Romans (5) – རོ་མཱ་པ། (5)

Romans (5) – རོ་མཱ་པ། (5)

1 དེའི་ཕྱིར་དཀོན་མཆོག་གི་སྤྱན་སྔར་དད་པའི་སྒོ་ནས་རྣམ་པར་དག་པར་བརྩིས་བར་གྱུར་བས། ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་དང་བསྡུམས་པ་ཡིན།

2 དད་པའི་སྒོ་ནས་ཁོང་གིས་ངེད་རྣམས་ཐུགས་རྗེའི་ནང་ཚུད་ཅིང་གནས་པར་མཛད་པས། ང་ཚོས་དགའ་མགུའི་སེམས་ཀྱིས་དཀོན་མཆོག་གི་གཟི་བརྗིད་ཀྱི་གནང་སྦྱིན་འཐོབ་པའི་རེ་སྒུག་བྱེད།

3 དེ་མ་ཟད་སྡུག་བསྔལ་མྱོང་དུས་ང་ཚོས་དགའ་བར་བྱེད། གང་ལགས་ཟེར་ན། སྡུག་བསྔལ་ལས་བཟོད་པའི་སེམས་དང༌།

4 བཟོད་པའི་སེམས་ལས་རང་གཤིས་བཟང་པོ། རང་གཤིས་བཟང་པོ་ལས་རེ་བ་སྐྱེ་བ་ང་ཚོས་ཤེས།

5 རེ་བ་དེས་བློ་མི་འཕམ་མོ། གང་ཡིན་ཟེར་ན། ངེད་རྣམས་ལ་གནང་བའི་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་དཀོན་མཆོག་གི་བྱམས་པ་ང་ཚོའི་སེམས་ལ་ལྷག་པར་གནང་བ་ཡིན་པའི་ཕྱིར་རོ།

6 གང་ལགས་ཤེ་ན། ངེད་རྣམས་ལ་ཐར་ཐབས་མེད་པའི་ཚེ། དུས་ལ་འབབ་སྐབས་མཱ་ཤི་ཀ་སྡིག་ཅན་རྣམས་ཀྱི་ཆེད་དུ་གྲོངས།

7 རང་གཤིས་བཟང་པོ་ཞིག་གི་དོན་ལ་སྲོག་གཏོང་བ་དེ་དཀོན་པོ་ཡིན་ཡང༌། མི་ཧ་ཅང་བཟང་པོ་ཞིག་གི་དོན་ལ་སྲོག་གཏོང་བར་ནུས་སྲིད།

8 འོན་ཀྱང་ངེད་རྣམས་ད་དུང་སྡིག་ཉེས་ཅན་ཡིན་པའི་དུས་སུ། མཱ་ཤི་ཀ་ང་ཚོའི་དོན་དུ་སྐུ་སྲོག་བཏང་གནང་བའི་སྒོ་ནས་དཀོན་མཆོག་ཉིད་ཀྱི་བྱམས་པ་ཇི་ཙམ་ཡོད་པ་ངེད་རྣམས་ལ་བསྟན་པར་མཛད།

9 ད་ཁོང་གི་སྐུ་ཁྲག་གི་སྒོ་ནས་ངེད་རྣམས་རྣམ་པར་དག་པར་བརྩིས་པར་གྱུར་བས། ཁོང་བརྒྱུད་ནས་ང་ཚོ་དེ་བས་ཀྱང་དཀོན་མཆོག་གི་ཐུགས་ཁྲོ་ལས་ཐར་བར་འགྱུར།

10 གང་ཡིན་ཞེ་ན། ང་ཚོ་དཀོན་མཆོག་གི་དགྲ་བོ་ཡིན་པའི་དུས་སུ། ཁོང་གིས་ཉིད་ཀྱི་སྲས་སྐུ་སྲོག་བཏང་གནང་བའི་སྒོ་ནས་ང་ཚོ་དང་བསྡུམས་པར་མཛད་ན། ད་བསྡུམས་ཚར་བས་དེ་བས་ཀྱང་ཁོང་གི་སྐུ་ཚེ་ཡིས་ངེད་རྣམས་ཐར་བར་མཛད་པར་འགྱུར།

11 དེས་མ་ཟད་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ངེད་རྣམས་དཀོན་མཆོག་དང་བསྡུམས་པས་ང་ཚོས་དཀོན་མཆོག་ལ་ཡི་རང་ངོ༌།།

