Colossians (4) – ཀོ་ལོ་སཱ་པ། (4)

Colossians (4) – ཀོ་ལོ་སཱ་པ། (4)

1 བདག་པོ་རྣམས། ཁྱེད་ཚོ་ལའང་དཀོན་མཆོག་གི་ཞིང་ཁམས་སུ་བདག་པོ་ཞིག་བཞུགས་པར་ཤེས་པས། ཁྱེད་ཀྱི་བྲན་གཡོག་ལ་དྲང་པོ་དང་འདྲ་མཉམ་གྱིས་ཤིག

མཐའ་མཇུག་གི་སྐུལ་མ།

2 བཀའ་དྲིན་ཆེ་ཞུ་བའི་སྒོ་ནས་བློ་གསལ་བར་གནས་པས་རྒྱུན་མི་ཆད་པར་སྨོན་ལམ་འདེབས་དགོས།

3 ང་ནི་མཱ་ཤི་ཀའི་གསང་བ་དེའི་དོན་ལ་བཙོན་པ་ཡིན་ཏེ། ང་ཚོས་གསང་བ་དེ་འཆད་པའི་ཕྱིར་དཀོན་མཆོག་གིས་བཀའ་སྒྲོག་པའི་གོ་སྐབས་མཛད་པའི་ཆེད་དུ་ང་ཚོའི་དོན་ལའང་སྨོན་ལམ་འདེབས།

4 ངས་གཏམ་ཤོད་འོས་པ་ལྟར། ངས་གསང་བ་དེ་གསལ་པོར་འཆད་པར་སྨོན་ལམ་ཡང་ཐོབ་ཅིག

5 གོ་སྐབས་གང་འབྱུང་ན་ཡང་ལས་བཟང་པོ་བྱེད་དེ། མཱ་ཤི་ཀ་ལ་དད་པ་མེད་པ་རྣམས་ཀྱི་མདུན་དུ་ཤེས་རབ་ཀྱིས་སྤྱོད་པ་བྱེད་དགོས།

6 མི་རེ་ལ་ལན་ཅི་ལྟར་འདེབས་པར་དགོས་པ་ཤེས་པའི་ཕྱིར་ཁྱེད་ཚོའི་གཏམ་ནི་རྟག་ཏུ་སྙན་ཞིང་ཚྭ་ཡི་བྲོ་བ་ལྟར་ལྡན་དགོས།

མཐའ་མཇུག་གི་འཚམས་འདྲི།

7 ཏི་ཀི་ཀུ་ཡིས་ཁྱེད་རྣམས་ལ་ངའི་གནས་ཚུལ་ཐམས་ཅད་འཆད་པར་འགྱུར། ཁོང་ནི་གཅེས་པའི་སྤུན་ཟླ་དང༌། ཞབས་ཕྱི་བློ་གཏད་ཆོག་པ་གཙོ་བོའི་ངང་ནས་གཡོག་པོ་གཅིག་པ་ཡིན།

8 ཁྱེད་ཚོར་སེམས་གསོ་བྱེད་པ་དང༌། ཁྱེད་ཚོས་ང་ཚོའི་གནས་སྟངས་ཀྱི་སྐོར་ཤེས་པའི་ཕྱིར་ངས་ཁོང་ཁྱེད་ཚོའི་རྩར་བཏང་བ་ཡིན།

9 ཁོང་དང་མཉམ་དུ་ཁྱེད་ཚོའི་ཕ་ཡུལ་གཅིག་པ་སྟེ་ང་ཚོའི་གཅེས་པའི་སྤུན་ཟླ་བློ་གཏད་ཆོག་པ་ཨོ་ནེ་སི་མུ་ཡང་བཏང་བ་ཡིན། ཁོང་ཚོས་འདིར་བྱུང་བ་ཐམས་ཅད་ཁྱེད་ཚོར་འཆད་པར་འགྱུར།

