Acts (14) – མཛད་པ། (14)

Acts (14) – མཛད་པ། (14)

1 ཨི་ཀོན་ཡཱུ་གྲོང་ཁྱེར་ལ་པའུ་ལུ་དང་པར་ན་པཱ་གཉིས་ཡ་ཧུ་དཱ་པའི་འདུ་ཁང་ལ་ཕེབས་པ་དང༌། ཁོང་ཚོའི་ཆོས་སྟོན་སྟངས་ཀྱི་རྐྱེན་གྱིས་ཡ་ཧུ་དཱ་དང་གྷི་རིག་མི་མང་པོ་དད་ལྡན་པར་གྱུར།

2 འོན་ཀྱང་དད་པ་མི་བྱེད་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་སེམས་དཀྲུགས་པས་ཁོ་རྣམས་ནི་སྤུན་ཟླ་རྣམས་ལ་ཁོང་ཁྲོ་སྐྱེས།

3 དེའི་ཕྱིར་པའུ་ལུ་དང་པར་ན་པཱ་གྲོང་ཁྱེར་དེ་ལ་ཡུན་རིང་པོར་བཞུགས་ཏེ་གཙོ་བོ་ལ་བརྟེན་ནས་བློ་སྟོབས་ཆེན་པོས་ཆོས་བསྟན། ཁོང་ཚོའི་ཕྱག་གིས་རྟགས་དང་ངོ་མཚར་བའི་དོན་སྒྲུབ་པར་གནང་བའི་སྒོ་ནས་གཙོ་བོས་ཁོང་གི་ཐུགས་རྗེ་དང་ལྡན་པའི་བཀའ་ལ་བདེན་དཔང་མཛད།

4 གྲོང་ཁྱེར་གྱི་འབངས་མིའི་ནང་ལྟ་བ་མི་མཐུན་པ་བྱུང༌། ལ་ལས་ཡ་ཧུ་དཱ་པའི་ཕྱོགས་བྱས་ཤིང༌། ལ་ལས་སྐུ་ཚབ་རྣམས་ཀྱི་ཕྱོགས་བྱས།

5 ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་དཔོན་རིགས་དང་མཉམ་དུ་ཁོང་ཚོར་དམའ་འབེབས་བྱེད་ཅིང་རྡོ་རུབ་གཏོང་བའི་གོ་སྐབས་བཙལ།

6 སྐུ་ཚབ་རྣམས་ཀྱིས་དེའི་སྐོར་ཤེས་ཏེ་ལི་ཀ་ཨོན་ཡཱ་ཡུལ་གྱི་ལིས་ཏྲཱ་དང་ཌེར་པེ་གྲོང་ཁྱེར་དེ་བཞིན་དེའི་ཉེ་འཁོར་གྱི་ཡུལ་ལ་བྲོས་ནས།

7 དེར་ཁོང་ཚོས་མུ་མཐུད་འཕྲིན་བཟང་བསྒྲགས་སོ།།

ལིས་ཏྲཱ་དང་ཌེར་པེ་གྲོང་ཁྱེར་ལ་བཞུགས་པ།

8 ལིས་ཏྲཱ་གྲོང་ཁྱེར་ལ་སྐྱེས་དུས་ནས་ཞ་བོ་ཡིན་ཞིང་རྐང་པ་འཁུམས་པའི་མི་གོམ་པ་སྤོ་མ་མྱོང་བ་ཞིག་བསྡད་ཡོད།

9 མི་དེས་པའུ་ལུའི་གསུང་ལ་ཉན། པའུ་ལུ་ཡིས་ཁོ་ལ་ནན་གྱིས་བལྟས་ཏེ་ནད་ལས་ཐར་བའི་ཆེད་དུ་དད་པ་ཡོད་པར་མཐོང་བས།

10 སྐད་ཆེན་པོས་ཁོ་ལ་ “རྐང་པ་སར་བཙུགས་ཏེ་ཡར་ལོངས་” ཞེས་གསུངས་པས་མི་དེ་ཡར་མཆོངས་ཏེ་འགྲོ་ཐུབ་པར་གྱུར།

11 པའུ་ལུས་གང་བྱས་པ་མཐོང་ནས་མི་ཚོགས་ཀྱིས་ལི་ཀ་ཨོན་ཡཱ་སྐད་སྤྱད་ནས་སྐད་ཆེན་པོས་ “ལྷ་རྣམས་མི་རུ་སྤྲུལ་ནས་ང་ཚོའི་ཁྲོད་དུ་བབས་” ཞེས་སྨྲས།

12 མི་དེ་ཚོས་པར་ན་པཱ་ཡི་མིང་ལ་ཟུ་སཱི་དང༌། པའུ་ལུ་གསུང་མཁན་གཙོ་བོ་ཡིན་པས་ཁོང་གི་མིང་ལ་ཧེར་མཱེ་ཞེས་བཏགས།

13 ཟུ་སཱི་ཡི་ལྷ་ཁང་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཡོད་ཅིང༌། དེའི་མཆོད་དཔོན་གྱིས་གླང་འཁྲིད་དེ་མེ་ཏོག་གི་ཕྲེང་བ་ཁྱེར་ནས་སྒོ་ཁར་སླེབས་པ་དང༌། མི་ཚོགས་དང་བཅས་ཀྱིས་དམར་མཆོད་བྱེད་པར་འདོད།

14 སྐུ་ཚབ་པར་ན་པཱ་དང་པའུ་ལུས་དེའི་སྐོར་ཤེས་ནས་ཕྱི་གོས་དབྲལ་བ་དང༌། མི་ཚོགས་ཀྱི་ནང་དུ་བརྒྱུགས་ཏེ་སྐད་ཆེན་པོས་

15 “མི་རྣམས། ཁྱེད་ཚོས་ཅིའི་ཕྱིར་འདི་ལྟར་བྱེད། ང་ཚོ་གཉིས་ལ་ཁྱེད་ཚོ་དང་འདྲ་བར་མིའི་རང་བཞིན་ཡོད། ཁྱེད་ཚོས་དོན་མེད་པའི་བྱ་བ་འདི་རྣམས་སྤངས་ནས། ནམ་མཁའ་དང༌། ས་གཞི། རྒྱ་མཚོ། དེར་ཡོད་པ་ཐམས་ཅད་བཀོད་པ་དང་གཏན་དུ་གནས་པའི་དཀོན་མཆོག་ལ་དད་པ་བྱེད་པའི་ཆེད་དུ་ང་ཚོས་ཁྱེད་རྣམས་ལ་འཕྲིན་བཟང་སྒྲོག

