Acts (24) – མཛད་པ། (24)

Acts (24) – མཛད་པ། (24)

1 ཉི་མ་ལྔ་ཡི་རྗེས་སུ་བླ་ཆེན་གཙོ་བོ་ཨ་ནན་ཡཱ་དང༌། རྒན་པོ་ཁ་ཅིག ཏེར་ཏུལ་ལུ་ཞེས་པའི་ཁྲིམས་རྩོད་པ་དང་བཅས་ཏེ་དེར་སླེབས་པ་དང་སྤྱི་ཁྱབ་ཀྱི་མདུན་དུ་པའུ་ལུ་ལ་ནག་ཉེས་བཙུགས།

2 པའུ་ལུ་བོས་པ་དང་ཏེར་ཏུལ་ལུ་ཡིས་ཁོང་ལ་ཉེས་སྐྱོན་འཛུགས་ཏེ་སྤྱི་ཁྱབ་ལ་ “སྤྱི་ཁྱབ་ཕེ་ལིག་དཔོན་ཆེན་ལགས། ཁྱེད་ཀྱི་བཀའ་དྲིན་གྱིས་ང་ཚོ་ཡུན་རིང་ཞི་བདེ་ལ་ལོངས་སྤྱོད་ཅིང༌། ཁྱེད་ཀྱིས་སྔོན་གཟིགས་ལྟར་མི་རིགས་འདི་ལ་ཕན་པའི་བཅོས་བསྒྱུར་བྱུང༌།

3 ང་ཚོས་ཁྱེད་ཀྱི་བཀའ་དྲིན་འདིར་དུས་དང་རྣམ་པ་ཀུན་ཏུ་ཐུགས་རྗེ་ཆེ་ཞུའོ།

4 འོན་ཀྱང་ཁྱེད་ལ་དེ་བས་སྙན་སུན་མི་ཞུ་བའི་ཕྱིར་ཐུགས་རྗེས་ཆེན་པོས་ང་ཚོས་ཚིག་འགའ་ཞུས་པར་གསན་རོགས་གནང༌།

5 མི་འདི་ནི་ཡུལ་ཀུན་ཏུ་ཡ་ཧུ་དཱ་པ་ཐམས་ཅད་ཀྱི་ནང་ནས་རྙོག་དྲ་དང༌། ཟིང་ཆ་སློང་མཁན་གཙོ་བོ་ཞིག་དང༌། ན་ཙ་རེལ་པ་ཞེས་པའི་ཆོས་ལུགས་ཀྱི་འགོ་ཁྲིད་པ་བཅས་ཡིན་པ་ངེད་རྣམས་ཀྱིས་ཤེས།

6 མ་ཟད་ཁོས་མཆོད་ཁང་ཆེན་མོ་ལའང་མི་གཙང་བ་བྱེད་པར་བསམས་པས་ང་ཚོས་ཁོ་འཛིན་བཟུང་བྱས།

8 ཁྱེད་ཀྱིས་དོན་དེ་ཐམས་ཅད་ཀྱི་སྐོར་ཁོ་ལ་འདྲི་གཅོད་གནང་ན་ང་ཚོས་ཁོ་ལ་ཉེས་སྐྱོན་བཙུགས་པའི་རྒྱུ་མཚན་མཁྱེན་པར་འགྱུར་” ཞེས་སྨྲས།

9 ཡ་ཧུ་དཱ་པ་རྣམས་ཀྱིས་ཀྱང་ནག་ཉེས་བཙུགས་པའི་དོན་དེ་རྣམས་བདེན་པ་ཡིན་པར་ཁས་ལེན་བྱས།

10 དེ་ནས་སྤྱི་ཁྱབ་ཀྱིས་པའུ་ལུ་ལ་སྐད་ཆ་ཤོད་དགོས་པའི་བརྡ་བྱས་པས་པའུ་ལུས་ “ཁྱེད་ནི་ལོ་མང་པོའི་རིང་མི་རིགས་འདིའི་ཁྲིམས་དཔོན་ཡིན་པར་ངས་ཤེས། དེར་བརྟེན་ངས་དགའ་བའི་ངང་ནས་ང་ཉེས་མེད་པ་ཡིན་པའི་རྒྱུ་མཚན་ཁྱེད་ལ་གསལ་བཤད་བྱེད།

11 ང་བསྙེན་བཀུར་བྱེད་པའི་ཆེད་དུ་ཡེ་རུ་ཤ་ལེམ་ལ་སླེབས་ནས་ཉི་མ་བཅུ་གཉིས་ལས་མ་འགོར་བར་དེ་ཁྱེད་ཀྱིས་ལས་སླ་པོར་མཁྱེན་ཐུབ།

12 ངས་མཆོད་ཁང་ཆེན་མོ་དང༌། ཡང་ན་ཡ་ཧུ་དཱ་པའི་འདུ་ཁང༌། དེ་བཞིན་གྲོང་ཁྱེར་ནང་དུ་མི་སུ་དང་ཡང་རྩོད་གླེང་བྱེད་པའམ། ཟིང་ཆ་སློང་བ་ཁོ་ཚོས་མ་མཐོང༌།

