Romans (16) – རོ་མཱ་པ། (16)

Romans (16) – རོ་མཱ་པ། (16)

1 ངས་ཁྱེད་རྣམས་ལ་ཀེན་གྲེ་གྲོང་ཁྱེར་ཆོས་ཚོགས་ཀྱི་ཞབས་ཏོག་མ་སྟེ་ང་ཚོའི་སྲིང་མོ་ཕེ་སྦེ་འོས་སྦྱོར་བྱེད།

2 ཁོང་གིས་ང་ཚུད་པའི་མི་མང་པོར་རོགས་པ་གནང་བས། ཁྱེད་རྣམས་ནས་ཁོང་ལ་གང་དགོས་པ་གནང་ཞིང༌། དཀོན་མཆོག་གི་མི་རྣམས་ལ་བྱེད་འོས་པའི་ཚུལ་གྱིས་གཙོ་བོའི་ཐོག་ནས་ཁོང་བསུས་ཤིག

3 མཱ་ཤི་ཀ་ཡེ་ཤུའི་དོན་དུ་ངའི་ལས་གྲོགས་པི་རི་སི་ཀཱ་དང་ཨ་ཀུ་ལཱ་གཉིས་ལ་འཚམས་འདྲི་ཞུ།

4 ངའི་སྲོག་སྐྱོབ་པའི་ཆེད་དུ་སྔར་ཁོང་གཉིས་ལ་ཉེན་ཁ་ཆེན་པོ་བྱུང་མྱོང་བས། ང་གཅིག་པོ་མིན་ཏེ་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ཆོས་ཚོགས་ཐམས་ཅད་ཀྱིས་ཁོང་ཚོར་བཀའ་དྲིན་ཆེ་ཞུ།

5 ཁོང་ཚོའི་ཁང་པར་འཚོགས་པའི་ཆོས་ཚོགས་ལ་འཚམས་འདྲི་ཞུ། ཨེ་ཞེ་ཡཱ་ཞིང་ཆེན་ལ་མཱ་ཤི་ཀར་དད་ལྡན་དུ་འགྱུར་བ་དང་པོ་ཡིན་པའི་ངའི་གཅེས་པའི་གྲོགས་པོ་ཨེ་པེ་ནེ་ཏུ་ལ་འཚམས་འདྲི་ཞུ།

6 ཁྱེད་ཚོའི་དོན་དུ་དཀའ་བ་སྤྱོད་མཁན་མིར་ཡམ་ལ་འཚམས་འདྲི་ཞུ།

7 སྐུ་ཚབ་ཀྱི་ནང་ནས་མིང་གྲགས་ཆེ་བ་དང༌། ང་ཡི་སྔོན་དུ་མཱ་ཤི་ཀ་ལ་དད་པར་འགྱུར་མཁན་ཏེ་ངའི་སྤུན་དང་བཙོན་གྲོགས་ཨན་དྲོ་ནི་ཀུ་དང་ཡུན་ཡཱ་གཉིས་ལ་འཚམས་འདྲི་ཞུ།

8 གཙོ་བོའི་ནང་ན་ངའི་གཅེས་པའི་གྲོགས་པོ་ཨམ་པི་ལི་ཡ་ཊུ་ལ་འཚམས་འདྲི་ཞུ།

9 མཱ་ཤི་ཀའི་ནང་ན་ངེད་རྣམས་ཀྱི་ལས་གྲོགས་ཨུར་སྦ་ནུ་དང༌། ངའི་གཅེས་པའི་གྲོགས་པོ་སི་ཏ་ཀི་སི་ལ་འཚམས་འདྲི་ཞུ།

10 མཱ་ཤི་ཀའི་ཐོག་ནས་གདེང་འཇོག་ཐོབ་པ་ཨ་པེ་ལེ་ལ་འཚམས་འདྲི་ཞུ། ཨ་རི་སི་ཏོ་བུལ་གྱི་ཁྱིམ་མི་རྣམས་ལ་འཚམས་འདྲི་ཞུ།

11 ངའི་སྤུན་ཧེ་རོ་དི་ཡོན་དང༌། གཙོ་བོའི་ནང་ན་ཡོད་པའི་ནར་ཀི་སོའི་ཁྱིམ་མི་རྣམས་ལ་འཚམས་འདྲི་ཞུ།