10 ངའི་བཙོན་གྲོགས་ཨ་རིས་ཐར་ཀུ་དང༌། པར་ན་པཱ་ཡི་སྤུན་མར་ཀུ་ཡིས་ཀྱང་ཁྱེད་ཚོར་འཚམས་འདྲི་ཞུ། (ཁྱེད་ཚོར་སྔར་ནས་ཁོང་གི་སྐོར་བཀའ་སློབ་ཐོབ། ཁྱེད་ཚོའི་རྩར་སླེབས་ན་ཁོང་ལ་སྣེ་ལེན་བྱེད་དགོས་)

11 ཡང་ཡུ་སི་ཏཱུ་ཞེས་ཟེར་བའི་ཡེ་ཤུ་ཡིས་ཁྱེད་ཚོ་ལ་འཚམས་འདྲི་ཞུ། ཁོང་ཚོ་གསུམ་ནི་ཡ་ཧུ་དཱ་པའི་དད་ལྡན་རྣམས་ཀྱི་ནང་ནས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་དོན་ལ་ངའི་ལས་རོགས་ཁོ་ན་ཡིན་ཏེ། ང་ལ་སེམས་གསོ་བྱས།

12 ཁྱེད་ཚོ་ལས་གཅིག་པ་ཡིན་ཏེ་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་ཨེ་པབ་རཱ་ཡིས་ཁྱེད་ཚོ་ལ་འཚམས་འདྲི་ཞུ། ཁོང་གིས་ཁྱེད་ཚོ་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ཆ་ཚང་བ་དང༌། ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རྟག་ཏུ་སྨོན་ལམ་ལ་འབད་བརྩོན་བྱེད།

13 ཁོང་གིས་ཁྱེད་ཚོ་དང༌། ལའོ་ཌི་ཀེ་ཡཱ་དང་ཧི་ར་པོ་ལི་གྲོང་ཁྱེར་གྱི་མི་རྣམས་ཀྱི་དོན་ལ་དཀའ་ལས་བརྒྱབ་པར་ངས་བདེན་དཔང་བྱེད།

14 གཅེས་པའི་སྨན་པ་ལུ་ཀཱ་དང༌། དེ་མཱ་གཉིས་ཀྱིས་ཁྱེད་ཚོ་ལ་འཚམས་འདྲི་ཞུ།

15 ལའོ་ཌི་ཀེ་ཡཱ་ལ་ཡོད་པའི་སྤུན་ཟླ་རྣམས་དང༌། ནིམ་ཕཱ་དང༌། ཁོ་མོའི་ཁང་པར་འཛོམས་པའི་ཆོས་ཚོགས་ལ་འཚམས་འདྲི་ཞུ།

16 ཡི་གེ་འདི་ཁྱེད་ཚོས་བཀླགས་ཚར་ནས་ལའོ་ཌི་ཀེ་ཡཱ་པ་རྣམས་ཀྱི་ཆོས་ཚོགས་ལ་ཀློག་ཏུ་ཆུག ཡང་ལའོ་ཌི་ཀེ་ཡཱ་ལ་བཏང་བའི་ཡི་གེ་དེ་ཁྱེད་ཚོས་ཀྱང་ཀློག་ཅིག

17 ཨར་ཀིབ་པུ་ལ་འདི་ལྟར་བརྗོད་དང༌། གཙོ་བོའི་ངང་ནས་ཐོབ་པའི་ལས་འགན་དེ་སྒྲུབས་ཤིག

18 ང་པའུ་ལུ་ཡིས་རང་གི་ལག་པས་འཚམས་འདྲི་འདི་བྲིས། ང་བཙོན་པ་ཡིན་པ་དྲན་པར་གྱིས་ཤིག ཐུགས་རྗེ་ཁྱེད་ཚོ་ཐམས་ཅད་ལ་འཐོབ་པར་གྱུར་ཅིག ། །།

 

*******************************

Colossians (3) – ཀོ་ལོ་སཱ་པ། (3)

Colossians (3) – ཀོ་ལོ་སཱ་པ། (3)