13 ཁོ་ཚོས་ད་ལྟ་ང་ལ་ནག་ཉེས་འཛུགས་པ་དེར་ཁོ་ཚོས་ཀྱང་ར་སྤྲོད་བྱེད་མི་ཐུབ།

14 འོན་ཀྱང་ངས་ཁྱེད་ལ་དོན་གཅིག་ཁས་ལེན་བྱེད་དེ། ཁོ་ཚོས་ལོག་པའི་ཆོས་ཞེས་ཟེར་བའི་ལམ་བཞིན་དུ་ངས་མེས་པོའི་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཅིང༌། ཆོས་ཁྲིམས་དང་མཐུན་ཞིང་ལུང་སྟོན་པའི་མདོ་ན་གང་བྲིས་པ་ཐམས་ཅད་ལའང་དད་པ་བྱེད།

15 ཁོ་ཚོ་དང་འདྲ་བར་ངས་ཀྱང་དཀོན་མཆོག་ལ་ཡིད་རྟོན་བྱེད་དེ། དྲང་པོ་དང་ངན་པ་རིགས་གཉིས་ཀ་འཆི་བ་ནས་སླར་གསོན་པོར་འགྱུར།

16 དེའི་ཕྱིར་ངས་དཀོན་མཆོག་དང་མི་རྣམས་ཀྱི་མདུན་དུ་རྒྱུ་དག་ཡོད་པར་རྟག་ཏུ་བརྩོན།

17 ལོ་ཁ་ཤས་འགོར་བའི་རྗེས་སུ་ངའི་མི་རིགས་ལ་སྦྱིན་པ་གཏོང་ཞིང༌། མཆོད་པ་འབུལ་བའི་ཆེད་དུ་ས་དེར་ཡོང༌།

18 དེ་ལྟར་བྱེད་པའི་སྐབས་སུ་ངས་གཙང་སྦྲ་བྱེད་པའི་ཆོ་ག་སྒྲུབ་ཚར་ནས་ང་མཆོད་ཁང་ཆེན་མོར་ཡོད་པ་མི་ཚོགས་སམ། འཁྲུག་པ་ཅི་ཡང་མེད་པར་ཁོ་ཚོས་མཐོང༌།

19 འོན་ཀྱང་ཨེ་ཞེ་ཡཱ་ཞིང་ཆེན་ནས་ཡིན་པའི་ཡ་ཧུ་དཱ་པ་ཁ་ཅིག་གིས་ང་ལ་སྐྱོན་བརྗོད་བྱེད་རྒྱུ་ཡོད་ན། འདིར་ཁྱེད་ཀྱི་མདུན་དུ་ཡོང་ནས་བརྗོད་འོས་སོ།

20 ཡང་ན། ང་གྲོས་ཚོགས་ཀྱི་མདུན་དུ་ཡོད་སྐབས་ངས་ཉེས་པ་གང་ཞིག་བྱས་པ་དེ་མི་འདི་ཚོས་འཆད་དགོས་སོ།

21གྲོས་ཚོགས་ཀྱི་དཀྱིལ་ལ་ལངས་དུས་ངས་སྐད་ཆེན་པོས་གཤིན་པོ་རྣམས་འཆི་བ་ནས་སླར་གསོན་པར་འགྱུར་བའི་སྐོར་ལ་དེ་རིང་ཁྱེད་རྣམས་ཀྱི་མདུན་དུ་ཁྲིམས་གཅོད་མྱོང་ཞེས་སྨྲས་པ་ལས་སྐྱོན་གཞན་ཡོད་ན་ཁོ་ཚོས་ཁྱེད་ལ་སྨྲ་དགོས་” ཞེས་གསུངས།

22 ཡེ་ཤུའི་ཐར་ལམ་ཞིབ་པར་ཤེས་པའི་སྤྱི་ཁྱབ་ཕེ་ལིག་གིས་ཚོགས་འདུ་འཚོག་མཚམས་འཇོག་སྟེ་ “སྟོང་དཔོན་ལི་སི་ཡཱ་འདིར་སླེབས་ནས་ངས་ཁྱོད་ཀྱི་ཁྲིམས་ཐག་གཅོད་པར་བྱ་” ཞེས་བཤད།

23 དེ་ནས་ཁོས་བརྒྱ་དཔོན་ལ་པའུ་ལུ་ནན་པོར་སྲུང་མི་དགོས་ཏེ་ལྟ་སྐྱོང་བྱེད་མཁན་གྲོགས་པོ་རྣམས་ཀྱང་མི་འགོག་པའི་བཀའ་བཏང༌།

24 ཉིན་ཤས་ཀྱི་རྗེས་སུ་ཕེ་ལིག་དང་ཁོང་གི་སྐུ་ཟླ་ཡ་ཧུ་དཱ་པ་ཡིན་པའི་དྲུ་སིལ་ལཱ་བཅས་པ་ཡོང་ནས་པའུ་ལུ་བོས་པ་དང༌། པའུ་ལུས་མཱ་ཤི་ཀ་ཡེ་ཤུ་ལ་དད་པའི་སྐོར་ཀྱི་ཆོས་གསུངས་པ་ལ་ཉན།

25 པའུ་ལུས་དྲང་བདེན་ཉིད་དང༌། རང་ཚོད་ཟིན་པ། མ་འོངས་པའི་ཁྲིམས་གཅོད་བཅས་གསུངས་པས་ཕེ་ལིག་འཇིགས་ནས་ “ད་ཕར་སོང་ལ་དུས་ཚོད་བྱུང་ན་ངས་ཁྱོད་འབོད་པར་བྱ་” ཞེས་སྨྲས་ཀྱང༌།