12 གཙོ་བོའི་ནང་ན་ལས་གྲོགས་ཏྲི་ཕེ་ནཱ་དང་ཏྲི་ཕོ་སཱ་གཉིས་ལ་འཚམས་འདྲི་ཞུ། གཙོ་བོའི་ནང་ན་དཀའ་བ་སྤྱོད་མཁན་གཅེས་པའི་གྲོགས་པོ་པེར་སིས་ལ་འཚམས་འདྲི་ཞུ།

13 གཙོ་བོ་ཡིས་འདམ་པའི་རུ་ཕུ་སུ་དང༌། ངའི་མ་དང་འདྲ་བ་ཁོང་གི་ཡུམ་ལའང་འཚམས་འདྲི་ཞུ།

14 ཨ་སིན་ཀེ་རེ་ཏུ་དང༌། ཕེ་ལེ་གོན། ཧེར་མཱེ། པ་ཏྲོ་བཱ། ཧེར་མཱ། ཁོ་ཚོ་དང་འགྲོགས་པའི་སྤུན་ཟླ་རྣམས་ལ་འཚམས་འདྲི་ཞུ།

15 ཕི་ལོ་ལོ་གུ་དང༌། ཡུ་ལི་ཡཱ། ནེ་རེ་ཡུ་དང་ཁོང་གི་སྲིང་མོ། ད་དུང་ཨོ་ལིམ་པཱ་དང༌། ཁོ་རྣམས་དང་འགྲོགས་པའི་དད་ལྡན་རྣམས་ལ་འཚམས་འདྲི་ཞུ།

16 བྱམས་སེམས་ཀྱི་ཐོག་ནས་གཅིག་གིས་གཅིག་ལ་འོ་ཡིས་འཚམས་འདྲི་ཞུ། མཱ་ཤི་ཀའི་ཆོས་ཚོགས་ཐམས་ཅད་ཀྱིས་ཁྱེད་རྣམས་ལ་འཚམས་འདྲི་ཞུ།

17 སྤུན་ཟླ་རྣམས། ཁྱེད་ཀྱིས་ཐོས་པའི་བསྟན་པ་ལ་རྒོལ་ཏེ་དབྱེན་སྦྱོར་མཁན་དང་བར་ཆད་བཟོ་མཁན་རྣམས་ལ་དོགས་ཟོན་བྱེད་ཅིང་དེ་ལ་གཡོལ་བར་སྐུལ།

18 གང་ལགས་ཤེ་ན། དེ་ལྟ་བུའི་མི་རྣམས་ཀྱིས་ངེད་རྣམས་ཀྱི་གཙོ་བོ་མཱ་ཤི་ཀར་ཞབས་ཏོག་ཞུ་བ་མིན་ཏེ་རང་གི་འདོད་ཆགས་ལ་གཡོག་བྱེད་དོ། འཇམ་ཞིང་ངོ་བསྟོད་བྱེད་པའི་གཏམ་གྱིས་ཁོ་ཚོས་ངན་པའི་ཆ་ལ་རྒྱུས་མེད་པ་རྣམས་ལ་གཡོ་སྒྱུ་བྱེད།

19 ཁྱེད་ཚོས་དཀོན་མཆོག་གི་བཀའ་ལ་ཉན་པའི་ལོ་རྒྱུས་མི་ཐམས་ཅད་ལ་གྲགས་པས་ང་དགའ་ཡང༌། ངའི་རེ་བར་ཁྱེད་རྣམས་བཟང་པོའི་ཆ་ནས་མཁས་ཤིང་ངན་པའི་ཆ་ལ་རྒྱུས་མེད་པར་འགྱུར།

20 རིང་པོར་མ་ལོན་པར་ཞི་བདེ་གནང་བའི་དཀོན་མཆོག་གིས་ཁྱེད་ཀྱི་ཞབས་འོག་ཏུ་བདུད་སཱ་ཏན་རྫི་བར་འགྱུར། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་རྣམས་ལ་ལྡན་པར་གྱུར་ཅིག

21 ངའི་ལས་གྲོགས་ཐི་མོ་ཐེ་དང༌། ངའི་སྤུན་ལུ་ཀི་ཡཱུ། ཡཱ་སོན། སོ་སི་པཱ་ཏྲོ་ཡིས་ཁྱེད་ཚོར་འཚམས་འདྲི་ཞུ།

22 པའུ་ལུས་གསུངས་པའི་འཕྲིན་ཡིག་འདི་འབྲི་མཁན་ང་ཏེར་ཏི་ཡུ་ཡིས་གཙོ་བོའི་ཐོག་ནས་ཁྱེད་ཚོར་འཚམས་འདྲི་ཞུ།