1 ཁྱེད་ཚོ་མཱ་ཤི་ཀ་དང་མཉམ་དུ་སླར་གསོན་པས། མཱ་ཤི་ཀའི་བཞུགས་གནས་དཀོན་མཆོག་གི་ཕྱག་གཡས་སུ་དེའི་དོན་འཚོལ་ཞིག

2 ས་ལ་ཡོད་པའི་དོན་ལ་བསམ་བློ་མི་གཏོང་བར། སྟེང་ལ་ཡོད་པའི་དོན་ལ་མུ་མཐུད་ནས་བསམ་བློ་གཏོང་ཞིག

3 རྒྱུ་མཚན་ནི་ཁྱེད་ཚོ་ཤི་ཟིན་པས། ཁྱེད་ཀྱི་ཚེ་མཱ་ཤི་ཀ་དང་མཉམ་དུ་དཀོན་མཆོག་གི་ནང་ན་སྦས་ཡོད།

4 ཁྱེད་ཚོའི་ཚེ་ཡིན་པའི་མཱ་ཤི་ཀ་སླར་ཡང་འཇིག་རྟེན་ལ་མངོན་པའི་སྐབས་སུ། ཁྱེད་ཚོའང་ཁོང་དང་མཉམ་དུ་གཟི་བརྗིད་དང་ལྡན་པར་མངོན་པར་འགྱུར།

5 དེའི་ཕྱིར་ཁྱེད་ཚོའི་འཇིག་རྟེན་གྱི་རང་གཤིས་ལ་གཏོགས་པ་སྟེ། ལོག་གཡེམ་དང༌། མི་གཙང་བ། འདོད་ཆགས། འདོད་པ་ངན་པ། ལྷ་སྐུ་རྣམས་ལ་རྟེན་པ་ཡིན་ཏེ་སེར་སྣ་ལ་སོགས་པ་དེ་གསོད་ཅིག

6 བྱ་བ་དེའི་ཕྱིར་དཀོན་མཆོག་གི་ཆད་པ་ནི་བཀའ་ལ་མི་ཉན་པ་རྣམས་ལ་ཕོག་པར་འགྱུར་ངེས་ཡིན།

7 འདོད་པ་དེའི་དབང་འོག་ཏུ་ཡོད་དུས་སྔར་ཁྱེད་ཚོས་དེ་ལྟར་སྤྱོད་པ་བྱས་ཀྱང༌།

ད་ཁྱེད་ཚོས་ཁོང་ཁྲོ་དང༌། ཁྲོ་བ། ངན་སེམས། དམའ་འབེབས་གཏོང་བ། སྨད་ར་གཏོང་བ་བཅས་ཐམས་ཅད་སྤོང་དགོས།

9 ཕན་ཚུན་ལ་རྫུན་གཏམ་མ་ཤོད་ཅིག གང་ཡིན་ཟེར་ན། ཁྱེད་ཚོས་རང་གཤིས་རྙིང་པ་དང་དེའི་སྤྱོད་པ་ངན་པ་ཕུད་དེ།

10 རང་གཤིས་གསར་པ་གོས་སུ་གྱོན་ཟིན་ནོ། དེ་ནི་དུས་རྟག་ཏུ་རྟོགས་པའི་ཐོག་ནས་འགོད་པ་གནང་མཁན་གྱི་གཟུགས་བརྙན་ལྟར་གསར་དུ་མཛད།

11 གསར་དུ་མཛད་པ་དེའི་ཆ་ནས་གྷི་རིག་གི་རིགས་དང་ཡ་ཧུ་དཱའི་རིགས། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ཡོད་པ་དང་མེད་པ། ཕྱི་རྒྱལ་བ། སི་ཁེའུ་ཐེ་པ། བྲན་གཡོག རང་དབང་ཅན་བཅས་ལ་དབྱེ་བ་ཅིའང་མེད་པར། མཱ་ཤི་ཀ་ནི་ཡོད་ཚད་ཡིན་ཞིང༌། ཐམས་ཅད་ནང་ལ་བཞུགས་སོ།།