16 འདས་པའི་དུས་སུ་ཁོང་གིས་མི་རིགས་ཐམས་ཅད་རང་གི་འདོད་པ་ལྟར་བྱེད་དུ་བཅུག་ཀྱང༌།

17 ཁྱེད་རྣམས་ལ་ཕྱག་ལས་བཟང་པོ་མཛད་པའི་སྒོ་ནས་ཁོང་ནི་བཟང་པོ་ཡིན་པར་བདེན་དཔང་མཛད། དཔེར་ན་རྒྱུན་དུ་སྦྱིན་པ་གནང་སྟེ་ཁོང་གིས་ནམ་མཁའ་ལས་ཆར་པ་དང༌། ས་ལས་ལོ་ཏོག་དེ་བཞིན་ཁྱེད་རྣམས་ལ་ཟས་དང་སེམས་སུ་དགའ་སྤྲོ་ཁེངས་པར་གནང་ངོ་” ཞེས་གསུངས།

18 དེ་ལྟར་གསུངས་ཀྱང༌། མི་ཚོགས་ཀྱིས་ཁོང་ཚོར་དམར་མཆོད་བྱེད་པ་འགོག་རྒྱུར་དཀའ་ལས་ཁག་པོ་བྱུང༌།

19 ཨན་ཏི་ཡོག་ཡཱ་དང་ཨི་ཀོན་ཡཱུ་གྲོང་ཁྱེར་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཅིག་གིས་མི་ཚོགས་ཁོ་ཚོའི་ཕྱོགས་ལ་བློ་འགུགས་བྱས་པས། ཁོ་ཚོས་པའུ་ལུ་ལ་རྡོ་རུབ་བཏང་ནས་ཁོང་ཤི་ཟིན་པར་བསམས་ཏེ་གྲོང་ཁྱེར་ནས་ཕྱི་རོལ་དུ་དྲུད།

20 ཉེ་གནས་རྣམས་ཁོང་གི་མཐའ་བསྐོར་དུ་འཛོམས་དུས་ཁོང་ཡར་ལངས་ནས་གྲོང་ཁྱེར་ལ་ཕྱིར་ལོག དེའི་སང་ཉིན་པར་ན་པཱ་དང་མཉམ་དུ་ཌེར་པེ་ལ་ཕེབས་སོ།།

སི་རི་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་ལ་ཕྱིར་ལོག་ཕེབས་པ།

21 དེར་ཁོང་རྣམས་ཀྱིས་འཕྲིན་བཟང་བསྒྲགས་པས་མི་མང་པོ་ཞིག་གཙོ་བོ་ཡེ་ཤུའི་ཉེ་གནས་སུ་གྱུར། དེ་ནས་ཁོང་གཉིས་ལིས་ཏྲཱ་དང༌། ཨི་ཀོན་ཡཱུ། ཨན་ཏི་ཡོག་ཡཱ་བཅས་སུ་ཕྱིར་ལོག

22 དེར་ཁོང་གཉིས་ཀྱིས་ཉེ་གནས་ཀྱི་སེམས་བརྟན་པོ་བྱས་ཏེ་དད་པ་མུ་མཐུད་ནས་བྱེད་པར་བསྐུལ་ནས་ “ངེད་རྣམས་སྡུག་བསྔལ་མང་པོ་མྱོང་བའི་སྒོ་ནས་དཀོན་མཆོག་གི་རྒྱལ་སྲིད་དུ་འཇུག་པར་དགོས་” ཞེས་གསུངས།

23 ཁོང་གཉིས་ཀྱིས་ཆོས་ཚོགས་རེ་རེར་འགན་འཁུར་བ་རེ་རེ་བསྐོས་ཤིང༌། སྨྱུང་གནས་བསྲུངས་བ་དང་སྨོན་ལམ་བཏབ་ནས་ཁོ་ཚོས་དད་པ་བྱས་པའི་གཙོ་བོར་བཅོལ།

24 ཁོང་གཉིས་པི་སི་དི་ཡཱ་ཡུལ་བརྒྱུད་ནས་ཕམ་ཕིལ་ཡཱ་ཡུལ་ལ་སླེབས།

25 དཀོན་མཆོག་གི་བཀའ་པེར་གཱ་གྲོང་ཁྱེར་དུ་བསྒྲགས་ནས་ཨ་ཐལ་ཡཱ་ཞེས་པའི་གྲུ་ཁར་ཕེབས་ཤིང༌།

26 གྲུ་གཟིངས་ལ་བསྡད་ནས་སི་རི་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་ལ་ཕྱིར་ལོག་ཕེབས། ས་ཆ་འདི་ནི་སྔར་ཆོས་ཚོགས་ཀྱིས་ཁོང་གཉིས་དཀོན་མཆོག་གི་ཐུགས་རྗེ་ལ་བཅོལ་བའི་གནས་དེ་ཡིན་ཞིང༌། དེ་ནི་ད་ལྟ་བསྒྲུབས་ཟིན་པའི་ལས་འདིའི་ཆེད་དུའོ།

27 དེར་སླེབས་ནས་ཁོང་ཚོས་ཆོས་ཚོགས་བསྡུས་ཤིང༌། དཀོན་མཆོག་གིས་ཁོང་ཚོ་བརྒྱུད་ནས་གང་མཛད་པ་དང༌། ཡ་ཧུ་དཱ་པ་མིན་པའི་དོན་ལ་དད་པའི་སྒོ་ཇི་ལྟར་ཕྱེ་བར་མཛད་པའི་ཚུལ་གསུངས།

28 ཡང་ཁོང་གཉིས་ཉེ་གནས་རྣམས་དང་མཉམ་དུ་ཡུན་རིང་པོ་ཞིག་དེར་གནས་སོ།།

 

************************************

Acts (13) – མཛད་པ། (13)