23 ང་དང་ཆོས་ཚོགས་ཡོངས་ཀྱི་སྣེ་ལེན་པ་ག་ཡུ་ཡིས་ཁྱེད་ཚོར་འཚམས་འདྲི་ཞུ། གྲོང་ཁྱེར་གྱི་ཕྱག་མཛོད་ཨེ་ར་སི་ཏུ་དང་སྤུན་ཟླ་ཁུ་ཨར་ཏུ་ཡིས་ཁྱེད་རྣམས་ལ་འཚམས་འདྲི་ཞུ།

མཐའ་མཇུག་གི་བསྟོད་ཚིག

25 མཇུག་ཏུ་གཙོ་བོ་ཡེ་ཤུའི་སྐོར་ངས་སྒྲོག་པའི་འཕྲིན་བཟང་དང༌། དཀོན་མཆོག་གིས་སྔར་མི་མངོན་པའི་བདེན་པ་བཞིན་དུ་ཁོང་གིས་ཁྱེད་རྣམས་ཀྱི་དད་པ་སྲ་བརྟན་དུ་མཛད་ཐུབ།

26 འོན་ཀྱང་ལུང་སྟོན་པའི་མདོ་བརྒྱུད་ནས་བདེན་པ་དེ་ནི་ད་ལྟ་མངོན་པར་གྱུར་ཞིང༌། ཐོག་མཐའ་མེད་པའི་དཀོན་མཆོག་གི་བཀའ་དེ་བཞིན་མི་རིགས་ཐམས་ཅད་ལ་སྒྲོགས། དེ་ནི་དད་པ་སྐྱེས་ནས་ཁོ་ཚོས་ཁོང་གི་བཀའ་ལ་ཉན་པའི་ཆེད་དུ་ཡིན།

27 དཀོན་མཆོག་ཀུན་མཁྱེན་གཅིག་པོར་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་གཏན་དུ་གཟི་བརྗིད་དང་ལྡན་པར་གྱུར་ཅིག ཨ་མེན།། །།

 

*************************************

Romans (15) – རོ་མཱ་པ། (15)

Romans (15) – རོ་མཱ་པ། (15)

1 དད་པ་བརྟན་པོ་ཡོད་མཁན་ངེད་རྣམས་ཀྱིས་དད་པ་ཆུང་བ་དག་གིས་གང་མི་ཐུབ་པའི་བྱ་བར་བཟོད་པ་སྒོམ་དགོས་ཏེ། རང་འདོད་ལྟར་བྱེད་མི་རུང༌།

2 ང་ཚོ་མི་རེ་རེས་ཁོ་ལ་ཕན་པ་དང་དད་པ་ཡར་རྒྱས་གཏོང་བའི་ཕྱིར་ཁྱིམ་མཚེས་ལ་དགའ་བར་བྱེད་དགོས།

3 གང་ཡིན་ཞེ་ན། མཱ་ཤི་ཀས་ཀྱང་རང་གི་ཐུགས་འདོད་ལྟར་མ་མཛད། མདོ་ལས། ཁྱེད་ལ་སྨད་ར་གཏོང་མཁན་གྱི་སྨད་ར་ང་ལ་ཕོག་གོ་ཅེས་བྲིས།

4 གང་ཡིན་ཞེ་ན། སྔར་མདོ་ལ་གང་བྲིས་པ་ཐམས་ཅད་ངེད་རྣམས་ལ་སློབ་སྟོན་གྱི་དོན་དུ་བྲིས་པ་ཡིན་ཏེ། བཟོད་པའི་སེམས་དང་མདོ་ལས་འབྱུང་བའི་སྐུལ་མའི་སྒོ་ནས་ངེད་རྣམས་རེ་བ་དང་ལྡན་པར་འགྱུར་བའི་ཕྱིར་ཡིན།

5 བཟོད་སེམས་དང་སྐུལ་མ་གནང་མཁན་དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུ་ལྟར་ཁྱེད་ཚོ་ཕན་ཚུན་འཆམ་མཐུན་ངང་ནས་གནས་པར་ཤོག

6 དེ་ནི་ཁྱེད་ཚོས་ཐུན་མོང་ཐོག་ཁ་ཞེ་གཉིས་མེད་ཀྱིས་ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་པ་འབུལ་བའི་ཕྱིར་རོ།།

