱིས་ཉེས་པ་བྱས་ན་ཁོ་ལ་བཀའ་བཀྱོན་ཅིག གལ་ཏེ་ཁོས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་ན་ཐར་བར་གཏོང་ཞིག

4 ཡང་ཉིན་གཅིག་ལ་ཁོས་ཁྱེད་ལ་ཉེས་པ་ལན་བདུན་བྱས་ནས་ངས་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་ཞེས་ལན་བདུན་བཤད་དེ་ཁྱེད་རྩར་ཕྱིར་ལོག་ན་ཐར་བར་གཏོང་ཞིག་” ཅེས་གསུངས།

5 སྐུ་ཚབ་རྣམས་ཀྱིས་གཙོ་བོ་ལ་ “ང་ཚོའི་དད་སེམས་འཕེལ་བར་མཛོད་” ཅེས་སྨྲས།

6 གཙོ་བོས་ “གལ་སྲིད་ཁྱེད་ཀྱི་དད་སེམས་ཡུངས་འབྲུ་རྡོག་པོ་ཆུང་ངུ་གཅིག་ཙམ་ཡོད་ན་ཁྱེད་ཀྱིས་ཤིང་སྡོང་ཆེན་པོ་འདི་ལ། རང་གིས་རང་རྩ་བཀོག་བཏང་ནས་རྒྱ་མཚོར་འཚུགས་པར་འགྱུར་ཞིག་ཅེས་སྨྲས་ན་དེས་ཁྱེད་ཀྱི་བཀའ་ལ་ཉན་པར་འགྱུར།

7 སུ་ཞིག་ལ་ཞིང་རྨོ་བའམ། ལུག་འཚོ་བཞིན་པའི་གཡོག་པོ་ཞིག་ཡོད་ན་དེ་ཁྱིམ་ཚང་ལ་སླེབས་པའི་རྗེས་སུ་ཁོ་ལ། ལམ་སེང་ཚུར་ཤོག་ལ་ཟས་ཟ་རུ་སྡོད་ཅིག་ཅེས་ཟེར་རམ།

8 ཡང་ན་ཁོ་ལ་ངའི་དགོང་ཟས་གྲ་སྒྲིག་གྱིས་ལ་སྐེད་རགས་ཆིངས་ནས་ངས་བཟའ་བཏུང་བྱེད་དུས་ང་ལ་གཡོག་བྱོས་ཤིག དེ་ནས་ཁྱོད་ཟ་འཐུང་བྱེད་ཆོག་ཅེས་མི་ཟེར་རམ།

9 གཡོག་པོས་བཀའ་ལྟར་བསྒྲུབ་པས་ཁྱིམ་བདག་གིས་ཁོ་ལ་ཐུགས་རྗེ་ཆེ་ཞེས་ཟེར་བར་འགྱུར་རམ།

10 དེ་བཞིན་དུ་བཀོད་པ་བཏང་བའི་ལས་ཚང་མ་ཁྱོད་ཀྱིས་ཀྱང་བསྒྲུབས་ཚེ། ང་ཚོ་ཕན་མེད་ཀྱི་གཡོག་པོ་ཡིན་ཏེ། ང་ཚོས་བྱེད་འོས་པའི་ལས་ཁོ་ན་བྱས་པ་ཡིན་ཞེས་ཟེར་དགོས་” ཞེས་གསུངས་སོ།།

མཛེ་ཅན་བཅུ་ཡི་ནད་གསོས་པ།

11 ཡེ་རུ་ཤ་ལེམ་གྱི་ལམ་བར་དུ་ཁོང་ས་མར་ཡཱ་ཡུལ་དང་ག་ལིལ་ཡུལ་གྱི་ས་མཚམས་བརྒྱུད་ནས་ཕེབས་པ་དང༌།

12 གྲོང་གསེབ་གཅིག་དང་ཉེ་བར་ཕེབས་ཚེ་མཛེ་ནད་ཅན་གྱི་མི་བཅུ་ཐག་རིང་ན་ལངས་བསྡད་དེ་ཁོང་དང་མཇལ།

13 ཁོ་ཚོས་སྐད་ཆེན་པོས་ “སྟོན་པ་ཡེ་ཤུ་ལགས། ང་ཚོ་ལ་ཐུགས་རྗེ་གཟིགས་རོགས་” ཞེས་ཟེར།

14 ཁོ་ཚོ་གཟིགས་ནས་ཁོང་གིས་ཁོ་ཚོར་ “སོང་ལ་རང་གི་ལུས་ཡ་ཧུ་དཱ་པའི་བླ་མར་སྟོན་” ཞེས་གསུངས་ནས་ལམ་བར་དུ་གསོས་ཏེ་ཐམས་ཅད་དག་པར་གྱུར།

15 ནད་དག་པ་མཐོང་སྟེ་ཁོ་ཚོ་ལས་མི་གཅིག་ཕྱིར་ལོག་ནས་སྐད་ཆེན་པོས་དཀོན་མཆོག་ལ་བསྟོད་པ་ཕུལ།

16 ཡེ་ཤུའི་མདུན་དུ་ཕྱག་འཚལ་བ་དང༌། ཁོང་ལ་བཀའ་དྲིན་ཆེ་ཞེས་ཞུས། ཁོ་ནི་ས་མར་ཡཱ་པ་ཞིག་ཡིན།

17 དེ་ནས་ཡེ་ཤུས་ “མི་བཅུ་པོ་གྲིབ་ལས་གཙང་མར་མ་གྱུར་རམ། གཞན་དགུ་པོ་དེ་ཚོ་གང་དུ་ཡོད།

18 ཕྱི་པ་འདི་ལས་དཀོན་མཆོག་ལ་བསྟོད་པ་འབུལ་མཁན་གཞན་སུ་ཡང་མེད་དམ་” ཞེས་གསུངས།

19 ཡང་ཁོང་གིས་ཁོ་ལ་ “ཡར་ལངས་ནས་སོང་དང༌། ཁྱོད་ཀྱི་དད་པས་ཁྱོད་རང་ཐར་བར་བྱས་སོ་” ཞེས་གསུངས།

དཀོན་མཆོག་གི་རྒྱལ་སྲིད་འབྱུང་བའི་དུས་ཀྱི་སྐོར།

20 ཕཱ་རུ་ཤི་པ་རྣམས་ཀྱིས་ཁོང་ལ་དཀོན་མཆོག་གི་རྒྱལ་སྲིད་འབྱུང་བའི་དུས་ཀྱི་སྐོར་ལ་སྐད་ཆ་དྲིས་པ་ན། ཁོང་གིས་མི་དེ་ཚོར་ “དཀོན་མཆོག་གི་རྒྱལ་སྲིད་ནི་མིག་གིས་མཐོང་ཐུབ་པའི་ལུགས་སུ་མི་ཡོང༌།

21 མི་རྣམས་ཀྱིས། ལྟོས་ཤིག་འདི་རུ་ཡོད་པའམ། ཡང་ན་དེར་ཡོད་ཅེས་མི་ཟེར། གང་ཡིན་ཞེ་ན། དཀོན་མཆོག་གི་རྒྱལ་སྲིད་ཁྱེད་ཚོའི་ཁྲོད་དུ་ཡོད་དོ་” ཞེས་གསུངས།

22 དེ་ནས་ཁོང་གིས་ཉེ་གནས་རྣམས་ལ་ “མིའི་རིགས་ཀྱི་བུ་ཡི་ཉིན་མོ་ལས་གཅིག་མཐོང་བར་འདོད་པའི་དུས་ལ་འབབ་ཡོང་ན་ཡང༌། ཁྱེད་ཚོས་དེ་མཐོང་བར་མི་འགྱུར།

23 མི་དེ་ཚོས། འདིར་ལྟོས་ཤིག་གམ། ཡང་ན་དེར་ལྟོས་ཤིག་ཅེས་ཟེར་རྒྱུ་ཡིན། དེར་མ་སོང་ལ་དེ་ཚོའི་རྗེས་སུ་མ་འབྲོངས་ཤིག

24 རྒྱུ་མཚན་ནི་གློག་འཁྱུག་ནམ་མཁའི་ཕྱོགས་གཅིག་ནས་གཞན་པར་འོད་འཕྲོ་བ་ལྟར། དེ་ལྟར་མིའི་རིགས་ཀྱི་བུའང་ཁོང་གི་ཉིན་མོར་འབྱུང་བར་འགྱུར།

25 འོན་ཀྱང་དེའི་སྔོན་ལ་ཁོང་སྡུག་བསྔལ་མང་པོ་མྱོང་དགོས་པ་དང༌། མི་རབས་འདིས་ཁོང་འདོར་བར་འགྱུར།

26 ཡང་མེས་པོ་ནོ་ཨ་ཡི་དུས་ལ་བྱུང་བ་ལྟར། མིའི་རིགས་ཀྱི་བུ་ཡི་དུས་ལ་ཡང་འབྱུང་བར་འགྱུར།

27 ནོ་ཨ་གྲུ་ཆེན་གྱི་ནང་དུ་མ་ཞུགས་པའི་བར་དུ་ཁོ་ཚོས་བཟའ་བ་དང་བཏུང་ཞིང༌། བག་མ་གཏོང་ལེན་བྱེད་བཞིན་ཡོད། དེ་ནས་ཆུ་ལོག་ཆེན་པོ་བྱུང་ནས་ཁོ་ཚོ་ཚང་མ་འཇིག་པར་གྱུར།

28 དེ་བཞིན་དུ་མེས་པོ་ལོཌ་ད་ཞེས་ཟེར་མཁན་གྱི་དུས་སུ་ཡང་བྱུང༌། མི་རྣམས་ཀྱིས་བཟའ་བ་དང་བཏུང་ཞིང༌། ཉོ་འཚོང༌། ས་བོན་འདེབས་ལས། ཁང་པ་རྩིག་པ་ལ་སོགས་པའི་ལས་ཀ་བྱེད་བཞིན་ཡོད།

29 འོན་ཀྱང་ལོཌ་ད་སཱ་དོམ་གྲོང་ཁྱེར་ནས་ཕྱིར་ཐོན་པའི་ཉིན་མོར་མེ་དང་མུ་ཟི་ནམ་མཁའ་ནས་བབས་པས་དེ་ཚོ་ཚང་མ་འཇིག་པར་གྱུར།

30 མིའི་རིགས་ཀྱི་བུ་མངོན་པར་འགྱུར་བའི་ཉིན་མོར་ཡང་དེ་ལྟར་འབྱུང་བར་འགྱུར།

31 ཉིན་མོ་དེར་ཁང་པའི་ཐོག་ཁར་ཡོད་མཁན་རང་གི་ཅ་ལག་ཕར་འཁྱེར་བའི་ཕྱིར་མར་མ་འགྲོ དེ་བཞིན་དུ་ཞིང་ཁར་ཡོད་པ་ཕྱིར་མ་ལོག

32 ལོཌ་ད་ཡི་བཟའ་ཟླ་དྲན་པར་གྱིས་ཤིག

33 སུ་ཡང་རང་གི་སྲོག་ལ་ཆགས་པ་དེ་བརླག་པར་འགྱུར། སུ་ཡང་རང་གི་སྲོག་བཏང་ན་དེ་སྐྱོབ་པར་འགྱུར།

34 ངས་ཁྱེད་རྣམས་ལ་ཟེར་རྒྱུར། ཉིན་དེའི་མཚན་མོར་ཉལ་ཁྲི་ཞིག་ལ་མི་གཉིས་ཡོད་པ་ལས། གཅིག་ལེན་གཅིག་འབོར་བར་འགྱུར།

35 ས་ཆ་གཅིག་ལ་བུད་མེད་འབྲུ་འཐག་མཁན་གཉིས་ཡོད་པ་ལས། གཅིག་ལེན་གཅིག་འབོར་བར་འགྱུར་” ཞེས་གསུངས།

37 ལན་དུ་ཁོ་ཚོས་ “གཙོ་བོ། གང་དུ་འབྱུང་བར་འགྱུར་” ཞེས་ཞུས། ཁོང་གིས་ཁོ་ཚོར་ “ཕུང་པོ་ཡོད་སར་བྱ་རྒོད་འཛོམ་པར་འགྱུར་” ཞེས་གསུངས་སོ།།

ལུ་ཀཱ (18) – Gospel of Luke (18)

1 དེའི་རྗེས་སུ་དེ་རྣམས་ཡིད་མི་ཞུམ་པར་སྨོན་ལམ་ཡང་ཡང་འདེབས་དགོས་པ་སྟོན་པའི་ཕྱིར་དཔེའི་སྒོ་ནས་འདི་ལྟར་གསུངས།

2 “གྲོང་ཁྱེར་ཞིག་ལ་དཀོན་མཆོག་གམ། ཡང་ན་མི་རྣམས་ལ་མི་བཀུར་བའི་ཁྲིམས་དཔོན་ཡོད་པ་དང༌།

3 གྲོང་ཁྱེར་དེ་ལ་ཁོའི་མདུན་དུ་ཡང་ཡང་ཡོང་བའི་ཡུགས་མོ་ཞིག་ཡོད་དེ། ཁོ་མོས་དེ་ལ་ངའི་ཁ་གཏད་ལས་སྲུང་བར་མཛོད་ཅེས་ཞུས།

4 རེ་ཞིག་དེ་ལྟར་བྱེད་མ་འདོད་ཀྱང༌། རྗེས་སུ་ཁོས་ངས་དཀོན་མཆོག་གམ། ཡང་ན་མི་རྣམས་ལ་མི་བཀུར་ཡང༌།

5 ཡུགས་མོ་འདིས་ང་ལ་སུན་པོ་བྱེད་པས་ངས་མོའི་ཁ་གཏད་ལས་སྲུང་བར་བྱ། དེ་མིན་ན་ཁོ་མོ་ཡང་ཡང་ཡོང་བས་ང་ངལ་བས་དུབ་བོ་སྙམ་” ཞེས་གསུངས།

6 ཡང་གཙོ་བོས་ “དྲང་པོ་མིན་པའི་ཁྲིམས་དཔོན་གྱིས་གང་བཤད་པ་དེ་ལ་ཉོན་ཞིག

7 དཀོན་མཆོག་གིས་ཁོང་ལ་ཉིན་མཚན་མེད་པར་སྨོན་ལམ་འདེབས་མཁན་ཉིད་ཀྱིས་བདམས་པ་ལ་སྲུང་བར་མི་མཛོད་དམ། མི་དེ་ཚོར་རོགས་པ་གནང་བར་ཡུན་རིང་པོར་འགོར་རམ།

8 ངས་ཁྱེད་རྣམས་ལ་ཟེར་རྒྱུར། ཁོང་གིས་མྱུར་དུ་ཁོ་ཚོ་སྲུང་བར་འགྱུར། འོན་ཀྱང་མིའི་རིགས་ཀྱི་བུ་ཕེབས་པའི་དུས་སུ་འཇིག་རྟེན་འདིར་དད་ལྡན་རྣམས་རྙེད་པར་འགྱུར་རམ་” ཞེས་གསུངས།

ཕཱ་རུ་ཤི་པ་ཞིག་དང་ཁྲལ་སྡུད་མཁན་གྱི་དཔེ།

9 ཡང་རང་ཉིད་དྲང་པོ་ཡིན་པར་བསམ་ཞིང་མི་གཞན་ལ་མཐོང་ཆུང་བྱེད་པའི་མི་ཁ་ཤས་ལ་དཔེ་འགྲེ་བྱས་ནས་ཁོང་གིས་

10 “ཕཱ་རུ་ཤི་པ་ཞིག་དང་ཁྲལ་སྡུད་མཁན་ཞིག་སྨོན་ལམ་འདེབས་པའི་ཆེད་དུ་མཆོད་ཁང་ཆེན་མོར་སོང༌།

11 ཕཱ་རུ་ཤི་པ་གཅིག་པོར་ལངས་ཏེ། ཀྱེ་དཀོན་མཆོག ང་ཁ་བསླུས་རྒྱག་མཁན་ནམ། དྲང་པོ་མིན་པའམ། ལོག་གཡེམ་བྱེད་མཁན་མི་གཞན་པ་དང་མི་འདྲ་ཞིང༌། ཁྲལ་སྡུད་མཁན་འདི་དང་ཡང་མི་འདྲ་བས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ།

12 ངས་གཟའ་འཁོར་ཞིག་ལ་སྨྱུང་གནས་ཐེངས་གཉིས་སྲུང་ཞིང༌། ཡོང་འབབ་ཐམས་ཅད་ལས་བཅུ་ཆ་གཅིག་དཀོན་མཆོག་ལ་འབུལ་ཞེས་སྨོན་ལམ་བཏབ།

13 འོན་ཀྱང་ཁྲལ་སྡུད་མཁན་དེ་ཐག་རིང་པོར་ལངས་ཏེ་དཀོན་མཆོག་གི་ཞིང་ཁམས་སུ་ཡར་ལྟ་བར་མི་ཕོད་ཅིང༌། བྲང་ཁོག་བརྡུངས་ཏེ། ཀྱེ་དཀོན་མཆོག ང་སྡིག་ཅན་ལ་ཐུགས་རྗེས་གཟིགས་ཞེས་བཤད།

14 ངས་ཁྱེད་རྣམས་ལ་ཟེར་རྒྱུར། གཞན་དེ་ལས་མི་འདི་ཡང་དག་པར་གྱུར་ནས་ཁྱིམ་དུ་སོང༌། གང་ལགས་ཤེ་ན། རང་གིས་རང་ལ་བཀུར་སྟི་བྱེད་མཁན་ཐམས་ཅད་དམའ་བར་འགྱུར་ཞིང༌། རང་གིས་རང་ལ་དམའ་བར་རྩི་མཁན་ཐམས་ཅད་བཀུར་སྟི་འཐོབ་པར་འགྱུར་” ཞེས་གསུངས།

སྟོན་པ་ཡེ་ཤུ་དང་བྱིས་པའི་སྐོར།

15 མི་རྣམས་ཀྱིས་བྱིས་པ་ཡང་ཁོང་གི་དྲུང་དུ་ཕྱག་གིས་རེག་པའི་ཕྱིར་ཁུར་ཡོང་ཞིང༌། ཉེ་གནས་རྣམས་ཀྱིས་དེ་མཐོང་ནས་ཁོ་ཚོར་གཤེ་གཤེ་བཏང༌།