26 ཕེ་ལིག་གིས་པའུ་ལུས་རང་ཉིད་ལ་དངུལ་སྤྲོད་པའི་རེ་བས་ཁོས་ཐེངས་མང་པོར་བོས་ནས་ཁོང་དང་གཏམ་བྱས།

27 ལོ་གཉིས་འགོར་བའི་རྗེས་སུ་པོར་ཀི་ཡུ་ཕེ་སི་ཏུ་ཞེས་བྱ་བ་ཕེ་ལིག་གི་ཚབ་ལ་སྤྱི་ཁྱབ་ཏུ་བསྐོས། སྤྱི་ཁྱབ་ཕེ་ལིག་གིས་ཡ་ཧུ་དཱ་པ་རྣམས་ལ་དགའ་བའི་ཕྱིར་པའུ་ལུ་མུ་མཐུད་བཙོན་ཁང་ལ་བཞག་གོ །

 

*******************************************

Acts (23) – མཛད་པ། (23)

Acts (23) – མཛད་པ། (23)

1 པའུ་ལུས་གྲོས་ཚོགས་ལ་ནན་གྱིས་བལྟས་ནས་ “སྤུན་ཟླ་རྣམས། དེ་རིང་གི་བར་དུ་ངས་དཀོན་མཆོག་གི་སྤྱན་སྔར་རྒྱུ་དག་ཡོད་པའི་སྒོ་ནས་སྤྱོད་པ་བཟང་པོ་བྱས་པ་ཡིན་” ཞེས་གསུངས།

2 བླ་ཆེན་གཙོ་བོ་ཨ་ནན་ཡཱ་ཡིས་པའུ་ལུའི་ཉེ་འཁོར་དུ་ལངས་ནས་བསྡད་ཡོད་པའི་མི་རྣམས་ལ་ཁོང་གི་ཞལ་ལ་གཞུ་དགོས་པའི་བཀའ་བཏང༌།

3 ཡང་པའུ་ལུས་ཁོ་ལ་ “ཁ་བཤད་དོན་ལ་མི་གནས་པ་ཁྱོད། དཀོན་མཆོག་གིས་ཁྱོད་རྡུང་བར་མཛད་ངེས་ཡིན། ཁྱོད་ཀྱིས་ཁྲིམས་བཞིན་དུ་ང་ཁྲིམས་གཅོད་བྱེད་པའི་ཆེད་དུ་དེར་བསྡད་ཡོད་ཀྱང༌། ཁྲིམས་དང་འགལ་ཏེ་ང་རྡུང་བའི་བཀའ་གཏོང་ངམ་” ཞེས་གསུངས།

4 པའུ་ལུ་ཡི་གཡས་གཡོན་དུ་ཡོད་པའི་མི་རྣམས་ཀྱིས་ “ཁྱོད་ཀྱིས་དཀོན་མཆོག་གི་བླ་ཆེན་གཙོ་བོ་ལ་དམའ་འབེབས་གཏོང་བར་ཕོད་དམ་” ཞེས་སྨྲས་པས།

5 པའུ་ལུས་ “སྤུན་ཟླ་རྣམས། ངས་ཁོང་བླ་ཆེན་གཙོ་བོ་ཡིན་པ་མ་ཤེས། གསུང་རབ་ཀྱི་ནང་ལ་ཁྱོད་ཀྱི་མི་རིགས་ཀྱི་དཔོན་པོ་ལ་དམའ་འབེབས་མ་གཏོང་ཞིག་ཅེས་འཁོད་ཡོད་” ཅེས་གསུངས།

6 མི་དེ་ཚོའི་ནང་ནས་ཕྱོགས་ཁག་ཅིག་སཱ་ཅུ་སེ་པ་དང༌། ཕྱོགས་ཁག་གཞན་ཕཱ་རུ་ཤི་པ་ཡིན་པ་མཁྱེན་པས་པའུ་ལུས་གྲོས་ཚོགས་ལ་སྐད་ཆེན་པོས་ “སྤུན་ཟླ་རྣམས། ང་ནི་ཕཱ་རུ་ཤི་པ་ཡིན་ལ། ཕཱ་རུ་ཤི་པའི་བུ་རྒྱུད་ཀྱང་ཡིན་ནོ། ངས་གཤིན་པོ་རྣམས་འཆི་བ་ནས་སླར་གསོན་པར་འགྱུར་བ་ལ་ཡིད་རྟོན་པར་དད་པ་བྱེད་པས་ད་ལྟ་ཁྲིམས་གཅོད་མྱོང་” ཞེས་གསུངས།

7 དེ་ལྟར་གསུངས་པས་ཕཱ་རུ་ཤི་པ་དང་སཱ་ཅུ་སེ་པ་གཉིས་ཀྱི་བར་དུ་རྩོད་གླེང་ཞིག་བྱུང་བས་གྲོས་ཚོགས་མི་མཐུན་པར་གྱུར།

8 (གང་ཡིན་ཞེ་ན། སཱ་ཅུ་སེ་པ་རྣམས་ཀྱིས་འཆི་བ་ནས་སླར་གསོན་པར་འགྱུར་བ་དང༌། དཀོན་མཆོག་གི་ཕོ་ཉ། སེམས་ཉིད་ཀྱང་མེད་ཅེས་ཟེར། ཕཱ་རུ་ཤི་པ་རྣམས་ཀྱིས་དེ་ཚོ་གསུམ་ཡོད་པར་ཟེར་)