ཨ་དམ་དང་ཡེ་ཤུ་མཱ་ཤི་ཀ

12 མི་གཅིག་གི་རྐྱེན་གྱིས་སྡིག་ཉེས་འཛམ་གླིང་དུ་བྱུང་ཞིང༌། སྡིག་ཉེས་ལས་འཆི་བ་བྱུང་བས། ཐམས་ཅད་ཀྱིས་སྡིག་པའི་ལས་བྱས་པའི་རྐྱེན་གྱིས་འཆི་བ་ནི་མིའི་རིགས་ཀུན་ལ་བྱུང༌།

13 ཆོས་ཁྲིམས་མ་གནང་བའི་སྔོན་ལ་སྡིག་ཉེས་འཛམ་གླིང་དུ་ཡོད་ཀྱང༌། ཁྲིམས་མེད་པས་སྡིག་ཉེས་དེ་སྡིག་ཉེས་སུ་མ་བརྩིས།

14 འོན་ཀྱང་ཨ་དམ་ནས་ལུང་སྟོན་པ་མོ་ཤེའི་དུས་ཀྱི་བར་དུ་མི་ཚང་མ་འཆི་བའི་དབང་འོག་ཏུ་ཡོད། ཐ་ན་སྡིག་པའི་ལས་བྱེད་མཁན་རྣམས་ཨ་དམ་གྱིས་དཀོན་མཆོག་གི་བཀའ་དང་འགལ་བ་ལྟར་བྱས་པ་མ་ཡིན་ཀྱང་ཁོ་ཚོ་ཡང་འཆི་བའི་དབང་འོག་ཏུ་ཡོད། ཨ་དམ་ནི་འབྱོན་པར་འགྱུར་བའི་མཱ་ཤི་ཀ་ཡི་དཔེ་ཞིག་ཡིན།

15 འོན་ཀྱང་དཀོན་མཆོག་གི་རིན་ཐང་བྲལ་བའི་ཐུགས་རྗེའི་གནང་སྦྱིན་ནི་ཁྲིམས་འགལ་དང་མི་འདྲ་བ་ཡིན། གང་ཡིན་ཞེ་ན། མི་གཅིག་གིས་བཀའ་ཁྲིམས་དང་འགལ་བའི་རྐྱེན་གྱིས་མི་མང་པོ་ཤི་ན་ཡང༌། ཡེ་ཤུ་མཱ་ཤི་ཀ་མི་གཅིག་གི་ཐུགས་རྗེ་བརྒྱུད་ནས་བྱུང་བའི་དཀོན་མཆོག་གི་ཐུགས་རྗེའི་གནང་སྦྱིན་དེ་བས་ཀྱང་མི་མང་པོར་འཕེལ་བར་གྱུར།

16 ཡང་དཀོན་མཆོག་གི་རིན་ཐང་བྲལ་བའི་ཐུགས་རྗེའི་གནང་སྦྱིན་ནི་མི་གཅིག་གིས་བྱས་པའི་སྡིག་ཉེས་ཀྱི་འབྲས་བུ་དང་མི་འདྲ་བ་ཡིན། གང་ཡིན་ཟེར་ན། ཨ་དམ་གྱིས་བཀའ་ཁྲིམས་དང་འགལ་བ་ལས་ཁྲིམས་གཅོད་བྱུང༌། འོན་ཀྱང་དཀོན་མཆོག་གི་ཐུགས་རྗེའི་གནང་སྦྱིན་དེ་བཀའ་ཁྲིམས་དང་འགལ་བ་མང་པོའི་རྗེས་སུ་བྱུང་བ་དང༌། དེའི་འབྲས་བུ་མི་མང་པོ་རྣམ་པར་དག་པར་གྱུར་བ་དེ་ཡིན།

17 གལ་ཏེ་མི་གཅིག་གིས་བཀའ་ཁྲིམས་དང་འགལ་བའི་རྐྱེན་གྱིས་མི་མང་པོ་འཆི་བའི་དབང་འོག་ཏུ་གྱུར་ན། དེ་བས་ཀྱང་དཀོན་མཆོག་གི་ཡོངས་སུ་རྫོགས་པའི་ཐུགས་རྗེ་དང་རྣམ་པར་དག་པ་དེ་དཀོན་མཆོག་གི་གནང་སྦྱིན་འཐོབ་མཁན་རྣམས། མི་གཅིག་སྟེ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་གསོན་པར་འགྱུར་ཏེ་རྒྱལ་སྲིད་སྐྱོང་ངོ༌།།