མཱ་ཤི་ཀ་ནི་མི་ཚང་མའི་རེ་བ་བཅོལ་ས་ཡིན།

7དེར་བརྟེན་དཀོན་མཆོག་གི་གཟི་བརྗིད་འཕེལ་བར་འགྱུར་བའི་ཆེད་དུ་མཱ་ཤི་ཀ་ཡིས་ཁྱེད་རྣམས་དང་ལེན་མཛད་པ་ལྟར་ཁྱེད་རྣམས་ཀྱིས་ཀྱང་ཕན་ཚུན་དང་ལེན་བྱོས་ཤིག

8-9 མེས་པོ་རྣམས་ལ་གནང་བའི་ཞལ་ཆད་སྒྲུབ་པར་མཛད་ཅིང༌། ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་ཁོང་གི་ཐུགས་རྗེའི་དོན་དུ་དཀོན་མཆོག་ལ་བསྟོད་བསྔགས་བྱེད་པའི་ཕྱིར། མཱ་ཤི་ཀ་ནི་དཀོན་མཆོག་གི་བདེན་པ་སྟོན་པར་མཛད་དེ་ཡ་ཧུ་དཱ་པ་རྣམས་ཀྱི་གཡོག་པོར་གྱུར་ཞེས་ངས་ཟེར། མདོ་ལ་བཀོད་པ་ལྟར་ན།

དེའི་ཕྱིར་ང་ཡིས་ཕྱི་པའི་ཁྲོད།།

ཁྱེད་ལ་བསྟོད་ཅིང་ཁྱེད་ཉིད་ཀྱི།།

མཚན་ལ་ང་ཡིས་བསྟོད་དབྱངས་དབུལ།།

10 ཡང་ཁོང་གིས།

ཕྱི་པ་རྣམས་ཀྱང་ཁོང་གི་ནི།།

འབངས་དང་མཉམ་དུ་དགའ་བར་བྱོས།།

ཞེས་གསུངས།

11 ཡང༌།

ཁྱེད་ཚོ་ཕྱི་པ་ཐམས་ཅད་ཀྱིས།།

གཙོ་བོའི་ཕྱོགས་ལ་བསྟོད་པ་ཕུལ།།

ཀུན་གྱིས་ཁོང་ལ་བསྟོད་དབྱངས་ཕུལ།།

ཞེས་འཁོད།

12 ཡང་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས།

མ་འོངས་པ་ཡི་དུས་ཤིག་ལ།།

ཡེ་སེའི་སྲས་ཤིག་འཁྲུང་བར་འགྱུར།།

དེ་ཡིས་ཕྱི་པར་དབང་བསྒྱུར་ནས།།

ཕྱི་པའི་རེ་བ་ཁོང་ལ་བཅོལ།།

ཞེས་གསུངས།

13རེ་བ་བཅོལ་བ་དང་ལྡན་པའི་དཀོན་མཆོག་གིས་ཁྱེད་ཚོས་ཁོང་ལ་དད་པ་བྱེད་དེ་དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་ཡིས་ཁྱེད་ཚོའི་རེ་བ་མང་དུ་འཕེལ་བའི་ཕྱིར། ཁྱེད་རྣམས་ལ་དགའ་སྤྲོ་དང་ཞི་བདེ་ཡིས་ཁེངས་པར་མཛད་པར་གྱུར་ཅིག

པའུ་ལུས་ཡིག་གེ་འདི་བྲིས་པའི་རྒྱུ་རྐྱེན།

14 ངའི་སྤུན་ཟླ་རྣམས། ཁྱེད་ཚོར་བྱམས་སེམས་དང་རྟོགས་པ་ཡིས་ཁེངས་ཏེ། ཕན་ཚུན་སློབ་སྟོན་བྱེད་ཐུབ་མཁན་ཡིན་པར་ང་རང་གིས་ཐེ་ཚོམ་མེད་པར་ཤེས།

15 འོན་ཏེ་གནད་དོན་ཁ་ཤས་ཀྱི་སྐོར་ཁྱེད་རྣམས་ལ་དྲན་སྐུལ་བྱེད་ཆེད་ངས་བློ་ཁོག་ཆེན་པོས་འདིར་བྲིས་པ་ཡིན། དེའི་རྒྱུ་མཚན་ནི་དཀོན་མཆོག་གིས་ང་ལ་གནང་བའི་ཐུགས་རྗེ་སྟེ།