Acts (13) – མཛད་པ། (13)

1 ཨན་ཏི་ཡོག་ཡཱ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་པར་ན་པཱ་དང༌། ནེ་གེར་ཞེས་བྱ་བའི་སི་མེ་ཡོན་དང༌། ད་དུང་སེ་རེ་ནཱ་གྲོང་ཁྱེར་ནས་ཡིན་པའི་ལུ་ཀི་ཡཱུ་དང༌། ས་གནས་དཔོན་པོ་ཧེ་རོ་དཱེ་ཡི་ཕོ་བྲང་ལ་འཚར་ལོངས་བྱུང་བའི་མཱ་ནཱ་ཧེན་དང༌། ཤ་ཨུལ་ཞེས་པའི་ལུང་སྟོན་པ་དང་ཆོས་སྟོན་མཁན་ཡོད།

2 ཁོང་ཚོས་གཙོ་བོ་ལ་བསྙེན་བཀུར་བྱེད་ཅིང་སྨྱུང་གནས་སྲུང་བའི་དུས་སུ་དམ་པའི་ཐུགས་ཉིད་ཀྱིས་ཁོ་ཚོར་ “ངའི་ཆེད་དུ་ཁྱོད་རྣམས་ཀྱིས་པར་ན་པཱ་དང་ཤ་ཨུལ་གཉིས་ང་ཡིས་འདེམས་པའི་ལས་སྒྲུབ་པའི་ཕྱིར་སྐོས་ཤིག་” ཅེས་གསུངས།

3 དེ་ནས་ཁོ་ཚོས་སྨྱུང་གནས་བསྲུངས་ཏེ་སྨོན་ལམ་བཏབ་པ་དང༌། ཁོང་ཚོ་གཉིས་ཀྱི་ལུས་ལ་ལག་པ་བཞག་ནས་བཏང་ངོ༌།།

ཀིབ་རུ་གླིང་ཕྲན་དུ་ཆོས་བསྒྲགས་པ།

4 ཁོང་གཉིས་དམ་པའི་ཐུགས་ཉིད་ཀྱིས་མངགས་ཏེ་གྲུ་ཁའི་གྲོང་ཁྱེར་སེ་ལུ་ཀི་ཡཱ་ལ་ཕེབས་པ་དང༌། གྲུ་གཟིངས་ལ་བསྡད་ནས་ཀིབ་རུ་གླིང་ཕྲན་དུ་སླེབས།

5 སཱ་ལ་མཱི་གྲོང་ཁྱེར་ལ་སླེབས་ནས་ཡ་ཧུ་དཱ་པའི་འདུ་ཁང་རྣམས་ལ་དཀོན་མཆོག་གི་བཀའ་བསྒྲགས། ཡང་ཡོ་ཧ་ནན་གྱིས་ཁོང་ཚོ་ལ་ལས་གྲོགས་བྱེད་བཞིན་ཡོད།

6 གླིང་ཕྲན་ཡོངས་སུ་བརྒྱུད་ནས་པཱ་ཕོ་གྲོང་ཁྱེར་ཙམ་ལ་ཕེབས་སྐབས། ཁོང་རྣམས་ལ་པཱར་ཡེ་ཤུ་ཞེས་ཟེར་བའི་སྔགས་པ་སྟེ་ཡ་ཧུ་དཱ་པའི་ལུང་སྟོན་པ་རྫུན་མ་ཞིག་དང་ཕྲད།

7 མི་འདི་ནི་སྤྱི་ཁྱབ་སྟེ་བློ་གྲོས་ཅན་སེར་གིའུ་པའུ་ལུ་དང་མཉམ་དུ་འགྲོགས་པ་ཞིག་ཡིན། དཀོན་མཆོག་གི་བཀའ་ཐོས་པར་སྤྱི་ཁྱབ་དེས་པར་ན་པཱ་དང་ཤ་ཨུལ་གཉིས་བོས་ན་ཡང༌།

8 སྔགས་པ་དེས་(གྷི་རིག་སྐད་དུ་ཨེ་ལི་མཱ་ཡང་ཟེར་) ཁོང་ཚོར་ངོ་རྒོལ་བྱས་པ་དང༌། སྤྱི་ཁྱབ་དད་པ་ལས་ཟློག་པའི་ཐབས་བཙལ།

9 འོན་ཀྱང་ཤ་ཨུལ་(པའུ་ལུ་ཡང་ཟེར་) དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་གང་བར་གྱུར་ཏེ་ཁོ་ལ་ནན་གྱིས་བལྟས་ཏེ།

10 ཁོ་ལ་ “ཁྱོད་ནི་བདུད་ཀྱི་བུ་ཡིན་ཏེ་དྲང་བ་ཐམས་ཅད་ཀྱི་དགྲ་བོ་ཡིན། གཡོ་སྒྱུ་དང་ངན་སེམས་ཀུན་གྱིས་གང་སྟེ་ཁྱོད་ཀྱིས་གཙོ་བོ་ཡེ་ཤུའི་ལམ་དྲང་པོ་འཁྱོག་པར་བྱེད་པ་མི་སྤོང་ངམ།

11 ད་ལྟོས་ཤིག དཀོན་མཆོག་གི་ནུས་མཐུ་ཁྱོད་ལ་བཏབ་ནས་ལོང་བར་འགྱུར་བས་རེ་ཞིག་ཁྱོད་ཀྱིས་ཉི་མའི་འོད་མཐོང་མི་ཐུབ་” ཅེས་གསུངས་པ་དང༌། འཕྲལ་དུ་ཁོའི་མིག་ལ་སྨུག་པ་དང་མུན་པ་ཡིས་འཐིབས་པས་ཁོས་ལག་པ་ནས་འཇུས་ཏེ་འཁྲིད་མཁན་བཙལ།

12 སྤྱི་ཁྱབ་ཀྱིས་གང་བྱུང་བ་མཐོང་ནས་དད་པ་སྐྱེས། གཙོ་བོ་ཡེ་ཤུའི་བསྟན་པ་ཐོས་ནས་ངོ་མཚར་བར་གྱུར་རོ།།

