Galatians (6) – ག་ལད་ཡཱ་པ། (6)

Galatians (6) – ག་ལད་ཡཱ་པ། (6)

1 སྤུན་ཟླ་རྣམས། མི་ཞིག་གིས་དཀོན་མཆོག་གི་བཀའ་དང་འགལ་ན། དམ་པའི་ཐུགས་ཉིད་དང་ལྡན་པ་རྣམས་ཀྱིས་འཇམ་པོའི་ངང་ནས་ཁོ་སླར་གསོ་བྱེད་དགོས། ཁྱེད་ཚོ་ཡང་བསླུ་བར་མི་འགྱུར་བའི་ཕྱིར་དོགས་ཟོན་གྱིས་ཤིག

2 གཅིག་གི་ཁུར་པོ་གཅིག་གིས་ཁུར་ཞིག དེ་ལྟར་བྱས་ན་ཁྱེད་ཚོས་མཱ་ཤི་ཀའི་བཀའ་ཁྲིམས་སྒྲུབ་བོ།

3 མི་ཞིག་ཅིའང་མ་ཡིན་པ་དེས་གལ་ཆེན་པོ་ཡིན་སྙམ་ན། རང་གིས་རང་ལ་མགོ་སྐོར་གཏོང་མཁན་ཡིན།

4 མི་རེ་རེས་རང་གི་སྤྱོད་ལམ་ལ་བརྟག་དཔྱད་བྱེད་དགོས། དེ་ལྟར་བྱས་ན་མི་གཞན་གྱི་སྤྱོད་པ་དང་སྡུར་མི་དགོས་པར་རང་གི་སྤྱོད་ལམ་ལ་ཡིད་ཚིམ་པར་འགྱུར།

5 གང་ཡིན་ཞེ་ན། རེ་རེས་རང་གི་ཁུར་པོ་འཁུར་དགོས།

6 དཀོན་མཆོག་གི་བཀའི་སློབ་མ་རྣམས་ཀྱིས་བཟང་པོ་ཐམས་ཅད་སློབ་དཔོན་ལ་བགོ་བཤའ་རྒྱག་དགོས།

7 མགོ་མ་འཁོར་ཞིག སུས་ཀྱང་དཀོན་མཆོག་ལ་འཕྱ་སྨོད་བྱེད་མི་སྲིད། མི་ཞིག་གིས་གང་བཏབ་པ་དེའི་འབྲས་བུ་འཐོབ་པར་འགྱུར་བས་སོ།

8 སྡིག་པའི་རང་གཤིས་དང་བསྟུན་པའི་སྤྱོད་པ་བྱེད་མཁན་ལ་རང་གཤིས་དེ་ནས་འཆི་བའི་འབྲས་བུ་འཐོབ། འོན་ཀྱང་དམ་པའི་ཐུགས་ཉིད་དང་བསྟུན་པའི་སྤྱོད་པ་བྱེད་མཁན་ལ་ཐུགས་ཉིད་ནས་དཔག་ཏུ་མེད་པའི་ཚེ་སྲོག་གི་འབྲས་བུ་འཐོབ།

9 ང་ཚོས་བཟང་པོ་བྱེད་པར་ཡིད་ཐང་མ་ཆད་ཅིག དེ་ལྟར་བྱས་ན་དུས་ལ་འབབ་སྐབས་འབྲས་བུ་འཐོབ་པར་འགྱུར།

10 དེའི་ཕྱིར་གོ་སྐབས་ཅི་བྱུང་ཡང་ང་ཚོས་མི་ཐམས་ཅད་དང༌། ཁྱད་པར་དུ་དད་ལྡན་གྱི་སྤུན་ཟླ་རྣམས་ལ་བཟང་པོ་བྱེད་དགོས།

མཐའ་མཇུག་གི་སྐུལ་མ།

11 ངས་རང་གི་ལག་པས་བྲིས་པའི་ཡི་གེ་ཆེན་པོ་འདི་ལ་གཟིགས་དང༌།

12མཱ་ཤི་ཀའི་རྒྱང་ཤིང་གི་དོན་དུ་གནོད་འཚེ་མི་མྱོང་བའི་ཕྱིར་ཕྱི་ཚུལ་ལ་དང་བསྟོད་བྱེད་མཁན་རྣམས་ཀྱིས་ཁྱེད་ཚོ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་དུ་འཇུག་ཐབས་བྱེད།