12 དེའི་ཕྱིར་ཁྱེད་ཚོ་དཀོན་མཆོག་གིས་བདམས་པ་སྟེ་དམ་པ་དང་གཅེས་པ་ཡིན་པས། སྙིང་རྗེ་དང༌། བཀའ་དྲིན། སྙེམས་ཆུང༌། སེམས་དུལ་པོ། བཟོད་སེམས་བཅས་གོས་སུ་གྱོན།

13 གཅིག་གིས་གཅིག་ལ་བཟོད་པ་སྒོམ་ནས། གཅིག་གིས་གཞན་ལ་སྐྱོན་བརྗོད་ན། གཙོ་བོས་ཁྱེད་ལ་སྡིག་ཉེས་སེལ་བ་ལྟར་ཁྱེད་ཚོས་ཀྱང་ཕན་ཚུན་ལ་གུ་ཡངས་གཏོང་དགོས།

14 ཚང་མའི་ཐོག་ཏུ་ཕུན་སུམ་ཚོགས་པའི་འཆིང་བ་ཡིན་ཏེ་བྱམས་སེམས་གོས་སུ་གྱོན།

15 ཡང་ཁྱེད་ཚོ་ལུས་གཅིག་གི་ངང་ནས་བསྡུས་ཏེ། མཱ་ཤི་ཀའི་ཞི་བདེ་ལ་བོས་པ་ཡིན་པས། ཞི་བདེ་དེ་ཁྱེད་ཀྱི་སེམས་ལ་དབང་སྒྱུར་དུ་འཇུག་དགོས། ཡང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་ཤིག

16 མཱ་ཤི་ཀའི་བཀའ་ཁྱེད་ཚོའི་ནང་དཔག་ཏུ་མེད་པར་བཞུགས་དགོས། ཤེས་རབ་ཐམས་ཅད་ཀྱིས་ཕན་ཚུན་སློབ་སྟོན་དང་ཁ་ཏ་བྱེད། བཀའ་དྲིན་ཆེ་ཞུ་སྟེ་དཀོན་མཆོག་ལ་གསུང་མགུར་དང༌། བསྟོད་དབྱངས། མགུར་གླུ་ལེན།

17 ཡང་ལུས་ངག་གཉིས་ཀྱི་སྒོ་ནས་ཅི་བྱེད་ཀྱང༌། ཐམས་ཅད་གཙོ་བོ་ཡེ་ཤུའི་མཚན་གྱི་སྒོ་ནས་བྱེད་དེ། ཡབ་དཀོན་མཆོག་ལ་ཁོང་བརྒྱུད་ནས་བཀའ་དྲིན་ཆེ་ཞུས།

མཱ་ཤི་ཀ་པའི་ཁྱིམ་ཚང་གི་སྤྱོད་ལམ།

18 ཁྱེད་ཆུང་མ་རྣམས། གཙོ་བོ་ལ་གཏོགས་པའི་མི་རྣམས་འོས་པ་ལྟར་ཁྱོ་གའི་ཁ་ལ་ཉོན།

19 ཁྱེད་ཁྱོ་ག་རྣམས། ཆུང་མ་ལ་རྩུབ་པ་མི་བྱེད་པར་ཁོང་རྣམས་ལ་བྱམས་པར་གྱིས་ཤིག

20 ཁྱོད་ཕྲུ་གུ་རྣམས། དོན་ཐམས་ཅད་ལ་ཕ་མའི་བཀའ་ལ་ཉོན་ཞིག གང་ཡིན་ཞེ་ན། དེ་ལ་གཙོ་བོའི་ཐུགས་མཉེས་པས་སོ།

21 ཁྱེད་ཕ་རྣམས། རང་གི་ཕྲུ་གུ་ལ་ཁོང་ཁྲོ་མ་སློང༌། བསླངས་ན་ཁོ་ཚོ་ཡིད་ཐང་ཆད་པར་འགྱུར་སྲིད།