པི་སི་དི་ཡཱ་ཡུལ་གྱི་གྲོང་ཁྱེར་ཨན་ཏི་ཡོག་ཡཱ་ལ་ཆོས་བསྒྲགས་པ།

13 དེ་ནས་པའུ་ལུ་དང་ཁོང་གི་རོགས་པ་རྣམས་གྲུ་གཟིངས་ལ་བསྡད་དེ་པཱ་ཕོ་ནས་ཕམ་ཕིལ་ཡཱ་ཡུལ་གྱི་གྲོང་ཁྱེར་པེར་གཱ་ལ་ཕེབས་པ་དང༌། དེར་སླེབས་ནས་ཡོ་ཧ་ནན་ཁོང་རྣམས་དང་ཁ་བྲལ་ཏེ་ཡེ་རུ་ཤ་ལེམ་ལ་ཕྱིར་ལོག

14 ཁོང་ཚོ་པེར་གཱ་ནས་ཕར་སོང་སྟེ་པི་སི་དི་ཡཱ་ཡུལ་གྱི་གྲོང་ཁྱེར་ཨན་ཏི་ཡོག་ཡཱ་ལ་ཕེབས་པ་དང༌། དེར་ངལ་གསོའི་ཉིན་མོར་ཁོང་རྣམས་འདུ་ཁང་ལ་ཕེབས་ནས་བཞུགས།

15 བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་ལས་བཀླགས་རྗེས་འདུ་ཁང་གི་དཔོན་པོས་ “སྤུན་ཟླ་རྣམས། གལ་ཏེ་མི་རྣམས་ཀྱི་ཆེད་དུ་ཁྱེད་ལ་སྐུལ་བའི་གཏམ་ཞིག་ཡོད་ན་གསུངས་ཤིག་” ཅེས་པའི་ལན་ཁོང་རྣམས་ལ་བསྐུར།

16 པའུ་ལུ་ཡར་ལངས་ཏེ་ལག་བརྡ་བྱས་ནས་འདི་ལྟར་གསུངས་ “ཡི་སི་ར་ཨེལ་པ་དང་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་རྣམས། ང་ལ་ཉོན་དང༌།

17 ཡི་སི་ར་ཨེལ་མི་རིགས་འདིའི་དཀོན་མཆོག་གིས་ང་ཚོའི་མེས་པོ་བདམས་ཤིང༌། ཨེ་ཇེབ་ཡུལ་ལ་སྡོད་པའི་དུས་སུ་ཁོ་རྣམས་ཤིན་ཏུ་མང་པོར་འཕེལ་བར་མཛད། ནུས་མཐུ་དང་ལྡན་པའི་ཕྱག་གིས་ཁོ་ཚོ་ཡུལ་དེ་ནས་ཕྱི་རོལ་དུ་འཁྲིད།

18 ལོ་བཞི་བཅུ་ཙམ་གྱི་བར་དུ་འབྲོག་སྟོང་ལ་ཁོང་གིས་ཁོ་ཚོའི་སྤྱོད་པ་བཟོད་པར་མཛད།

19 ཀ་ནཱན་ཡུལ་གྱི་མི་རིགས་བདུན་མེད་པར་མཛད་ནས་དཀོན་མཆོག་གིས་མེས་པོ་རྣམས་ལ་ཁོ་ཚོའི་ཡུལ་བགོས་སྐལ་དུ་གནང༌།

20 དོན་དེ་རྣམས་ལོ་བཞི་བརྒྱ་ལྔ་བཅུ་ཙམ་འགོར་བ་ཡིན། དེའི་རྗེས་སུ་ལུང་སྟོན་པ་ཤ་མུ་ཨེལ་གྱི་བར་དུ་ཁོང་གིས་ཁོ་ཚོར་ཁྲིམས་དཔོན་གྱི་ལམ་ལུགས་བཙུགས།

21དེ་ནས་ཁོ་ཚོས་རྒྱལ་པོ་སྐོ་བའི་ཞུ་བ་ཞུས་པས་དཀོན་མཆོག་གིས་ཡི་སི་ར་ཨེལ་གྱི་ཚོ་ཁག་པེན་ཡ་མཱིན་གྱི་ཚོ་ཁག་ནས་ཀི་སི་ཡི་བུ་ཤ་ཨུལ་རྒྱལ་པོར་བསྐོས་པར་མཛད། ཁོས་ལོ་བཞི་བཅུའི་རིང་རྒྱལ་པོ་བྱས།

22 དེ་ནས་དཀོན་མཆོག་གིས་ཁོ་གོ་གནས་ལས་འབེབས་པར་མཛད་པ་དང༌། དཱ་བིད་ཁོ་ཚོའི་རྒྱལ་པོར་བསྐོས། དཀོན་མཆོག་གིས་དཱ་བིད་ཀྱི་སྐོར་དཔང་པོ་མཛད་དེ་ཡེ་སེ་ཞེས་བྱ་བའི་བུ་དཱ་བིད་ནི་ངའི་སེམས་དང་མཐུན་པ་ཞིག་ཡིན་ཞིང༌། ཁོས་ངའི་བསམ་པ་ཐམས་ཅད་སྒྲུབ་པར་འགྱུར་རོ་ཞེས་གསུངས།

23 དཀོན་མཆོག་གིས་ཞལ་ཆད་གནང་བ་ལྟར། དཱ་བིད་ཀྱི་རྒྱུད་པ་རྣམས་ལས་ཁོང་གིས་ཡི་སི་ར་ཨེལ་ལ་སྐྱབས་མགོན་ཡེ་ཤུ་གནང་བ་ཡིན།

24ཁོང་མ་འབྱོན་པའི་སྔོན་ལ་ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ཡི་སི་ར་ཨེལ་གྱི་མི་ཐམས་ཅད་ལ་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་བའི་རྟགས་སུ་ཁྲུས་གསོལ་ལེན་དགོས་པའི་འཕྲིན་བསྒྲགས་ཤིང༌།

25 ཡོ་ཧ་ནན་གྱིས་ལས་ཚར་བའི་སྐབས་ལ་ཁོང་གིས་ཁྱེད་ཀྱིས་ང་རང་སུ་རེད་སྙམ། ང་ཁོང་མ་ཡིན། ལྟོས་ཤིག ངའི་རྗེས་ལ་ཕེབས་མཁན་ནི་ཁོང་གི་ལྷམ་སྒྲོག་ཀྱང་འགྲོལ་བར་མི་འོས་ཞེས་གསུངས།