13 ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་པ་རྣམས་ཀྱིས་ཆོས་ཁྲིམས་མི་སྲུང་ན་ཡང༌། ཁྱེད་ཚོའི་སྐོར་རང་བསྟོད་བྱེད་པའི་ཕྱིར་ཁྱེད་རྣམས་ལ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་རྒྱག་ཏུ་འཇུག་པར་འདོད།

14 འོན་ཀྱང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་རྒྱང་ཤིང་མ་གཏོགས་པར་ངས་གཞན་ཞིག་ལ་ཅི་ནས་ཀྱང་མི་བསྟོད། གཙོ་བོ་ཡེ་ཤུ་རྒྱང་ཤིང་སྒང་ལ་གྲོངས་པའི་སྒོ་ནས་ང་འཇིག་རྟེན་འདིའི་ཆ་ནས་ཤི་བ་དང༌། འཇིག་རྟེན་འདི་ཡང་ངའི་ཆ་ནས་མེད་པ་ལྟར་གྱུར།

15 ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་ཡོད་མེད་དེ་དོན་མེད་ཡིན། འོན་ཀྱང་གསར་དུ་སྐྱེ་བ་དེ་གལ་ཆེའོ།

16 ཡང་རྩ་དོན་དེ་བཞིན་དུ་སྲུང་མཁན་དང༌། དཀོན་མཆོག་གི་ཡི་སི་ར་ཨེལ་ལ་ཞི་བདེ་དང་ཐུགས་རྗེ་འབབ་པར་ཤོག

17 ངའི་གཟུགས་པོར་ཡེ་ཤུའི་རྨ་རྟགས་ཡོད་པས་ད་ནས་བཟུང་སུས་ཀྱང་ང་ལ་སྡུག་པོ་མ་གཏོང༌།

18 སྤུན་ཟླ་རྣམས། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཚོའི་སེམས་ལ་བཞུགས་པར་གྱུར་ཅིག ཨ་མེན།། །།

 

*********************************************

Galatians (5) – ག་ལད་ཡཱ་པ། (5)

Galatians (5) – ག་ལད་ཡཱ་པ། (5)

1 མཱ་ཤི་ཀ་ཡིས་ང་ཚོ་རང་དབང་གི་ཕྱིར་སྒྲོལ་བས། བརྟན་པོར་གནས་ཏེ་སུས་ཀྱང་ཆོས་ཁྲིམས་ཀྱི་གཉའ་ཤིང་ཁྱེད་རྣམས་ལ་ཡང་བསྐྱར་འཁུར་ཏུ་མི་འཇུག

དད་ལྡན་རྣམས་ཀྱི་རང་དབང༌།

2 ཉོན་ཅིག ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་ན། མཱ་ཤི་ཀ་ཁྱོད་རྣམས་ལ་ཅི་ཡང་མི་ཕན་ཞེས་ང་པའུ་ལུས་ཁྱོད་རྣམས་ལ་སྨྲའོ།

3 ཁྱོད་ཚོས་ཆོས་ཁྲིམས་ཀྱི་བཀའ་ཐམས་ཅད་སྲུང་དགོས་ཞེས་ངས་ཡང་བསྐྱར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་མཁན་རེ་རེར་དཔང་པོ་བྱེད།

4ཆོས་ཁྲིམས་སྲུང་བའི་སྒོ་ནས་དཀོན་མཆོག་གི་སྤྱན་སྔར་ཡང་དག་པར་འགྱུར་བར་འདོད་པ་རྣམས་ནི་མཱ་ཤི་ཀ་དང་འབྲེལ་བ་གཅོད་པར་གྱུར་ཏེ་ཐུགས་རྗེ་ལས་བྲལ་ལོ།

5 འོན་ཀྱང་དད་པའི་སྒོ་ནས་དམ་པའི་ཐུགས་ཉིད་བརྒྱུད་ང་ཚོས་དཀོན་མཆོག་གིས་ཞལ་ཆད་གནང་བའི་རྣམ་པར་དག་པ་ལ་རྟེན་སྟེ་ཡིད་རྟོན་ནས་སྒུག