18 དེ་བས་ན་མི་གཅིག་གིས་བཀའ་ཁྲིམས་དང་འགལ་བས་ཐམས་ཅད་ཁྲིམས་གཅོད་མྱོང་དགོས་པ་བཞིན། དེ་ལྟར་མི་གཅིག་གིས་དྲང་བདེན་ཉིད་ཀྱི་བྱ་བ་མཛད་པས་ཐམས་ཅད་རྣམ་པར་དག་པར་འགྱུར་ཞིང༌། དཔག་ཏུ་མེད་པའི་ཚེ་འཐོབ།

19 གང་ལགས་ཟེར་ན། མི་གཅིག་གིས་བཀའ་ལ་མ་ཉན་པས་མི་མང་པོ་སྡིག་ཉེས་ཅན་དུ་གྱུར་བ་ལྟར། དེ་བཞིན་མི་གཅིག་གིས་བཀའ་ལ་ཉན་པས་མི་མང་པོ་རྣམ་པར་དག་པར་འགྱུར།

20 ཁྲིམས་དང་འགལ་བ་གང་ཡིན་པ་ཤེས་པའི་ཕྱིར་ཆོས་ཁྲིམས་བྱུང༌། འོན་ཀྱང་སྡིག་ཉེས་འཕེལ་བས་ཐུགས་རྗེ་དེ་བས་ཀྱང་འཕེལ།

21 དེ་བས་ན་སྔོན་མ་སྡིག་ཉེས་ཀྱིས་འཆི་བའི་སྒོ་ནས་དབང་དུ་བསྒྱུར་མོད། ད་ལྟ་དཀོན་མཆོག་གི་ཐུགས་རྗེ་ཡིས་དབང་དུ་སྒྱུར། དེའི་འབྲས་བུ་ནི་ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ང་ཚོར་དཀོན་མཆོག་དང་ཡང་དག་པའི་འབྲེལ་བ་ཡོད་ཅིང༌། དཔག་ཏུ་མེད་པའི་ཚེའང་འཐོབ་བོ།།

 

***************************************************

Romans (4) – རོ་མཱ་པ། (4)

Romans (4) – རོ་མཱ་པ། (4)

1 བྱས་ན། མིའི་རིགས་ཀྱི་ཆ་ནས་ང་ཚོའི་མེས་པོ་ཨབ་ར་ཧམ་གྱི་སྐོར་ལ་ཅི་སྨྲ། ཁོང་གིས་དོན་འདིའི་སྐོར་ལ་ཅི་མཁྱེན།

2 གལ་སྲིད་ཨབ་ར་ཧམ་དགེ་བའི་ལས་ལ་བརྟེན་ནས་དཀོན་མཆོག་གི་སྤྱན་སྔར་རྣམ་པར་དག་པར་གྱུར་ན། ཁོང་ལ་རང་བསྟོད་བྱེད་རྒྱུ་ཡོད་ཀྱང༌། དེ་དཀོན་མཆོག་གི་དྲུང་དུ་མེད།

3 གསུང་རབ་ལས་ཅི་གསུང༌། ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དད་པ་བྱས་པས། དཀོན་མཆོག་གིས་ཁོང་རྣམ་པར་དག་པའི་མི་ཞིག་ལ་བརྩིས་གནང་ངོ་ཞེས་གསུངས།

4 འོ་ན། ལས་ཀ་བྱེད་མཁན་གྱི་གླ་ཆ་ནི་སྦྱིན་པ་མིན་ཏེ་ཐོབ་འོས་པར་རྩི།

5 འོན་ཀྱང་མི་ཞིག་གིས་དགེ་བའི་ལས་ལ་མ་བརྟེན་པར་ངན་པ་བྱེད་པ་རྣམས་ལ་རྣམ་པར་དག་པར་མཛད་མཁན་ལ་དད་པ་བྱས་ན། ཁོའི་དད་པ་ནི་རྣམ་པར་དག་པར་རྩིའོ།