16 འོན་ཀྱང་ཡེ་ཤུས་ཕྲུ་གུ་རྣམས་ཁོང་གི་མདུན་དུ་ཡོང་བའི་བཀའ་གནང་སྟེ་ “ཁོ་ཚོ་དང་འདྲ་བ་རྣམས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ཁོངས་གཏོགས་ཡིན་པས། ཕྲུ་གུ་ཆུང་ངུ་མ་འགོག་པར་ངའི་དྲུང་དུ་ཡོང་དུ་ཆུག་ཅིག

17 ངས་ཁྱེད་རྣམས་ལ་བདེན་པར་ཟེར་རྒྱུར། སུ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་ཕྲུ་གུ་ཆུང་ངུའི་ཚུལ་དུ་མི་བླངས་ན། དེའི་ནང་དུ་ཅི་ནས་ཀྱང་འགྲོ་མི་ཐུབ་བོ་” ཞེས་གསུངས།

ཕྱུག་པོ་ཞིག་ལ་ཆོས་གསུངས་པ།

18 དེ་ནས་དཔོན་པོ་ཞིག་གིས་ཁོང་ལ་ “སྟོན་པ་བཟང་པོ་ལགས། དཔག་ཏུ་མེད་པའི་ཚེ་ཐོབ་ཕྱིར་ངས་གང་ཞིག་བྱ་དགོས་སམ་” ཞེས་ཞུས་པ་ལ།

19 ཡེ་ཤུས་མི་དེར་ “ཁྱེད་ཀྱིས་ང་ལ་ཅིའི་ཕྱིར་བཟང་པོ་ཟེར། དཀོན་མཆོག་གཅིག་པུ་ལས་གཞན་བཟང་པོ་གཅིག་ཀྱང་མེད།

20 ལོག་གཡེམ་མ་བྱེད། མིའི་སྲོག་མ་གཅོད། རྐུ་མ་མ་རྐུས། རྫུན་གྱི་དཔང་པོ་མ་བྱེད། རང་གི་ཕ་མར་བརྩི་བཀུར་བྱོས་ཤིག་ཅེས་གསུངས་པའི་བཀའ་ཁྲིམས་འདི་ཚོ་ཁྱེད་ཀྱིས་ཤེས་” ཞེས་གསུངས། 21 ཡང་མི་དེས་ “ངས་ཆུང་དུས་ནས་བཀའ་འདི་ཐམས་ཅད་བསྲུངས་པ་ཡིན་” ཞེས་ཞུས།

22 དེ་གསན་ནས་ཡེ་ཤུས་ཁོ་ལ་ “ཁྱོད་ལ་ད་དུང་དོན་གཅིག་མི་ཚང་བས། རང་ལ་ཡོད་པ་ཐམས་ཅད་བཙོངས་ཏེ་དབུལ་པོ་རྣམས་ལ་སྦྱིན་ཅིག དེ་ནས་དཀོན་མཆོག་གི་ཞིང་ཁམས་སུ་ཁྱོད་ལ་རྒྱུ་ནོར་ཐོབ་པར་འགྱུར་བ་དང༌། ཤོག ངའི་རྗེས་སུ་འབྲོངས་ཤིག་” ཅེས་གསུངས་པ་ལ།

23 མི་དེ་ཤིན་ཏུ་ཕྱུག་པོ་ཡིན་པས་དེ་ཐོས་ནས་སེམས་སྐྱོ་པོར་འགྱུར།

24 མི་དེར་གཟིགས་ནས་ཡེ་ཤུས་ “ཕྱུག་པོ་རྣམས་དཀོན་མཆོག་གི་རྒྱལ་སྲིད་ནང་དུ་འགྲོ་བ་ཤིན་ཏུ་དཀའོ།

25 མི་ཕྱུག་པོ་ཞིག་དཀོན་མཆོག་གི་རྒྱལ་སྲིད་ནང་ལ་འགྲོ་བ་ལས་རྔ་མོང་ཞིག་ཁབ་མིག་བརྒྱུད་ནས་འགྲོ་བ་སླའོ་” ཞེས་གསུངས་པ་དང༌།

26 དེ་ཐོས་པ་རྣམས་ཀྱིས་ “འོ་ན་སུ་ཞིག་ལ་ཐར་བ་ཐོབ་ཐུབ་བམ་” ཞེས་ཞུས།

27 ཡེ་ཤུས་ “དེ་ནི་མི་རྣམས་ལ་མི་སྲིད་ཀྱང་དཀོན་མཆོག་ལ་སྲིད་དོ་” ཞེས་གསུངས།

28 དེ་ནས་པེ་ཏྲོས་ “ཁྱེད་ཀྱིས་གཟིགས་དང༌། ང་ཚོས་ཐམས་ཅད་དོར་ནས་ཁྱེད་ཀྱི་རྗེས་སུ་འབྲངས་པ་ཡིན་” ཞེས་ཞུས་པ་ལ།

29 ཡེ་ཤུས་ཁོ་ཚོར་ “ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། མི་སུ་ཞིག་གིས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་དོན་དུ་རང་གི་ཁྱིམ་ཚང་ངམ། བཟའ་ཟླའམ། སྤུན་ནམ། ཕ་མའམ། བུ་ཕྲུག་བཅས་བཞག་ན།

30 མི་དེ་ལ་ཚེ་འདིར་ལྡབ་འགྱུར་གྱིས་མང་པོ་འཐོབ་པར་འགྱུར་ལ། མ་འོངས་པར་དཔག་ཏུ་མེད་པའི་ཚེ་འཐོབ་པར་ངེས་” ཞེས་གསུངས།

སྟོན་པ་ཡེ་ཤུ་དགྲོང་རྒྱུའི་སྐོར་སླར་ལུང་བསྟན་པ།

31 དེ་ནས་ཁོང་གིས་བཅུ་གཉིས་པོ་རྣམས་ཟུར་དུ་ཁྲིད་དེ་ཁོ་ཚོར་ “ལྟོས་དང༌། ད་ང་ཚོ་ཡེ་རུ་ཤ་ལེམ་གྲོང་ཁྱེར་དུ་འགྲོ་ལ། ལུང་སྟོན་པས་མིའི་རིགས་ཀྱི་བུའི་སྐོར་བྲིས་ཡོད་པ་ཐམས་ཅད་འགྲུབ་པར་འགྱུར།

32 མིའི་རིགས་ཀྱི་བུ་ཕྱི་པ་རྣམས་ལ་གཏད་ནས་ཁོ་ཚོས་ཁོང་ལ་འཕྱ་དམོད་བྱེད་དེ་ཁ་ངན་བཤད་ནས་མཆིལ་མ་གཏོར་བར་འགྱུར་བ་དང༌།

33 རྟ་ལྕག་གིས་བརྡུངས་ནས་གསོད་པར་འགྱུར། དེ་ནས་ཉིན་གསུམ་པར་ཁོང་སླར་གསོན་པར་འགྱུར་རོ་” ཞེས་གསུངས།

34 ཉེ་གནས་རྣམས་ཀྱིས་གསུང་དེའི་དོན་ཧ་མ་གོ དོན་དེ་ཁོ་ཚོ་ལ་སྦས་ཡོད་པས་མ་རྟོགས།

སྤྲང་པོ་མིག་ལོང་བ་ཞིག་མིག་གསོས་པ།

35 དེ་ནས་ཡེ་ཤུ་ཡེ་རུ་ཀོ་ཞེས་བྱ་བའི་གྲོང་ཁྱེར་དང་ཉེ་བར་བྱོན་སྐབས། སྤྲང་པོ་ལོང་བ་ཞིག་ལམ་ཁར་བསྡད་ནས་སློང་བཞིན་ཡོད།

36 སྤྲང་པོ་དེས་མི་ཚོགས་ཕར་འགྲོ་བཞིན་པའི་སྒྲ་ཐོས་ནས་མི་གཞན་ལ་གང་འབྱུང་བའི་སྐོར་སྐད་ཆ་དྲིས་པ་ན།

37 མི་དེ་ཚོས་ “ན་ཙ་རེལ་པ་ཡེ་ཤུ་ཕར་ཕེབས་བཞིན་འདུག་” ཅེས་བཤད།

38 སྤྲང་པོ་དེས་སྐད་ཆེན་པོས་ “ཀྱེ། ཡེ་ཤུ་དཱ་བིད་ཀྱི་སྲས། ང་ལ་ཐུགས་རྗེས་གཟིགས་དང་” ཞེས་ཞུས།

39 སྔོན་ལ་འགྲོ་མཁན་རྣམས་ཀྱིས་ཁོ་ལ་ཁ་རོག་སྡོད་ཅེས་ནན་གྱིས་བསྐུལ་ནའང༌། ཁོས་དེ་བས་སྐད་ཆེན་པོས་ “ཀྱེ། དཱ་བིད་ཀྱི་སྲས། ཁྱེད་ཀྱིས་ང་ལ་ཐུགས་རྗེས་གཟིགས་རོགས་” ཞེས་ཞུས།

40 དེ་ནས་ཡེ་ཤུས་ཕེབས་མཚམས་བཞག་སྟེ་ “ལོང་བ་དེ་ཚུར་ཁྲིད་ཅིག་” ཅེས་བཀའ་གནང༌། མི་དེ་ཡེ་ཤུའི་མདུན་དུ་སླེབས་ནས་ཁོང་གིས་ཁོ་ལ་

41 “ངས་ཁྱེད་ལ་གང་བྱེད་དགོས་སམ་” ཞེས་གསུངས་པ་དང༌། མི་ལོང་བ་དེས་ “སློབ་དཔོན་ལགས། ངའི་མིག་གིས་ཡང་བསྐྱར་མཐོང་ནུས་པར་མཛོད་” ཅེས་ཞུས།

42 ཡེ་ཤུས་ཁོ་ལ་ “ཁྱེད་ཀྱི་མིག་གིས་མཐོང་བར་གྱུར་ཅིག ཁྱེད་ཀྱི་དད་པས་གསོས་ཟིན་ནོ་” ཞེས་གསུངས་མ་ཐག

43 ཁོའི་མིག་གིས་མཐོང་བར་གྱུར་བས་དཀོན་མཆོག་ལ་བསྟོད་པ་ཕུལ་ཏེ་ཁོང་གི་རྗེས་སུ་འབྲངས། མི་ཐམས་ཅད་ཀྱིས་དེ་མཐོང་ནས་ཁོ་ཚོའང་དཀོན་མཆོག་ལ་བསྟོད་པ་ཕུལ་ལོ།།

ལུ་ཀཱ (19) – Luke (19)

1 དེ་ནས་ཁོང་ཡེ་རུ་ཀོ་གྲོང་ཁྱེར་བརྒྱུད་ནས་ཕེབས་སྐབས།

2 མི་ཕྱུག་པོ་སཱ་ཀཱ་ཟེར་བའི་ཁྲལ་སྡུད་མཁན་དཔོན་པོ་དེར་ཡོད།

3 ཁོས་ཡེ་ཤུ་སུ་ཡིན་པ་མཐོང་བར་འདོད་ཀྱང་མ་ཐུབ། གང་ལགས་ཟེར་ན། མི་ཚོགས་མང་པོ་ཞིག་ཡོད་པ་དང༌། ཁོ་གཟུགས་པོ་ཆུང་ངུ་ཡིན་པས་སོ།

4 དེའི་ཕྱིར་ཁོ་ཡེ་ཤུའི་ཕེབས་ལམ་གྱི་མདུན་དུ་བརྒྱུགས་ནས་ཁོང་ལ་ལྟ་བར་སུ་ཀོ་མོར་ཞེས་ཟེར་བའི་ཤིང་སྡོང་ཆེན་པོ་ཞིག་འཛེགས།

5 ཡེ་ཤུ་ས་ཆ་དེར་ཕེབས་ནས་ཡར་གཟིགས་ཏེ་ཁོ་ལ་ “སཱ་ཀཱ མགྱོགས་པོར་མར་འབབ་ཅིག དེ་རིང་ཁྱེད་ཀྱི་ཁྱིམ་ཚང་ལ་སྡོད་དགོས་” ཞེས་གསུངས་པ་ན།

6 ཁོ་མྱུར་དུ་མར་བབས་ནས་དགའ་བའི་ངང་ནས་ཁོང་ལ་སྣེ་ལེན་ཞུས།

7 དེ་མཐོང་བ་ཐམས་ཅད་ཀྱིས་ཡིད་མ་རངས་པའི་གཏམ་བཤད་དེ་ “མི་སྡིག་ཉེས་ཅན་གྱི་ཁྱིམ་ལ་མགྲོན་དུ་སོང་” ཞེས་སྨྲས།

8 སཱ་ཀཱ་དེར་བསྡད་དེ་གཙོ་བོ་ཡེ་ཤུ་ལ་ “གཙོ་བོ། གཟིགས་དང༌། ང་ལ་ཡོད་པའི་རྒྱུ་ནོར་ཕྱེད་ཀ་དབུལ་པོ་རྣམས་ལ་སྦྱིན་པ་དང༌། གལ་ཏེ་ངས་སུ་ཞིག་ལ་མགོ་སྐོར་བཏང་ནས་དངུལ་ཐོབ་ན་ངས་ཕྱིར་ལྡབ་བཞི་འཇལ་བར་བྱ་” ཞེས་སྨྲས།

9 ཡེ་ཤུས་ཁོ་ལ་ “དེ་རིང་ཁྱིམ་ཚང་འདིར་ཐར་པ་བབས་ཡོད་དོ། གང་ཡིན་ཞེ་ན། མི་འདི་ཡང་ཨབ་ར་ཧམ་གྱི་བུ་ཞིག་ཡིན།

10 མིའི་རིགས་ཀྱི་བུ་ནི་བརླག་པ་རྣམས་འཚོལ་བ་དང་སྐྱོབ་པའི་ཆེད་དུ་ཡོང་ངོ་” ཞེས་གསུངས།

གསེར་ཊམ་ཀ་བཅུ་ཡི་དཔེ།

11 ཁོ་ཚོས་དོན་དེ་རྣམས་ཉན་པའི་རིང་ལ། ཡེ་ཤུ་ཡེ་རུ་ཤ་ལེམ་དང་ཉེ་བར་ཡོད་པས། མི་དེ་ཚོ་དཀོན་མཆོག་གི་རྒྱལ་སྲིད་འཕྲལ་དུ་མངོན་པར་འགྱུར་སྙམ་པས་ཁོང་གིས་ཁོ་ཚོར་དཔེའི་སྒོ་ནས་འདི་ལྟར་གསུངས་

12 “སྐུ་དྲག་གཅིག་རྒྱལ་བའི་དབང་ཐོབ་པའི་ཆེད་དུ་ཡུལ་ཐག་རིང་ལ་སོང་ནས་ཕྱིར་ལོག་པར་བསམས་ཏེ།

13 རང་གི་གཡོག་པོ་བཅུ་བོས་ནས་ཁོ་ཚོར་མི་ནཱ་ཞེས་པའི་གསེར་ཊམ་ཀ་བཅུ་སྤྲད་ཅིང༌། ང་མ་སླེབས་པའི་བར་དུ་དངུལ་འདི་ཡིས་ཉོ་ཚོང་བྱོས་ཤིག་ཅེས་སྨྲས།

14 འོན་ཀྱང་ཁོའི་འབངས་མི་རྣམས་ཀྱིས་ཁོ་ལ་སྡང་བས། མི་འདི་ང་ཚོའི་རྒྱལ་པོར་འགྱུར་བར་མི་འདོད་ཅེས་ཟེར་བའི་ཕྱིར་ཕོ་ཉ་འགའ་ཁོའི་རྗེས་སུ་བཏང༌།

15 རྒྱལ་སྲིད་ཐོབ་ནས་ཕྱིར་ལོག་སྐབས་སུ་དངུལ་སྤྲོད་པའི་གཡོག་པོས་ཚོང་ལས་བྱས་ནས་དངུལ་ཅི་ཙམ་ཐོབ་པ་ཤེས་པའི་ཆེད་དུ་ཁོས་དེ་རྣམས་མདུན་དུ་བོས་དགོས་པའི་བཀའ་བཏང༌།

16 གཡོག་པོ་དང་པོ་དེ་ཁོའི་མདུན་དུ་ཡོང་ནས། མི་དབང་ཆེན་པོ་ལགས། ཁྱེད་ཀྱི་མི་ནཱ་གཅིག་གིས་མི་ནཱ་བཅུའི་ཁེ་བཟང་ཐོབ་འབྱུང་ཞེས་བཤད།

17 རྒྱལ་པོས་ཁོ་ལ་ལེགས་སོ། གཡོག་པོ་བཟང་པོ་ཁྱོད་དོན་ཆུང་ངུ་ལ་བློ་གཏད་ཆོག་པ་ཡིན་པས་ངས་ཁྱོད་ལ་གྲོང་ཁྱེར་བཅུའི་དབང་སྟེར་བར་བྱ་ཞེས་སྨྲས།

18 གཉིས་པ་དེ་ཡོང་ནས་ཁོས། མི་དབང་ཆེན་པོ་ལགས། ཁྱེད་ཀྱི་མི་ནཱ་གཅིག་གིས་མི་ནཱ་ལྔ་ཡི་ཁེ་བཟང་ཐོབ་འབྱུང་ཞེས་བཤད།

19 རྒྱལ་པོས་མི་དེ་ལ། ངས་ཁྱོད་ལའང་གྲོང་ཁྱེར་ལྔ་ཡི་དབང་སྟེར་བར་བྱ་ཞེས་སྨྲས།

20 གཡོག་པོ་གཞན་ཞིག་ཡོང་ནས་ཁོས། མི་དབང་ཆེན་པོ་ལགས། ཁྱེད་ཀྱི་མི་ནཱ་འདི་རུ་ཡོད། ངས་དེ་རས་ཀྱིས་བཏུམས་ཏེ་ཉར་ཚགས་བྱས།

21 གང་ལགས་ཟེར་ན། ཁྱེད་ནི་དོ་ནན་པོ་ཞིག་ཡིན་པས་ང་ཁྱེད་ལ་འཇིགས། ཁྱེད་ཀྱིས་རྒྱུ་ནོར་མ་བསགས་པ་དེ་ལེན་པ་དང༌། ས་བོན་མ་བཏབ་པ་དེ་རྔ༌།