6 གང་ལགས་ཟེར་ན། མཱ་ཤི་ཀ་ཡེ་ཤུའི་སྤྱན་སྔར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་ཡོད་མེད་དེ་དོན་མེད་ཡིན། དད་ལྡན་རྣམས་ཀྱིས་བྱམས་པའི་སྒོ་ནས་ལས་བྱེད་པ་དེ་འབའ་ཞིག་གལ་ཆེའོ།།

7 སྔར་ཁྱོད་ཚོ་རྒྱུག་ཤར་གློད་པ་ལྟར་གྱི་ཧུར་སེམས་ཆེ་ཡང༌། བདེན་པའི་བཀའ་ལ་ཉན་རྒྱུར་སུས་བཀག

8 སྐུལ་མ་དེ་ཁྱོད་ཚོ་འབོད་གནང་མཁན་ཡབ་དཀོན་མཆོག་ནས་མ་བྱུང༌།

9 སྐྱུར་རྩི་ཅུང་ཟད་ཅིག་གིས་བག་ཟན་ཧྲིལ་པོ་སྐྱུར་བར་བྱེད།

10 གཙོ་བོ་ཡེ་ཤུ་ལ་དད་པའི་ཐོག་ནས་ངས་ཁྱོད་ཚོ་ལོག་ལྟ་བྱེད་མཁན་དུ་མི་འགྱུར་བར་ཡིད་རྟོན་བྱེད། འོན་ཀྱང་ཁྱོད་ཚོ་དཀྲུག་མཁན་སུ་ཡིན་ཡང་དཀོན་མཆོག་གི་ཆད་པ་ཕོག་ངེས་སོ།

11 སྤུན་ཟླ་རྣམས། གལ་ཏེ་ངས་ད་དུང་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་རྒྱག་དགོས་བསྒྲགས་ན། གཞན་གྱིས་ང་ལ་ཅིའི་ཕྱིར་གནོད་སྐྱེལ། དེ་ལྟར་ཡིན་ན་ལོག་ལྟ་བྱེད་མཁན་གྱི་ཆ་ནས་རྒྱང་ཤིང་གི་བར་ཆད་མེད་པར་གྱུར།

12 ཁྱོད་ཚོ་དཀྲུག་མཁན་རྣམས་རང་གིས་རང་ལ་ཤ་གཅོད་པར་ཅི་མ་རུང༌།

13 སྤུན་ཟླ་རྣམས། ཁྱོད་ཚོ་རང་དབང་ཐོབ་ཕྱིར་བོས་པ་ཡིན། འོན་ཀྱང་དེ་ནི་སྡིག་པའི་རང་གཤིས་དང་བསྟུན་ནས་ལས་བྱེད་པའི་གོ་སྐབས་སུ་འགྱུར་མ་འཇུག ཁྱོད་ཚོས་བྱམས་པའི་ངང་ནས་གཅིག་གིས་གཅིག་ལ་གཡོག་བྱོས་ཤིག

14 ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་ཟུངས་ཤིག་ཅེས་པའི་བཀའ་གཅིག་གིས་ཆོས་ཁྲིམས་ཧྲིལ་པོ་སྡུད།

15 འོན་ཀྱང་གཅིག་གིས་གཅིག་ལ་སོ་བརྒྱབ་ནས་བཟས་ན་ཁྱོད་ཚོ་མེད་པར་མི་བྱ་བའི་ཕྱིར་དོགས་ཟོན་གྱིས་ཤིག

དམ་པའི་ཐུགས་ཉིད་ཀྱི་འབྲས་བུ།

16 ངས་བཤད་པའི་དོན་འདི་ལྟར་ཡིན། དམ་པའི་ཐུགས་ཉིད་ཀྱི་སྣེ་འཁྲིད་དང་བསྟུན་ཏེ་མི་ཚེ་སྐྱེལ་ཞིང༌། ཁྱེད་ཚོས་སྡིག་པའི་རང་གཤིས་ཀྱི་འདོད་པ་མི་བསྒྲུབ།