26 ཨབ་ར་ཧམ་གྱི་རྒྱུད་པ་སྟེ་ངའི་སྤུན་ཡིན་ཞིང༌། ཁྱེད་ཚོའི་ནང་ནས་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་རྣམས། ཐར་པ་འདིའི་འཕྲིན་ངེད་རྣམས་ལ་མངགས་ཡོད།

27 ཡེ་རུ་ཤ་ལེམ་པ་དང་ཁོ་ཚོའི་དཔོན་པོ་རྣམས་ཀྱིས་གཙོ་བོ་ཡེ་ཤུ་སྐྱབས་མགོན་ཡིན་པ་ངོ་མི་ཤེས་པ་དང༌། ངལ་གསོ་བའི་ཉིན་རེ་རེར་ལུང་སྟོན་པའི་བཀའ་གང་ཀློག་པའང་མི་ཤེས་པས། ཁོང་ལ་ཁྲིམས་གཅོད་གཏོང་བའི་སྒོ་ནས་བཀའ་དེ་རྣམས་བསྒྲུབས།

28 སྲོག་ཁྲིམས་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཡང་མ་རྙེད་ཀྱང༌། ཁོ་ཚོས་པི་ལ་ཏུ་ལ་ཁོང་སྲོག་གཅོད་གཏོང་བའི་ཞུ་བ་ཞུས།

29 ཁོ་ཚོས་ཁོང་གི་སྐོར་གང་བྲིས་ཡོད་པ་ཐམས་ཅད་བསྒྲུབས་ནས། མི་རྣམས་ཀྱིས་ཁོང་གི་སྐུ་ཕུང་རྒྱང་ཤིང་སྟེང་ནས་མར་ཕབ་སྟེ་དུར་ཁང་ལ་བཅུག

30 འོན་ཀྱང་དཀོན་མཆོག་གིས་ཁོང་འཆི་བ་ནས་སླར་གསོན་པར་མཛད།

31 སྔར་ཁོང་དང་མཉམ་དུ་ག་ལིལ་ཡུལ་ནས་ཡེ་རུ་ཤ་ལེམ་ལ་ཡོང་བ་རྣམས་ཀྱིས་ཉིན་མང་པོའི་རིང་ཁོང་མཐོང་ཞིང༌། ད་ལྟ་ཁོ་རྣམས་ནི་མི་རྣམས་ལ་ཁོང་གི་དཔང་པོ་བྱེད་མཁན་ཡིན།

32 ང་ཚོས་ཁྱེད་རྣམས་ལ་འཕྲིན་བཟང་སྒྲོག་སྟེ། དཀོན་མཆོག་གིས་ང་ཚོའི་མེས་པོ་རྣམས་ལ་གང་ཞལ་གྱིས་བཞེས་པ་དེ།

33 གཙོ་བོ་ཡེ་ཤུ་ཡར་སློང་བར་མཛད་པའི་སྒོ་ནས་ཁོ་ཚོའི་རྒྱུད་པ་སྟེ་ངེད་རྣམས་ཀྱི་ཕྱིར་སྒྲུབ་པར་མཛད། གསུང་མགུར་གཉིས་པ་ལ་འཁོད་པ་བཞིན།

ཁྱེད་ནི་ང་ཡི་བུ་ཉིད་ཡིན་པས་ན།།

དེ་རིང་ང་ནི་ཁྱེད་ཀྱི་ཕ་རུ་གྱུར།།

34 ཡང་དཀོན་མཆོག་གིས་ཁོང་འཆི་བ་ནས་སླར་གསོན་པར་མཛད་དེ་ཡང་བསྐྱར་འགྲོངས་མི་སྲིད་པའི་སྐོར་འདི་ལྟར་གསུངས།

ང་ཡིས་དཱ་བིད་ཉིད་ལ་སྤྲད་པ་བཞིན།།

ཡང་དག་བདེན་པའི་བྱིན་རླབས་ཁྱེད་ལ་སྦྱིན།།

35 དེའི་ཕྱིར་ཁོང་གིས་གསུང་མགུར་གྱི་མདོ་གཞན་པ་ལས།

ཁྱེད་ཀྱིས་རང་གི་སྐྱེས་བུ་དམ་པ་ཉིད།།

དུར་དུ་རུལ་བར་འཇུག་པ་ག་ལ་སྲིད།།

ཅེས་གསུངས།

36 རྒྱལ་པོ་དཱ་བིད་ནི་རང་གི་མི་རབས་ཀྱི་དུས་སུ་དཀོན་མཆོག་གི་དགོངས་པ་བསྒྲུབས་པའི་རྗེས་སུ་སྐུ་ཚེ་ལས་འདས་ཤིང༌། ཁོའི་མེས་པོའི་དུར་ཁང་གི་ཁྲོད་དུ་བཞག་ནས་སྐུ་སྤུར་རུལ་བར་གྱུར།

37 འོན་ཀྱང་དཀོན་མཆོག་གིས་བསླངས་པ་ནི་རུལ་བར་མ་གྱུར།

38 ངའི་སྤུན་ཟླ་རྣམས། དེའི་ཕྱིར་ཁོང་གི་ཐོག་ནས་སྡིག་ཉེས་སེལ་བ་ཁྱེད་རྣམས་ལ་སྒྲོག་པ་དེ་ཤེས་པར་གྱིས་ཤིག

39 ཁོང་ལ་དད་པ་བྱེད་མཁན་ཐམས་ཅད་ནི་མོ་ཤེའི་བཀའ་ཁྲིམས་ཀྱི་སྒོ་ནས་སེལ་མི་སྲིད་པའི་སྡིག་ཉེས་ཐམས་ཅད་ལས་ཐར་བར་འགྱུར་རོ།