6དེ་ལྟར་དགེ་བའི་ལས་དང་བྲལ་བར་དཀོན་མཆོག་གིས་རྣམ་པར་དག་པ་དང་ལྡན་པ་ལྟར་རྩི་གནང་བའི་མི་ཡི་བདེ་བའི་སྐོར་རྒྱལ་པོ་དཱ་བིད་ཀྱིས་ཀྱང་གསུངས་ཏེ།

7 སུ་ཡི་སྡིག་ཉེས་བསལ་བར་གྱུར།།

སྡིག་ཉེས་སེལ་བའི་མི་རྣམས་བདེ།།

8 སུ་ཡི་སྡིག་ཉེས་གཙོ་བོ་ཡིས།།

བརྩི་བར་མི་འགྱུར་མི་དེ་བདེ།།

9 བདེ་བ་དེ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་པ་ཁོ་ནའམ། ཡང་ན་མེད་པ་རྣམས་ཀྱི་ཆེད་དུ་ཡིན། ང་ཚོས་ཨབ་ར་ཧམ་གྱིས་དད་པ་བྱས་པས་དཀོན་མཆོག་གིས་ཁོང་རྣམ་པར་དག་པའི་མི་ཞིག་ལ་བརྩིས་གནང་ངོ་ཞེས་སྨྲས།

10 དེ་ནི་ཇི་ལྟར་བྱུང༌། ཁོང་གིས་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་པའི་སྔོན་དུ་རྣམ་པར་དག་པའི་མི་ལ་བརྩིས་སམ། ཡང་ན་རྗེས་སུ་བརྩིས། རྗེས་སུ་མིན་ཏེ་སྔོན་དུ་བྱུང་ངོ༌།

11 ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ནི་ཨབ་ར་ཧམ་ལ་དད་པ་ཡོད་ཅིང༌། དཀོན་མཆོག་གིས་ཁོང་དང་ལེན་མཛད་དེ་རྣམ་པར་དག་པ་དང་ལྡན་པར་བརྩིས་གནང་བའི་རྟགས་ཤིག་ཡིན། དེ་ནི་ཁོང་གིས་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མ་ལེན་པའི་སྔོན་དུ་ཡིན། དེའི་ཕྱིར་ཨབ་ར་ཧམ་ནི་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མི་ལྡན་པ་རྣམས་ལ་དད་པ་བྱེད་མཁན་གྱི་མེས་པོ་ཡིན། དད་པ་བྱས་པའི་རྐྱེན་གྱིས་ཁོ་ཚོ་རྣམ་པར་དག་པའི་མི་ལ་རྩི་བར་འགྱུར།

12དེ་བཞིན་དུ་ཁོ་ཚོར་ཁོང་གིས་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མ་ལེན་པའི་སྔོན་གྱི་དད་པ་ཡོད་ན་ཨབ་ར་ཧམ་ནི་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་པ་རྣམས་ཀྱི་མེས་པོ་ཡང་ཡིན།

དཀོན་མཆོག་གི་ཞལ་ཆད་དད་པའི་སྒོ་ནས་དང་ལེན་བྱེད་པ།

13དཀོན་མཆོག་གིས་ཨབ་ར་ཧམ་དང་ཁོང་གི་བུ་རྒྱུད་རྣམས་ལ་ཨབ་ར་ཧམ་འཇིག་རྟེན་གྱི་འཛིན་མཁན་དུ་འགྱུར་བའི་ཞལ་ཆད་གནང་བ་དེ་ཆོས་ཁྲིམས་སྲུང་བའི་སྒོ་ནས་མིན་ཏེ། དད་པ་ལས་འབྱུང་བའི་རྣམ་པར་དག་པ་ནས་བྱུང་ངོ༌།

14 གང་ཡིན་ཞེ་ན། ཆོས་ཁྲིམས་སྲུང་མཁན་རྣམས་འཇིག་རྟེན་གྱི་འཛིན་མཁན་ཡིན་ན། དད་པ་ནི་སྟོང་པ་དང༌། ཞལ་ཆད་ནི་དོན་མེད་པའོ།

15 རྒྱུ་མཚན་ནི་ཆོས་ཁྲིམས་དང་འགལ་བ་ལས་དཀོན་མཆོག་གི་ཐུགས་ཁྲོ་འབྱུང༌། འོན་ཀྱང་ཁྲིམས་མེད་ན་ཁྲིམས་དང་འགལ་བའང་མེད།