22 རྒྱལ་པོས་ཁོ་ལ། གཡོག་པོ་ངན་པ་ཁྱོད་ཀྱིས་སྨྲས་པའི་ཚིག་གིས་ངས་ཁྱོད་ལ་ཁྲིམས་གཅོད་གཏོང་རྒྱུ་ཡིན། ང་ནི་དོ་ནན་པོ་ཞིག་ཡིན་པས། ངས་རྒྱུ་ནོར་མ་བསགས་པ་དེ་ལེན་པ་དང༌། ས་བོན་མ་བཏབ་པ་དེ་རྔ་བ་ཁྱོད་ཀྱིས་ཤེས་སམ།

23 ངས་ཁྱོད་ལ་སྤྲད་པ་དེ་ཁྱོད་ཀྱིས་ཅིའི་ཕྱིར་དངུལ་བུན་གཏོང་མཁན་ལ་མ་བཅོལ། དེ་ལྟར་བྱས་ན་ང་འདིར་སླེབས་ནས་སྐྱེད་ཁ་དང་བཅས་པའི་དངུལ་ལེན་རྒྱུ་ཡོད་ཅེས་ཟེར།

24 དེ་ནས་རྒྱལ་པོས་ཉེ་འཁོར་དུ་ཡོད་པའི་མི་རྣམས་ལ་ཁོ་ནས་མི་ནཱ་དེ་ལེན་ཞིང༌། མི་ནཱ་བཅུ་ཡོད་པ་དེ་ལ་སྟེར་ཞིག་ཅེས་བཤད་ནས།

25 ཁོ་ཚོས་མི་དབང་ཆེན་པོ་ལགས། ཁོ་ལ་མི་ནཱ་བཅུ་ཡོད་ཅེས་སྨྲས།

26 ངས་ཁྱོད་ཚོ་ལ་ཟེར་རྒྱུར། སུ་ལ་ཡོད་པ་དེ་ལ་སྟེར་བར་འགྱུར། འོན་ཀྱང་སུ་ལ་མེད་པ་དེ་ལ་ཉུང་ངུ་ཙམ་ཡོད་པ་དེ་ཡང་ལེན་པར་འགྱུར།

27 འོན་ཀྱང་ང་རྒྱལ་པོར་འགྱུར་བར་མི་འདོད་མཁན་དགྲ་བོ་རྣམས་ནི་འདིར་ཁྲིད་ནས་ངའི་མདུན་དུ་སོད་ཅིག་” ཅེས་གསུངས།

ཡེ་རུ་ཤ་ལེམ་དུ་ཕེབས་པ།

28 ཡེ་ཤུས་དེ་ལྟར་གསུངས་པའི་རྗེས་སུ་ཡེ་རུ་ཤ་ལེམ་ལ་སྔོན་དུ་ཕེབས།

29 ཁོང་སྐྱུར་རུ་ཤིང་གི་རི་དང་ཉེ་བའི་གྲོང་སྡེ་པེ་ཕ་གེ་དང་པེ་ཐན་ཡཱ་ལ་བྱོན་པའི་ཚེ་ཡེ་ཤུས་ཉེ་གནས་གཉིས་མངགས་ཏེ།

30 ཁོ་ཚོར་ “ཁྱེད་ཚོ་མདུན་དུ་ཡོད་པའི་གྲོང་སྡེ་དེ་ལ་སོང་དང༌། དེར་སླེབས་མ་ཐག་དུ་མི་སུས་ཀྱང་བཞོན་མ་མྱོང་བའི་བོང་བུ་ཞིག་བཏགས་ཡོད་པ་མཐོང་བར་འགྱུར། དེ་བཀྲོལ་ནས་འདིར་ཁྲིད་ཤོག

31 གལ་ཏེ་སུ་ཞིག་གིས་ཁྱེད་ཚོར་ཅིའི་ཕྱིར་དེ་ལྟར་བྱས་པ་ཡིན་ནམ་ཞེས་དྲིས་ན། ཁྱེད་གཉིས་ཀྱིས་འདི་གཙོ་བོ་ལ་མཁོ་བ་ཡིན་ཞེས་སྨྲོས་” ཞེས་གསུངས།

32 ཁོང་གིས་ཇི་ལྟར་གསུངས་པ་བཞིན་དུ་ཕར་བཏང་བ་རྣམས་ཀྱིས་དེ་ལྟར་མཐོང༌།

33 ཁོ་ཚོས་བོང་བུ་འགྲོལ་བཞིན་པའི་དུས་སུ་བོང་བུ་དེའི་བདག་པོ་རྣམས་ཀྱིས་དེ་གཉིས་ལ་ “ཅིའི་ཕྱིར་བོང་བུ་དེ་བཀྲོལ་བ་ཡིན་ནམ་” ཞེས་དྲིས་པ་ན།

34 ཁོ་ཚོས་ “འདི་གཙོ་བོ་ལ་མཁོ་བ་ཡིན་” ཞེས་སྨྲས།

35 བོང་བུ་དེ་ཡེ་ཤུའི་དྲུང་དུ་ཁྲིད་ནས་ཁོ་གཉིས་ཀྱིས་རང་གི་གྱོན་གོས་བོང་བུའི་རྒྱབ་ལ་བཏིང་པ་དང་ཁོང་དེ་ལ་བཅིབས།

36 ཁོང་ཕར་ཕེབས་སྐབས་མི་རྣམས་ཀྱིས་རང་གི་གྱོན་ཆས་ལམ་ལ་བཏིང༌།

37 ཁོང་སྐྱུར་རུ་ཤིང་གི་རི་ནས་ལམ་ལ་མར་བབས་པའི་གནས་དང་ཉེ་བར་ཕེབས་དུས་ཁོ་ཚོས་ངོ་མཚར་བའི་མཛད་པ་མང་པོ་མཐོང་མྱོང་བས། ཉེ་གནས་ཀྱི་ཚོགས་ཐམས་ཅད་དགའ་ཞིང་སྐད་ཆེན་པོས་དཀོན་མཆོག་ལ་བསྟོད་བསྔགས་ཕུལ་ཏེ་

38 “གཙོ་བོའི་མཚན་གྱི་ཐོག་ནས་བྱོན་པའི་རྒྱལ་པོར་བྱིན་རླབས་ཡོང་བར་ཤོག དཀོན་མཆོག་གི་ཞིང་ཁམས་སུ་ཞི་བདེ་ཡོད་པར་འགྱུར་ལ། བླ་ན་མེད་པའི་གནས་སུ་བཞུགས་པའི་དཀོན་མཆོག་ལ་བསྟོད་པར་བྱའོ་” ཞེས་བསྒྲགས།

39 མི་ཚོགས་ནང་ནས་ཕཱ་རུ་ཤི་པ་ཁ་ཤས་ཀྱིས་ཁོང་ལ་ “རྒན་ལགས། ཁྱེད་ཀྱིས་ཉེ་གནས་རྣམས་ལ་བཀའ་བཀྱོན་མཛོད་ཅིག་” ཅེས་བཤད།

40 ལན་དུ་ཡེ་ཤུས་ “ངས་ཁྱེད་རྣམས་ལ་ཟེར་རྒྱུར། གལ་སྲིད་འདི་ཚོ་ཁ་རོག་བསྡད་ན། རྡོ་རྣམས་ཀྱིས་ཀྱང་སྐད་སྒྲོག་པར་འགྱུར་” ཞེས་གསུངས།

41 ཡེ་རུ་ཤ་ལེམ་དང་ཉེ་བར་བྱོན་སྐབས་ཁོང་གིས་གྲོང་ཁྱེར་གཟིགས་ནས་བཤུམས་ཏེ་

42 “གལ་ཏེ་ཁྱོད་ཀྱིས་ཀྱང་ཉིན་མོ་འདིར་ཞི་བདེའི་ཐབས་རྟོགས་པ་ཡིན་ན༌༌༌༌། ད་དོན་དེ་རྣམས་སྦས་ཡོད་པས་ཁྱོད་ཀྱིས་མི་རྟོགས།

43 ཁྱོད་ཀྱི་དགྲ་བོ་རྣམས་ཀྱིས་ཁྱོད་ཀྱི་མཐའ་སྐོར་ལ་ལྕགས་རི་རྒྱག་པར་འགྱུར་ཞིང༌། ཕྱོགས་བཞི་ནས་སྐོར་ཞིང་ཕྱོགས་ཚང་མ་ལ་དགག་པའི་དུས་ལ་འབབ་ངེས་ཡིན།

44 ཁྱོད་ལ་ཐུགས་རྗེས་གཟིགས་པའི་དུས་དེ་མ་ཤེས་པས། ཁྱོད་ཀྱི་དགྲ་བོ་རྣམས་ཀྱིས་ཁྱོད་དང་ཁྱོད་ཀྱི་ར་བའི་ནང་གི་ཕྲུ་གུ་རྣམས་ས་ལ་བརྡབས་ནས། ཁྱོད་ཀྱི་ནང་ལ་རྡོ་གཅིག་གི་སྟེང་དུ་རྡོ་གཅིག་ཀྱང་ལུས་མི་ཡོང་” ཞེས་གསུངས།

ཚོང་པ་རྣམས་མཆོད་ཁང་ཆེན་མོ་ནས་བསྐྲད་པ།

45 དེ་ནས་ཡེ་ཤུ་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོའི་ཁྱམས་རར་ཞུགས་ནས། དེར་ཡོད་པའི་ཉོ་ཚོང་མཁན་རྣམས་ཕྱི་ལ་བཏོན་པར་མཛད།

46 ཁོང་གིས་མི་དེ་ཚོར་ “དཀོན་མཆོག་གི་གསུང་རབ་ལས། ངའི་ཁང་པ་ལ་སྨོན་ལམ་འདེབས་སའི་ཁང་པ་ཟེར་བར་འགྱུར་ཞེས་འཁོད། འོན་ཀྱང་ཁྱོད་ཚོས་ཇག་ཚང་ལྟ་བུ་ཞིག་ཏུ་བསྒྱུར་འདུག་” ཅེས་གསུངས།

47 ཡེ་ཤུས་ཉིན་ལྟར་མཆོད་ཁང་ཆེན་མོའི་ཁྱམས་རར་ཆོས་གསུངས། ཡ་ཧུ་དཱ་པའི་བླ་ཆེན་དང༌། ཆོས་ཁྲིམས་ལ་མཁས་པའི་མི། ཡུལ་མིའི་དཔོན་པོ་བཅས་ཀྱིས་ཁོང་གསོད་པའི་གོ་སྐབས་བཙལ་ན་ཡང༌།

48 ཐབས་གང་ཡང་མ་རྙེད། གང་ཡིན་ཟེར་ན། མི་ཐམས་ཅད་ཀྱིས་ཁོང་གི་གསུང་ལ་ཞིབ་ཏུ་ཉན་པས་སོ།།

ལུ་ཀཱ (20) – Luke (20)

1 དེ་ནས་ཉིན་གཅིག་ལ་ཡེ་ཤུས་མཆོད་ཁང་ཆེན་མོར་མི་རྣམས་ལ་ཆོས་གསུངས་པ་དང༌། མི་རྣམས་ལ་འཕྲིན་བཟང་སྒྲོག་པའི་དུས་སུ། ཡ་ཧུ་དཱ་པའི་བླ་ཆེན་དང༌། ཆོས་ཁྲིམས་ལ་མཁས་པའི་མི། རྒན་པོ་རྣམས་དང་མཉམ་དུ་ཁོང་གི་དྲུང་དུ་ཡོང་སྟེ།

2 མི་དེ་ཚོས་ “ཁྱེད་ཀྱིས་དབང་ཆ་གང་གི་སྒོ་ནས་དོན་འདི་ཚོ་མཛད། ཡང་ན་སུ་ཞིག་གིས་ཁྱེད་ལ་དོན་འདི་རྣམས་མཛད་པའི་དབང་ཆ་སྤྲད་པ་ཡིན་ནམ། ང་ཚོར་ལན་ཐོབ་ཅིག་” ཅེས་སྨྲས་པ་ལ།

3 ཡེ་ཤུས་ “ངས་ཀྱང་ཁྱེད་རྣམས་ལ་དྲི་བ་གཅིག་འདྲི་རྒྱུ་ཡིན། དེའི་ལན་ཐོབ་ཅིག

4 ཡོ་ཧ་ནན་གྱི་ཁྲུས་གསོལ་མཛད་པའི་དབང་དེ་དཀོན་མཆོག་ནས་བྱུང་ངམ། མི་ནས་བྱུང་” ཞེས་གསུངས།

5 ཁོ་ཚོས་ཕན་ཚུན་གཏམ་གླེང་བྱས་ཤིང་ “གལ་ཏེ་དཀོན་མཆོག་ནས་བྱུང་ཞེས་བཤད་ན། ཁོང་གིས་འོ་ན་ཁྱེད་རྣམས་ཀྱིས་ཅིའི་ཕྱིར་ཁོང་ལ་དད་པ་མ་བྱས་སམ་ཞེས་གསུང་ངེས་ལ།

6 ཡང་མི་ལས་བྱུང་ཞེས་བཤད་ན། མི་ཐམས་ཅད་ཀྱིས་ཡོ་ཧ་ནན་ལུང་སྟོན་པར་བརྩིས་པའི་རྐྱེན་གྱིས་ང་ཚོ་རྡོ་རུབ་བཏང་སྟེ་གསད་རྒྱུ་རེད་” ཅེས་སྨྲས།

7 དེའི་ཕྱིར་ཁོ་ཚོས་ “གང་ནས་བྱུང་ང་ཚོས་མི་ཤེས་” ཞེས་ལན་བཏབ།

8 ཡེ་ཤུས་ “དེས་ན་ངས་ཀྱང་དབང་ཆ་གང་གིས་དོན་འདི་རྣམས་བྱེད་པ་མི་ཤོད་” ཅེས་གསུངས།

རྒུན་འབྲུམ་གྱི་ལྡུམ་རའི་དཔེ།

9 དེ་ནས་དཔེའི་སྒོ་ནས་ཡེ་ཤུས་མི་རྣམས་ལ་ “མི་ཞིག་གིས་རྒུན་འབྲུམ་གྱི་ལྡུམ་ར་ཞིག་བཟོས་ཤིང༌། ལྡུམ་རའི་ལས་མཁན་རྣམས་ལ་བོགས་མར་བཏང་ནས་ཡུལ་གཞན་དུ་སོང་སྟེ་ཡུན་རིང་པོར་བསྡད།

10 དེ་ནས་དུས་རན་པས་ཁོང་གིས་ལྡུམ་རའི་ལས་མཁན་རྣམས་ནས་ལྡུམ་རའི་རྒུན་འབྲུམ་གྱི་འབྲས་བུའི་སྐལ་བ་ལེན་པའི་ཕྱིར་གཡོག་པོ་ཞིག་བཏང༌། འོན་ཀྱང་མི་དེ་ཚོས་གཡོག་པོ་དེ་བརྡུངས་རྗེས་ལག་ཟུང་སྟོང་པར་ཕྱིར་བཏང༌།

11 ཡང་ཁོང་གིས་གཡོག་པོ་གཞན་ཞིག་བཏང་བས། ལྡུམ་རའི་ལས་མཁན་རྣམས་ཀྱིས་གཡོག་པོ་དེའང་བརྡུངས་ཤིང༌། ཁ་ངན་བཤད་ནས་ལག་ཟུང་སྟོང་པར་ཕྱིར་བཏང༌།

12 ཡང་ཁོང་གིས་གཡོག་པོ་གསུམ་པ་དེ་མངགས་པའང་དེ་རྣམས་ཀྱིས་རྨས་སྐྱོན་བཏང་ནས་ཕྱིར་བཏོན།

13 དེ་ནས་ལྡུམ་རའི་བདག་པོས་ངས་ཅི་བྱེད་པར་བྱ། ངའི་གཅེས་པའི་བུ་གཏོང་རྒྱུ་ཡིན། ཁོ་ཚོས་ངའི་བུ་ལ་བརྩི་བཀུར་བྱེད་པར་འགྱུར་ཞེས་གསུངས།

14 འོན་ཀྱང་ལྡུམ་རའི་ལས་མཁན་རྣམས་ཀྱིས་བུ་མཐོང་ནས་ཕན་ཚུན་ལ། མི་འདི་ནི་ཕ་ཤུལ་འཛིན་མཁན་ཡིན་པས། ཤུལ་འཛིན་དེ་འཐོབ་པའི་ཆེད་དུ་ཁོ་རང་གསོད་པར་བྱ་ཞེས་སྨྲས་ཏེ།

15 ཁོ་རང་རྒུན་འབྲུམ་གྱི་ལྡུམ་རའི་ཕྱི་རོལ་ཏུ་བསྐྲད་ནས་བསད། དེས་ན་རྒུན་འབྲུམ་གྱི་ལྡུམ་རའི་བདག་པོས་ཁོ་ཚོར་གང་བྱེད་ཡོང༌།

16 ཁོང་ཕེབས་ནས་ལྡུམ་རའི་ལས་མཁན་རྣམས་མེད་པར་བཟོས་ཏེ་རྒུན་འབྲུམ་གྱི་ལྡུམ་ར་མི་གཞན་ལ་སྤྲོད་པར་བྱེད་དོ་” ཞེས་གསུངས། དེ་ཐོས་ནས་ཁོ་ཚོས་ “དེ་ལྟར་མི་སྲིད་” ཅེས་བཤད།

17 འོན་ཀྱང་ཡེ་ཤུས་ཁོ་ཚོར་ནན་གྱིས་བལྟས་ནས་ “དཀོན་མཆོག་གི་གསུང་རབ་ལས།

བཟོ་བོ་རྣམས་ཀྱིས་དོར་བའི་རྡོ།།

ཁང་པའི་རྨང་རྡོར་གྱུར་བ་ཡིན།།

ཞེས་པའི་དོན་ཅི་ཡིན།

18 སུ་ཞིག་རྡོ་དེའི་སྟེང་དུ་འགྱེལ་ན་དུམ་བུར་ཆག་པར་འགྱུར། རྡོ་དེ་མི་སུ་ཞིག་ལ་ལྷུངས་ན་དེས་ཁོ་མནན་པར་བྱ་” ཞེས་གསུངས།

ཁྲལ་འཇལ་དགོས་མིན།

19 ཆོས་ཁྲིམས་ལ་མཁས་པའི་མི་དང་བླ་ཆེན་རྣམས་ཀྱིས་དཔེ་དེ་ཁོ་རང་ཚོའི་སྐོར་ལ་གསུངས་པ་ཤེས་ཏེ་དུས་དེ་རང་ལ་ཡེ་ཤུ་འཛིན་པའི་ཐབས་བཙལ་ཡང༌། མི་ཚོགས་ལ་འཇིགས།