17 གང་ཡིན་ཞེ་ན། སྡིག་པའི་རང་གཤིས་ཀྱིས་དམ་པའི་ཐུགས་ཉིད་ལ་རྒོལ་ཞིང༌། དམ་པའི་ཐུགས་ཉིད་ཀྱིས་སྡིག་པའི་རང་གཤིས་ལ་ཡང་རྒོལ་ཏེ། ཁྱེད་ཚོས་རང་གི་འདོད་པ་ལྟར་མི་བྱེད་པའི་ཕྱིར་དེ་གཉིས་གཅིག་གིས་གཅིག་ལ་རྒོལ།

18 འོན་ཀྱང་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་རྣམས་འཁྲིད་ན། ཆོས་ཁྲིམས་ཀྱི་དབང་འོག་ཏུ་མེད།

19 སྡིག་པའི་རང་གཤིས་ཀྱི་ལས་རྣམས་གསལ་པོ་ཡིན་ཏེ། ལོག་གཡེམ་དང༌། མི་གཙང་བ། བག་མེད་སྤྱོད་པ།

20 ལྷ་ལ་རྟེན་པ། མཐུ་སྔགས། སྡང་སེམས། འཁྲུག་རྩོད། ཕྲག་དོག ཁོང་ཁྲོ་ལངས་བདེ་བ། ཁ་རྩོད། མི་མཐུན་པའི་ཕྱོགས་ཁག

21 འཁོན་སེམས། ར་བཟི་བ། བག་མེད་ཅན་གྱི་ཐུགས་སྤྲོ་ལ་སོགས། དེ་ལྟར་བྱེད་མཁན་དཀོན་མཆོག་གི་རྒྱལ་སྲིད་ལ་འཛུལ་བར་མི་སྲིད་པས། སྔར་ངས་ཁྱེད་རྣམས་ལ་བཤད་པ་ལྟར་ད་ལྟའང་དོགས་ཟོན་བྱེད་དོ།

22 འོན་ཀྱང་དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ནི་བྱམས་སེམས་དང༌། དགའ་སྤྲོ། ཞི་བདེ། བཟོད་པ། དྲིན་གཟོ། སེམས་བཟང་པོ། བློ་གཏད་ཆོག་པ།

23 སེམས་དུལ་པོ། རང་ཚོད་ཟིན་པ་ཡིན་ཏེ། འདི་དག་དང་མི་མཐུན་པའི་བཀའ་ཁྲིམས་མེད།

24 ཡང་མཱ་ཤི་ཀ་ཡེ་ཤུའི་ཁོངས་སུ་གཏོགས་པ་རྣམས་ཀྱིས་འདོད་ཆགས་དང་ལྡན་པའི་སྡིག་པའི་རང་གཤིས་རྒྱང་ཤིང་ལ་བརྒྱངས་ཏེ་བསད་པ་ཡིན་ནོ།

25 དམ་པའི་ཐུགས་ཉིད་ཀྱིས་ངེད་རྣམས་འཁྲིད་པས། ཐུགས་ཉིད་དང་བསྟུན་ཏེ་མི་ཚེ་སྐྱེལ་དགོས།

26 ང་ཚོས་རང་བསྟོད་བྱེད་པའམ། གཞན་ལ་འཁྲུག་རྐྱེན་སློང་བ། ཕྲག་དོག་བཅས་བྱེད་མི་རུང་ངོ༌།།

 

***************************************

Galatians (4) – ག་ལད་ཡཱ་པ། (4)

Galatians (4) – ག་ལད་ཡཱ་པ། (4)

1 ངས་བཤད་པའི་དོན་འདི་ལྟར་ཡིན། ཕྱུག་བདག་གི་བུ་ནི་ཐམས་ཅད་ཀྱི་བདག་པོ་ཡིན་ཡང༌། ཕྲུ་གུ་ཡིན་དུས་གཡོག་པོ་དང་ཁྱད་པར་མེད་དེ།