9 འུར་སྒྲ་ཆེན་པོ་བྱུང་བ་དང༌། ཕཱ་རུ་ཤི་པའི་ཕྱོགས་ཁག་གི་ཆོས་ཁྲིམས་ལ་མཁས་པའི་མི་ཁ་ཤས་ལངས་ནས་རྩོད་གླེང་བྱེད་དེ་ “ང་ཚོས་མི་འདིར་ཉེས་སྐྱོན་ཅིའང་མི་རྙེད། གལ་ཏེ་སེམས་ཉིད་ཡང་ན་དཀོན་མཆོག་གི་ཕོ་ཉ་ཞིག་གིས་ཁོ་ལ་གཏམ་གསུངས་ན་ཅི་འདྲ་ལགས་” ཞེས་བཤད།

10 རྩོད་པ་དེ་ཤུགས་ཆེར་སོང་བས། ཁོ་ཚོས་པའུ་ལུ་དུམ་བུར་བཅད་པའི་ཉེན་ཁ་ཡོད་པར་འཇིགས་ནས། སྟོང་དཔོན་གྱིས་དམག་མི་རྣམས་ལ་པའུ་ལུ་ཁོ་ཚོའི་དཀྱིལ་ནས་མཁར་རྫོང་ལ་དབང་ཤུགས་ཀྱིས་འཁྲིད་དགོས་པའི་བཀའ་བཏང༌།

11 མཚན་མོ་དེར་གཙོ་བོ་ཡེ་ཤུ་པའུ་ལུའི་འགྲམ་དུ་བཞེངས་ཏེ་ “མ་འཇིགས་ཤིག ཡེ་རུ་ཤ་ལེམ་ལ་ཁྱོད་ཀྱིས་ང་ལ་བདེན་དཔང་བྱས་པ་ལྟར། རོ་མཱ་གྲོང་ཁྱེར་ལའང་དེ་ལྟར་བདེན་དཔང་བྱེད་དགོས་” ཞེས་གསུངས།

པའུ་ལུ་གསོད་རྒྱུའི་ཇུས་ངན་འདིང་བ།

12 དེའི་སང་ཞོགས་ཡ་ཧུ་དཱ་པ་ཁ་ཅིག་གིས་ཇུས་ངན་འདིང་བས་པའུ་ལུ་མ་བསད་པའི་བར་དུ་བཟའ་བཏུང་ཅི་ཡང་མི་སྤྱོད་པའི་དམ་བཅའ་བཞག

13 ཇུས་ངན་འདི་འདིང་མཁན་ནི་མི་བཞི་བཅུ་ལས་མང་བ་ཡོད།

14 ཁོ་ཚོས་བླ་ཆེན་དང་རྒན་པོ་རྣམས་ཀྱི་དྲུང་དུ་ཕྱིན་ནས་ “ང་ཚོས་པའུ་ལུ་མ་བསད་པའི་བར་དུ་བཟས་ཅི་ཡང་མི་སྤྱོད་པའི་དམ་བཅའ་ནན་གྱིས་བཞག་པས།

15 ད་གྲོས་ཚོགས་ཀྱི་མི་དང་བཅས་པས་སྔོན་ལས་ཞིབ་པར་འདྲི་གཅོད་བྱེད་ཁུལ་ཏེ། སྟོང་དཔོན་ལ་པའུ་ལུ་ཁྱེད་ཚོའི་མདུན་དུ་འཁྲིད་དགོས་པའི་ཞུ་བ་མངག་ཅིག ང་ཚོས་གྲ་སྒྲིག་བྱས་ཟིན་པས་པའུ་ལུ་ཉེ་བར་མ་སླེབས་པའི་སྔོན་ལ་ཁོ་གསོད་པར་བྱ་” ཞེས་བཤད།

16 ཡང་པའུ་ལུའི་སྲིང་མོའི་བུས་དེའི་སྐོར་ཐོས་ནས་མཁར་རྫོང་ལ་ཕྱིན་ཏེ་པའུ་ལུ་ལ་བཤད།

17 བརྒྱ་དཔོན་ཁྲོད་ནས་གཅིག་བོས་ཏེ་པའུ་ལུས་ཁོ་ལ་ “གཞོན་ནུ་འདི་སྟོང་དཔོན་གྱི་རྩར་འཁྲིད་དང༌། ཁོང་ལ་གཏམ་ཞུ་རྒྱུ་ཞིག་ཡོད་པས་སོ་” ཞེས་གསུངས་པས།

18 བརྒྱ་དཔོན་གྱིས་གཞོན་ནུ་དེ་སྟོང་དཔོན་གྱི་རྩར་འཁྲིད་ནས་ཁོ་ལ་ “བཙོན་པ་པའུ་ལུས་ང་བོས་ནས་གཞོན་ནུ་འདི་ཁྱེད་ཀྱི་རྩར་འཁྲིད་པར་ཞུས། གང་ཡིན་ཞེ་ན། ཁྱེད་ལ་གཏམ་ཞིག་ཞུ་རྒྱུ་ཡོད་” ཅེས་བཤད།

19 སྟོང་དཔོན་གྱིས་བུ་དེའི་ལག་པ་ནས་འཇུས་ཏེ་ཟུར་དུ་འཁྲིད་ནས་ཁོ་ལ་ “ང་ལ་གཏམ་ཅི་ཞིག་ཤོད་རྒྱུ་ཡོད་” ཞེས་བཤད་པ་ལ།