20 དེར་བརྟེན་ཁོ་ཚོས་ཁོང་ལ་ལྐོག་ལྟ་བྱས་ཏེ། ཡེ་ཤུ་ལ་ཁྲིམས་དང་འགལ་བའི་གཏམ་བཤད་གནང་དུ་འཇུག་ཆེད་མི་དྲང་པོ་ཡིན་ཚུལ་སྟོན་པའི་ལྟ་མྱུལ་པ་ཁོང་གི་དྲུང་དུ་བཏང༌། དེ་ནི་ཁོང་སྤྱི་ཁྱབ་དབང་ཅན་གྱི་ལག་ཏུ་གཏོང་བའི་ཕྱིར་ཡིན།

21 ཁོ་ཚོས་ཁོང་ལ་ “སྟོན་པ་ལགས། ཁྱེད་ཀྱིས་སྐྱོན་མེད་པར་ཆོས་བསྟན་གནང་བ་དང༌། ཕྱོགས་རིས་མེད་པར་དཀོན་མཆོག་གི་ལམ་ཡང་དག་པར་བདེན་པར་སྟོན་པ་དེ་ང་ཚོས་ཤེས།

22 དཀོན་མཆོག་གི་བཀའ་ཁྲིམས་ལྟར་ན་ང་ཚོས་རྒྱལ་པོ་ཆེན་པོ་སེ་སར་ལ་ཁྲལ་འཇལ་རུང་ངམ་མི་རུང་” ཞེས་དྲིས།

23 ཁོང་གིས་དེ་རྣམས་ཀྱི་གཡོ་སྒྱུ་མཁྱེན་ཏེ་ཁོ་ཚོར་

24 “དེ་ཎ་རིའི་དངུལ་ཊམ་ཀ་གཅིག་ང་ལ་སྟོན་ཅིག རི་མོ་དང་ཡི་གེ་འདི་སུའི་རེད་དམ་” ཞེས་བཀའ་འདྲི་གནང་ནས་ཁོ་ཚོས་ “སེ་སར་རྒྱལ་པོའི་རེད་” ཅེས་སྨྲས།

25 ཁོང་གིས་ཁོ་ཚོར་ “དེས་ན་གང་ཞིག་སེ་སར་རྒྱལ་པོའི་ཡིན་པ་དེ་སེ་སར་ལ་ཕུལ་ཞིག གང་ཞིག་དཀོན་མཆོག་གི་ཡིན་པ་དེ་དཀོན་མཆོག་ལ་ཕུལ་ཞིག་” ཅེས་གསུངས།

26 ཁོ་ཚོས་མི་ཚོགས་ཀྱི་མདུན་དུ་ཡེ་ཤུ་ལ་ཁྲིམས་དང་འགལ་བའི་གཏམ་བཤད་གནང་དུ་མ་བཅུག་སྟེ། ཁོང་གི་ལན་ལ་ངོ་མཚར་བར་གྱུར་བས་ཁ་རོག་བསྡད།

སླར་གསོན་པའི་སྐོར།

27 དེ་ནས་ཡང་འཆི་བ་ནས་སླར་གསོན་པ་མེད་ཅེས་ཟེར་མཁན་སཱ་ཅུ་སེ་པ་རྣམས་ཁོང་གི་དྲུང་དུ་ཡོང་སྟེ་

28 “སློབ་དཔོན་ལགས། ལུང་སྟོན་པ་མོ་ཤེའི་མདོ་ལས། གལ་སྲིད་སྐྱེས་པ་ཞིག་གི་སྤུན་ཤི་ནས་བུ་ཕྲུག་མེད་པར་བཟའ་ཟླ་གཅིག་པུ་ལུས་ན། སྐྱེས་པ་དེས་ཁོའི་བཟའ་ཟླ་བླངས་ནས་སྤུན་གྱི་དོན་དུ་རིགས་རྒྱུད་སྤེལ་དགོས་པ་ཡིན་ནོ་ཞེས་བྲིས་སོ།

29 ད་སྤུན་བདུན་ཡོད་དེ། སྤུན་ཆེ་བས་བཟའ་ཟླ་ཞིག་བླངས་ནས་བུ་ཕྲུག་མེད་པར་ཤི་པ་རེད།

30-32 ཡང་སྤུན་འབྲིང་བས་བུད་མེད་དེ་བླངས་ནས་བུ་ཕྲུག་མེད་པར་ཤི སྤུན་ཆུང་བས་ཀྱང་དེ་ལྟར་བྱས་ནས་བུ་ཕྲུག་མ་བྱུང་བར་ཤི དེ་བཞིན་སྤུན་བདུན་པོར་བུ་ཕྲུག་མ་བྱུང་བར་ཤི་ལ། ཐམས་ཅད་ཀྱི་གཞུག་ལ་བུད་མེད་དེའང་ཤིའོ།

33 འཆི་བ་ནས་སླར་གསོན་པོར་འགྱུར་བའི་དུས་སུ། སྤུན་བདུན་པོས་བུད་མེད་དེར་ཆང་ས་བརྒྱབ་མྱོང་བས་ཁོ་མོ་ནི་སྤུན་བདུན་ཡོད་པ་ལས་སུའི་བཟའ་ཟླ་ཡིན་ནམ་” ཞེས་དྲིས་པ་ན།

34 ཡེ་ཤུས་ཁོ་ཚོར་ “དུས་འདི་དང་གཏོགས་པའི་མི་རྣམས་ཀྱིས་བག་མ་གཏོང་ལེན་བྱེད།

35 འོན་ཀྱང་མ་འོངས་པའི་དུས་ཀྱི་གཤིན་པོ་སླར་གསོན་པར་འོས་པ་རྣམས་ཀྱིས་ཚུར་མནའ་མ་མི་ལེན་ཞིང་ཕར་མག་པ་ཡང་མི་བསྐྱལ།

36 ཁོ་ཚོ་ནམ་ཡང་ཤི་མི་སྲིད། གང་ལགས་ཟེར་ན། ཁོ་ཚོ་འཆི་བ་ནས་སླར་གསོན་པ་རྣམས་ཡིན་ཏེ། དཀོན་མཆོག་གི་སྲས་ཡིན་པ་དང༌། དཀོན་མཆོག་གི་ཕོ་ཉ་རྣམས་དང་འདྲའོ།

37 ལུང་སྟོན་པ་མོ་ཤེའི་མདོ་ལས་ཚེར་མའི་སྒྲུང་ལྟར་དཀོན་མཆོག་གིས་མོ་ཤེ་ལ་འདི་ལྟར་གསུངས། ང་ནི་ཁྱེད་ཀྱི་མེས་པོ་ཨབ་ར་ཧམ་གྱི་དཀོན་མཆོག་དང༌། ཨི་སཱག་གི་དཀོན་མཆོག ཡ་ཀོབ་ཀྱི་དཀོན་མཆོག་ཡིན་ཞེས་གསུངས་པའི་སྒོ་ནས་མོ་ཤེ་རང་གིས་འཆི་བ་རྣམས་གསོན་པོར་ལང་དུ་གྱུར་ངེས་པར་བསྟན་པ་ཡིན།

38 ཁོང་ནི་གཤིན་པོ་རྣམས་ཀྱི་དཀོན་མཆོག་མ་ཡིན་ཏེ། གསོན་པོ་རྣམས་ཀྱི་དཀོན་མཆོག་ཡིན། གང་ཡིན་ཞེ་ན། ཁོང་གི་སྤྱན་སྔར་ཁོ་ཚོ་ཐམས་ཅད་གསོན་ནོ་” ཞེས་གསུངས།

39 ཆོས་ཁྲིམས་ལ་མཁས་པའི་མིའི་ནང་ནས་ཁ་ཤས་ཀྱིས་ “སློབ་དཔོན་ལགས། ཁྱེད་ཀྱིས་ལེགས་པོ་གསུངས་” ཞེས་ཟེར།

40 དེའི་རྗེས་སུ་ཁོ་ཚོས་ཁོང་ལ་བཀའ་དྲི་གང་ཡང་ཞུ་མ་ནུས།

རྒྱལ་པོ་དཱ་བིད་ཀྱི་སྲས་སུ་ཡིན་མིན།

41 དེ་ནས་ཁོང་གིས་ཁོ་ཚོར་ “སྐྱབས་མགོན་མཱ་ཤི་ཀ་ནི་ཇི་ལྟར་གནའ་རབས་ཀྱི་རྒྱལ་པོ་དཱ་བིད་ཀྱི་སྲས་ཡིན་ཟེར་བ་དེ་ཅི་ཡིན།

42-43 རྒྱལ་པོ་དཱ་བིད་རང་གིས་གསུང་རབ་ཀྱི་གསུང་མགུར་ཞེས་པའི་མདོ་ལས་འདི་ལྟར་གསུངས།

དཀོན་མཆོག་གིས་ནི་ང་ཡི་གཙོ་བོ་ལ།།

ཁྱེད་ཀྱི་དགྲ་རྣམས་ཁྱེད་ཀྱི་ཞབས་འོག་ཏུ།།

ང་ཡིས་མ་བཅུག་བར་དུ་ཁྱེད་རང་ཉིད།།

ང་ཡི་གཡས་སུ་དེ་བར་བཞུགས་དུ་གསོལ།།

ཞེས་གསུངས།

44 དཱ་བིད་རང་ཉིད་ཀྱིས་ཁོང་ལ་གཙོ་བོ་ཞེས་ཞུས་པས་མཱ་ཤི་ཀ་ནི་དཱ་བིད་ཀྱི་སྲས་སུ་ཇི་ལྟར་འགྱུར་བ་ཡིན་ནམ་” ཞེས་གསུངས།

ཆོས་ཁྲིམས་ལ་མཁས་པའི་མི་ལ་དོགས་ཟོན་བྱེད་དགོས་པའི་སྐོར།

45 མི་ཐམས་ཅད་ཀྱིས་ཐོས་པའི་དུས་སུ་ཁོང་གིས་ཉེ་གནས་ཚོར་འདི་ལྟར་གསུངས་

46 “ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ལ་དོགས་ཟོན་གྱིས་ཤིག ཁོ་རྣམས་ཀྱིས་གོས་རིང་པོ་གྱོན་ཏེ་ཕར་འགྲོ་ཚུར་འོང་བྱེད་པ་དང༌། ཁྲོམ་ལ་མི་རྣམས་ཀྱིས་ཕྱག་བྱེད་པར་མོས། ཁོ་ཚོས་འདུ་ཁང་དུ་ཁྲི་མཐོ་ས་དང་གསོལ་སྟོན་གྱི་གྲལ་མགོའི་གལ་ཆེ་སར་སྡོད་པར་དགའ།

47 མི་དེ་རྣམས་ཀྱིས་ཡུགས་མོ་རྣམས་ཀྱི་རྒྱུ་ནོར་ཧམ་འཕྲོག་བྱེད་ཅིང༌། ཕྱི་ཚུལ་བཅོས་མའི་ཚུལ་གྱིས་སྨོན་ལམ་རྒྱུན་རིང་འདེབས་ཁུལ་བྱེད་པས། མི་དེ་ཚོར་ལྷག་པར་དུ་ཆད་པ་ལྗིད་པོ་ཕོག་པར་འགྱུར་རོ་” ཞེས་གསུངས་སོ།།

ལུ་ཀཱ (21) – Luke (21)

1 དེ་ནས་ཡེ་ཤུས་དབུ་ཡར་བཏེགས་ནས་མི་ཕྱུག་པོ་རྣམས་ཀྱིས་དངུལ་འབུལ་སྒམ་ལ་འབུལ་བ་འཇོག་པར་གཟིགས་པ་དང༌།

2 དབུལ་པོ་ཡུགས་མོ་ཞིག་གིས་ཟངས་ཀྱི་སྒོར་མོ་ཆུང་ཆུང་གཉིས་དེའི་ནང་དུ་བླུགས་པར་གཟིགས་ནས།

3 ཁོང་གིས་ “ངས་ཁྱེད་ཚོ་ལ་བདེན་པར་ཟེར་རྒྱུར། དངུལ་འབུལ་མཁན་ཐམས་ཅད་ལས་དབུལ་པོ་ཡུགས་མོ་འདིས་ཕུལ་བ་མང་ཤོས་ཡིན།

4 གང་ལགས་ཟེར་ན། ཁོ་ཚོ་ཐམས་ཅད་ཀྱིས་ལོངས་སྤྱོད་ལྷག་མ་མང་པོ་ནས་ཕུལ་བ་ཡིན། འོན་ཀྱང་ཁོ་མོ་ནི་རང་ལ་མེད་ཀྱང་ཅི་ཡོད་པ་ཐམས་ཅད་ཕུལ་བ་ཡིན་ནོ་” ཞེས་གསུངས།

དུས་ཀྱི་མཐའ་མའི་ལུང་བསྟན།

5 དེ་ནས་མི་ལ་ལས་མཆོད་ཁང་ཆེན་མོ་ནི་ཅི་ལྟ་བུའི་རྡོ་མཛེས་པ་དང་དཀོན་མཆོག་ལ་ཕུལ་བའི་མཆོད་པ་རྣམས་ཀྱིས་རྒྱན་པའི་གཏམ་བཤད་དུས་ཁོང་གིས།

6 “ཁྱེད་ཚོས་མཐོང་བའི་ཁང་པ་ཆེན་པོ་འདི་ནི༌༌༌༌། མ་འོངས་པའི་དུས་སུ་རྡོ་ཕ་བོང་གཅིག་གི་སྟེང་དུ་རྡོ་གཅིག་ཀྱང་མི་ལུས་པར་ཐམས་ཅད་གཞིག་པར་འགྱུར་རོ་” ཞེས་གསུངས།

7 ཁོ་ཚོས་ཁོང་ལ་ “སྟོན་པ་ལགས། དོན་འདི་རྣམས་དུས་ནམ་ཞིག་ལ་འབྱུང་ཞིང༌། དོན་འདི་ཚོ་འགྲུབ་པའི་ཚེ་རྟགས་གང་འཐོན་ཡོང་” ཞེས་ཞུས་པ་ན།

8 ཁོང་གིས་ “མི་སུས་ཀྱང་ཁྱེད་ཚོ་མི་སླུ་བའི་ཕྱིར་དོགས་ཟོན་བྱོས་ཤིག གང་ཡིན་ཞེ་ན། མི་མང་པོས་ངའི་མིང་ཐོག་ནས་ཡོང་སྟེ། ང་རང་ཡིན་ཟེར་ཞིང༌། ད་དུས་ལ་བབས་འདུག་ཅེས་ཟེར། ཁོ་ཚོའི་རྗེས་སུ་མ་འབྲོངས།

9 ཁྱེད་ཚོས་དམག་འཁྲུག་དང༌། ཟིང་འཁྲུག་སྐོར་གྱི་གཏམ་ཐོས་པའི་སྐབས་སུ་མ་འཇིགས་ཤིག དོན་འདི་ཚོ་འབྱུང་ངེས་ཀྱང་དེ་ནི་དུས་རབས་ཀྱི་མཐའ་མ་ད་དུང་མ་ཡིན་” ཞེས་གསུངས།

10 དེ་ནས་ཁོང་གིས་ཁོ་ཚོར་ “མི་རིགས་དང་མི་རིགས་འཁྲུག་ཅིང༌། རྒྱལ་ཁམས་དང་རྒྱལ་ཁམས་འཁྲུག་ཡོང༌།

11 ས་གཡོམ་ཆེན་པོ་དང༌། ས་ཆ་མི་གཅིག་པར་ནད་ཡམས་དང་མུ་གེ་ཡང་འབྱུང་བར་འགྱུར། ནམ་མཁའ་ནས་འཇིགས་སྐྲག་སློང་བའི་སྔ་ལྟས་འབྱུང་ཡོང༌།

12 དོན་དེ་ཚོ་ཐམས་ཅད་མ་འབྱུང་བའི་སྔོན་དུ་ཁོ་ཚོས་ཁྱེད་རྣམས་བཟུང་ནས་གནོད་འཚེ་བྱེད་པ་དང༌། ཡ་ཧུ་དཱ་པའི་འདུ་ཁང་དང་བཙོན་ཁང་ལ་གཏད་ཅིང༌། ངའི་མིང་གི་དོན་དུ་ས་གནས་དཔོན་པོ་དང་རྒྱལ་པོ་རྣམས་ཀྱི་མདུན་དུ་འཁྲིད་ཡོང༌།

13 དེས་ན་ཁྱེད་རྣམས་ལ་དཔང་པོ་བྱེད་པའི་གོ་སྐབས་འབྱུང་ཡོང༌།

14 དེའི་ཕྱིར་ཁྱེད་ཚོས་ལན་ཇི་ལྟར་འདེབས་པ་སྔོན་ལ་གྲ་སྒྲིག་མ་བྱེད་པར་ཐག་གཅོད་བྱོས་ཤིག

15 རྒྱུ་མཚན་ནི་ངས་ཁྱེད་རྣམས་ལ་ཤེས་རབ་དང་ལྡན་པའི་གཏམ་སྤྲོད་པར་བྱ། ཁྱེད་ཀྱི་ཁ་གཏད་རྣམས་ཀྱི་ནང་ནས་སུ་ཞིག་གིས་དེ་ལ་ཁས་མི་ལེན་པའམ་དགག་པ་རྒྱག་པར་མི་ཐུབ།

16 ཕ་མ་དང༌། སྤུན། གྲོགས་པོ་སོགས་ཀྱིས་ཀྱང་ཁྱེད་ཚོར་རྒྱབ་གཏོད་བྱེད་ལ། ཁ་གཏད་རྣམས་ཀྱིས་ཁྱེད་ཚོ་ལས་ཁ་ཤས་གསོད་པར་འགྱུར།

17 ཡང་ངའི་མིང་གི་དོན་དུ་མི་ཐམས་ཅད་ཀྱིས་ཁྱེད་ཚོ་ལ་སྡང་བར་བྱ།

18 འོན་ཀྱང་ཁྱེད་ཀྱི་མགོའི་སྐྲ་རྐང་གཅིག་ཀྱང་འཇིག་པར་མི་འགྱུར།

19 བཟོད་པ་སྒོམ་པའི་སྒོ་ནས་ཁྱེད་ཚོའི་སྲོག་སྐྱོབ་ངེས་ཡིན་ནོ།།

20 ཁྱེད་རྣམས་ཀྱིས་ཡེ་རུ་ཤ་ལེམ་གྱི་ཕྱོགས་བཞི་ལ་དམག་དཔུང་གིས་སྐོར་བ་མཐོང་སྐབས། གྲོང་ཁྱེར་དེ་གཏོར་བའི་དུས་ལ་སླེབས་ཉེ་བ་ཤེས་པར་གྱིས་ཤིག