40 ལུང་སྟོན་པས་གང་གསུངས་པ་ཁྱེད་རྣམས་ལ་མི་ཕོག་པའི་ཕྱིར་དོགས་ཟོན་གྱིས་ཤིག

41 ང་ཡིས་ཁྱོད་ཀྱི་དུས་སུ་ལས་ཤིག་བྱེད།།

གཞན་གྱིས་དེ་དག་ཁྱོད་ལ་འཆད་གྱུར་ཀྱང༌།།

ཁྱོད་ཀྱིས་དེ་ལ་ནམ་ཡང་ཡིད་མི་ཆེས།།

ཁྱོད་ཚོ་འཕྱ་བར་བྱེད་མཁན་ལྟོས་ཤིག་ཨང༌།།

ངོ་མཚར་འགྱུར་ཞིང་འཇིག་པར་ཡང་འགྱུར་འོང༌།།”

ཞེས་གསུངས།

42 པའུ་ལུ་དང་པར་ན་པཱ་འདུ་ཁང་ནས་ཕྱིར་ཐོན་སྐབས། མི་རྣམས་ཀྱིས་ཁོང་གཉིས་ལ་ངལ་གསོ་བའི་ཉིན་རྗེས་མར་དོན་དེའི་སྐོར་ཡང་བསྐྱར་གསུང་དགོས་པར་བསྐུལ།

43 འདུ་ཁང་གི་ཚོགས་འདུ་གྲོལ་བའི་རྗེས་སུ་ཡ་ཧུ་དཱ་པ་དང༌། ཡ་ཧུ་དཱ་པའི་ཆོས་ལུགས་ལ་ཞུགས་པའི་ཡ་ཧུ་དཱ་པ་མིན་པ་སྟེ་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་རྣམས་ལས་མང་པོ་ཞིག་གིས་པའུ་ལུ་དང་པར་ན་པཱ་ཡི་རྗེས་སུ་འབྲངས། ཁོང་གཉིས་ཀྱིས་ཁོ་ཚོར་དཀོན་མཆོག་གི་ཐུགས་རྗེ་ལ་གནས་པར་བསྐུལ།

44 ངལ་གསོ་བའི་ཉིན་རྗེས་མར་གྲོང་ཁྱེར་གྱི་མི་མང་ཆེ་བ་གཙོ་བོ་དཀོན་མཆོག་གི་བཀའ་ཉན་པར་འདུས།

45 འོན་ཀྱང་ཡ་ཧུ་དཱ་པ་རྣམས་ཀྱིས་མི་ཚོགས་མཐོང་བས་ཕྲག་དོག་སྐྱེས་ཤིང༌། འཕྱ་དམོད་བྱས་ཏེ་པའུ་ལུས་གསུངས་པ་ལ་རྒོལ་བར་བྱས།

46 པའུ་ལུ་དང་པར་ན་པཱ་གཉིས་ཀྱིས་བློ་སྟོབས་ཆེན་པོས་ “ང་ཚོས་དཀོན་མཆོག་གི་བཀའ་ཁྱེད་རྣམས་ལ་དང་པོར་བཤད་འོས་པ་ཡིན། འོན་ཀྱང་ཁྱེད་ཀྱིས་དཔག་ཏུ་མེད་པའི་ཚེ་འཐོབ་པ་མི་འོས་པ་ཡིན་པར་བསམས་ཏེ་དང་ལེན་མི་བྱེད་པས། ལྟོས་ཤིག ང་ཚོས་ད་ལྟ་ཡ་ཧུ་དཱ་པ་མིན་པ་རྣམས་ལ་ཆོས་བཤད་རྒྱུ་ཡིན།

47 གང་ཡིན་ཞེ་ན། གཙོ་བོས་ང་ཚོར་འདི་ལྟར་བཀའ་གནང་སྟེ།

ང་ཡིས་ཁྱོད་ཉིད་ཕྱི་པ་རྣམས་ཀྱི་ཆེད།།

འཕྲོ་བར་བྱེད་པའི་འོད་དུ་བསྐོས་པ་ཡིན།།

དེ་ནི་ཁྱོད་ཀྱིས་ས་མཐའི་བར་དུ་ནི།།

ཆོས་དག་བསྒྲགས་ཅིང་ཐར་པ་འཐོབ་པའི་ཕྱིར།།”

ཞེས་གསུངས།

48 དེ་ཐོས་ནས་ཡ་ཧུ་དཱ་པ་མིན་པ་རྣམས་དགའ་བར་གྱུར་ཞིང་དཀོན་མཆོག་གི་བཀའ་ལ་བསྟོད་པ་ཕུལ། དཀོན་མཆོག་གིས་སྔར་ནས་དཔག་ཏུ་མེད་པའི་ཚེ་འཐོབ་པར་བསྐོས་པའི་མི་ཐམས་ཅད་དད་པར་གྱུར།

49 དེ་ལྟར་དཀོན་མཆོག་གི་བཀའ་ཡུལ་དེའི་ས་ཕྱོགས་གང་སར་ཁྱབ།

50 འོན་ཀྱང་ཡ་ཧུ་དཱ་པ་རྣམས་ཀྱིས་ཆོས་ལ་དགའ་བའི་རིགས་མཐོ་བའི་བུད་མེད་དང་གྲོང་ཁྱེར་གྱི་འགོ་ཁྲིད་བྱེད་པའི་སྐྱེས་པ་རྣམས་ལ་ངན་བསྐུལ་བྱས་ནས། པའུ་ལུ་དང་པར་ན་པཱ་གཉིས་ལ་གནོད་བསྐྱལ་ཏེ་ཁོ་ཚོའི་ཡུལ་ནས་ཕར་བསྐྲད།

51ཁོ་རྣམས་ལ་དོན་དེར་འགན་ཁུར་དགོས་པར་སྟོན་པའི་ཕྱིར་ཁོང་རྣམས་ཀྱིས་རྐང་པའི་སྟེང་གི་ས་རྡུལ་ཁོ་ཚོའི་ཕྱོགས་སུ་སྤྲུགས་ནས་ཨི་ཀོན་ཡཱུ་ཞེས་པའི་གྲོང་ཁྱེར་ལ་ཕེབས།

52 ཡང་ཉེ་གནས་རྣམས་ནི་དགའ་སྤྲོ་དང༌། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་གང་བར་འགྱུར་རོ།།

 