16 ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ཆེད་དུ་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་བྱེད་པ་དང༌། དམ་པའི་ཐུགས་ཉིད་ཀྱིས་ཡ་ཧུ་དཱ་པ་མིན་པ་རྣམས་ལ་དམ་པར་མཛད་ནས་ཁོ་རྣམས་དཀོན་མཆོག་ཐུགས་མཉེས་པའི་མཆོད་པར་འགྱུར་བའི་ཕྱིར། ངས་དཀོན་མཆོག་གི་འཕྲིན་བཟང་སྒྲོག་སྟེ་མཆོད་གཡོག་པའི་ལས་བྱེད་པ་དེ་ཡིན།

17 དེའི་ཕྱིར་ང་མཱ་ཤི་ཀ་ཡེ་ཤུའི་ནང་ན་ཡོད་པས་ངས་དཀོན་མཆོག་གི་ཆེད་དུ་བྱས་པའི་བྱ་བ་དེ་ངོམས་སུ་ཆོག་པ་ཡོད།

18-19 མཱ་ཤི་ཀ་ཡིས་ང་བརྒྱུད་ནས་གང་མཛད་པ་མ་གཏོགས་པའི་གཏམ་གཞན་ཅིའང་ངས་ཤོད་མི་ཕོད། རྟགས་དང་ངོ་མཚར་བའི་དོན་དང་དེ་བཞིན། དམ་པའི་ཐུགས་ཉིད་ཀྱི་ནུས་མཐུ་བརྒྱུད་ནས་ངས་གང་བཤད་པ་དང་གང་བྱས་པའི་སྒོ་ནས་ཡ་ཧུ་དཱ་པ་མིན་པ་རྣམས་དཀོན་མཆོག་གི་བཀའ་ལ་ཉན་དུ་བཅུག དེ་ལྟར་ངས་ཡེ་རུ་ཤ་ལེམ་ནས་ཐ་ན་ཨི་ལི་རི་ཀོན་ཞིང་ཆེན་གྱི་བར་དུ་མཱ་ཤི་ཀའི་འཕྲིན་བཟང་ཕྱོགས་བཞིར་བསྒྲགས།

20 མི་གཞན་ཞིག་གིས་བཏིང་བའི་རྩིག་རྨང་སྟེང་མི་རྩིག་པའི་ཕྱིར། སྔོན་ལ་མཱ་ཤི་ཀའི་མཚན་མ་ཤེས་པའི་ས་ཆར་ང་འཕྲིན་བཟང་སྒྲོག་པར་འདོད།

21 མདོ་ལ་བཀོད་པ་ལྟར་ན།

ཁོང་ཉིད་གཏན་ནས་རྒྱུས་མེད་པའི།།

མི་རྣམས་ཀྱིས་ནི་མཐོང་བར་འགྱུར།།

ཁོང་ཉིད་གཏན་ནས་ཐོས་མེད་པའི།།

མི་རྣམས་ཀྱིས་ནི་ཤེས་པར་འགྱུར།།

རོ་མཱ་གྲོང་ཁྱེར་དུ་འགྲུལ་བའི་འཆར་གཞི།

22 དེའི་རྐྱེན་གྱིས་ཐེངས་མང་པོ་ཁྱེད་ཀྱི་རྩར་འགྲོ་འདོད་ཀྱང༌། ང་བཀག་བྱུང༌།

23 འོན་ཀྱང་ད་ལྟ་ཡུལ་འདི་རྣམས་སུ་ངའི་ལས་ཀ་ཚར་བར་གྱུར་ཞིང༌། ལོ་མང་པོའི་སྔོན་ནས་བཟུང་ཁྱེད་རྣམས་མཇལ་བར་འདོད་པས།

24 སི་པེན་ཡུལ་དུ་འགྲོ་བའི་ཞོར་ལ་དེ་ལྟར་བྱེད་པའི་འཆར་གཞི་ཡོད། ཁྱེད་ཚོ་དང་དུས་ཐུང་ངུ་འགྲོགས་ནས་ཁྱེད་ཀྱིས་ང་དེ་ཕྱོགས་སུ་སྐྱེལ་བར་རེ་བ་བྱེད།

25 འོན་ཀྱང་ད་ལྟ་དད་ལྡན་རྣམས་ལ་སྦྱིན་པ་འབུལ་བའི་ཕྱིར་ང་ཡེ་རུ་ཤ་ལེམ་ལ་འགྲོ

26 གང་ཡིན་ཟེར་ན། མ་ཀེ་དོན་ཡཱ་དང༌། ཨ་ཀ་ཡཱ་ཡུལ་གཉིས་ཀྱི་དད་ལྡན་པས་ཡེ་རུ་ཤ་ལེམ་གྱི་དད་ལྡན་རྣམས་ཀྱི་ཁྲོད་དུ་དབུལ་པོ་རྣམས་ལ་སྦྱིན་པ་གཏོང་བར་དགའ།