20 གཞོན་ནུ་དེས་ “ཡ་ཧུ་དཱ་པ་རྣམས་ཀྱིས་པའུ་ལུ་ལ་སྔོན་ལས་ཞིབ་པར་འདྲི་གཅོད་བྱེད་ཁུལ་ཏེ། ཁྱེད་ཀྱིས་སང་ཉིན་ཁོང་གྲོས་ཚོགས་ཀྱི་དྲུང་དུ་འཁྲིད་པའི་ཞུ་བར་གཏན་འཁེལ།

21 འོན་ཏེ་ཁོ་ཚོས་བཤད་པ་ལྟར་མ་གནང་ཞིག གང་ཡིན་ཞེ་ན། ཁོ་ཚོ་མི་བཞི་བཅུ་ལྷག་ཙམ་གྱིས་ཁོང་གསོད་པར་ལྐོག་ཏུ་སྒུག་ནས་སྡོད་དེ། ཁོང་མ་བསད་པའི་བར་དུ་བཟའ་བཏུང་ཅི་ཡང་མི་སྤྱོད་པའི་དམ་བཅའ་བཞག ད་ལྟ་གྲ་སྒྲིག་ཟིན་ཏེ་ཁྱེད་ཀྱིས་ཆོག་མཆན་གནང་རྒྱུ་ཁོ་ན་སྒུག་བསྡད་ཡོད་” ཅེས་སྨྲས།

22 སྟོང་དཔོན་གྱིས་ “ཁྱོད་ཀྱིས་ང་ལ་སྨྲས་པའི་དོན་འདི་མི་གཞན་སུ་ལའང་མ་ཤོད་ཅིག་” ཅེས་པའི་བཀའ་བཏང་ནས་གཞོན་ནུ་དེ་ཕར་བཏང༌།

པའུ་ལུ་སེ་སར་རེ་ཡཱ་གྲོང་ཁྱེར་དུ་ཁྲིད་པ།

23 སྟོང་དཔོན་གྱིས་བརྒྱ་དཔོན་གཉིས་བོས་ཏེ་ཁོ་རྣམས་ལ་ “རྐང་དམག་མི་ཉིས་བརྒྱ་དང༌། རྟ་དམག་བདུན་ཅུ། མདུང་དམག་ཉིས་བརྒྱ་བཅས་མཚན་མོའི་ཆུ་ཚོད་དགུ་པར་སེ་སར་རེ་ཡཱ་གྲོང་ཁྱེར་ལ་འགྲོ་བའི་གྲ་སྒྲིག་གྱིས་ཤིག

24 པའུ་ལུའི་ཕྱིར་བཞོན་པ་གྲ་སྒྲིག་བྱས་ནས་སྤྱི་ཁྱབ་ཕེ་ལིག་གི་རྩར་ཉེན་ཁ་མེད་པར་སྐྱོལ་ཞིག་” ཅེས་བཤད།

25 ཡང་ཁོས་གཤམ་དུ་ཡོད་པའི་ཡི་གེ་འདི་བྲིས།

26 ཀ་ལོ་དཱི་ལི་སི་ཡཱ་ཡིས་གུས་པར་འོས་པའི་སྤྱི་ཁྱབ་ཕེ་ལིག་ཁྱེད་ལ་འཚམས་འདྲི་ཞུའོ།

27 ཡ་ཧུ་དཱ་པ་རྣམས་ཀྱིས་མི་འདི་འཛིན་བཟུང་བྱས་ནས་གསོད་གྲབས་བྱེད་དུས། ངས་ཁོ་རོ་མཱ་པའི་མངའ་འབངས་ཤིག་ཡིན་པ་ཤེས་ཏེ་དམག་མི་དང་བཅས་པར་ས་ཆ་དེར་སོང་ཞིང་ཁོ་ཚོའི་ལག་པ་ནས་བསྐྱབས།

28 ཉེས་སྐྱོན་བཙུགས་པའི་དོན་གང་ཡིན་ཤེས་པར་འདོད་པས་ངས་མི་དེ་ཁོ་ཚོའི་གྲོས་ཚོགས་ཀྱི་དྲུང་དུ་འཁྲིད་པ་དང༌།

29སྐྱོན་འཛུགས་བྱས་པ་དེ་ཡང་ཁོ་ཚོའི་ཆོས་ཁྲིམས་ཀྱི་དོན་ཡིན་པ་ལས་སྲོག་ཁྲིམས་གཏོང་བའམ་བཙོན་དུ་བཅུག་དགོས་པའི་ཉེས་པ་ཅིའང་མེད་པ་དེ་ངས་རྟོགས།

30 དེ་རྗེས་ཁོ་གསོད་པའི་ཇུས་ངན་གྱི་གཏམ་ཐོས་སྐབས། མི་དེ་ཁྱེད་ལ་འཕྲལ་དུ་བསྐྱལ་བ་ཡིན། ཡང་ཉེས་སྐྱོན་འཛུགས་མཁན་རྣམས་ལའང་ཉེས་སྐྱོན་གང་ཡོད་པ་འཆད་པའི་ཕྱིར་ཁྱེད་ཀྱི་མདུན་དུ་འགྲོ་དགོས་པའི་བཀའ་བཏང༌།

ཞེས་བྲིས།

31 བཀའ་དེ་དང་བསྟུན་ཏེ་མཚན་མོའི་དུས་སུ་དམག་མི་རྣམས་ཀྱིས་པའུ་ལུ་ཨན་ཏི་པ་ཏྲི་གྲོང་ཁྱེར་དུ་བསྐྱལ།