21 དེའི་སྐབས་སུ་ཡ་ཧུ་དཱ་ཡུལ་དུ་ཡོད་པའི་མི་རྣམས་རི་ལ་འབྲོས་དགོས། གྲོང་ཁྱེར་ལ་ཡོད་པ་རྣམས་ཕྱིར་ཐོན་ཅིང༌། གྲོང་གསེབ་ཀྱི་མི་རྣམས་གྲོང་ཁྱེར་ནང་དུ་མ་འགྲོ་ཞིག

22 གང་ལགས་ཟེར་ན། གསུང་རབ་ལ་གང་བྲིས་པ་ཐམས་ཅད་འགྲུབ་སྟེ་དུས་དེ་ནི་ཆད་པ་གཅོད་པའི་ཉིན་མོ་ཡིན།

23 ཉིན་དེ་ཚོའི་རིང་ལ་བུད་མེད་ཕྲུ་གུ་འཁོར་བ་དང་བུ་ཕྲུག་ལ་འོ་མ་སྟེར་མཁན་རྣམས་ལ་སྙིང་རེ་རྗེ། ཡུལ་ལ་སྡུག་བསྔལ་ཆེན་པོ་འབྱུང་བ་དང༌། སྡིག་ཉེས་བྱས་པའི་རྐྱེན་གྱིས་མི་རིགས་འདི་ལ་དཀོན་མཆོག་གི་ཐུགས་ཁྲོ་འབབ་པར་འགྱུར།

24 ཁ་ཤས་རལ་གྲིའི་ཁ་ཡིས་གསད་པ་དང༌། ཁ་ཤས་བཙོན་པར་འགྱུར་ནས་མི་རིགས་ཐམས་ཅད་ཁྲོད་དུ་འཁྲིད། ཡ་ཧུ་དཱ་པ་མིན་པའི་མི་རིགས་ཀྱི་དུས་མ་ཚར་བའི་བར་དུ་ཡེ་རུ་ཤ་ལེམ་མི་དེ་ཚོའི་རྐང་འོག་ཏུ་རྫི་བར་འགྱུར།

25 ཡང་ཉི་མ་དང༌། ཟླ་བ། སྐར་མའི་རྟགས་འབྱུང་བར་འགྱུར་ལ། རྒྱ་མཚོ་དང་རྦ་རླབས་ཀྱི་འུར་སྒྲ་ཐོས་ནས་ས་གཞིའི་སྟེང་གི་མི་རིགས་སེམས་འཁྲུགས་ཏེ་སྡུག་བསྔལ་ཆེན་པོ་འབྱུང་བར་འགྱུར།

26 བར་སྣང་ཁམས་ཀྱི་དབང་ལྡན་རྣམས་གཡོ་བར་འགྱུར་བས་ས་གཞི་ལ་གང་འབྱུང་བར་འགྱུར་བ་ལ་འཇིགས་ནས་མི་རྣམས་དྲན་པ་འཐོར་བར་འགྱུར།

27 དེའི་དུས་སུ་མི་རྣམས་ཀྱིས་མིའི་རིགས་ཀྱི་བུ་ཁོང་རང་དབང་དང་གཟི་བརྗིད་ཆེན་པོ་དང་བཅས་སྤྲིན་པ་ཞིག་གི་ནང་དུ་འབྱོན་པར་མཐོང་ཡོང༌།

28 དོན་འདི་ཚོ་འབྱུང་སྐབས་ཁྱེད་ཚོ་ལངས་ནས་ཡར་ལྟོས་ཤིག གང་ཡིན་ཞེ་ན། ཁྱེད་ཀྱི་ཐར་བའི་དུས་ཐོན་ལ་ཉེ་བ་ཡིན་” ཞེས་གསུངས།

བསེ་ཡབ་ཤིང་གི་དཔེ།

29 དེ་ནས་ཁོང་གིས་ “བསེ་ཡབ་ལ་སོགས་པའི་ཤིང་ནས་དཔེ་ཞིག་ལོངས།

30 དེའི་ལོ་མ་འབུས་མ་ཐག་ཁྱེད་ཚོས་དེ་མཐོང་བ་དང༌། དབྱར་ཁའི་དུས་ཉེ་བར་ཡོད་པ་རང་ཤུགས་ཀྱིས་ཤེས།

31 དེ་བཞིན་དུ་ཁྱེད་ཚོས་དོན་དེ་རྣམས་བྱུང་བ་མཐོང་ཚེ། དཀོན་མཆོག་གི་རྒྱལ་སྲིད་ཉེ་བར་སླེབས་ཡོད་པ་རྟོགས་པར་འགྱུར།

32 ངས་ཁྱེད་ཚོར་བདེན་པར་ཟེར་རྒྱུར། མི་རབས་འདི་མེད་པར་མ་གྱུར་བའི་སྔོན་ལ་དོན་འདི་ཐམས་ཅད་འབྱུང་བར་འགྱུར།

33 གནམ་ས་གཉིས་ནི་འདའ་བར་འགྱུར་ཡང་ངའི་བཀའ་འདའ་བར་མི་འགྱུར་རོ།།

34 སྤྱོད་པ་ངན་པ་དང༌། ར་བཟི་བ། འཚོ་བའི་སྐོར་གྱི་སེམས་ཁྲལ་སོགས་ཀྱིས་ཁྱེད་མི་གནོན་པའི་ཕྱིར་དང༌། ཉིན་མོ་དེས་རྙི་ལྟར་ཁྱེད་ཚོ་འཛིན་པར་མི་འགྱུར་བའི་ཆེད་དུ་དོགས་ཟོན་གྱིས་ཤིག

35 གང་ལགས་ཟེར་ན། ཉིན་མོ་དེ་ནི་ས་གཞིའི་སྟེང་གི་མི་ཀུན་ལ་འབབ་པར་འགྱུར་ངེས་ཡིན།

36 འབྱུང་བར་འགྱུར་བའི་དོན་དེ་ཐམས་ཅད་ལས་ཐར་ཐུབ་པའི་སྟོབས་ཡིན་པ་དང༌། མིའི་རིགས་ཀྱི་བུའི་སྐུ་མདུན་དུ་ལངས་ནས་སྡོད་ཐུབ་པའི་སྨོན་ལམ་འདེབས་ཏེ། དུས་རྟག་ཏུ་དོགས་ཟོན་བྱོས་ཤིག་” ཅེས་གསུངས།

37 ཉིན་ལྟར་ཁོང་གིས་མཆོད་ཁང་ཆེན་མོའི་ཁྱམས་རར་ཆོས་བསྟན་གནང་བ་དང༌། མཚན་མོར་ཁོང་ཕྱི་རོལ་ཏུ་ཕེབས་ནས་སྐྱུར་རུ་ཟེར་བའི་ཤིང་གི་རི་ལ་བཞུགས།

38 ཡང་ཁོང་གི་གསུང་ལ་ཉན་པའི་ཕྱིར་མི་ཐམས་ཅད་སྔ་པོ་ལངས་ནས་མཆོད་ཁང་ཆེན་མོར་འགྲོ་མྱོང་ངོ༌།།

ལུ་ཀཱ (22) – Luke (22)

1 དེ་ཡང་སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན་ནམ་པེ་སག་ཅེས་བྱ་བའི་དུས་ཆེན་ཉེ་བར་སླེབས་པ་དང༌།

2 མི་ཚོགས་ལ་འཇིགས་པས་ཡ་ཧུ་དཱ་པའི་བླ་ཆེན་དང་ཆོས་ཁྲིམས་ལ་མཁས་པའི་མི་ཡིས་ཡེ་ཤུ་གཡོ་ཐབས་ཀྱི་ངང་ནས་གསོད་པའི་གོ་སྐབས་བཙལ།

3 ཡང་ཡེ་ཤུའི་ཉེ་གནས་བཅུ་གཉིས་པོ་ལས་ཡུ་དཱ་དབྱི་སི་ཀར་རེ་ཞེས་ཟེར་བའི་མི་ཞིག་གི་སེམས་ནང་དུ་བདུད་སཱ་ཏན་ཞུགས་ཏེ།

4 ཡ་ཧུ་དཱ་པའི་བླ་ཆེན་རྣམས་དང༌། མཆོད་ཁང་ཆེན་མོའི་སྲུང་དམག་གི་དཔོན་པོའི་རྩར་སོང་ནས་ཡེ་ཤུ་ཁོ་ཚོའི་ལག་ཏུ་སྤྲོད་རྒྱུའི་གྲོས་སྡུར་བྱས།

5 ཁོ་ཚོས་སྐད་ཆ་འདི་ཐོས་ནས་ཧ་ཅང་དགའ་པོ་བྱུང་སྟེ་ཁོ་ལ་དངུལ་སྤྲོད་རྒྱུའི་ཁས་ལེན་བྱས།

6 ཁོས་དེ་ལ་མོས་མཐུན་བྱས་པ་དང༌། མི་ཚོགས་མེད་པའི་སྐབས་དང་བསྟུན་ནས་ཡེ་ཤུ་ཁོ་ཚོའི་ལག་ཏུ་སྤྲོད་རྒྱུའི་གོ་སྐབས་བཙལ།

སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན།

7 དེ་ནས་སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན་གྱི་ཉིན་དང་པོར་སླེབས་དུས། པེ་སག་གི་ལུ་གུ་གསོད་དགོས་པའི་ཉིན་མོ་ཡིན་ཏེ།

8 ཡེ་ཤུས་ “སོང་ལ་ང་ཚོས་ཟ་བའི་ཕྱིར་པེ་སག་གི་གསོལ་སྟོན་གྲ་སྒྲིག་བྱོས་” ཞེས་གསུངས་ནས་ཁོང་གིས་ཉེ་གནས་པེ་ཏྲོ་དང་ཡོ་ཧ་ནན་མངགས།

9 ཁོ་ཚོས་ཁོང་ལ་ “ང་ཚོ་གང་དུ་གྲ་སྒྲིག་བྱེད་པར་འགྲོ་” ཞེས་ཞུས་པ་ལ།

10 ཁོང་གིས་ཁོ་ཚོར་ “གྲོང་ཁྱེར་དུ་སླེབས་ནས་དེར་ཆུ་བུམ་འཁྱེར་བའི་སྐྱེས་པ་ཞིག་ཁྱེད་གཉིས་དང་འཕྲད་ཅིང༌། དེའི་རྗེས་སུ་འབྲངས་ནས་ཁོ་འཛུལ་སའི་ཁང་པ་ལ་སོང༌།

11 ཁྱེད་གཉིས་ཀྱིས་ཁྱིམ་དེའི་བདག་པོ་ལ་སྟོན་པས་ང་དང་ངའི་ཉེ་གནས་རྣམས་ཀྱིས་མཉམ་དུ་པེ་སག་གི་ཟས་ཟ་བའི་ཁང་མིག་གང་དུ་ཡོད་ཅེས་ཤོད་ཅིག

12 མི་དེས་ཁྱེད་གཉིས་ལ་ནང་ཆས་སོགས་གྲ་སྒྲིག་བྱས་ཡོད་པའི་ཐོག་ཁང་ཆེན་པོ་ཞིག་བསྟན་ཡོང༌། ཁྱེད་ཀྱིས་གནས་དེ་རུ་གྲ་སྒྲིག་གྱིས་ཤིག་” ཅེས་གསུངས།

13 ཉེ་གནས་དེ་གཉིས་གྲོང་ཁྱེར་དུ་སོང་སྟེ་ཁོང་གིས་གསུངས་པ་ལྟར་མཐོང་ཞིང་གནས་དེར་པེ་སག་གི་གསོལ་སྟོན་བཤམས་སོ།།

གཙོ་བོའི་ཞལ་ཟས་འགོ་བཙུགས་པ།

14 དུས་ལ་འབབ་པའི་ཚེ་ཁོང་དང་སྐུ་ཚབ་རྣམས་འཁོར་དང་བཅས་པ་གསོལ་སྟོན་དུ་བཞུགས།

15 ཁོང་གིས་ཁོ་ཚོར་ “ང་སྡུག་བསྔལ་མྱོང་བའི་སྔོན་དུ་པེ་སག་གི་གསོལ་སྟོན་འདི་ཁྱེད་ཚོ་དང་མཉམ་དུ་ཤིན་ཏུ་ཟ་བར་འདོད།

16 གང་ཡིན་ཞེ་ན། ངས་ཁྱེད་རྣམས་ལ་ཟེར་རྒྱུར། དཀོན་མཆོག་གི་རྒྱལ་སྲིད་ལ་དེའི་ནང་དོན་མ་འགྲུབ་པའི་བར་དུ་ངས་ཡང་བསྐྱར་མི་ཟའོ་” ཞེས་གསུངས།

17 ཡང་ཁོང་གིས་ཕོར་པ་ཞིག་ཕྱག་ཏུ་བསྣམས་ཤིང༌། དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་ནས་ཁོང་གིས་ “འདི་བླངས་ནས་ཁྱེད་ཀྱི་ནང་བགོ་བཤའ་བྱོས།

18 ངས་ཁྱེད་ཚོ་ལ་ཟེར་རྒྱུར། ད་ནས་བཟུང་དཀོན་མཆོག་གི་རྒྱལ་སྲིད་མ་སླེབས་པའི་བར་དུ་ངས་རྒུན་འབྲུམ་ཤིང་གི་འབྲས་བུ་ལས་མི་འཐུང་ངོ་” ཞེས་གསུངས།

19 ཡེ་ཤུས་བག་ལེབ་ཕྱག་ཏུ་བསྣམས་ཤིང༌། དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་ནས་དུམ་བུར་བགོས་ནས་ཁོ་རྣམས་ལ་གནང་སྟེ་ “འདི་ནི་ངའི་ལུས་ཡིན་ཏེ་ཁྱེད་རྣམས་ཀྱི་དོན་དུ་སྦྱིན་པ་ཡིན། ང་དྲན་པའི་ཕྱིར་འདི་ལྟར་བྱོས་ཤིག་” ཅེས་གསུངས།

20 ཡང་དེ་བཞིན་དུ་ཁོང་རྣམས་ཞལ་ཟས་བཞེས་པའི་རྗེས་སུ། ཁོང་གིས་ཕོར་པ་ཡང་ཕྱག་ཏུ་བསྣམས་ཏེ་ “ཕོར་པ་འདི་ནི་ངའི་ཁྲག་གིས་བཀོད་པའི་ཞལ་ཆད་གསར་པ་ཡིན་ཏེ་ཁྱེད་ཀྱི་དོན་དུ་འཐོན་ནོ།

21 ལྟོས་ཤིག ང་ལ་རྒྱབ་གཏོད་བྱེད་མཁན་གྱི་ལག་པ་དེའང་ང་དང་མཉམ་དུ་ཅོག་ཙེའི་སྒང་ལ་ཡོད།

22 དཀོན་མཆོག་གི་དགོངས་པ་བཞིན་དུ་མིའི་རིགས་ཀྱི་བུ་འཆི་དགོས་ཀྱང༌། དགྲའི་ལག་ཏུ་སྤྲོད་མཁན་དེར་ཆད་པ་ཕོག་ངེས་ཡིན་ནོ་” ཞེས་གསུངས།

23 དེ་ནས་ཁོ་ཚོས་ཕན་ཚུན་དེ་ལྟར་བྱེད་མཁན་སུ་ཡིན་པའི་སྐོར་གྲོས་བསྡུར་བྱས།

སུ་མཆོག་ཏུ་འགྱུར་མིན་སྐོར།

24 དེ་ནས་ཁོ་ཚོའི་ནང་སུ་མཆོག་ཏུ་རྩི་པའི་རྩོད་གླེང་བྱུང་སྐབས།

25 ཁོང་གིས་ཁོ་ཚོར་ “ཕྱི་པ་རྣམས་ཀྱི་རྒྱལ་པོས་ཁོ་ཚོར་དབང་སྒྱུར་བྱེད་ཅིང༌། ཁོ་ཚོའི་དཔོན་རིགས་ལ་སྦྱིན་བདག་ཞེས་ཟེར་ཡང༌།

26 ཁྱེད་ཚོས་དེ་ལྟར་བྱེད་མི་རུང༌། ཁྱེད་ཚོ་ལས་སུ་ཞིག་མཆོག་ཏུ་གྱུར་བ་དེ་ཆུང་ཤོས་འདྲ་བ་དང༌། འགོ་ཁྲིད་པ་གཡོག་བྱེད་མཁན་འདྲ་བར་འགྱུར་དགོས།

27 ཅོག་ཙེར་གསོལ་བ་བཞེས་མཁན་དང་གཡོག་པོ་བྱེད་མཁན་གཉིས་ལས་སུ་ཞིག་ཆེ། གསོལ་བ་བཞེས་མཁན་མ་ཡིན་ནམ། འོན་ཀྱང་ང་ནི་ཁྱེད་ཚོའི་ཁྲོད་དུ་གཡོག་བྱེད་མཁན་དང་འདྲའོ།

28 ང་ཉམས་ཚོད་ལེན་དུས་ཁྱེད་རྣམས་ང་དང་མཉམ་དུ་གནས་པས།

29-30 ངའི་ཡབ་ཀྱིས་ཇི་ལྟར་ང་ལ་རྒྱལ་ཁམས་གནང་བ་བཞིན། དེ་ལྟར་ངས་ཀྱང་རྒྱལ་ཁམས་ཤིག་ཁྱེད་རྣམས་ལ་སྤྲོད། དེ་ནི་ངའི་རྒྱལ་ཁམས་སུ་ངའི་ཅོག་ཙེར་ཁྱེད་ཚོས་ཟ་ཞིང་འཐུང་པ་དང༌། ཁྲི་ལ་བཞུགས་ནས་ཡི་སི་ར་ཨེལ་གྱི་ཚོ་ཁག་བཅུ་གཉིས་ལ་ཁྲིམས་ཐག་གཅོད་བྱེད་པའི་ཕྱིར་ཡིན་” ཞེས་གསུངས།