2 ཕ་ཡིས་བསྐོས་པའི་དུས་ཙམ་གྱི་བར་དུ་བུ་རྫི་དང༌། གཉེར་པའི་དབང་འོག་ཏུ་གནས་དགོས།

3 དེ་ལྟར་ང་ཚོ་ཡང་ཕྲུ་གུ་ཡིན་པའི་དུས་སུ་འཇིག་རྟེན་འདིའི་ལྷ་ཚོགས་རྣམས་ལ་བྲན་གཡོག་རྒྱུག་ཀྱང༌།

4 དུས་ལ་ཡོངས་སུ་འབབ་སྐབས་དཀོན་མཆོག་གིས་བུད་མེད་ལས་འཁྲུངས་ཤིང་ཆོས་ཁྲིམས་ཀྱི་དབང་འོག་ཏུ་ཡོད་པའི་རང་གི་སྲས་དེ་མངགས།

5 དེ་ནི་རང་སྲོག་བློས་བཏང་བ་ལས་བླུ་རིན་གྱིས་ཆོས་ཁྲིམས་ཀྱི་དབང་འོག་ཏུ་ཡོད་པ་རྣམས་ཐར་ཞིང༌། ང་ཚོ་ཁོང་གི་སྲས་སུ་མཛད་པའི་ཕྱིར་ཡིན།

6 ཁྱེད་ཚོ་སྲས་དང་སྲས་མོ་ཡིན་པས་དཀོན་མཆོག་གིས་སྲས་ཀྱི་དམ་པའི་ཐུགས་ཉིད་ “ཨབ་པཱ་ཡབ་” ཅེས་འབོད་དེ་ང་ཚོའི་སེམས་སུ་མངགས་ཡོད།

7 ད་ནས་བཟུང་ཁྱེད་བྲན་གཡོག་མིན་ཏེ་དཀོན་མཆོག་གི་སྲས་ཡིན། ཁོང་གི་སྲས་ཡིན་པས་དཀོན་མཆོག་གིས་ཞལ་ཆད་གནང་བའི་བྱིན་རླབས་ཐམས་ཅད་ཁྱེད་ལ་གནང་ངེས་སོ།།

པའུ་ལུས་ག་ལད་ཡཱ་པ་རྣམས་ལ་སེམས་ཁུར་བྱས་པ།

8 སྔར་དཀོན་མཆོག་ངོ་མ་ཤེས་པའི་དུས་སུ་ཁྱེད་ཚོས་དཀོན་མཆོག་མ་ཡིན་པའི་ལྷ་ཟེར་མཁན་རྣམས་ལ་བྲན་གཡོག་རྒྱུག

9 འོན་ཀྱང་ད་ལྟ་ཁྱེད་ཀྱིས་དཀོན་མཆོག་ངོ་ཤེས་པ་ནི༌༌༌༌། དོན་དམ་དུ་དཀོན་མཆོག་གིས་ཁྱེད་ཚོ་ངོ་མཁྱེན་པ་ཡིན་ཏེ། ཁྱོད་ཚོ་ཅིའི་ཕྱིར་ནུས་མཐུ་དང་ཕན་ཐོགས་མེད་པའི་འཇིག་རྟེན་འདིའི་ལྷ་རྣམས་གྱི་ཕྱོགས་སུ་སླར་ཡང་ལོག་འགྲོ དེ་ཚོར་བྲན་གཡོག་བྱེད་འདོད་པ་དེ་ཅི་ལ་སྲིད།

10 ཁྱོད་ཚོས་དཀོན་མཆོག་གི་ཐུགས་མཉེས་ཆེད་དུ་ཉིན་མོ་དང༌། ཟླ་བ། ནམ་དུས། ལོ་ལ་སོགས་པའི་དུས་ཆེན་སྲུང༌།

11 ངས་ཁྱོད་ཀྱི་ཕྱིར་ལས་བྱས་པ་དེ་དོན་མེད་པར་སོང་བའི་དོགས་པ་བྱེད།

12 སྤུན་ཟླ་རྣམས། ང་ཁྱེད་དང་འདྲ་བར་གྱུར་བ་ཡིན་པས་ཁྱེད་ང་དང་འདྲ་བར་འགྱུར་ཞིག་ཅེས་ཞུ་བ་འབུལ། ཁྱེད་ཀྱིས་ང་ལ་སྡུག་པོ་བཏང་མ་བྱུང༌།