32 དེའི་སང་ཉིན་རྐང་དམག་རྣམས་མཁར་རྫོང་ལ་ཕྱིར་ལོག་པ་དང༌། རྟ་དམག་རྣམས་པའུ་ལུ་འཁྲིད་དེ་ཕར་ཕྱིན།

33 ཁོང་རྣམས་སེ་སར་རེ་ཡཱ་གྲོང་ཁྱེར་དུ་སླེབས་སྐབས། ཡི་གེ་དེ་སྤྱི་ཁྱབ་ལ་སྤྲད་ཅིང་པའུ་ལུ་ཡང་ཁོའི་ལག་ཏུ་བརྩིས་སྤྲད།

34 སྤྱི་ཁྱབ་ཀྱིས་ཡི་གེ་དེ་བཀླགས་ནས་པའུ་ལུ་ཡུལ་གང་ནས་ཡིན་དྲིས་པ་ལ། ཁོང་ཀི་ལིག་ཡཱ་ཞིང་ཆེན་ནས་ཡིན་པར་ཤེས་ནས།

35 ཁོས་ “ཁྱོད་ལ་ཉེས་འཛུགས་མཁན་འདིར་སླེབས་པའི་ཚེ་ཁྱོད་ཀྱི་དོན་ཉན་པར་བྱ་” ཞེས་བཤད་ནས། རྒྱལ་པོ་ཧེ་རོ་དཱེ་ཡིས་བརྩིགས་པའི་ཕོ་བྲང་གི་བཙོན་ཁང་དུ་པའུ་ལུ་སྲུང་དགོས་པའི་བཀའ་བཏང་ངོ༌།།

 

************************************

Acts (22) – མཛད་པ། (22)

Acts (22) – མཛད་པ། (22)

1 པའུ་ལུས་ “རྒན་པོ་དང་སྤུན་ཟླ་རྣམས། ད་ལྟ་ངས་ཁྱེད་ཚོ་ལ་འདིར་གང་བྱུང་བའི་སྐོར་གསལ་བཤད་ཞུ་རྒྱུ་ཡིན་པས་གསན་རོགས་གནང་” ཞེས་གསུངས།

2 ཁོང་གིས་ཁོ་ཚོར་ཡ་ཧུ་དཱ་པའི་སྐད་ནས་གསུངས་པ་ཐོས་ནས་མི་ཚོགས་དེ་བས་ཁ་ཁུ་སིམ་པོར་གྱུར། ཁོང་གིས་

3 “ང་ནི་ཀི་ལིག་ཡཱ་ཡུལ་གྱི་ཊར་སཱུ་གྲོང་ཁྱེར་ལ་སྐྱེས་པའི་ཡ་ཧུ་དཱ་པ་ཞིག་ཡིན་ཞིང༌། གྲོང་ཁྱེར་འདིར་འཚར་ལོངས་བྱུང༌། ངེད་རྣམས་ཀྱི་མེས་པོའི་ཆོས་ཁྲིམས་ལྟར་སློབ་དཔོན་གཱ་མ་ལི་ཨེལ་དྲུང་དུ་ནན་ཏན་གྱིས་སྦྱངས་པ་བྱས་ཏེ། ཁྱེད་ཚོ་ཐམས་ཅད་ཀྱིས་དེ་རིང་བརྩོན་སེམས་ཆེན་པོས་དཀོན་མཆོག་ལ་བཀུར་སྟི་ཞུ་བ་ལྟར། ངས་ཀྱང་དཀོན་མཆོག་ལ་བཀུར་སྟི་ཞུས།

4 ངས་ལམ་འདིར་ཞུགས་པའི་མི་རྣམས་ལ་སྲོག་གཅོད་ཀྱི་གནོད་པ་སྐྱེལ་བ་ཙམ་མ་ཟད། སྐྱེས་ཕོ་མོ་གཉིས་ཀ་བཅིངས་ནས་བཙོན་ཁང་དུའང་བཅུག

5 དོན་འདིར་བླ་ཆེན་གཙོ་བོ་དང་རྒན་པོའི་གྲོས་ཚོགས་ཡོངས་ཀྱིས་དཔང་པོ་མཛད་ཐུབ། ཁོང་ཚོས་དཱ་མེ་སེག་གྲོང་ཁྱེར་གྱི་སྤུན་ཟླ་རྣམས་ལ་བྲིས་པའི་ཡི་གེ་ང་ལ་ཐོབ་ནས། ལམ་འདིར་འཛིན་མཁན་རྣམས་བཅིངས་ནས་ཆད་པ་གཏོང་བར་ཡེ་རུ་ཤ་ལེམ་ལ་འཁྲིད་པའི་ཕྱིར་ང་དཱ་མེ་སེག་གྲོང་ཁྱེར་ལ་འགྲོ་དུས།

6 དཱ་མེ་སེག་དང་ཉེ་བར་སླེབས་པའི་སྐབས་ཀྱི་ཉིན་གུང་ཙམ་ལ་ནམ་མཁའ་ནས་འོད་ཆེན་པོ་ཞིག་ངའི་ཕྱོགས་བཞིར་གློ་བུར་དུ་འཁྱུགས་པ་དང༌།