16 དེའི་ཕྱིར་དཀོན་མཆོག་གི་ཞལ་ཆད་ནི་དད་པའི་སྒོ་ནས་དང་ལེན་བྱེད་དེ། དཀོན་མཆོག་གི་ཐུགས་རྗེ་ལས་འབྱུང་བའི་གནང་སྦྱིན་ཡིན། གལ་ཏེ་ང་ཚོས་ཨབ་ར་ཧམ་དང་འདྲ་བར་དད་པ་བྱས་ན། ཆོས་ཁྲིམས་སྲུང་མཁན་ཡིན་མིན་ལ་མ་བརྟེན་པར་ངེད་རྣམས་ཀྱིས་ཞལ་ཆད་དེ་འཐོབ་ངེས་ཡིན། གང་ལགས་ཤེ་ན། ཨབ་ར་ཧམ་ནི་དད་པ་བྱེད་མཁན་ངེད་རྣམས་ཀུན་གྱི་མེས་པོ་ཡིན་པས་སོ།

17 མདོ་ལས་བཀོད་པ་ལྟར་ན། ངས་ཁྱོད་ནི་མི་རིགས་མང་པོའི་མེས་པོར་བསྒྱུར་ཞེས་གསུངས། དཀོན་མཆོག་གི་སྤྱན་སྔར་ཁོང་ནི་ངེད་རྣམས་ཀྱི་མེས་པོ་ཡིན། ཨབ་ར་ཧམ་གྱིས་འཆི་བ་རྣམས་སླར་གསོན་དུ་མཛད་ཅིང་མེད་པ་ལས་གསར་དུ་འགོད་པ་གནང་མཁན་དཀོན་མཆོག་ལ་དད་པ་བྱས་པས་དེ་ལྟར་བྱུང་ངོ༌།

18 རེ་བ་བྱེད་པའི་རྒྱུ་རྐྱེན་མེད་པའི་སྐབས་སུ། ཨབ་ར་ཧམ་གྱིས་མི་རིགས་མང་པོའི་མེས་པོར་འགྱུར་བ་རེ་བ་བྱས། གང་ལགས་ཟེར་ན། དཀོན་མཆོག་གིས་ཁོང་ལ་ཁྱེད་ཀྱི་བུ་རྒྱུད་དེ་ལྟར་མང་པོར་འགྱུར་ངེས་ཡིན་ཞེས་གསུངས།

19 ཡང་དགུང་ལོ་བརྒྱ་ཙམ་ལོན་པས་རང་གི་གཟུགས་པོ་དང་ཁོང་གི་བཟའ་ཟླ་ས་རཱ་ཡི་མངལ་གཉིས་ནི་ཤི་བར་ལྟར་བསམས་ཀྱང་ཁོང་གི་དད་པ་མ་ཉམས།

20 ཨབ་ར་ཧམ་གྱིས་ཐེ་ཚོམ་མེད་པར་དཀོན་མཆོག་གི་ཞལ་ཆད་ལ་ཡིད་ཆེས་པས། ཁོང་གི་དད་པ་འཕེལ་ཞིང་དཀོན་མཆོག་ལ་བཀུར་སྟི་བྱས་ཏེ།

21 དཀོན་མཆོག་གིས་གང་ཞལ་གྱིས་བཞེས་པ་དེ་མཛད་ཐུབ་པའི་ཡིད་ཆེས་ཀྱི་ངེས་པ་རྙེད།

22 དེའི་ཕྱིར་ཁོང་གི་དད་པ་ནི་རྣམ་པར་དག་པར་བརྩིས་པར་གྱུར།

23 བརྩིས་པར་གྱུར་ཞེས་པའི་ཚིག་འདི་ཁོང་ཁོ་ནའི་དོན་ལ་བྲིས་པ་མ་ཡིན་ཏེ།

24 ངེད་རྣམས་ཀྱི་དོན་དུ་ཡང་བྲིས་སོ། ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་འཆི་བ་ལས་སླར་གསོན་པར་མཛད་མཁན་དཀོན་མཆོག་ལ་དད་པ་བྱེད་མཁན་རྣམས་ཀྱང་རྣམ་པར་དག་པའི་མི་ལ་རྩི་ངེས་ཡིན།