ཉེ་གནས་པེ་ཏྲོའི་སྐོར་ལུང་བསྟན་པ།

31 ཡང་ཁོང་གིས་ “སི་མོན། སི་མོན། ཉོན་ཅིག སཱ་ཏན་གྱིས་ཁྱོད་རྣམས་ལ་གྲོ་ཞིབ་ཁྲོལ་ཚག་རྒྱག་པ་དང་འདྲ་བའི་ཉམས་ཚོད་བྱེད་པའི་ཕྱིར་ཆོག་མཆན་ཞུས།

32 འོན་ཀྱང་ཁྱོད་རང་གི་དད་པ་མི་ཉམས་པའི་ཕྱིར་ངས་སྨོན་ལམ་བཏབ་པ་ཡིན། ཁྱོད་ཕྱིར་ལོག་བྱས་ནས་ཉེ་གནས་གཞན་རྣམས་ལ་བརྟན་པར་བྱོས་” ཞེས་གསུངས།

33 པེ་ཏྲོས་ཁོང་ལ་ “གཙོ་བོ། ཁྱེད་དང་མཉམ་དུ་བཙོན་ཁང་ལ་འགྲོ་བ་དང༌། འཆི་བ་ལ་ཐུག་པའི་སེམས་ཡོད་” ཅེས་བཤད།

34 ཡེ་ཤུས་ཁོ་ལ་ “པེ་ཏྲོ། ངས་ཁྱོད་ལ་ཟེར་རྒྱུར། དེ་རིང་གི་མཚན་མོ་འདི་རང་ལ་བྱ་ཕོས་སྐད་མ་གྲགས་པའི་སྔོན་ལ་ཁྱོད་ཀྱིས་ང་སུ་ཡིན་མི་ཤེས་ཞེས་ཐེངས་གསུམ་སྨྲ་བར་ངེས་སོ་” ཞེས་གསུངས།

35 ཡང་ཁོང་གིས་ཁོ་ཚོར་ “ངས་ཁྱེད་རྣམས་དངུལ་ཁུག་གམ། ཁུག་མ། ལྷམ་བཅས་མེད་པར་གཏོང་སྐབས། ཁྱོད་རྣམས་ལ་ཅི་ཡང་མ་ཚང་ངམ་” ཞེས་གསུངས་པས་ཁོ་ཚོས་ “ང་ཚོར་ཅི་ཡང་མ་ཚང་” ཞེས་སྨྲས།

36 ཡང་ཁོང་གིས་ཁོ་ཚོར་ “ད་སུ་ལ་དངུལ་ཁུག་གམ། ཁུག་མ་ཡོད་ན་དེ་རྣམས་ཁུར་ཞིག སུ་ལ་རལ་གྲི་མེད་པ་དེས་ཕྱི་གོས་བཙོངས་ནས་རལ་གྲི་ཞིག་ཉོ་དགོས།

37 ངས་ཁྱེད་ཚོར་ཟེར་རྒྱུར། གསུང་རབ་ནང་གང་བྲིས་པ་བཞིན། ཁོང་ནི་ཉེས་ཅན་གྱི་གྲས་སུ་བརྩིས་ཞེས་འགྲུབ་པར་འགྱུར་དགོས། གང་ཡིན་ཞེ་ན། ངའི་སྐོར་ལ་གང་བྲིས་ཡོད་པ་དེ་ང་རང་བརྒྱུད་ནས་འགྲུབ་བཞིན་ཡོད་” ཅེས་གསུངས།

38 ཁོ་ཚོས་ “གཙོ་བོ། གཟིགས་དང༌། རལ་གྲི་གཉིས་འདུག་” ཅེས་ཟེར་བས་ལན་དུ་ཁོང་གིས་ “དོན་དེ་ཚར་རོ་” ཞེས་གསུངས།

སྐྱུར་རུ་ཤིང་གི་རི་ལ་གསོལ་བ་བཏབ་པ།

39 གྲོང་ཁྱེར་ནས་ཕྱི་རོལ་ཏུ་བྱོན་ཏེ་ཁོང་རང་གི་ལུགས་སྲོལ་ལྟར་སྐྱུར་རུ་ཟེར་བའི་ཤིང་གི་རི་ལ་ཕེབས་པ་དང༌། ཉེ་གནས་རྣམས་ཁོང་གི་རྗེས་སུ་འབྲངས།

40 དེར་སླེབས་ནས་ཁོང་གིས་ཁོ་ཚོར་ “ཁྱོད་རྣམས་ཉམས་ཚོད་ནང་དུ་མི་ལྷུང་བའི་ཕྱིར་གསོལ་བ་ཐོབ་ཅིག་” ཅེས་གསུངས་པ་དང༌།

41 ཁོ་ཚོ་དང་ཁ་བྲལ་ཏེ་ཡེ་ཤུ་རྡོ་རྒྱང་གཅིག་ཙམ་ཕར་ཕེབས། ཞབས་པུས་སར་བཙུགས་ནས་ཁོང་གིས་

42 “ཀྱེ་ཡབ་ལགས། ཁྱེད་ཐུགས་མཉེས་པ་ཡིན་ན་ཕོར་པ་འདི་ང་ལས་ཕར་ལེན་མཛོད། འོན་ཀྱང་ངའི་བསམ་པ་བཞིན་དུ་མི་འགྱུར་བར་ཁྱེད་ཀྱི་དགོངས་པ་བཞིན་དུ་གྱུར་ཅིག་” ཅེས་གསོལ་བ་བཏབ། 43 དེའི་དུས་སུ་དཀོན་མཆོག་གི་ཞིང་ཁམས་ནས་ཕོ་ཉ་ཞིག་མངོན་སུམ་དུ་བྱོན་ནས། ཁོང་གི་ཐུགས་བརྟན་པོར་མཛད།

44 སྡུག་བསྔལ་ཚད་མེད་མྱོང་སྟེ་ཁོང་གིས་དེ་བས་ཀྱང་གསོལ་སྨོན་ནན་གྱིས་ཞུས་པ་དང༌། ཁོང་གི་རྔུལ་ཆུ་ནི་ཁྲག་གི་ཐིགས་པ་ལྟར་ས་ལ་ལྷུངས།

45 ཁོང་གསོལ་སྨོན་བཏབ་ནས་བཞེངས་ཏེ་ཉེ་གནས་རྣམས་ཀྱི་རྩར་ཕེབས་པ་དང༌། ཁོ་རྣམས་སེམས་སྐྱོ་ནས་གཉིད་ཁུག་པར་གཟིགས།

46 ཁོ་ཚོར་ “ཅིའི་ཕྱིར་གཉིད་ཉལ། ལོངས་ལ་ཁྱོད་ཚོ་ཉམས་ཚོད་ནང་དུ་མི་ལྷུང་བའི་ཕྱིར་གསོལ་བ་ཐོབ་ཅིག་” ཅེས་གསུངས།

སྟོན་པ་ཡེ་ཤུ་འཛིན་བཟུང་བྱས་པ།

47 ཁོང་གིས་དེ་ལྟར་གསུང་སྐབས་ཉེ་གནས་བཅུ་གཉིས་པོ་ལས་ཡུ་དཱ་ཞེས་བྱ་བ་དེས་མི་ཚོགས་ཁྲིད་དེ་ཡོང་བ་དང༌། ཁོས་ཡེ་ཤུ་ལ་འོ་བྱེད་པའི་ཕྱིར་ཁོང་གི་མདུན་དུ་ཡོང༌།

48 འོན་ཀྱང་ཡེ་ཤུས་ཁོ་ལ་ “ཡུ་དཱ། ཁྱོད་ཀྱིས་འོ་ཡིས་མིའི་རིགས་ཀྱི་བུ་ལ་རྒྱབ་གཏོད་བྱེད་དམ་” ཞེས་གསུངས།

49 ཉེ་འགྲམ་དུ་ཡོད་པའི་མི་རྣམས་ཀྱིས་གང་ཞིག་འབྱུང་རྒྱུ་ཡིན་པ་མཐོང་ནས་ཁོ་ཚོས་ “གཙོ་བོ། ང་ཚོས་རལ་གྲི་རྒྱག་གམ་” ཞེས་དྲིས།

50 ཁོ་ཚོའི་ནང་ནས་མི་ཞིག་གིས་ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོའི་གཡོག་པོར་རལ་གྲི་བརྒྱབ་ནས་རྣ་བ་གཡས་པ་བཅད།

51 འོན་ཀྱང་ཡེ་ཤུས་ “དེ་ལྟར་མ་བྱོས་ཤིག་” ཅེས་གསུངས་ནས་མི་དེའི་རྣ་བར་རེག་ནས་གསོས་པར་མཛད།

52 ཡང་ཡེ་ཤུས་ཁོང་འཛིན་བཟུང་བྱེད་དུ་ཡོང་བ་རྣམས་ཡ་ཧུ་དཱ་པའི་བླ་ཆེན་དང༌། མཆོད་ཁང་ཆེན་མོའི་སྲུང་དམག་གི་དཔོན་པོ་དང༌། རྒན་པོ་བཅས་ལ་ “ཁྱེད་ཚོས་རལ་གྲི་དང་དབྱུག་པ་ཁྱེར་ནས་ཇག་པ་འཛིན་པ་ལྟར་ང་འཛིན་དུ་ཡོང་ངམ།

53 ང་ཉིན་རེ་བཞིན་མཆོད་ཁང་ཆེན་མོར་ཁྱེད་ཚོའི་མདུན་དུ་ཡོད་ནའང༌། ཁྱེད་ཚོས་ང་བཟུང་མེད། འོན་ཀྱང་འདི་ནི་ཁྱེད་རྣམས་ཀྱི་དུས་དང་མུན་ནག་གི་དབང་ཡིན་” ཞེས་གསུངས།

པེ་ཏྲོས་སྟོན་པ་ཡེ་ཤུ་ཁས་མ་བླངས་པ།

54 ཡེ་ཤུ་འཛིན་བཟུང་བྱས་ནས་ཁོ་ཚོས་ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོའི་ཁང་ཆེན་ལ་ཁྲིད་པ་དང༌། པེ་ཏྲོའང་རྒྱང་རིང་ནས་ཁོང་གི་རྗེས་སུ་འབྲངས།

55 སྒོ་རའི་དཀྱིལ་ལ་མེ་ཞིག་བཏང་ནས་མི་དེ་ཚོ་ལྷན་དུ་བསྡད་པ་དང༌། པེ་ཏྲོ་ཡང་དེ་ཚོའི་ཁྲོད་ལ་བསྡད།

56 པེ་ཏྲོ་མེའི་འོད་ཀྱི་འོག་ཏུ་བསྡད་ནས་ཁོ་ལ་ནན་གྱིས་བལྟས་པས་གཡོག་མོ་ཞིག་གིས་ “མི་འདི་ཡང་ཁོ་དང་མཉམ་དུ་ཡོད་པ་གཅིག་རེད་” ཅེས་སྨྲས་པ་ན།

57 པེ་ཏྲོས་ཁས་མ་བླངས་ཏེ་ “བུ་མོ། ངས་ཁོ་ངོ་མི་ཤེས་” ཞེས་བཤད།

58 དེ་ནས་ཅུང་མ་འགོར་བར་མི་གཞན་ཞིག་གིས་ཁོ་མཐོང་ནས་ “ཁྱེད་ཀྱང་ཁོ་ཚོའི་ནང་ནས་གཅིག་རེད་” ཅེས་བཤད། འོན་ཀྱང་པེ་ཏྲོས་ “ང་གཏན་ནས་མ་ཡིན་” ཞེས་ཟེར།

59 ཆུ་ཚོད་གཅིག་ཙམ་འགོར་བའི་རྗེས་སུ་མི་གཞན་ཞིག་གིས་ “སྐྱེས་པ་འདི་ག་ལིལ་ཡུལ་གྱི་མི་ཞིག་ཡིན་པས་དངོས་གནས་དེ་ཚོའི་ནང་ནས་གཅིག་ཡིན་པར་ངེས་” ཞེས་ཨུ་ཚུགས་བྱས་ཀྱང༌།

60 པེ་ཏྲོས་ “ཁྱེད་ཀྱིས་གང་བཤད་པ་ངས་མི་ཤེས་” ཞེས་སྨྲས་མ་ཐག་ཏུ་བྱ་ཕོས་སྐད་གྲགས།

61 གཙོ་བོས་ཞལ་ཕྱིར་སྐོར་ཏེ་པེ་ཏྲོ་ལ་གཟིགས་པ་དང༌། པེ་ཏྲོ་ཡེ་ཤུས་ཁོ་རང་ལ། དེ་རིང་གི་མཚན་མོ་འདི་རང་ལ་བྱ་ཕོས་སྐད་མ་གྲགས་པའི་སྔོན་ལ་ཁྱེད་ཀྱིས་ང་སུ་ཡིན་མི་ཤེས་ཞེས་ཐེངས་གསུམ་ཟེར་བར་ངེས་ཞེས་གསུངས་པ་དེ་དྲན་པས།

62 ཁོ་ཕྱིར་སོང་ནས་སེམས་ཤིན་ཏུ་སྐྱོ་བས་ངུས།

63 སྲུང་མཁན་རྣམས་ཀྱིས་ཡེ་ཤུ་ལ་འཕྱ་སྨོད་བྱས་ནས་བརྡུངས་ཏེ།

64 སྤྱན་ཟུང་རས་ཀྱིས་བཏུམས་ཏེ་ཁོང་ལ་ “ད་མངོན་ཤེས་ཤོད་ཅིག ཁྱོད་རྡུང་མཁན་དེ་སུ་ཡིན་” ཅེས་བརྗོད་པ་དང༌།

65 ཁ་ངན་བཤད་དེ་ཁོང་ལ་དམའ་འབེབས་མང་པོ་བཏང༌།

ཡ་ཧུ་དཱ་པའི་རྒྱལ་ཚོགས་ཀྱི་མདུན་དུ་ཁྲིད་པ།

66 ནམ་ལངས་པའི་ཚེ་ཡུལ་མི་རྣམས་ཀྱི་རྒན་པོ་དང༌། ཡ་ཧུ་དཱ་པའི་བླ་ཆེན། ཆོས་ཁྲིམས་ལ་མཁས་པའི་མི་བཅས་འཛོམས་ནས་ཁོང་རྒྱལ་ཚོགས་ཀྱི་མདུན་དུ་འཁྲིད་དུ་བཅུག

67 མི་དེ་ཚོས་ “ཁྱོད་ནི་སྐྱབས་མགོན་མཱ་ཤི་ཀ་ཡིན་ན་ང་ཚོ་ལ་ཤོད་ཅིག་” ཅེས་སྨྲས་པས་ཁོང་གིས་ “གལ་ཏེ་ངས་ཁྱེད་ཚོར་བཤད་ན། ཁྱེད་ཚོས་ཡིད་མི་ཆེས་ཤིང༌།

68 གལ་ཏེ་ངས་ཁྱེད་ཚོར་དྲི་བ་ཞིག་དྲིས་ན་ལན་མི་རྒྱག

69 འོན་ཀྱང་ད་ནས་བཟུང་མིའི་རིགས་ཀྱི་བུ་དབང་ཀུན་དང་ལྡན་པའི་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་པར་འགྱུར་རོ་” ཞེས་གསུངས།

70 ཡང་ཁོ་ཚོ་ཚང་མས་ “བྱས་ན་ཁྱོད་ནི་དཀོན་མཆོག་གི་སྲས་ཡིན་ནམ་” ཞེས་དྲིས་པས་ལན་དུ་ཁོང་གིས་ཁོ་ཚོར་ “ཁྱེད་ཀྱིས་སྨྲས་པ་ལྟར་ང་དེ་ཡིན་ནོ་” ཞེས་གསུངས།

71 དེ་ནས་ཁོ་ཚོས་ “ད་དུང་དཔང་པོ་ཅི་དགོས། ང་ཚོ་རང་གིས་ཁོའི་ཁ་ནས་ཐོས་” ཞེས་སྨྲས་སོ།།

ལུ་ཀཱ (23) – Luke (23)

1 དེ་ནས་རྒྱལ་ཚོགས་ཀྱི་མི་ཐམས་ཅད་ཡར་ལངས་ནས་ཡེ་ཤུ་སྤྱི་ཁྱབ་པི་ལ་ཏུའི་མདུན་དུ་ཁྲིད།

2 ཁོ་ཚོས་ཁོང་ལ་ཉེས་སྐྱོན་བཙུགས་ཏེ་ “མི་འདིས་ང་ཚོའི་མི་རིགས་ལ་མགོ་སྐོར་བཏང་སྟེ། ང་ཚོས་རྒྱལ་པོ་སེ་སར་ལ་ཁྲལ་འཇལ་མི་ཆོག་པ་དང༌། ཁོ་རང་རྒྱལ་པོ་མཱ་ཤི་ཀ་ཡིན་ཞེས་བཤད་པ་ང་ཚོས་ཐོས་” ཞེས་སྨྲས།

3 དེའི་ཕྱིར་པི་ལ་ཏུས་ཁོང་ལ་ “ཁྱོད་ནི་ཡ་ཧུ་དཱ་པའི་མི་རིགས་ཀྱི་རྒྱལ་པོ་ཡིན་ནམ་” ཞེས་ཁོང་ལ་དྲིས་པ་ན། ཁོང་གིས་ “ཁྱེད་ཀྱིས་སྨྲས་པ་བཞིན་ཡིན་ནོ་” ཞེས་གསུངས།

4 དེ་ནས་པི་ལ་ཏུ་ཡིས་བླ་ཆེན་དང་མི་ཚོགས་ལ་ “ངས་མི་འདི་ལ་ཉེས་སྐྱོན་ཅིའང་མ་རྙེད་” ཅེས་བཤད་ཀྱང༌།

5 ཁོ་ཚོས་ “ག་ལིལ་ཡུལ་ནས་ས་ཆ་འདིའི་བར་དུ་ཡ་ཧུ་དཱ་ཡུལ་ཡོངས་སུ་ཆོས་བསྟན་པའི་སྒོ་ནས་ཁོས་མི་རྣམས་ལ་ངན་བསྐུལ་བྱེད་ཀྱི་འདུག་” ཅེས་ཨུ་ཚུགས་བྱས།