7 ང་ས་ལ་འགྱེལ་བ་དང༌། ཤ་ཨུལ། ཤ་ཨུལ། ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་གནོད་སྐྱེལ་ཞེས་གསུངས་པའི་སྐད་ཅིག་ཐོས།

8 ངས་ལན་དུ། གཙོ་བོ་ལགས། ཁྱེད་སུ་ཡིན་ཞེས་དྲིས་པས་ཁོང་གིས་ང་ནི་ཁྱོད་ཀྱིས་གནོད་སྐྱེལ་བཞིན་པའི་ན་ཙ་རེལ་པ་ཡེ་ཤུ་ཡིན་ནོ་ཞེས་གསུངས།

9 ངའི་ལམ་གྲོགས་རྣམས་ཀྱིས་འོད་དེ་མཐོང་ཡང༌། ང་ལ་གསུངས་པའི་སྒྲ་དེའི་དོན་མ་རྟོགས།

10 ཡང་ངས། གཙོ་བོ་ལགས། ངས་ཅི་བྱ་ཞེས་བཤད་ནས་གཙོ་བོས་ང་ལ། ཡར་ལོངས་ལ་དཱ་མེ་སེག་གྲོང་ཁྱེར་དུ་སོང་ཞིག དེར་ངའི་དགོངས་པ་ལྟར་ཁྱོད་ཀྱིས་གང་བྱེད་དགོས་པ་ཐམས་ཅད་ཁྱོད་ལ་སྨྲ་བར་འགྱུར་ཞེས་གསུངས།

11 འོད་ཆེན་པོ་དེའི་རྐྱེན་གྱིས་ངའི་མིག་མི་མཐོང་བར་གྱུར་བས་ལམ་གྲོགས་རྣམས་ཀྱིས་ངའི་ལག་པ་ནས་འཇུས་ཏེ་དཱ་མེ་སེག་ཏུ་འཁྲིད།

12 དེར་མིང་ལ་ཨ་ནན་ཡཱ་ཟེར་བའི་མི་ཞིག་ཡོད་པ་དེ་ལ་དེར་གནས་པའི་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་གུས་བཀུར་བྱེད་པ་དང༌། ཆོས་ཁྲིམས་བཞིན་དུ་ཆོས་སེམས་དང་ལྡན་པ་ཞིག་ཡིན།

13 ཁོང་ཕེབས་ཏེ་ངའི་འཁྲིས་སུ་བཞེངས་ནས། སྤུན་ཟླ་ཤ་ཨུལ། ཁྱེད་ཀྱི་མིག་གིས་མཐོང་བར་འགྱུར་ཞིག་ཅེས་གསུངས་མ་ཐག ངའི་མིག་གིས་མཐོང་བར་གྱུར་བ་དང༌། ངས་ཁོང་མཐོང་བྱུང༌།

14 དེ་ནས་ཁོང་གིས་ང་ལ། ངེད་ཀྱི་མེས་པོའི་དཀོན་མཆོག་གིས་ཁྱེད་བདམས་པར་མཛད་དེ། ཁོང་གི་དགོངས་པ་ཤེས་སུ་བཅུག་པ་མ་ཟད། སྐྱེས་བུ་རྣམ་པར་དག་པ་དེ་མཐོང་ནས་དེ་ཡི་གསུང་སྐད་ཐོས་པར་འགྱུར།

15 གང་ལགས་ཟེར་ན། ཁྱེད་ཀྱིས་གང་མཐོང་བ་དང་ཐོས་པ་དེ་མི་ཐམས་ཅད་ལ་བདེན་དཔང་བྱེད་མཁན་དུ་འགྱུར་ངེས་ཡིན།

16 ད་ཅིའི་ཕྱིར་འགྱངས་པར་བྱེད། ལོངས་ལ་ཁྲུས་གསོལ་ལེན་ཞིང༌། ཡེ་ཤུའི་མཚན་ལ་བརྟེན་ནས་ཁྱེད་ཀྱི་སྡིག་ཉེས་དག་པར་བྱོས་ཤིག་ཅེས་སྨྲས།

17 ཡེ་རུ་ཤ་ལེམ་ལ་ཕྱིར་ལོག་པའི་རྗེས་སུ་མཆོད་ཁང་ཆེན་མོར་སྨོན་ལམ་འདེབས་དུས་ང་ལ་ཞལ་གཟིགས་གནང་སྟེ།

18 གཙོ་བོས། ཁྱོད་ཀྱིས་ང་ལ་དཔང་པོ་བྱེད་པ་དེ་ཁོ་ཚོས་ཁས་མི་ལེན་པས་ཡེ་རུ་ཤ་ལེམ་ནས་མགྱོགས་པོར་ཐོན་ཏེ་སོང་ཞིག་ཅེས་གསུངས།

19 ངས། གཙོ་བོ་ལགས། སྔར་ངས་འདུ་ཁང་རེ་རེར་ཁྱེད་ལ་དད་པ་བྱེད་མཁན་རྣམས་བརྡུངས་ནས་བཙོན་དུ་བཅུག་པ་ཁོ་ཚོ་ཉིད་ཀྱིས་ཤེས།

20 ཡང་མི་རྣམས་ཀྱིས་ཁྱེད་ཀྱི་དཔང་པོ་སེ་ཏེ་ཕཱན་ལ་རྡོ་རུབ་བཏང་ནས་གསོད་པའི་སྐབས། ངས་ཀྱང་མོས་མཐུན་བྱས་ཏེ་དེར་བསྡད་ནས་ཁོ་ཚོའི་ཕྱི་གོས་སྲུང་ཉར་བྱས་ཞེས་ཟེར་བས།