***************************************

Acts (12) – མཛད་པ། (12)

Acts (12) – མཛད་པ། (12)

1 དེའི་དུས་སུ་རྒྱལ་པོ་ཧེ་རོ་དཱེ་ཡིས་ཆོས་ཚོགས་ཀྱི་མིའི་ནང་ནས་ཁ་ཤས་ལ་གནོད་སྐྱེལ་བའི་ཕྱིར་ཁོ་རྣམས་འཛིན་བཟུང་བྱེད་དུ་བཅུག

2 ཁོས་ཡོ་ཧ་ནན་གྱི་གཅེན་པོ་སྐུ་ཚབ་ཡ་ཀོབ་རལ་གྲིའི་ཁ་ཡིས་བསད་དུ་བཅུག་པས།

3 ཡ་ཧུ་དཱ་པ་རྣམས་དགའ་བར་གྱུར་བ་མཐོང་ནས་ཁོས་པེ་ཏྲོ་ཡང་འཛིན་བཟུང་བྱས། (དེ་ནི་སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན་གྱི་དུས་སུ་བྱུང་)

4 ཧེ་རོ་དཱེ་ཡིས་པེ་ཏྲོ་བཟུང་ནས་བཙོན་ཁང་དུ་བཅུག་ཅིང༌། ཁོ་སྲུང་བའི་ཕྱིར་དམག་མི་བཞི་རེ་ཅན་གྱི་དམག་ཁག་བཞི་ལ་གཏད། པེ་སག་དུས་ཆེན་དེའི་རྗེས་སུ་ཁོས་པེ་ཏྲོ་ཡུལ་མི་རྣམས་ཀྱི་མདུན་དུ་འཁྲིད་ནས་ཁྲིམས་གཅོད་པར་འདོད།

5 པེ་ཏྲོ་བཙོན་ཁང་ལ་བཅུག་དུས་ཆོས་ཚོགས་ཀྱིས་ཁོང་གི་ཆེད་དུ་དཀོན་མཆོག་ལ་སྙིང་ཐག་པ་ནས་གསོལ་འདེབས་བྱས།

སྐུ་ཚབ་པེ་ཏྲོ་བཙོན་ཁང་ནས་ཐར་བ།

6ཧེ་རོ་དཱེ་ཡིས་པེ་ཏྲོ་ཡུལ་མི་རྣམས་ཀྱི་མདུན་དུ་ཁྲིད་ནས་ཁྲིམས་གཅོད་བྱེད་པའི་སྔོན་གྱི་མཚན་མོར་པེ་ཏྲོ་ལྕགས་ཐག་གཉིས་ཀྱིས་བཅིངས་ཏེ་དམག་མི་གཉིས་ཀྱི་བར་དུ་གཉིད་ཁུག་ནས་བསྡད། སྒོའི་ཕྱི་རོལ་དུ་སྲུང་དམག་རྣམས་ཀྱིས་བཙོན་ཁང་བསྲུངས།

7 གློ་བུར་དུ་དཀོན་མཆོག་གི་ཕོ་ཉ་ཞིག་མངོན་སུམ་དུ་བྱུང་ཞིང་ཁང་མིག་ལ་འོད་ཅིག་འཕྲོས། ཕོ་ཉས་གཉིད་གསོད་པའི་ཕྱིར་པེ་ཏྲོའི་གཞོགས་ལ་འཆང་སྟེ་ཁོང་ལ་ “མགྱོགས་པོ་ལོངས་ཤིག་” ཅེས་གསུངས་པས་ལྕགས་ཐག་གཉིས་ཁོང་གི་ལག་པ་ནས་སར་ལྷུངས།

8 ཡང་ཕོ་ཉས་ཁོང་ལ་ “སྐེ་རགས་བཅིངས་ནས་ལྷམ་གྱོན་ཞིག་” ཅེས་གསུངས་པས་པེ་ཏྲོས་དེ་ལྟར་བྱས་པ་དང༌། ཕོ་ཉས་ “ཕྱི་གོས་གྱོན་ནས་ངའི་རྗེས་སུ་ཤོག་” ཅེས་གསུངས།

9 པེ་ཏྲོ་ཕྱིར་ཐོན་ནས་ཕོ་ཉའི་རྗེས་སུ་འབྲངས། ཕོ་ཉས་གང་མཛད་པ་དེ་དངོས་གནས་ཡིན་པ་པེ་ཏྲོས་མི་ཤེས་ཏེ། ཞལ་གཟིགས་ཤིག་མཐོང་བར་སྙམ།

10 དེ་རྗེས་སྲུང་དམག་དང་པོ་དང་གཉིས་པ་བརྒལ་ནས་གྲོང་ཁྱེར་ལ་འགྲོ་བའི་ལྕགས་སྒོར་སླེབས་པ་དང༌། དེ་རང་ཤུགས་ཀྱིས་ཕྱེ་ནས་ཁོང་ཚོ་ཕྱིར་ཐོན་ཏེ་སྲང་ལམ་ཞིག་བརྒྱུད་ནས་ཕེབས་དུས་གློ་བུར་དུ་ཕོ་ཉ་ཁོང་དང་ཁ་བྲལ།

11 པེ་ཏྲོས་གང་བྱུང་བ་དེ་དངོས་གནས་ཡིན་པ་ཤེས་ནས་ “ད་གཙོ་བོས་རང་གི་ཕོ་ཉ་མངགས་ཏེ་རྒྱལ་པོ་ཧེ་རོ་དཱེ་ཡི་དབང་ཤེད་དང༌། ཡ་ཧུ་དཱ་པ་རྣམས་ཀྱིས་རེ་སྒུག་བྱེད་པའི་དོན་ཐམས་ཅད་ལས་ང་སྐྱོབ་པར་མཛད་པ་ངས་ཐེ་ཚོམ་མེད་པར་ཤེས་” ཞེས་གསུངས།

12 དེ་ལྟར་བསམས་མ་ཐག་ཁོང་ཡོ་ཧ་ནན་ཏེ་མར་ཀུ་ཡང་བྱ་བའི་ཨ་མ་མིར་ཡམ་གྱི་ཁང་པར་ཕེབས། དེར་མི་མང་པོ་འཛོམས་ནས་སྨོན་ལམ་འདེབས་བཞིན་ཡོད།