6 པི་ལ་ཏུ་ཡིས་གཏམ་དེ་ཐོས་ནས་ཁོང་ག་ལིལ་ཡུལ་གྱི་མི་ཡིན་ནམ་ཞེས་དྲིས།

7 ཡེ་ཤུ་ནི་རྒྱལ་པོ་ཧེ་རོ་དཱེ་ཡི་འབངས་མི་ཡིན་པ་ཐོས་རྗེས་དེའི་དུས་སུ་ཧེ་རོ་དཱེ་ཡེ་རུ་ཤ་ལེམ་ལ་ཡོད་པས་པི་ལ་ཏུས་ཁོང་ཧེ་རོ་དཱེ་ཡི་རྩར་བཏང༌།

8 ཧེ་རོ་དཱེ་དུས་ཡུན་རིང་པོའི་སྔོན་ནས་ཡེ་ཤུ་དང་མཇལ་བར་འདོད་པས་ཁོང་མཐོང་ནས་ཤིན་ཏུ་དགའ། ཡེ་ཤུའི་སྐོར་ཐོས་ནས་ཁོང་གིས་ངོ་མཚར་བའི་རྟགས་ཤིག་མཛད་པར་མཐོང་བའི་རེ་བ་བྱས།

9 ཧེ་རོ་དཱེ་ཡིས་ཁོང་ལ་དྲི་བ་མང་པོ་དྲིས་ཀྱང༌། ཁོང་གིས་ལན་ཅིའང་མ་གནང༌།

10 ཡང་ཡ་ཧུ་དཱ་པའི་བླ་ཆེན་དང༌། ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱིས་དེར་ལངས་ཏེ་ཁོང་ལ་ཉེས་སྐྱོན་ནན་གྱིས་བཙུགས།

11 ཧེ་རོ་དཱེ་དང་ཁོའི་དམག་མི་རྣམས་ཀྱིས་ཁོང་ལ་མཐོང་ཆུང་དང་འཕྱ་སྨོད་བྱས་ཏེ་ན་བཟའ་མཛེས་པོ་ཁོང་ལ་གཡོགས་ནས་པི་ལ་ཏུའི་རྩར་ཕྱིར་བཏང༌།

12 དེའི་སྔོན་ལ་ཧེ་རོ་དཱེ་དང་པི་ལ་ཏུ་ཕན་ཚུན་དགྲ་ཁ་གཏད་ཡིན་ཡང༌། ཉིན་དེ་རང་ལ་གྲོགས་པོར་གྱུར།

13 པི་ལ་ཏུ་ཡིས་བླ་ཆེན་དང༌། དཔོན་རིགས། ཡུལ་མི་བཅས་ཁོའི་དྲུང་དུ་བོས་ནས།

14 ཁོ་ཚོར་ “ཁྱོད་རྣམས་ཀྱིས་མི་འདི་ཟིང་ཆ་སློང་དུ་ངན་བསྐུལ་བྱེད་མཁན་ལྟར་ངའི་རྩར་ཁྲིད། ཁྱོད་ཚོའི་མདུན་དུ་ངས་ཁོ་ལ་འདྲི་གཅོད་བྱས་ཀྱང༌། ཁྱོད་ཀྱིས་སྨྲས་པའི་ཉེས་སྐྱོན་ཅིའང་མ་རྙེད།

15 ཧེ་རོ་དཱེ་ཡིས་ཁོང་ང་ཚོར་ཕྱིར་ལོག་མངགས་པས་ཁོང་ལ་ཡང་ཉེས་སྐྱོན་མ་རྙེད། མི་འདིས་སྲོག་ཁྲིམས་གཏོང་དགོས་པའི་ཉེས་པ་ཅི་ཡང་མ་བྱས།

16 དེའི་ཕྱིར་ངས་ཁོ་ལ་ཉེས་ཆད་བཅད་ནས་གློད་གྲོལ་གཏོང་རྒྱུ་ཡིན་” ཞེས་བཤད།

18 འོན་ཀྱང་མི་ཚོགས་ཐམས་ཅད་ཀྱིས་ལྷན་གཅིག་ཏུ་ “ཁོ་ཕར་ཁྲིད། པར་ཨབ་པཱ་ཟེར་མཁན་དེ་གློད་གྲོལ་གཏོང་ཞིག་” ཅེས་འབོད་སྒྲ་བསྒྲགས།

19 (པར་ཨབ་པཱ་ཟེར་བ་དེ་གྲོང་ཁྱེར་ལ་ཟིང་འཁྲུག་བསླངས་པ་དང༌། མི་བསད་པའི་རྐྱེན་གྱིས་བཙོན་ཁང་ལ་བཅུག་)

20 ཡེ་ཤུ་གློད་གྲོལ་གཏོང་འདོད་པས་པི་ལ་ཏུས་ཡང་བསྐྱར་མི་ཚོགས་ལ་གཏམ་བཤད་ཀྱང༌།

21 ཁོ་ཚོས་སྐད་ཆེན་པོས་ “རྒྱང་ཤིང་སྒང་ལ་སོད་ཅིག རྒྱང་ཤིང་སྒང་ལ་སོད་ཅིག་” ཅེས་ཡང་ཡང་བཤད།

22 ཐེངས་གསུམ་པར་ཡང་ཁོས་མི་དེ་ཚོར་ “རྒྱུ་མཚན་གང་ཡིན། ཁོས་ལས་ངན་ག་རེ་བྱས་ཡོད། མི་འདིས་སྲོག་ཁྲིམས་གཏོང་དགོས་པའི་ཉེས་པ་ཅི་ཡང་མ་བྱས་པས་ངས་ཁོ་ལ་ཉེས་ཆད་བཅད་ནས་གློད་གྲོལ་གཏོང་རྒྱུ་ཡིན་” ཞེས་བཤད།

23 འོན་ཀྱང་ཁོ་ཚོས་འབོད་སྒྲ་སྒྲོག་སྟེ་ཁོང་རྒྱང་ཤིང་སྒང་ལ་གསོད་དགོས་པར་ཨུ་ཚུགས་བྱས་པས་མཐར་ཁོ་ཚོའི་འདོད་པ་བཞིན་དུ་གྱུར།

24 དེ་ནས་པི་ལ་ཏུས་ཁོ་ཚོའི་རེ་བ་བཞིན་དུ་བྱེད་དགོས་པའི་བཀའ་བསྩལ།

25 པི་ལ་ཏུས་ཟིང་འཁྲུག་བསླངས་པ་དང༌། མི་བསད་པའི་རྐྱེན་གྱིས་བཙོན་ཁང་ལ་བཅུག་པའི་མི་དེ་གློད་གྲོལ་བཏང་ནས་མི་ཚོགས་ཀྱི་འདོད་པ་ལྟར་ཡེ་ཤུ་རྩིས་སྤྲད།

སྟོན་པ་ཡེ་ཤུ་རྒྱང་ཤིང་སྟེང་དུ་བཀྲོངས་པ།

26 ཁོང་ཕར་འཁྲིད་དུས་སེ་རེ་ནཱ་པ་སི་མོན་གྲོང་གསེབ་ནས་ཡོང་བ་དང༌། ཁོ་ཚོས་ཡེ་ཤུའི་རྗེས་སུ་འབྲངས་ཏེ་རྒྱང་ཤིང་འཁུར་དུ་འཇུག་ཕྱིར་ཁོ་བཟུང༌།

27 མི་ཚོགས་མང་པོ་ཞིག་ཡེ་ཤུའི་རྗེས་སུ་འབྲངས། ཁོ་ཚོའི་ནང་ཁོང་གི་ཕྱིར་ངུ་ཞིང་སྨྲེ་སྔགས་འདོན་པའི་བུད་མེད་རྣམས་ཀྱང་ཡོད།

28 འོན་ཀྱང་ཡེ་ཤུས་ཞལ་ཕྱིར་སྐོར་ཏེ་ཁོ་ཚོར་ “ཡེ་རུ་ཤ་ལེམ་གྱི་བུ་མོ། ངའི་དོན་ལ་མ་ངུ༌། ཁྱེད་དང་ཁྱེད་ཀྱི་བུ་ཕྲུག་གི་དོན་དུ་ངུས་ཤིག

29 གང་ལགས་ཟེར་ན། རབས་ཆད་མ་རྣམས་དང༌། ཕྲུ་གུ་མ་བཙའ་བ། འོ་མ་མ་སྟེར་མཁན་རྣམས་བདེའོ་ཞེས་ཟེར་བའི་དུས་ལ་འབབ་ངེས་ཡིན།

30 དེའི་དུས་སུ་ཁོ་ཚོས་རི་ཆེན་ལ་ང་ཚོར་ས་རུད་རྒྱོབ་དང༌། རི་ཆུང་ལ་ང་ཚོར་སར་སྦོས་རྒྱོབ་ཅེས་ཟེར།

31 ཤིང་སྡོང་རློན་པའི་སྐབས་སུ་འདི་ལྟར་བྱས་ན། བསྐམས་ནས་ཅི་ལྟར་བྱ་” ཞེས་གསུངས།

32 ཁོང་དང་མཉམ་དུ་ཉེས་ཅན་གཉིས་སྲོག་གཅོད་གཏོང་ཕྱིར་ཁྲིད།

33མགོ་རུས་ཞེས་ཟེར་བའི་ས་ཆར་སླེབས་ནས་ཁོང་མཉམ་དུ་ཉེས་ཅན་གཉིས་ནས་གཅིག་ཁོང་གི་གཡས་ཕྱོགས་སུ་ཡོད་པའི་རྒྱང་ཤིང་དང་གཅིག་ཁོང་གི་གཡོན་ཕྱོགས་སུ་ཡོད་པའི་རྒྱང་ཤིང་ལ་གཟེར་བརྒྱབ།

34 དེ་ནས་ཡེ་ཤུས་ “ཀྱེ་ཡབ་ལགས། ཁོ་ཚོས་གང་བྱེད་པ་མི་རྟོགས་པས་ཁོ་ཚོའི་སྡིག་ཉེས་སེལ་བར་མཛོད་” ཅེས་གསུངས་པ་དང༌། དམག་མིས་རྒྱན་བརྒྱབ་ནས་ཁོང་གི་ན་བཟའ་བགོ་བཤའ་བྱས།

35 མི་ཚོགས་ཀྱིས་ས་ཆ་དེར་བལྟས་ནས་བསྡད། དཔོན་རིགས་ཀྱིས་ཀྱང་ཁོང་ལ་འཕྱ་དམོད་བྱེད་དེ་ “ཁོས་གཞན་རྣམས་བསྐྱབས་ཏེ་ཁོ་ནི་དཀོན་མཆོག་གིས་བདམས་པའི་སྐྱབས་མགོན་མཱ་ཤི་ཀ་ཡིན་ན། རང་ཉིད་སྐྱོབ་པར་བྱོས་ཤིག་” ཅེས་བཤད།

36 དམག་མིས་ཀྱང་ཁོང་ལ་འཕྱ་སྨོད་བྱེད་དེ་ཁོང་གི་མདུན་དུ་ཡོང་ནས་ཁོང་ལ་རྒུན་ཆང་སྐྱུར་མོ་ཕུལ་ཏེ།

37 “ཁྱོད་ཡ་ཧུ་དཱ་པའི་རྒྱལ་པོ་ཡིན་ན་རང་ཉིད་སྐྱོབ་པར་བྱོས་ཤིག་” ཅེས་ཟེར།

38 ཁོང་གི་སྟེང་ལ་ཡོད་པའི་ཉེས་ཚིག་ལ་ཡ་ཧུ་དཱ་པའི་རྒྱལ་པོ་ཞེས་བྲིས་ཡོད།

39 དེར་རྒྱང་ཤིང་ལ་ཡོད་པའི་ཉེས་ཅན་གཉིས་ལས་གཅིག་གིས་ཁོང་ལ་ཁ་ངན་བཤད་དེ་ “ཁྱོད་སྐྱབས་མགོན་མཱ་ཤི་ཀ་མ་ཡིན་ནམ། ཁྱོད་ཀྱིས་རང་ཉིད་དང་ང་ཚོ་སྐྱོབས་ཤིག་” ཅེས་ཟེར།

40 འོན་ཀྱང་མི་དེ་ལ་བཀའ་བཀྱོན་བྱས་ནས་ཉེས་ཅན་གཞན་གྱིས་ “ཁྱོད་ལ་ཡང་ཁོང་གི་ཉེས་ཆད་དང་འདྲ་བ་ཕོག་པས་ཁྱོད་རང་དཀོན་མཆོག་ལའང་མི་འཇིགས་སམ།

41 ང་ཚོ་གཉིས་ཀྱིས་བྱས་པའི་ལས་ངན་དང་མཐུན་པའི་ཆད་པ་བྱུང་བས་ང་ཚོར་དྲང་པོའི་ཁྲིམས་གཅོད་ཕོག འོན་ཀྱང་མི་འདིས་ཉེས་སྐྱོན་ཅི་ཡང་མ་བྱས་” ཞེས་གསུངས་ནས།

42 ཁོས་ “ཡེ་ཤུ་ལགས། ཁྱེད་ཀྱི་རྒྱལ་སྲིད་ཐོབ་དུས་ང་དྲན་དུ་གསོལ་” ཞེས་ཞུས་པས།

43 ཁོང་གིས་ཁོ་ལ་ “ངས་ཁྱོད་ལ་བདེན་པར་ཟེར་རྒྱུར། ཉིན་མོ་འདི་རང་ལ་ཁྱོད་ང་དང་མཉམ་དུ་དཀོན་མཆོག་གི་ཞིང་ཁམས་སུ་ཡོད་པར་འགྱུར་རོ་” ཞེས་གསུངས།

སྟོན་པ་ཡེ་ཤུ་སྐུ་ཚེ་ལས་འདས་པ།

44-45 ཉི་མ་བསྒྲིབས་ཏེ་ཉིན་གུང་ནས་ཆུ་ཚོད་གསུམ་པའི་བར་དུ་ལུང་པ་དེ་ཡོངས་སུ་མུན་པས་ཁེངས། དེའི་སྐབས་མཆོད་ཁང་ཆེན་མོའི་ནང་གི་ཡོལ་བ་དེ་དུམ་བུ་གཉིས་སུ་རལ།

46 དེ་ནས་ཡེ་ཤུས་གསུང་སྐད་ཆེན་པོས་ “ཀྱེ་ཡབ་ལགས། ང་ཡི་སེམས་ཁྱེད་ཀྱི་ཕྱག་ལ་བཅོལ་ལོ་” ཞེས་གསུངས་ནས་ཁོང་སྐུ་ཚེ་ལས་འདས་སོ།

47 དེར་ལངས་བསྡད་ཡོད་པའི་དམག་མི་བརྒྱ་དཔོན་ཞིག་གིས་གང་བྱུང་བ་དེ་མཐོང་ནས་དཀོན་མཆོག་ལ་བསྟོད་པ་ཕུལ་ཏེ་ “མི་འདི་ངེས་པར་སྐྱོན་མེད་པ་ཞིག་ཡིན་” ཞེས་སྨྲས། 48 བྱ་བ་འདི་རྣམས་ལ་ལྟ་བའི་ཆེད་དུ་དེར་འཛོམས་པའི་མི་ཚང་མས་གང་བྱུང་བ་མཐོང་ནས་བྲང་ཁོག་བརྡུངས་ཏེ་སོ་སོའི་ནང་ལ་སོང༌།

49 འོན་ཀྱང་ཁོང་གི་ངོ་མཁྱེན་པ་ཐམས་ཅད་དང༌། ག་ལིལ་ཡུལ་ནས་ཁོང་གི་རྗེས་སུ་འབྲངས་པའི་བུད་མེད་རྣམས་རྒྱང་རིང་དུ་བསྡད་དེ་བྱ་བ་འདི་ཚོར་བལྟས།

སྟོན་པ་ཡེ་ཤུའི་སྐུ་སྤུར་དུར་ཁང་ནང་བཅུག་པ།

50 དེ་ནས་ཡོ་སེབ་ཟེར་མཁན་མི་སེམས་བཟང་ཞིང་དྲང་པོ་ཡིན་པ་དང༌། ཡ་ཧུ་དཱ་པའི་རྒྱལ་ཚོགས་ཀྱི་ཁོངས་མི་ཡིན་ཡང༌།

51 མི་དེ་ཚོའི་འཆར་གཞི་དང་བྱ་བ་དེ་དག་ལ་མི་མཐུན་ཏེ། ཁོང་ནི་ཡ་ཧུ་དཱ་པའི་གྲོང་ཁྱེར་ཨ་རི་མ་ཐཱ་ནས་ཡིན་ལ། དཀོན་མཆོག་གི་རྒྱལ་སྲིད་སྒུག་མཁན་ཞིག་ཀྱང་ཡིན།

52 མི་འདི་པི་ལ་ཏུའི་རྩར་ཕྱིན་ཏེ་ཡེ་ཤུའི་སྐུ་ཕུང་གནང་རོགས་ཞུས། 53 ཡོ་སེབ་ཀྱིས་ཡེ་ཤུའི་སྐུ་ཕུང་མར་ཕབ་པ་དང༌། རས་སྤུས་ལེགས་ཤིག་གིས་སྒྲིལ་ནས་བྲག་ལ་བརྐོས་པའི་དུར་ཁང་སྤུར་བཞག་མ་མྱོང་བ་ཞིག་གི་ནང་དུ་བཞག་གོ

54 ཉིན་དེ་ནི་གྲ་སྒྲིག་གི་ཉིན་མོ་ཡིན་ཞིང་ངལ་གསོའི་ཉིན་མོ་སླེབས་ལ་ཉེ།

55 ག་ལིལ་ཡུལ་ནས་ཡེ་ཤུ་དང་མཉམ་དུ་ཕེབས་པའི་བུད་མེད་རྣམས་ཡོ་སེབ་ཀྱི་རྗེས་སུ་འབྲངས་པ་དང༌། དེ་རྣམས་ཀྱིས་དུར་ཁང་དང༌། ཁོང་གི་སྐུ་ཕུང་ཅི་ལྟར་བཞག་པ་མཐོང༌།

56 དེ་ནས་ཁོ་ཚོ་ཕྱིར་ལོག་ནས་དྲི་ཞིམ་འབྱུག་རྫས་གྲ་སྒྲིག་བྱས། ཡང་ངལ་གསོའི་ཉིན་མོར་དཀོན་མཆོག་གི་བཀའ་ལྟར་ངལ་གསོ་བྱས་སོ།།

ལུ་ཀཱ (24) – Luke (24)