21 ཁོང་གིས་ང་ལ། སོང་ཞིག ངས་ཁྱོད་ས་ཆ་འདི་ནས་ཐག་རིང་དུ་ཡ་ཧུ་དཱ་པ་མིན་པའི་རྩར་གཏོང་བར་བྱ་” ཞེས་གསུངས་སོ་ཞེས་པའོ།།

པའུ་ལུ་ནི་རོ་མཱ་པའི་མངའ་འབངས་ཤིག་ཡིན་པའི་སྐོར།

22 པའུ་ལུས་དེ་ལྟར་གསུངས་པའི་བར་དུ་མི་ཚོགས་ཀྱིས་ཉན་ནས་ཁོ་ཚོས་སྐད་ཆེན་པོས་ “ཁོ་གསོད་ཅིག མི་འདི་འདྲ་ཞིག་ས་གཞི་འདིར་གསོན་པར་མི་འོས་” ཞེས་སྨྲས།

23 ཁོ་ཚོས་སྐད་ཅོར་རྒྱག་བཞིན་ཕྱི་གོས་ཕུད་ནས་ས་རྡུལ་ཡང་ནམ་མཁའ་ལ་གཏོར་བའི་དུས་སུ།

24 མི་ཚོགས་ཀྱིས་དེ་ལྟར་སྐད་ཅོར་རྒྱག་པའི་རྒྱུ་མཚན་གང་ཡིན་ཤེས་པའི་ཕྱིར། སྟོང་དཔོན་གྱིས་དམག་མི་རྣམས་ལ་པའུ་ལུ་མཁར་རྫོང་ནང་དུ་འཁྲིད་དགོས་པ་དང༌། རྟ་ལྕག་གིས་བརྡུངས་ནས་ཁོང་ལ་འདྲི་གཅོད་བྱེད་དགོས་པའི་བཀའ་བཏང༌།

25 རྟ་ལྕག་གིས་རྡུང་བའི་ཆེད་དུ་ཐག་པས་བཅིངས་སྐབས་ཁོང་གིས་དེར་ཡོད་པའི་དམག་མི་བརྒྱ་དཔོན་ལ་ “ཁྲིམས་ཐག་བཅད་མེད་པའི་རོ་མཱ་པའི་མངའ་འབངས་ཤིག་ལ་རྟ་ལྕག་གཞུ་བ་དེ་ཁྲིམས་བཞིན་དུ་ཆོག་གམ་” ཞེས་གསུངས།

26 དེ་ཐོས་པས་བརྒྱ་དཔོན་དེ་སྟོང་དཔོན་གྱི་དྲུང་དུ་སོང་ནས་ཁོ་ལ་ “ཁྱེད་ཀྱིས་མཛད་པ་དེ་ཅི་ཡིན། མི་འདི་རོ་མཱ་པའི་མངའ་འབངས་ཤིག་ཡིན་ནོ་” ཞེས་བཤད།

27 སྟོང་དཔོན་ཡོང་ནས་པའུ་ལུ་ལ་ “ང་ལ་ཤོད་ཅིག ཁྱོད་རོ་མཱ་པའི་མངའ་འབངས་ཤིག་ཡིན་ནམ་” ཞེས་ཟེར་བས་ཁོང་གིས་ “ལགས་ཡིན་” ཞེས་གསུངས།

28 ལན་དུ་སྟོང་དཔོན་གྱིས་ “ངས་དངུལ་མང་པོ་ཞིག་བཏང་ནས་རོ་མཱ་པའི་མངའ་འབངས་དེ་ཐོབ་” ཅེས་སྨྲས་པ་དང༌། པའུ་ལུས་ “ང་སྐྱེས་དུས་ནས་རོ་མཱ་པའི་མངའ་འབངས་ཤིག་ཡིན་” ཞེས་གསུངས།

29 དེ་མ་ཐག་ཁོང་ལ་འདྲི་གཅོད་བྱེད་མཁན་རྣམས་ཕྱིར་བཤོལ་བརྒྱབ། སྟོང་དཔོན་གྱིས་ཀྱང་པའུ་ལུ་ནི་རོ་མཱ་པའི་མངའ་འབངས་ཤིག་ཡིན་པར་ཤེས་པ་དང༌། ཁོང་ལྕགས་ཐག་གིས་བཅིངས་པས་ཁོ་རང་འཇིགས་པར་གྱུར།

པའུ་ལུ་གྲོས་ཚོགས་དུ་ཁྲིད་པ།

30ཡ་ཧུ་དཱ་པ་རྣམས་ཀྱིས་པའུ་ལུ་ལ་ནག་ཉེས་བཙུགས་པའི་རྒྱུ་རྐྱེན་ཅི་ཡིན་པ་ངེས་པར་དུ་ཤེས་པར་འདོད་པས་སྟོང་དཔོན་གྱིས་དེའི་སང་ཉིན་པའུ་ལུ་གློད་བཀྲོལ་བཏང་ཞིང༌། བླ་ཆེན་དང་གྲོས་ཚོགས་ཡོངས་སྐོང་དགོས་པའི་བཀའ་བཏང་ནས་ཁོས་པའུ་ལུ་ཁོ་ཚོའི་དྲུང་དུ་འཁྲིད་དུ་བཅུག་གོ །

 

*******************************************