Philippians (1) – ཕི་ལིབ་པཱི་པ། (1)    

Philippians (1) – ཕི་ལིབ་པཱི་པ། (1)    

1 པའུ་ལུ་དང་ཐི་མོ་ཐེ་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་གཉིས་ཀྱིས། ཕི་ལིབ་པཱི་གྲོང་ཁྱེར་དུ་མཱ་ཤི་ཀ་ཡེ་ཤུའི་ནང་ན་ཡོད་པའི་དཀོན་མཆོག་གི་མི་ཐམས་ཅད་དང༌། ཆོས་ཚོགས་ཀྱི་དོ་དམ་པ་དང་ལས་འཛིན་པ་རྣམས་ལ་འཕྲིན་ཡིག་འདི་ཕུལ་ལོ།

2 ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ལ་འཐོབ་པར་གྱུར་ཅིག

བཀའ་དྲིན་ཆེ་ཞུ་བ།

3 ངས་ཁྱེད་ཚོ་དྲན་ཐེངས་རེ་རེར་ངའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ།

4 ཁྱེད་ཚོ་ཐམས་ཅད་ཀྱི་དོན་ལ་གསོལ་བ་འདེབས་པའི་ཚེ་ངས་རྒྱུན་དུ་དགའ་བའི་ངང་ནས་སྨོན་ལམ་འདེབས།

5 དེ་ནི་ཉིན་དང་པོ་ནས་ད་ལྟའི་བར་དུ་ཁྱེད་ཚོས་འཕྲིན་བཟང་གི་ལས་བྱེད་པར་ང་ལ་རོགས་རམ་བྱས་པས་སོ།

6 ཁྱེད་ཚོའི་ཁྲོད་དུ་བྱ་བ་བཟང་པོ་འགོ་འཛུགས་མཁན་དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུ་སླར་འབྱོན་པའི་ཉིན་མོའི་བར་དུ་སྒྲུབ་པར་ཡང་མཛད་རྒྱུ་ཡིན་པ་དེ་ངར་ཡིད་ཆེས་ཡོད།

7 ངས་ཁྱེད་ཚོ་ཐམས་ཅད་ཀྱི་སྐོར་ལ་དེ་ལྟར་བསམས་ན་འོས་སོ། གང་ཡིན་ཟེར་ན། ཁྱེད་ཚོ་རྟག་ཏུ་ངའི་སེམས་ལ་གནས་ཏེ། ང་བཙོན་ལ་འཇུག་པ་དང༌། འཕྲིན་བཟང་གསལ་བཤད་བྱེད་པ་དང༌། མི་རྣམས་ཀྱི་དད་པ་བརྟན་པོར་བྱེད་པའི་ཆ་ནས་ཁྱེད་ཚོ་ནི་ང་དང་མཉམ་དུ་དཀོན་མཆོག་གི་ཐུགས་རྗེ་འཐོབ་མཁན་ཡིན།

8 ངས་མཱ་ཤི་ཀ་ཡེ་ཤུའི་ཐུགས་བརྩེ་ཡིས་ཁྱེད་ཐམས་ཅད་དྲན་པ་དེ་དཀོན་མཆོག་ངའི་དཔང་པོ་མཛད་མཁན་ཡིན།

9 ཡང་ངས་འདི་ལྟར་གསོལ་བ་འདེབས་ཏེ། ཁྱེད་ཚོའི་བྱམས་སེམས་དེ་ཤེས་རབ་དང་རྟོགས་པ་ཐམས་ཅད་ཀྱི་སྟེང་སྔར་ལས་ལྷག་པར་འཕེལ་ནས།

10 ཁྱེད་ཚོས་གང་མཆོག་ཡིན་པ་བླངས་ཏེ་མཱ་ཤི་ཀའི་ཉིན་མོའི་བར་དུ་བཅོས་མིན་དང་སྐྱོན་མེད་པར་འགྱུར་བའི་ཆེད་དང༌།

11 དཀོན་མཆོག་གི་གཟི་བརྗིད་དང་བསྟོད་པ་འཕེལ་བའི་ཕྱིར་ཡེ་ཤུ་མཱ་ཤི་ཀ་ལ་བརྟེན་ནས་རྣམ་པར་དག་པའི་འབྲས་བུ་ཡིས་ཁྱེད་ཚོ་གང་བར་འགྱུར།

འཕྲིན་བཟང་སྤེལ་བའི་སྐོར།

12 སྤུན་ཟླ་རྣམས། ང་ལ་གང་བྱུང་བ་དེས་དོན་དམ་དུ་འཕྲིན་བཟང་འཕེལ་བར་བྱས་པ་ཤེས་པར་གྱིས་ཤིག