1 བདུན་ཕྲག་གཅིག་གི་ཉིན་དང་པོའི་ཞོགས་པ་ཉི་མ་ཤར་ཙམ་ལ་བུད་མེད་ཚོས་གྲ་སྒྲིག་བྱས་པའི་དྲི་ཞིམ་འབྱུག་རྫས་འཁུར་ཏེ་ཁོ་ཚོ་དུར་ཁང་ལ་ཕྱིན་པ་དང༌།

2 ཁ་རྡོ་དེ་བསྒྲིལ་ཚར་ཡོད་པ་མཐོང་ཡང༌།

3 དུར་ཁང་གི་ནང་ལ་འཛུལ་སྐབས་གཙོ་བོ་ཡེ་ཤུའི་སྐུ་ཕུང་མ་མཐོང༌།

4 དེ་བས་ཐེ་ཚོམ་བྱུང་སྐབས་མི་གཉིས་འོད་འཕྲོ་བའི་གོས་གྱོན་པ་གློ་བུར་དུ་ཁོ་ཚོའི་འགྲམ་ལ་མངོན་པར་གྱུར།

5 འཇིགས་སྐྲག་སྐྱེས་ཏེ་བུད་མེད་རྣམས་མགོ་བཏུད་པ་དང༌། མི་དེ་གཉིས་ཀྱིས་ཁོ་མོ་ཚོར་ “གསོན་པོ་ནི་གཤིན་པོའི་ནང་ཅིའི་ཕྱིར་འཚོལ།

6 ཁོང་འདིར་མེད་དེ་སྐུ་གསོན་པོར་བཞེངས་སོ། ཁོང་ག་ལིལ་ཡུལ་ལ་བཞུགས་པའི་ཚེ་ཁྱོད་རྣམས་ལ།

7 མིའི་རིགས་ཀྱི་བུ་སྡིག་ཉེས་ཅན་གྱི་ལག་ཏུ་གཏད་པ་དང༌། རྒྱང་ཤིང་ལ་བཀྲོངས་ནས་ཉིན་ཞག་གསུམ་པ་ལ་ཁོ་རང་ལང་བར་འགྱུར་ངེས་ཞེས་པའི་གསུང་དེ་དྲན་ཅིག་” ཅེས་གསུངས་པས།

8 ཁོ་མོ་ཚོས་ཁོང་གི་གསུང་དྲན།

9 དུར་ཁང་ནས་ཕྱིར་ལོག་སྟེ། ཉེ་གནས་བཅུ་གཅིག་པོ་དང་གཞན་རྣམས་ལ་དོན་དེ་ཐམས་ཅད་བཤད།

10 དོན་འདི་ཚོ་སྐུ་ཚབ་ལ་རྗོད་མཁན་རྣམས་ནི་མག་རྡལ་ནས་ཡིན་པའི་མིར་ཡམ་དང༌། ཡོ་ཨ་ནཱ། ཡ་ཀོབ་ཀྱི་ཡུམ་མིར་ཡམ་ལ་སོགས་པའི་བུད་མེད་རྣམས་ཡིན།

11 འོན་ཀྱང་སྐུ་ཚབ་རྣམས་ཀྱི་བསམ་པར་གཏམ་འདི་དོན་མེད་པ་ཡིན་པས་བུད་མེད་རྣམས་ལ་ཡིད་མ་ཆེས།

12 འོན་ཀྱང་པེ་ཏྲོ་ལངས་ནས་དུར་ཁང་ལ་བརྒྱུགས་པ་དང༌། བསྒུར་ནས་ནང་ལ་བལྟས་ཏེ་རས་སྤུས་ལེགས་གཅིག་པུ་མཐོང་ནས། ངོ་མཚར་སྐྱེས་ཏེ་རང་གི་ནང་ལ་སོང༌།

གཙོ་བོ་ཡེ་ཤུས་ཉེ་གནས་གཉིས་ལ་མངོན་པར་མཛད་པ།

13 ཉིན་དེ་རང་ལ་ཁོ་ཚོ་ནས་མི་གཉིས་ཡེ་རུ་ཤ་ལེམ་ནས་རྒྱང་ཐག་སྤྱི་ལེ་བཅུ་གཅིག་ཙམ་ཡོད་པའི་ཨེ་མ་ཨུ་ཞེས་པའི་གྲོང་གསེབ་ལ་འགྲོ་སྐབས།

14 ཁོ་ཚོས་གང་བྱུང་བ་ཐམས་ཅད་ཀྱི་སྐོར་ལ་གཏམ་གླེང་བྱེད་པ་དང༌།

15 དེའི་དུས་སུ་ཡེ་ཤུ་རང་ཉིད་ཉེ་བར་བྱོན་ཏེ་ཁོ་ཚོ་དང་མཉམ་དུ་ཕེབས།

16 ཁོ་ཚོ་མིག་བསྒྲིབས་པ་ལྟར་གྱུར་བས་ཁོང་མཐོང་ན་ཡང་སུ་ཡིན་པ་མ་ཤེས།

17 ཡང་ཁོང་གིས་ཁོ་ཚོར་ “ཁྱེད་ཚོ་ལམ་ལ་འགྲོ་དུས་གཏམ་གླེང་ཅི་བྱེད་” ཅེས་གསུངས་པས་ཁོ་ཚོའི་གདོང་ལ་སྐྱོ་བའི་ཉམས་ཤིག་ཤར་ནས་བསྡད།

18 ལན་དུ་ཁོ་གཉིས་ལས་ཀ་ལི་ཨོ་ཕཱ་ཟེར་མཁན་གཅིག་གིས་ཁོང་ལ་ “ཡེ་རུ་ཤ་ལེམ་གྱི་མཇལ་མཁན་རྣམས་ལས་ཁྱེད་གཅིག་པུས་དེང་སང་གང་བྱུང་བ་མི་ཤེས་པ་ཡིན་ནམ་” ཞེས་སྨྲས།

19 ཡང་ཡེ་ཤུས་ “གང་བྱུང་” ཞེས་གསུངས་པས་ཁོ་ཚོས་ཁོང་ལ་ “ན་ཙ་རེལ་པ་ཡེ་ཤུ་ལ་གང་བྱུང་བའི་སྐོར་ནི། ཁོང་དཀོན་མཆོག་དང་མི་ཐམས་ཅད་ཀྱི་མདུན་དུ་འཕྲིན་ལས་དང་བཀའ་ལ་ནུས་མཐུ་དང་ལྡན་པའི་ལུང་སྟོན་པ་ཞིག་ཡིན་ལ།

20 བླ་ཆེན་དང་ང་ཚོའི་དཔོན་རིགས་ཀྱིས་ཁོང་ལ་སྲོག་ཁྲིམས་གཏོང་བའི་ཕྱིར་པི་ལ་ཏུ་ལ་གཏད་ནས་རྒྱང་ཤིང་སྒང་ལ་བསད།

21 ཡི་སི་ར་ཨེལ་ཀྱི་སྐྱབས་མཛད་མཁན་ཁོང་ཡིན་པ་དེ་ང་ཚོས་རེ་བ་བྱས། མ་ཟད་བྱ་བ་དེ་ཐམས་ཅད་བྱུང་ནས་ཉི་མ་གསུམ་སོང་བ་ལ།

22 ཡང་ང་ཚོའི་ནང་ནས་བུད་མེད་ཁ་ཤས་ཀྱིས་ང་ཚོར་ཡ་མཚན་སྐྱེད་དུ་བཅུག གང་ལགས་ཟེར་ན། དེ་རིང་ཞོགས་པ་ཉི་མ་ཤར་ཙམ་ལ་ཁོ་ཚོ་དུར་ཁང་ལ་འགྲོ་སྐབས།

23 ཁོང་གི་སྐུ་ཕུང་མ་རྙེད། དེ་ནས་ཁོ་ཚོ་ཡོང་ནས་ང་ཚོ་ལ་དཀོན་མཆོག་གི་ཕོ་ཉ་ཡིས་ང་ཚོར་ཁོང་གསོན་པོ་ཡིན་ཞེས་གསུངས་པའི་ཞལ་གཟིགས་མཐོང་བྱུང་ཞེས་ཟེར།

24 ང་ཚོ་དང་མཉམ་དུ་ཡོད་པ་ཁ་ཅིག་གིས་དུར་ཁང་ལ་ཕྱིན་ནས་བུད་མེད་ཀྱིས་བཤད་པ་ལྟར་མཐོང༌། འོན་ཀྱང་ཁོང་མཐོང་མ་བྱུང་” ཞེས་བཤད།

25 ཡང་ཁོང་གིས་ཁོ་ཚོར་ “བླུན་པོ་དང༌། ལུང་སྟོན་པ་རྣམས་ཀྱིས་གང་གསུངས་པ་ཐམས་ཅད་ལ་ཡིད་ཆེས་དཀའ་བ་ཁྱོད་རྣམས།

26 སྐྱབས་མགོན་མཱ་ཤི་ཀ་སྡུག་བསྔལ་དེ་ལྟར་མྱོང་ནས་ཁོང་གི་གཟི་བརྗིད་ལ་ཞུགས་མི་དགོས་སམ་” ཞེས་གསུངས།

27 དེ་ནས་ལུང་སྟོན་པ་མོ་ཤེ་ཡི་མདོ་ནས་བཟུང་དང་ལུང་སྟོན་པ་གཞན་རྣམས་ཀྱི་མདོ་རེ་རེ་བཞིན་ཁོང་གི་སྐོར་ལ་གང་བྲིས་པ་ཁོ་ཚོར་གསལ་སྟོན་མཛད།

28 ཁོ་ཚོ་འགྲོ་སའི་གྲོང་གསེབ་དང་ཉེ་བར་སླེབས་སྐབས་ཁོང་ད་དུང་ཕར་ལ་ཕེབས་པའི་ཚུལ་མཛད།

29 འོན་ཀྱང་མི་དེ་ཚོས་ “ཕྱི་དྲོ་ཡིན་ཏེ་ཉི་མ་ནུབ་ལ་ཉེ་བས་ང་ཚོ་དང་མཉམ་དུ་བཞུགས་རོགས་” ཞེས་ནན་གྱིས་ཞུས། ཁོང་ཁོ་ཚོ་དང་མཉམ་དུ་བཞུགས་པའི་ཕྱིར་གནས་ཁང་ནང་ལ་ཕེབས།

30 ཁོ་ཚོ་དང་མཉམ་དུ་ཅོག་ཙེར་བཞུགས་ཚེ་ཡེ་ཤུས་བག་ལེབ་ཕྱག་ཏུ་བསྣམས་ཤིང༌། དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་རྗེས་དུམ་བུར་བགོས་ནས་ཁོ་རྣམས་ལ་གནང༌།

31 དེ་ནས་ཁོ་ཚོའི་མིག་ཕྱེ་ནས་ཁོང་སུ་ཡིན་པ་ཤེས་རྗེས་ཁོང་དེ་ཚོའི་མིག་ལམ་ནས་མི་སྣང་བར་གྱུར།

32 ཁོ་ཚོས་གཅིག་གིས་གཅིག་ལ་ “ལམ་ལ་ཁོང་གིས་ང་ཚོར་གསུང་གླེང་དང་གསུང་རབ་གསལ་སྟོན་མཛད་སྐབས་ང་ཚོ་སེམས་འགུལ་མི་ཐེབས་སམ་” ཞེས་ཟེར།

33 ཆུ་ཚོད་དེ་རང་ལ་ཁོ་ཚོ་ལངས་ནས་ཡེ་རུ་ཤ་ལེམ་ལ་ཕྱིར་ལོག ཉེ་གནས་བཅུ་གཅིག་པོ་སོགས་འཛོམས་པ་དང་ཐུག་ནས།

34 ཁོ་རྣམས་ཀྱིས་ “གཙོ་བོ་དངོས་སུ་སྐུ་གསོན་པོར་བཞེངས་པ་དང་སི་མོན་ལ་མངོན་སུམ་དུ་གྱུར་རོ་” ཞེས་སྨྲས།

35 ཁོ་གཉིས་ཀྱིས་ལམ་ལ་གང་བྱུང་བའི་གཏམ་དང༌། ཅི་ལྟར་བག་ལེབ་བགོས་པའི་སྒོ་ནས་ཁོ་ཚོས་ཁོང་སུ་ཡིན་ངོ་ཤེས་པར་སྨྲས།

ཉེ་གནས་རྣམས་ལ་མངོན་སུམ་དུ་བསྟན་པ།

36 དེ་ལྟར་བཤད་པའི་དུས་སུ་ཁོང་ཉིད་ཁོ་ཚོའི་དཀྱིལ་ལ་བཞེངས་ཏེ་ཁོ་ཚོར་ “ཞི་བདེ་ཁྱེད་རྣམས་ལ་འབབ་པར་ཤོག་” ཅེས་གསུངས།

37 ཁོ་ཚོས་དེ་མཐོང་ནས་གདོན་འདྲེ་ཡིན་པར་བསམས་ཏེ་འཇིགས་སྐྲག་སྐྱེས།

38 ཁོང་གིས་ཁོ་ཚོར་ “ཁྱོད་ཚོ་ཅི་ལ་ཞེད་སྣང་སྐྱེས་ཤིང༌། ཁྱོད་ཀྱི་སེམས་སུ་ཅིའི་ཕྱིར་ཐེ་ཚོམ་སྐྱེས།

39 ངའི་རྐང་པ་དང་ལག་པ་ལ་ལྟོས་དང༌། ངའི་ལུས་ལ་རེག་ནས་ང་རང་ཡིན་པ་རྟོགས་པར་གྱིས་ཤིག གང་ཡིན་ཞེ་ན། ང་ལྟར་གདོན་འདྲེ་ལ་ཤ་དང་རུས་པ་མེད་” ཅེས་གསུངས།

40 ཁོང་གིས་དེ་ལྟར་གསུངས་ནས་རང་གི་ཞབས་དང་ཕྱག་ཁོ་ཚོ་ལ་སྟོན་པར་མཛད།

41 སེམས་དགའ་བའི་རྐྱེན་གྱིས་ཁོ་ཚོས་ད་དུང་ཡིད་མ་ཆེས་ཏེ་ཡ་མཚན་ཆེན་པོར་གྱུར་བའི་དུས་སུ་ཁོང་གིས་ཁོ་ཚོར་ “ཟས་ཅི་ཞིག་ཡོད་དམ་” ཞེས་གསུངས་ནས།

42 ཁོ་ཚོས་ཁོང་ལ་མེ་སྲེག་ཐེབས་པའི་ཉ་ཤ་དུམ་བུ་ཞིག་སྟེར་ནས།

43 དེ་ཕྱག་ཏུ་བསྣམས་ཏེ་ཁོ་ཚོའི་མདུན་དུ་བཞེས།

44 དེ་ནས་ཁོང་གིས་ཁོ་ཚོར་ “ཁྱོད་ཚོ་དང་མཉམ་དུ་ཡོད་པའི་ཚེ་ངས་འདི་ལྟར་སྨྲས། མོ་ཤེ་ཡི་བཀའ་ཁྲིམས་དང༌། ལུང་སྟོན་པ་རྣམས་དང་གསུང་མགུར་ཞེས་པའི་མདོ་ལས་ངའི་སྐོར་བྲིས་པ་ཐམས་ཅད་འགྲུབ་པར་འགྱུར་ངེས་ཡིན་ནོ་” ཞེས་གསུངས།

45 དེ་ནས་མདོ་རྣམས་རྟོགས་པའི་ཕྱིར་ཁོང་གིས་ཁོ་ཚོའི་བློ་སྒོ་འབྱེད་པར་མཛད་པ་དང༌།

46 ཁོ་ཚོར་ “སྐྱབས་མགོན་མཱ་ཤི་ཀ་སྡུག་བསྔལ་མྱོང་ནས་ཉི་མ་གསུམ་པར་འཆི་བ་ལས་གསོན་པོར་བཞེངས་པར་འགྱུར་ཞིང༌།

47 ཡེ་རུ་ཤ་ལེམ་ནས་བཟུང་སྟེ་མི་རིགས་ཀུན་ལ་ཁོང་གི་མཚན་གྱི་ཐོག་ནས་སྡིག་ཉེས་སེལ་བའི་ཆེད་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་བ་དེ་སྒྲོག་དགོས་པ་བྲིས་འདུག

48 དོན་འདི་ཚོ་ལ་དཔང་པོ་བྱེད་མཁན་ཁྱེད་རྣམས་ཡིན་ནོ།

49 ཡང་ལྟོས་ཤིག ངའི་ཡབ་ཀྱིས་ཞལ་གྱིས་བཞེས་པའི་དམ་པའི་ཐུགས་ཉིད་ངས་ཁྱེད་ཚོར་འབབ་ཏུ་འཇུག ཁྱེད་ཚོར་སྟེང་ནས་ནུས་མཐུ་ཡིས་ཡོངས་སུ་མ་ཁྱབ་པའི་བར་དུ་གྲོང་ཁྱེར་ལ་སྡོད་ཅིག་” ཅེས་གསུངས།

དཀོན་མཆོག་གི་ཞིང་ཁམས་སུ་འཕགས་པ།

50 དེའི་རྗེས་སུ་ཁོང་གིས་ཁོ་ཚོ་ཕྱི་རོལ་ཏུ་པེ་ཐན་ཡཱ་ཞེས་བྱ་བའི་གྲོང་གསེབ་ཀྱི་བར་དུ་ཁྲིད་པ་དང༌། ཕྱག་ཟུང་ཡར་བཏེག་སྟེ་ཁོ་ཚོར་བྱིན་རླབས་གནང༌།

51 དེ་ལྟར་མཛད་པའི་རིང་ལ་ཁོ་རྣམས་དང་ཁ་བྲལ་ཏེ་ཁོང་དཀོན་མཆོག་གི་ཞིང་ཁམས་སུ་འཕགས་པར་གྱུར།

52 ཁོང་ལ་བསྙེན་བཀུར་ཞུས་པའི་རྗེས་སུ་དེ་རྣམས་དགའ་སྤྲོ་ཆེན་པོས་ཡེ་རུ་ཤ་ལེམ་ལ་ཕྱིར་ལོག་པ་དང༌།

53 ཁོ་ཚོ་མཆོད་ཁང་ཆེན་མོར་དུས་རྒྱུན་དུ་གནས་ཏེ་དཀོན་མཆོག་ལ་བསྟོད་པ་ཕུལ་ལོ།། །།