25 ངེད་རྣམས་ཀྱི་སྡིག་ཉེས་ཀྱི་རྐྱེན་གྱིས་ཡེ་ཤུ་འཆི་བ་ལ་སྦྱོར་བའི་ཕྱིར་ཡ་ཧུ་དཱ་པར་གཏད་པར་གྱུར་ཞིང༌། ངེད་རྣམས་རྣམ་པར་དག་པར་འགྱུར་བའི་ཕྱིར་ཁོང་འཆི་བ་ནས་སྐུ་གསོན་པོར་བཞེངས་པར་གྱུར་རོ།།

 

*************************************************

Romans (3) – རོ་མཱ་པ། (3)

Romans (3) – རོ་མཱ་པ། (3)

1 འོ་ན། ཡ་ཧུ་དཱ་པ་ཡིན་པའམ། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་པ་དེས་ཅི་ཕན།

2 ཕན་ཐོགས་ཆེ་སྟེ། དང་པོ་ནི་དཀོན་མཆོག་གི་བཀའ་ཡ་ཧུ་དཱ་པ་རྣམས་ལ་བཅོལ་བ་ཡིན།

3 གལ་ཏེ་ཁ་ཅིག་གིས་བཀའ་དེར་མ་ཉན་ན། དེས་དཀོན་མཆོག་གི་ཞལ་བཞེས་པ་དེ་མེད་པར་བྱེད་དམ།

4 དེ་མི་སྲིད། མི་ཐམས་ཅད་ཀྱིས་རྫུན་བཤད་ཀྱང་དཀོན་མཆོག་བདེན་པ་ཡིན་ནོ། མདོ་ལ་བཀོད་པ་ལྟར་ན།

ཁྱེད་ཀྱི་བཀའ་ཡིས་ཁྱེད་ཉིད་བདེན་པར་གསལ།།

ཞལ་ལྕེའི་ཚེ་ན་ཁྱེད་ཉིད་རྒྱལ་བར་འགྱུར།།

ཞེས་སོ།

5 འོ་ན་གལ་ཏེ་ང་ཚོའི་དྲང་བདེན་མ་ཡིན་པའི་བྱ་བ་བརྒྱུད་དཀོན་མཆོག་གི་དྲང་བདེན་ཉིད་གསལ་པོར་བསྟན་ན། ང་ཚོས་ཅི་ཟེར། དཀོན་མཆོག་གིས་ང་ཚོར་ཁྲིམས་གཅོད་པ་དེ་དྲང་བདེན་མ་ཡིན་ཞེས་ཟེར་རམ། (ངས་མིའི་རིགས་ཀྱི་ཆ་ནས་གཏམ་བྱེད་)

6 དེ་མི་སྲིད། དེ་ལྟར་ཡིན་ན་དཀོན་མཆོག་གིས་འཇིག་རྟེན་གྱི་མི་རྣམས་ལ་ཁྲིམས་གཅོད་མཛད་པ་ཅི་ལ་སྲིད།

7 འོན་ཀྱང་མི་ཞིག་གིས་ངའི་རྫུན་གྱིས་དཀོན་མཆོག་གི་བདེན་པ་སྟོན་ཏེ་ཁོང་གི་གཟི་བརྗིད་འཕེལ་བར་བྱས་ན། ང་ལ་ཅིའི་ཕྱིར་སྡིག་ཅན་ལྟར་ད་དུང་ཁྲིམས་གཅོད་གཏོང་ཞེས་ཟེར།

8 ཡང་བཟང་པོ་འབྱུང་བའི་ཕྱིར་ལས་ངན་བྱེད་དགོས་ཞེས་སྨྲས་པ་དེ་ཅིའི་ཕྱིར་ཟེར་མི་རུང༌། ང་ཚོར་སྨད་ར་གཏོང་མཁན་ཁ་ཅིག་གིས་ང་ཚོས་དེ་ལྟར་སྨྲས་ཟེར་བའི་སྐྱོན་འདོགས་བྱེད། ཁོ་ཚོ་ཆད་པ་ཕོག་འོས་པ་ཡིན།