22 ཁྱེད་བྲན་གཡོག་རྣམས། ཁྱེད་ཚོའི་བདག་པོས་ལྟ་དུས་དགྱེས་པ་ཁོ་ན་མ་ཡིན་གྱི། བཅོས་མིན་ཏེ་གཙོ་བོ་ལ་བཀུར་སྟི་བྱེད་དེ་འཇིག་རྟེན་འདི་ལ་ཁྱེད་ཚོའི་བདག་པོ་ཡིན་པ་རྣམས་ཀྱི་བཀའ་ཐམས་ཅད་ལ་ཉོན།

23 ཁྱེད་ཚོས་གང་བྱེད་ཀྱང༌། མི་རྣམས་ཀྱི་དོན་དུ་མིན་ཏེ་གཙོ་བོ་ལ་གཡོག་བྱེད་པ་ལྟར་སེམས་ཀྱི་གཏིང་ནས་བྱེད་དགོས།

24 གང་ཡིན་ཞེ་ན། གཙོ་བོ་ནས་དཀོན་མཆོག་གིས་ཞལ་ཆད་གནང་བའི་བྱིན་རླབས་ཀྱི་སྐལ་བ་བྱ་དགའ་ལྟར་འཐོབ་རྒྱུ་ཡིན་པར་ཤེས། ཁྱེད་ཚོས་གཙོ་བོ་མཱ་ཤི་ཀ་ལ་གཡོག་བྱེད།

25 ཕྱོགས་རིས་ཅི་ཡང་མེད་པར་ངན་པ་བྱེད་མཁན་ལ་ངན་ལན་སློག་པར་འགྱུར་བས་སོ།།

 

***********************************

Colossians (2) – ཀོ་ལོ་སཱ་པ། (2)

Colossians (2) – ཀོ་ལོ་སཱ་པ། (2)

1 ཁྱེད་རྣམས་དང༌། ལའོ་ཌི་ཀེ་ཡཱ་གྲོང་ཁྱེར་གྱི་མི་རྣམས། དེ་བཞིན་ངའི་གདོང་མཐོང་མ་མྱོང་བའི་མི་ཐམས་ཅད་ལ་ཕན་པའི་ཕྱིར་ངས་དཀའ་ངལ་ཇི་ཙམ་སྤྱད་པ་ཁྱེད་ཚོས་ཤེས་པར་འདོད།

2 ངས་དེ་ལྟར་བྱེད་པའི་དོན་ནི་ཁོ་ཚོར་སེམས་གསོ་ཐོབ་ནས། བྱམས་སེམས་ཀྱིས་གཅིག་ཏུ་འགྱུར་བའི་ཆེད་དུ་ཡིན། དེ་ནས་ངེས་པར་དུ་རྟོགས་པ་ཚང་བ་དང་ལྡན་པར་གྱུར་ནས་ཁོ་ཚོས་དཀོན་མཆོག་གི་གསང་བ་སྟེ་མཱ་ཤི་ཀ་ཤེས་པར་འགྱུར།

3 ཁོང་གི་ནང་དུ་ཤེས་བྱ་དང་རྟོགས་པའི་གཏེར་ཐམས་ཅད་སྦས་ཡོད།

4 མི་སུས་ཀྱང་ཁྱེད་ཚོར་གཏམ་སྙན་པོས་མགོ་སྐོར་མི་གཏོང་བའི་ཕྱིར་འདི་ལྟར་སྨྲ།

5 ང་ནི་ལུས་ཀྱི་ཆ་ནས་ཁྱོད་ཚོའི་ཁྲོད་དུ་མེད་ནའང་སེམས་ཀྱི་ཆ་ནས་ཁྱོད་ཚོའི་རྩར་ཡོད། ངས་ཁྱེད་ཚོའི་སྒྲིག་ལམ་དང་མཱ་ཤི་ཀ་ལ་དད་སེམས་བརྟན་པོ་ཡོད་པ་ཤེས་པས་དགའ་བར་བྱེད།

མཱ་ཤི་ཀའི་ནང་ན་མི་ཚེ་ལོངས་སུ་སྤྱོད་པ།

6 དེ་བས་ན། ཁྱེད་ཚོས་གཙོ་བོ་མཱ་ཤི་ཀ་ཡེ་ཤུ་དང་ལེན་བྱས་པས་མཱ་ཤི་ཀ་པ་ལྟར་མི་ཚེ་སྐྱེལ་ཏེ།