13 དང་ཐོག་ང་ན་བས་ཁྱེད་ཚོར་འཕྲིན་བཟང་བཤད་པ་ཁྱེད་ཀྱིས་ཤེས།

14 ང་ན་བའི་རྐྱེན་གྱིས་ཁྱེད་རྣམས་དཀའ་ངལ་མྱོང་ནའང༌། ཁྱེད་ཀྱིས་ང་ལ་མཐོང་ཆུང་མ་བྱས་པ་དང་ཞེན་པ་མ་ལོག་པ་མ་ཟད། དཀོན་མཆོག་གི་ཕོ་ཉ་དང༌། མཱ་ཤི་ཀ་ཡེ་ཤུ་ཁོང་དང་འདྲ་བར་ང་བསུས།

15 ཁྱེད་ཚོའི་དགའ་སྤྲོ་དེ་གང་དུ་སོང༌། དེའི་ཚེ་བྱས་ཐུབ་ན་ཁྱེད་ཚོས་རང་གི་མིག་བཏོན་ནས་ང་ལ་སྟེར་བར་འགྱུར་བ་ལ་ངས་དཔང་པོ་བྱེད།

16 ད་ལྟ་ཁྱེད་ཚོར་བདེན་པ་བཤད་པའི་སྒོ་ནས་ང་ཁྱེད་ཚོའི་དགྲ་བོར་གྱུར་བ་ཡིན་ནམ།

17 འཕྲིན་བཟང་འཁྱོག་བཤད་བྱེད་མཁན་རྣམས་ལ་ཁྱེད་ཚོ་དང་འགྲོགས་པར་བརྩོན་སེམས་ཡོད་ནའང༌། དེ་ནི་ཁྱེད་ཚོར་ཕན་པའི་ཕྱིར་མ་ཡིན། ཁྱེད་ཚོ་ཁོ་རྣམས་དང་འགྲོགས་པའི་བརྩོན་སེམས་ཡོད་པ་བྱེད་ཆེད་ཁྱེད་རྣམས་ང་ཚོ་ལས་འབྲེལ་བ་རྒྱང་དུ་གཏོང་འདོད།

18 ང་ཁྱེད་ཚོ་དང་མཉམ་དུ་ཡོད་པའི་དུས་ཙམ་མ་ཟད། རྟག་ཏུ་དོན་བཟང་པོ་བྱེད་པར་བརྩོན་སེམས་ཡོད་ན་ལེགས།

19 ངའི་གཅེས་པའི་ཕྲུ་གུ་རྣམས། མཱ་ཤི་ཀའི་གཤིས་རྒྱུད་ཁྱེད་རྣམས་ལ་མ་འབྱུང་བའི་བར་དུ་ང་སྐྱེ་ཟུག་མྱོང་བའི་སྦྲུམ་མ་དང་འདྲ་བ་ཡིན་ཏེ།

20 ཁྱེད་རྣམས་ཀྱི་དོན་ལ་བྱ་ཐབས་མེད་པས་སྐད་གདངས་སྒྱུར་ནས་ང་ཁྱེད་ཚོ་དང་མཉམ་དུ་ཡོད་ན་ཅི་མ་རུང༌།

བུད་མེད་ཧ་གར་དང་ས་རཱ།

21 ཁྱོད་ཚོ་ཆོས་ཁྲིམས་ཀྱི་དབང་འོག་ཏུ་གནས་པར་འདོད་པ་རྣམས་ང་ལ་སྨྲོས་ཤིག ཆོས་ཁྲིམས་ཀྱི་དོན་མི་རྟོགས་སམ།

22 གསུང་རབ་ཀྱི་མདོ་ལས་ཨབ་ར་ཧམ་ལ་བུ་གཉིས་ཡོད་དེ། བྲན་མོ་ལས་གཅིག་དང༌། རང་དབང་ཡོད་པའི་བུད་མེད་ལས་གཅིག་སྐྱེས་ཞེས་བཀོད།