13 པེ་ཏྲོས་ཕྱི་སྒོ་བརྡུངས་པས་རོལ་དཱ་ཞེས་ཟེར་བའི་གཡོག་མོ་ཞིག་སྒོ་ཕྱེ་བར་ཡོང༌།

14 པེ་ཏྲོའི་སྐད་ཡིན་པར་ཤེས་ཏེ་ཧ་ཅང་དགའ་བའི་ངང་ནས་སྒོ་མ་ཕྱེ་བར་ནང་ལ་བརྒྱུགས་ཤིང་ “པེ་ཏྲོ་ལགས་སྒོའི་ཕྱི་ལ་འདུག་” ཅེས་བཤད།

15 ཁོ་ཚོས་ཁོ་མོ་ལ་ “ཁྱོད་སྨྱོའོ་” ཞེས་ཟེར་ན་ཡང༌། ཁོ་མོས་བདེན་པ་ཡིན་པར་ཨུ་ཚུགས་བྱས་པས། ཁོ་ཚོས་ “ཁོང་གི་ཕོ་ཉ་ཡིན་པར་ངེས་” ཞེས་སྨྲས།

16 དེའི་རིང་ལ་པེ་ཏྲོས་མུ་མཐུད་སྒོ་བརྡུངས། སྒོ་ཕྱེ་ནས་ཁོང་མཐོང་བས་ཁོ་རྣམས་ངོ་མཚར་བར་གྱུར།

17 པེ་ཏྲོས་ཁ་ཁུ་སིམ་པོར་སྡོད་དགོས་པའི་ལག་བརྡ་བྱས་ཏེ། གཙོ་བོས་ཁོང་ཇི་ལྟར་བཙོན་ཁང་ནས་འཁྲིད་པའི་གཏམ་ཁོ་ཚོར་བཤད། ཁོང་གིས་ “དོན་དེ་ཡ་ཀོབ་དང་སྤུན་ཟླ་གཞན་རྣམས་ལ་ཤོད་ཅིག་” ཅེས་གསུངས་ནས་ཁོ་ཚོ་དང་ཁ་བྲལ་ཏེ་ས་ཆ་གཞན་ཞིག་ལ་ཕར་ཕེབས།

18 དེའི་སང་ཞོགས་པེ་ཏྲོ་གང་དུ་སོང་མིན་མ་ཤེས་པས་དམག་མི་རྣམས་ཤིན་ཏུ་འཁྲུགས་པར་གྱུར།

19 ཧེ་རོ་དཱེ་ཡིས་ཁོང་བཙལ་ནས་མ་རྙེད་པས་ཁོས་སྲུང་དམག་རྣམས་ལ་འདྲི་གཅོད་བྱས་པ་དང༌། ཁོ་ཚོ་ལ་སྲོག་ཁྲིམས་གཏོང་དགོས་པའི་བཀའ་བསྒོས། དེའི་རྗེས་སུ་ཁོ་ཡ་ཧུ་དཱ་ཡུལ་ནས་སེ་སར་རེ་ཡཱ་གྲོང་ཁྱེར་ལ་ཕྱིན་ནས་དེར་གནས་སོ།།

རྒྱལ་པོ་ཧེ་རོ་དཱེ་ཤི་བའི་སྐོར།

20 ཧེ་རོ་དཱེ་ཐཱ་ཨེར་དང་ཚི་དོན་གྲོང་ཁྱེར་གྱི་འབངས་མི་རྣམས་ལ་ཤིན་ཏུ་ཁྲོས་པར་འགྱུར། ཁོ་ཚོའི་ཡུལ་དེ་ནི་རྒྱལ་པོའི་ཧེ་རོ་དཱེ་ཡི་ཡུལ་ལ་བརྟེན་ནས་འཚོ་ཆས་འཐོབ་པར་བྱེད་དགོས་པས། ཡུལ་མི་རྣམས་ཀྱིས་སྐུ་ཚབ་ཚོགས་པ་ཞིག་བཏང་སྟེ་རྒྱལ་པོའི་གཟིམ་དཔོན་པཱ་ལ་སི་ཐོ་བློ་འགུགས་ནས་བར་འདུམ་གཏོང་བའི་རེ་བ་ཞུས།

21 གཏན་འཁེལ་བའི་ཉིན་མོ་ཞིག་ལ་ཧེ་རོ་དཱེ་ཡིས་རྒྱལ་པོའི་གོས་གྱོན་ནས་ཁྲིམས་དཔོན་གྱི་ཁྲིར་བསྡད་པ་དང༌། མི་རྣམས་ལ་གཏམ་སྨྲ་བར་བརྩམས།

22 མི་རྣམས་ཀྱིས་ “འདི་ནི་མི་ཞིག་གི་སྐད་མ་ཡིན་ཏེ། ལྷ་ཡི་གསུང་སྐད་ཡིན་” ཞེས་སྐད་ཆེན་པོས་ཡང་ཡང་བཤད།

23 ཧེ་རོ་དཱེ་ཡིས་བསྟོད་པ་འདི་དཀོན་མཆོག་ལ་མ་ཕུལ་བས། འཕྲལ་དུ་གཙོ་བོའི་ཕོ་ཉ་ཞིག་གིས་ཁོ་ལ་ནད་ཀྱིས་བཏབ་ནས་རྒྱུ་སྲིན་གྱིས་བཟས་ནས་ཤིའོ།།

24 ཡང་གཙོ་བོ་དཀོན་མཆོག་གི་བཀའ་ཁྱབ་པས། དད་ལྡན་རྣམས་ཀྱི་གྲངས་མང་དུ་འཕེལ།

25 དེ་ནས་པར་ན་པཱ་དང་ཤ་ཨུལ་གཉིས་ཀྱིས་ཡེ་རུ་ཤ་ལེམ་ལ་ལས་ཀ་སྒྲུབས་ཚར་བས། ཡོ་ཧ་ནན་ཏེ་མར་ཀུ་ཡང་བྱ་བ་འཁྲིད་དེ་ཕྱིར་ལོག་ཕེབས་སོ།།

 

***************************************