27 ཁོ་ཚོས་དེ་ལྟར་སྦྱིན་པར་དགའ་ཡང་དོན་དངོས་ཐོག་ཁོ་ཚོ་ནི་ཡ་ཧུ་དཱ་པ་ཚོའི་བུ་ལོན་པ་ནང་བཞིན་ཡིན། གང་ཡིན་ཞེ་ན། ཡ་ཧུ་དཱ་པ་མིན་པ་རྣམས་ལ་སེམས་ཉིད་ཀྱི་བྱིན་རླབས་ལས་སྐལ་བ་བཟང་པོ་ཐོབ་པ་ཡིན་པས། ཡ་ཧུ་དཱ་པས་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ནོར་རྫས་ལས་སྐལ་བ་ཞིག་འཐོབ་པར་རིགས་སོ།

28 དེའི་ཕྱིར་ངས་ལས་ཀ་འདི་བསྒྲུབས་ཏེ་གང་བསྡུས་པ་ཁོ་ཚོའི་ལག་ཏུ་གཏད་ནས་ང་སི་པེན་ཡུལ་ལ་འགྲོ་བའི་ཞོར་ལ་ཁྱེད་རྣམས་དང་མཇལ་རྒྱུ་ཡིན།

29 ང་ཁྱེད་ཀྱི་རྩར་ཡོང་བའི་ཚེ་མཱ་ཤི་ཀའི་བྱིན་རླབས་ཡོངས་སུ་གང་བ་དང་བཅས་པར་ཡོང་བ་ངས་ཤེས།

30 སྤུན་ཟླ་རྣམས། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་དམ་པའི་ཐུགས་ཉིད་ཀྱི་བྱམས་པའི་སྒོ་ནས་ངའི་ཕྱིར་དཀོན་མཆོག་ལ་སྨོན་ལམ་འདེབས་ཏེ་ང་དང་མཉམ་དུ་འབད་བརྩོན་བྱེད་པར་སྐུལ།

31 ཡ་ཧུ་དཱ་ཡུལ་དུ་དད་པ་དང་མི་ལྡན་པ་རྣམས་ལས་ཐར་བ་དང༌། ཡེ་རུ་ཤ་ལེམ་ལ་ངས་ཞབས་ཏོག་ཞུ་བ་དེ་དད་ལྡན་རྣམས་དགའ་བར་འགྱུར་བའི་ཕྱིར་སྨོན་ལམ་འདེབས་ཤིག

32 དེ་ནི་དཀོན་མཆོག་གི་དགོངས་པ་ལྟར་ང་དགའ་སྤྲོའི་ངང་ནས་ཁྱེད་ཀྱི་རྩར་ཡོང་ཞིང༌། ཁྱེད་དང་འགྲོགས་ཏེ་ངལ་གསོ་བར་འགྱུར་བའི་ཆེད་དུ་ཡིན།

33 ཞི་བདེ་གནང་མཁན་གྱི་དཀོན་མཆོག་ཁྱེད་ཚོ་ཐམས་ཅད་དང་མཉམ་དུ་འགྲོགས་པར་ཤོག ཨ་མེན།།

 

*****************************************

Romans (14) – རོ་མཱ་པ། (14)

Romans (14) – རོ་མཱ་པ། (14)

1 ལྟ་ཚུལ་གྱི་སྐོར་རྩོད་གླེང་མི་བྱེད་པར་དད་པ་དམན་པའང་དང་ལེན་བྱོས་ཤིག

2 མི་ཞིག་གིས་ཟས་རིགས་ཐམས་ཅད་ཟ་ཆོག་པར་དད་པ་བྱེད་ཀྱང༌། དད་པ་དམན་པས་སྔོ་ཚོད་ཁོ་ན་ཟ།

3 ཟས་རིགས་ཐམས་ཅད་ཟ་མཁན་གྱིས་ཟས་རིགས་ཐམས་ཅད་མི་ཟ་མཁན་ལ་མཐོང་ཆུང་མ་བྱེད་ཅིང༌། ཟས་རིགས་ཐམས་ཅད་མི་ཟ་མཁན་གྱིས་ཟས་རིགས་ཐམས་ཅད་ཟ་མཁན་ལ་སྐྱོན་འཛུགས་མ་བྱོས་ཤིག གང་ཡིན་ཟེར་ན། དཀོན་མཆོག་གིས་ཁོ་ཡང་དང་ལེན་མཛད།