དྲང་བདེན་མི་གཅིག་ཀྱང་མེད།

9 འོ་ན་ང་ཚོས་ཅི་ལྟར་སྨྲ། ང་ཚོ་ཡ་ཧུ་དཱ་པ་རྣམས་གཞན་རྣམས་ལས་ཡག་པ་ཡོད་དམ། དེ་ལྟར་ཁྱོན་ནས་མེད། མི་ཐམས་ཅད་དེ་ཡ་ཧུ་དཱ་པ་མིན་པ་དང་ཡ་ཧུ་དཱ་པ་གཉིས་ཀ་སྡིག་ཉེས་ཀྱི་དབང་འོག་ཏུ་ཡོད་པར་ང་ཚོས་བསྟན།

10 མདོ་ལ་བཀོད་པ་ལྟར།

དྲང་བའི་མི་ཞེས་གཅིག་ཀྱང་ནི།།

རྩ་བ་ཉིད་ནས་ཡོད་མ་ཡིན།།

11 རྟོགས་པ་གཅིག་ཀྱང་ཡོད་མིན་ཏེ།།

དཀོན་མཆོག་འཚོལ་བའང་ཡོད་མ་ཡིན།།

12 ཐམས་ཅད་ཁོང་ལ་རྒྱབ་ཀྱིས་ཕྱོགས།།

ཐམས་ཅད་ལྷན་ཅིག་དོན་མེད་གྱུར།།

ལས་བཟང་བྱེད་མཁན་གཅིག་མེད་དེ།།

རྩ་བ་ཉིད་ནས་ཡོད་མ་ཡིན།།

13 མིད་པ་གདངས་པའི་དུར་ཁུང་སྟེ།།

ལྕེ་ནི་གཡོ་སྒྱུའི་བཤད་པ་སྐྱོང༌།།

མཆུ་ལ་སྦྲུལ་གྱི་དུག་ལྡན་ཏེ།།

14 ཁ་ནི་དམོད་འཁོན་ཚིག་གིས་ཁེངས།།

15 མི་སྲོག་གཅོད་ལ་རྐང་པ་མགྱོགས།།

16 འགྲོ་ལམ་གཏོར་བཤིག་སྐྱོ་བས་གདུང༌།།

17 ཞི་བདེའི་ལམ་ཡང་མི་ཤེས་སོ།།

18 དཀོན་མཆོག་ཅི་ཡང་མི་བཀུར་རོ།།

19 ཡང་གསུང་རབ་ཀྱི་བཀའ་ཐམས་ཅད་ཆོས་ཁྲིམས་ཀྱི་དབང་འོག་ཏུ་ཡོད་པ་རྣམས་ལ་གསུངས་པར་ངེད་ཀྱིས་ཤེས། དེ་ནི་ཁོང་ཚོ་དང་དེ་མིན་འཇིག་རྟེན་གྱི་མི་ཐམས་ཅད་ཁ་མི་གཡར་ཞིང༌། དཀོན་མཆོག་གི་མདུན་དུ་མཇུག་རྩི་རྒྱག་པའི་ཆེད་དུ་ཡིན།

20 དེའི་ཕྱིར་ཆོས་ཁྲིམས་ཀྱི་བྱ་བ་བཟང་པོའི་སྒོ་ནས་སུའང་དཀོན་མཆོག་གི་སྤྱན་སྔར་ཡང་དག་པ་ཡིན་པར་མི་རྩི། གང་ཡིན་ཟེར་ན། ཆོས་ཁྲིམས་ཀྱིས་ང་ཚོ་སྡིག་ཉེས་ཀྱི་དབང་འོག་ཏུ་ཡོད་པ་ཤེས་པའི་ཆེད་དུ་ཡིན།

དད་པའི་སྒོ་ནས་ཡང་དག་པ་ཡིན་པར་རྩི།

21 འོན་ཀྱང་ད་ལྟ་ཆོས་ཁྲིམས་དང་བྲལ་ཏེ་དཀོན་མཆོག་དང་འབྲེལ་བ་ཡང་དག་པ་འཐོབ་པའི་ལམ་མངོན་སུམ་དུ་བསྟན་ཡོད། བཀའ་ཁྲིམས་དང་ལུང་སྟོན་པ་རྣམས་ཀྱིས་དེ་ལ་བདེན་དཔང་བྱེད།

22 དཀོན་མཆོག་ནས་བྱུང་བའི་ལམ་དེ་ནི་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་པའི་ངང་ནས་དད་ལྡན་ཐམས་ཅད་ཀྱི་ཕྱིར་རོ། དབྱེ་བ་ཅིའང་མེད།