7 ཁོང་གི་ནང་ན་རྩ་བ་བཙུགས་ཤིང༌། མཱ་ཤི་ཀ་ཡིན་པའི་རྨང་གཞིའི་ཐོག་རྩིག་སྟེ་ཁྱེད་སྔར་བསླབས་པ་ལྟར་དད་པ་ལ་བརྟན་པོར་གནས། བཀའ་དྲིན་ཆེ་ཞུ་བའི་སེམས་དེ་བས་མང་དུ་འཕེལ།

8 མི་སུ་ཞིག་གིས་སྟོང་ཞིང་མགོ་སྐོར་བའི་མཚན་ཉིད་ཀྱི་སྒོ་ནས་ཁྱེད་ཚོ་འཛིན་དུ་མ་འཇུག་ཅིག རྒྱུ་མཚན་ནི་གཏམ་དེ་མཱ་ཤི་ཀ་མིན་ཏེ། མིའི་ལུགས་སྲོལ་དང༌། འཇིག་རྟེན་འདིའི་ལྷ་ཚོགས་རྣམས་ལ་རྟེན་ཞིང༌།

9 མཱ་ཤི་ཀའི་ནང་ན་དཀོན་མཆོག་གི་ངོ་བོ་མཐའ་དག་གཟུགས་དང་བཅས་པར་བཞུགས་པས་སོ།

10 ཁོང་གི་ཐོག་ནས་ཁྱེད་ཚོ་ཚང་བར་མཛད་པར་གྱུར། ཁོང་ནི་དབང་དང༌། ནུས་མཐུ་ཐམས་ཅད་ཀྱི་དབུ་ལྟར་ཡིན།

11 ཡང་མཱ་ཤི་ཀའི་ཐོག་ནས་ཁྱེད་ཚོ་ནི་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་པ་ལྟར་གྱུར། མཱ་ཤི་ཀའི་རྟགས་དེ་མི་ཡི་ལག་པས་རེག་པ་མ་ཡིན་ཏེ་སྡིག་ཉེས་ཀྱི་རང་གཤིས་ཀྱི་དབང་ལས་སྒྲོལ་བར་འགྱུར་བ་དེ་ཡིན།

12 ཁྲུས་གསོལ་ལེན་པའི་སྒོ་ནས་ཁོང་དང་མཉམ་དུ་དུར་དུ་བཅུག་པ་ལྟར། ཁོང་འཆི་བ་ནས་སླར་གསོན་དུ་མཛད་པའི་དཀོན་མཆོག་གི་ནུས་མཐུ་ལ་དད་པ་བྱེད་པའི་ངང་ནས་ཁྱེད་ཚོ་སླར་གསོན་པར་མཛད།

13 ཡང་ཁྱེད་ཚོར་དཀོན་མཆོག་དང་འབྲེལ་བ་ཡག་པོ་མེད་ཅིང༌། ཁྲིམས་དང་འགལ་བའི་རྐྱེན་གྱིས་སྡིག་ཉེས་ཁྲོད་དུ་ཤི་བ་དང་འདྲ་བའི་ཚེ། ང་ཚོའི་ཁྲིམས་དང་འགལ་བའི་ལས་ངན་ཐམས་ཅད་བསལ་ནས་དཀོན་མཆོག་གིས་མཱ་ཤི་ཀ་དང་མཉམ་དུ་ཁྱེད་ཚོ་སླར་གསོན་པར་མཛད།

14 ཆོས་ཁྲིམས་ཀྱི་བུན་ཡིག་ང་ཚོར་སྐྱོན་བརྗོད་པ་དེ་བསལ་ནས་ཁོང་གིས་རྒྱང་ཤིང་ལ་གཟེར་གྱིས་བརྒྱབ་སྟེ་མེད་པར་མཛད།