4 མི་གཞན་གྱི་གཡོག་པོར་སྐྱོན་འཛུགས་བྱེད་མཁན་ཁྱོད་སུ་ཡིན། ཁོའི་བདག་པོ་ནི་ཁོ་ལ་གདེང་འཇོག་འཐོབ་བམ་མི་འཐོབ་པར་ཐག་གཅོད་བྱེད་མཁན་ཡིན། ཡང་ཁོ་གནས་པར་འགྱུར་ངེས་ཡིན། གང་ཡིན་ཞེ་ན། གཙོ་བོ་ནི་ཁོ་བརྟན་པོར་གནས་པར་མཛད་མཁན་ཡིན།

5 མི་གཅིག་གིས་ཉིན་མོ་གཅིག་གཞན་ལས་བཟང་བར་རྩི་མོད། གཞན་ཞིག་གིས་ཉིན་མོ་ཐམས་ཅད་གཅིག་པར་རྩི། མི་རེ་རེས་སོ་སོའི་སེམས་ལ་ཐེ་ཚོམ་མེད་པར་བྱེད་དགོས།

6 ཉིན་མོ་གཅིག་གཞན་ལས་བཟང་བར་རྩི་མཁན་གྱིས་གཙོ་བོའི་དོན་ལ་དེ་ལྟར་བྱེད། ཟས་རིགས་ཐམས་ཅད་ཟ་མཁན་གྱིས་གཙོ་བོ་ལ་བཀུར་སྟི་ཞུ་ཆེད་ཟ། གང་ལགས་ཟེར་ན། ཁོས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ། ཟས་རིགས་ཐམས་ཅད་མི་ཟ་མཁན་གྱིས་ཀྱང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་ཏེ་གཙོ་བོ་ལ་བཀུར་སྟི་ཞུ།

7 ངེད་རྣམས་སུས་ཀྱང་རང་གི་དོན་དུ་ཡང་མི་འཚོ། རང་གི་དོན་དུ་ཡང་མི་ཤི 8 འཚོ་ན་གཙོ་བོའི་དོན་དུ་འཚོ། ཤི་ན་གཙོ་བོའི་དོན་དུ་ཤི དེའི་ཕྱིར་ངེད་རྣམས་འཚོ་ནའང་ཤི་ནའང་གཙོ་བོའི་ཡིན།

9 གསོན་གཤིན་གཉིས་ཀ་གཙོ་བོའི་ཡིན་པའི་ཆེད་དུ་མཱ་ཤི་ཀ་གྲོངས་ནས་སླར་གསོན་པར་གྱུར་བ་ཡིན།

10 ཁྱོད་ཀྱིས་སྤུན་ཟླ་ལ་སྐྱོན་འཛུགས་ཅིའི་ཕྱིར་བྱེད། ཡང་ན་ཅིའི་ཕྱིར་སྤུན་ཟླ་ལ་མཐོང་ཆུང་བྱེད། གང་ལགས་ཤེ་ན། ང་ཚོ་ཐམས་ཅད་ཁྲིམས་གཅོད་མྱོང་བར་དཀོན་མཆོག་གི་བཞུགས་ཁྲིའི་དྲུང་དུ་འགྲོ་དགོས།

11 མདོ་ལ་བཀོད་པ་ལྟར་ན།

གཙོ་བོས་ང་རང་གསོན་པའི་སྒོ་ནས་ནི།།

བདེན་ཚིག་སྨྲ་རྒྱུར་སྐྱེ་བོ་ཐམས་ཅད་ཀྱིས།།

པུས་མོ་ང་ཡི་མདུན་དུ་འཛུགས་པ་དང༌།།

སྨྲ་ལྕེ་ཀུན་གྱིས་ང་ནི་དཀོན་མཆོག་ཉིད།།

ཡིན་པ་ཁས་སུ་ལེན་པར་བྱེད་པའོ།།

12 དེ་བས་ན་ང་ཚོ་རེ་རེས་བཟང་ངན་ཅི་བྱེད་པའི་སྐོར་དཀོན་མཆོག་ལ་རྩིས་འབུལ་ཞུ་བར་བྱ།

སྤུན་ཟླ་རྣམས་ལ་བར་ཆད་མི་བཟོ་བའི་སྐོར།

13 དེའི་ཕྱིར་ད་ཕྱིན་ཆད་གཅིག་གིས་གཅིག་ལ་སྐྱོན་འདོགས་མ་བྱོས། དེ་ལས་ལྡོག་སྟེ་ང་ཚོས་སྤུན་ཟླ་རྣམས་ལ་བར་ཆད་དམ་འགོག་རྐྱེན་མི་བཟོ་བའི་ཐག་གཅོད་བྱེད་དགོས།