23 གང་ཡིན་ཞེ་ན། མི་ཐམས་ཅད་ཀྱིས་སྡིག་ཉེས་ཀྱི་ལས་བྱས་པས་དཀོན་མཆོག་གི་གཟི་བརྗིད་དང་རྒྱང་རིང་དུ་གནས།

24 དེ་ཡང་ད་ལྟ་མཱ་ཤི་ཀ་ཡེ་ཤུ་ཡིས་མི་རྣམས་ཀྱིས་ཆོས་ཁྲིམས་དང་འགལ་བའི་ཆད་པ་མྱོང་བའི་བླུ་རིན་གྱིས་ཁོ་རྣམས་ཐར་དུ་འཇུག་པས། དཀོན་མཆོག་གི་ཐུགས་རྗེའི་གནང་སྦྱིན་གྱི་སྒོ་ནས་དཀོན་མཆོག་གིས་མི་རྣམས་ཡང་དག་པ་ཡིན་པར་རྩི་གནང་ངོ༌།

25 ཐུགས་ཁྲོ་སེལ་བའི་ཕྱིར་དཀོན་མཆོག་གིས་ཡེ་ཤུའི་སྐུ་ཁྲག་བླུ་རིན་དུ་མཛད་པ་དང༌། དད་པ་བྱེད་པའི་སྒོ་ནས་དེ་དང་ལེན་བྱེད། དེ་ནི་དཀོན་མཆོག་གི་དྲང་བདེན་ཉིད་མངོན་པར་མཛད་པའི་ཆེད་དུ་ཡིན། གང་ལགས་ཤེ་ན། དཀོན་མཆོག་གི་བཟོད་པའི་ཐུགས་ཀྱིས་མི་རྣམས་ཀྱི་སྔོན་བྱས་པའི་སྡིག་ལས་ལ་ཆད་པ་མ་མཛད་པས་སོ།

26 དེ་ནི་དཀོན་མཆོག་ཉིད་དྲང་བདེན་ཡིན་པ་དང༌། ཁོང་ཉིད་ཡེ་ཤུ་ལ་དད་མཁན་རྣམས་ཡང་དག་པར་མཛད་མཁན་ཡིན་པ་དུས་འདིར་སྟོན་པའི་ཆེད་དུ་ཡིན།

27 འོ་ན། རང་བསྟོད་བྱེད་རྒྱུ་ག་རེ་ཡོད། མེད་དོ། རྐྱེན་གང་གིས་མེད་དམ། དགེ་བའི་ལས་ཀྱི་རྐྱེན་གྱིས། དེ་མིན། དད་པའི་རྐྱེན་གྱིས་མེད་དོ།

28 གང་ལགས་ཤེ་ན། ང་ཚོས་ཡེ་ཤུ་མཱ་ཤི་ཀ་ལ་དད་པའི་སྒོ་ནས་མི་ཞིག་ཡང་དག་པར་འགྱུར་བ་འཛིན་གྱི། ཆོས་ཁྲིམས་ཀྱི་དགེ་བའི་ལས་ཀྱིས་མ་ཡིན་ནོ།

29 དཀོན་མཆོག་ནི་ཡ་ཧུ་དཱ་པ་གཅིག་པོའི་དཀོན་མཆོག་ཡིན་ནམ། ཡང་ན་ཡ་ཧུ་དཱ་པ་མིན་པའི་དཀོན་མཆོག་ཀྱང་མ་ཡིན་ནམ། ལགས་ཡིན། ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་དཀོན་མཆོག་ཀྱང་ཡིན།

30 གང་ཡིན་ཟེར་ན། དཀོན་མཆོག་གཅིག་རང་ཡིན། ཁོང་གིས་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་པ་དང༌། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མེད་པ་གཉིས་ཀ་དད་པའི་སྒོ་ནས་ཡང་དག་པར་མཛད།

31 འོ་ན་དད་པ་འདིས་ཆོས་ཁྲིམས་དོན་མེད་པར་བྱེད་དམ། དེ་མི་སྲིད། དེ་ལས་ལྡོག་སྟེ་དད་པའི་སྒོ་ནས་ང་ཚོས་ཆོས་ཁྲིམས་སྒྲུབ་པར་བྱེད་དོ།།

 

************************************