23 བྲན་མོ་ལས་སྐྱེས་པའི་བུ་ནི་འཇིག་རྟེན་གྱི་ལུགས་སུ་སྐྱེས། འོན་ཀྱང་རང་དབང་ཡོད་པའི་བུད་མེད་ལས་སྐྱེས་པའི་བུ་དཀོན་མཆོག་གིས་ཞལ་ཆད་གནང་བའི་དབང་གིས་སྐྱེས།

24 དེ་ནི་དཔེ་ཞིག་ཡིན། བུད་མེད་དེ་གཉིས་པོ་ཞལ་ཆད་གཉིས་པོ་ཡིན། གཅིག་རི་བོ་སི་ནཱ་ལས་བྱུང་བ་དེ་ཆོས་ཁྲིམས་ཀྱི་བྲན་པོར་འགྱུར་བའི་ཕྲུ་གུ་སྐྱེ་སྟེ་བུད་མེད་ཧ་གར་ཞེས་པ་དེ་ཡིན།

25 ཧ་གར་ནི་ཨ་རབ་ཡུལ་ལ་ཆགས་པའི་རི་བོ་སི་ནཱ་ཡིན་ཞིང༌། དེང་སྐབས་ཀྱི་ཡེ་རུ་ཤ་ལེམ་གྲོང་ཁྱེར་མཚོན། གང་ལགས་ཤེ་ན། རང་གི་ཕྲུ་གུ་དང་མཉམ་དུ་ཆོས་ཁྲིམས་ཀྱི་བྲན་པོ་ཡིན།

26 འོན་ཀྱང་བུད་མེད་གཞན་པ་ས་རཱ་ནི་སྟེང་གི་ཡེ་རུ་ཤ་ལེམ་མཚོན། ཁོང་རང་དབང་ཡོད་པའི་བུད་མེད་ཡིན་ཏེ་ང་ཚོའི་མ་ཡུམ་ཡིན་ནོ།

27 གསུང་རབ་ནང་འཁོད་པ་ལྟར་ན།

བུད་མེད་མོ་གཤམ་དགའ་སྤྲོ་སྐྱེད།།

མངལ་ཟུག་མ་མྱོང་བདེ་བར་རྩིས།།

ཁྱོ་ལྡན་བུ་མེད་རྣམས་ལས་ནི།།

ཁྱོ་མེད་པ་ལ་བུ་ཕྲུག་མང༌།།

28 སྤུན་ཟླ་རྣམས། ཁྱེད་ཚོ་ཨི་སཱག་ལྟར་དཀོན་མཆོག་གིས་ཨབ་ར་ཧམ་ལ་གནང་བའི་ཞལ་ཆད་ཀྱི་ཕྲུ་གུ་ཡིན།

29 འོན་ཀྱང་དེའི་སྐབས་སུ་འཇིག་རྟེན་གྱི་ལུགས་སུ་སྐྱེས་པ་དེས་དམ་པའི་ཐུགས་ཉིད་ཀྱི་དབང་གི་སྒོ་ནས་སྐྱེས་པ་དེ་ལ་གནོད་བསྐྱལ་བ་བཞིན། ད་ལྟའང་ཆོས་ཁྲིམས་ཀྱི་བྲན་པོ་རྣམས་ཀྱིས་དེ་ལྟར་བྱེད།

30 གསུང་རབ་ཀྱི་མདོ་ལས་ཅི་ཞིག་བྲིས། བྲན་མོ་དང་མོའི་བུ་སྐྲོད་ཅིག གང་ལགས་ཟེར་ན། བྲན་མོའི་བུ་ནི་རང་དབང་ཡོད་པའི་བུད་མེད་ཀྱི་བུ་དང་མཉམ་དུ་དཀོན་མཆོག་གིས་ཞལ་ཆད་གང་གནང་བ་དེ་མི་འཐོབ་པས་སོ་ཞེས་བཀོད།

31 སྤུན་ཟླ་རྣམས། དེའི་ཕྱིར་བྲན་མོའི་ཕྲུ་གུ་མིན་ཏེ་ང་ཚོ་རང་དབང་ཡོད་པའི་བུད་མེད་ཀྱི་ཕྲུ་གུ་ཡིན་ནོ།།

 

***************************************************