15 ཁོང་གིས་མཐུ་ལྡན་དང་དབང་ཅན་རྣམས་ཀྱི་མཚོན་ཆ་ཕྲོགས་ནས། རྒྱང་ཤིང་ཐོག་ཁོ་ཚོ་ལས་རྒྱལ་ཏེ་ཁོ་ཚོ་མངོན་སུམ་དུ་ངོ་ཚ་རུ་འཇུག

16 དེའི་ཕྱིར་ཟ་འཐུང་ངམ། དུས་ཆེན། གནམ་གང༌། ངལ་གསོ་བའི་ཉིན་ལ་སོགས་པའི་ཕྱིར་མི་སུས་ཀྱང་ཁྱེད་ཚོ་ལ་སྐྱོན་བརྗོད་བྱེད་དུ་མ་འཇུག་ཅིག

17 དེ་ཚོ་ཐམས་ཅད་འོང་རྒྱུ་ཡིན་པ་རྣམས་ཀྱི་གྲིབ་མ་ཁོ་ན་ཡིན། འོན་ཀྱང་ངོ་མ་དེ་མཱ་ཤི་ཀའི་ཁོངས་སུ་གཏོགས།

18 རང་གི་དོན་དུ་དམན་ས་འཛིན་པ་དང༌། དཀོན་མཆོག་གི་ཕོ་ཉ་རྣམས་ལ་བསྙེན་བཀུར་བྱེད་མཁན་སུ་ཞིག་གིས་ཁྱེད་ཚོ་ལ་འཐོབ་རྒྱུ་ཡིན་པའི་བྱ་དགའ་འཕྲོག་ཏུ་མ་འཇུག་ཅིག དེ་ལྟར་གྱི་མིས་རང་གི་མིག་གིས་མཐོང་བའི་ཞལ་གཟིགས་ཀྱི་གཏམ་མང་པོ་བྱེད་ཅིང༌། མིའི་ལུགས་སྲོལ་ལྟར་བསམ་བློ་གཏོང་བའི་རྐྱེན་གྱིས་ང་རྒྱལ་ཅན་དུ་གྱུར་ཅིང༌།

19 སྐུ་ལུས་ཀྱི་དབུ་ལྟར་ཡིན་པའི་མཱ་ཤི་ཀ་དང་མ་འགྲོགས། ཁོང་ལ་བརྟེན་ནས་ལུས་ཧྲིལ་པོ་རྩ་རྒྱུས་ཀྱིས་སྦྲེལ་ཏེ་དཀོན་མཆོག་གིས་སྐྱེད་དུ་བཅུག་པ་ལྟར་ཆེ་རུ་སྐྱེ།

20 ཁྱེད་ཚོ་མཱ་ཤི་ཀ་དང་མཉམ་དུ་གྲོངས་ནས་འཇིག་རྟེན་གྱི་ལྷ་ཚོགས་རྣམས་ཀྱི་དབང་ལས་སྒྲོལ་བས། ཅིའི་ཕྱིར་འཇིག་རྟེན་འདི་ལ་གཏོགས་པའི་མི་ལྟར་གྱི་སྤྱོད་པ་བྱེད།

21 འདི་མ་འཆང༌། འདི་མ་མྱོང༌། འདི་མ་གཏུག་ཅེས་ཟེར་བའི་སྒྲིག་ལམ་ཅིའི་ཕྱིར་སྲུང༌།

22 དེ་ཚོ་ཐམས་ཅད་མི་རྣམས་ཀྱིས་བེད་སྤྱོད་བྱས་ནས་འཇིག་པར་འགྱུར་ལ། མིའི་ལུགས་སྲོལ་དང་མིའི་བསྟན་པ་ཁོ་ན་ཡིན།

23 དེ་ཚོར་རང་དགའ་བར་བཅོས་པའི་ཆོས་དང༌། དམན་ས་འཛིན་པའི་སེམས། དཀའ་ཐུབ་བཅས་ཡོད་པས་ཤེས་རབ་ཀྱི་འཁྲུལ་སྣང་ཡོད་ཀྱང༌། ལུས་ཀྱི་འདོད་ཆགས་འགོག་པར་མི་ཕན་ནོ།།

 

******************************