14 ང་གཙོ་བོ་ཡེ་ཤུའི་དད་ལྡན་པ་ཞིག་གིས་ངས་ཡིད་ཆེས་གཏིང་ཟབ་ཀྱི་སྒོ་ནས་འདི་ལྟར་ཤེས། དངོས་པོ་གང་ཡང་རང་བཞིན་གྱིས་མི་གཙང་བ་མ་ཡིན། འོན་ཀྱང་སུ་ཞིག་གིས་དེ་མི་གཙང་བར་བརྩིས་ན་ཁོའི་ཕྱིར་མི་གཙང་བ་ཡིན།

15 ཁྱོད་ཀྱིས་གང་ཟ་བའི་རྐྱེན་གྱིས་ཁྱོད་ཀྱི་སྤུན་ཟླ་སེམས་འཁྲུགས་པར་གྱུར་ན། དེ་བྱམས་སེམས་བཞིན་དུ་མི་སྤྱོད། སྤུན་ཟླའི་ཆེད་དུ་མཱ་ཤི་ཀ་གྲོངས་པས་ཁྱོད་ཀྱིས་གང་ཟ་བའི་རྐྱེན་གྱིས་འཇིག་པར་མ་བྱེད།

16 དེའི་ཕྱིར་ཁྱོད་ཀྱིས་བཟང་པོ་རྩི་བ་དེ་ལ་ངན་པ་ཟེར་དུ་མ་འཇུག

17 གང་ཡིན་ཞེ་ན། དཀོན་མཆོག་གི་རྒྱལ་སྲིད་ནི་ཟ་འཐུང་མིན་ཏེ། དྲང་བདེན་ཉིད་དང༌། ཞི་བདེ། དམ་པའི་ཐུགས་ཉིད་ལས་འབྱུང་བའི་དགའ་སྤྲོ་བཅས་ཡིན། 18 འདི་ལྟའི་སྒོ་ནས་མཱ་ཤི་ཀ་ལ་ཞབས་ཏོག་ཞུ་མཁན་དེ་ལ་དཀོན་མཆོག་ཐུགས་མཉེས་ཤིང༌། མི་རྣམས་ཀྱང་དགའ།

19 དེ་བས་ན་ངེད་རྣམས་ཀྱིས་ཞི་བདེ་དང་ཕན་ཚུན་བློ་སྒོ་འབྱེད་པར་འབད་རྩོལ་བྱེད་དགོས།

20 ཟས་ཀྱི་དོན་དུ་དཀོན་མཆོག་གི་འཕྲིན་ལས་མ་འཇིག ཟས་ཐམས་ཅད་གཙང་མ་ཡིན་ཡང༌། ཟས་རིགས་ཐམས་ཅད་ཟ་བའི་སྒོ་ནས་མི་གཞན་ལ་བར་ཆད་བཏང་ན་དེ་ཡང་མི་དག་པ་ཡིན།

21 ཤ་ཟ་བའམ་རྒུན་ཆང་འཐུང་བ་དང༌། སྤུན་ཟླ་རྣམས་ལ་བར་ཆད་ཅིའང་བཟོ་བ་དེ་གང་ཡང་མ་བྱས་ན་ལེགས་སོ།

22 དོན་དེའི་སྐོར་ཁྱེད་ཀྱི་བསམ་ཚུལ་རང་གི་སེམས་ནང་དཀོན་མཆོག་གི་དྲུང་དུ་སྲུང༌། སུ་ཞིག་གིས་གང་བྱས་ན་བྱེད་ཆོག་པའི་བྱ་བར་སྐྱོན་འཛུགས་མི་བྱེད་པ་དེ་བདེ་བ་ཡིན།

23 འོན་ཀྱང་ཐེ་ཚོམ་ཅན་གྱིས་བཟས་ན། དད་པ་ལས་བྱུང་བ་མ་ཡིན་པས་ཆད་པ་ཕོག་པར་འགྱུར། གང་ཡིན་ཟེར་ན། དད་པ་ལས་མི་འབྱུང་བ་ཐམས་ཅད་ནི་སྡིག་ཉེས་ཡིན་ནོ།།

 

*********************************************