13 གོང་མའི་རྒྱལ་པོའི་ཕོ་བྲང་གི་སྲུང་དམག་ཚང་མ་དང༌། གཞན་མི་ཐམས་ཅད་ཀྱིས་ང་མཱ་ཤི་ཀའི་དོན་ལ་བཙོན་དུ་བཅུག་པ་དེ་ཤེས་པར་གྱུར།

14མ་ཟད་ང་བཙོན་དུ་བཅུག་པའི་རྐྱེན་གྱིས་སྤུན་ཟླ་མང་ཆེ་བས་གཙོ་བོ་ལ་བརྟེན་ཏེ་དཀོན་མཆོག་གི་བཀའ་འཇིགས་པ་མེད་པར་སྒྲོག་པའི་བློ་སྟོབས་ཆེ་བར་གྱུར།

15 དོན་དམ་དུ་མི་ལ་ལས་མཱ་ཤི་ཀའི་ཆོས་སྟོན་པ་ནི་ཕྲག་དོག་ཅན་དང་ཁ་རྩོད་ལ་དགའ་མཁན་ཡིན་ཡང༌། ལ་ལས་སེམས་བཟང་པོ་ཡིས་ཆོས་སྟོན།

16 རྗེས་མ་རྣམས་ཀྱིས་བྱམས་སེམས་ཀྱི་ངང་ནས་མཱ་ཤི་ཀའི་ཆོས་སྟོན་པ་ནི། ང་འཕྲིན་བཟང་གསལ་བཤད་བྱེད་པའི་ཕྱིར་བསྐོས་པ་ཡིན་པ་ཤེས་པས་ཡིན།

17 འོན་ཀྱང༌། ང་བཙོན་ཁང་ལ་ཡོད་དུས་ང་ལ་སྡུག་པོ་གཏོང་བར་བསམས་ནས་སྔ་མ་རྣམས་ཀྱིས་སེམས་བཟང་ནས་མིན་པར་འགྲན་སེམས་ནས་ཆོས་སྟོན།

18 དེ་ལྟར་ཡིན་པར་ཅི་སྨྲ། སྔ་རྗེས་ཀྱི་བདེན་རྫུན་གང་ཡིན་ཡང་མཱ་ཤི་ཀའི་ཆོས་སྒྲོག་བཞིན་ཡོད་པས་ང་ད་ལྟ་དགའ་སྟེ། རྗེས་མའང་དགའ་བར་འགྱུར།

19 གང་ཡིན་ཞེ་ན། གནས་ཚུལ་འདི་ནི་ཁྱེད་ཚོའི་སྨོན་ལམ་དང༌། ཡེ་ཤུ་མཱ་ཤི་ཀའི་ཐུགས་ཉིད་ཀྱི་རོགས་རམ་བརྒྱུད་ནས་ང་སྐྱོབ་པའི་རྒྱུར་འགྱུར་བར་ངས་ཤེས།

20 ངས་སྙིང་ཐག་པ་ནས་རེ་སྨོན་བྱེད་པའི་དོན་གང་ལའང་ངོ་མི་ཚ་བར། ང་སྙིང་སྟོབས་ཆེན་པོས་གསོན་རུང་ཤི་རུང་སྔར་ལྟར་དུས་རྟག་ཏུ་མཱ་ཤི་ཀ་ངའི་ལུས་ཀྱི་སྒོ་ནས་འཕག་པར་འདོད།

21 གང་ལགས་ཟེར་ན། ང་ནི་འཚོ་བ་མཱ་ཤི་ཀའི་དོན་དུ་ཡིན། ཤི་ནའང་ལེགས་སོ།

22 གལ་ཏེ་ང་མུ་མཐུད་གསོན་པོར་གནས་ན་ངའི་བྱ་བར་མཱ་ཤི་ཀའི་དོན་དུ་འབྲས་བུ་དང་ལྡན་པ་ཡིན་པས། ཡང་སྙིང་ཤི་གསོན་གང་ཞིག་འདམ་རྒྱུ་ཡིན་པ་མི་ཤེས།

23 ང་ནི་ཐེ་ཚོམ་ནང་དུ་ཚུད། འཇིག་རྟེན་འདི་ལས་འདས་ཏེ་མཱ་ཤི་ཀ་དང་མཉམ་དུ་གནས་འདོད། འདི་ལས་ལྷག་པ་མེད་པས་སོ།

24 འོན་ཀྱང༌། ཁྱེད་ཚོར་ཕན་པའི་ཆེད་དུ་ང་གསོན་པོར་གནས་པ་དེ་བས་གལ་ཆེའོ།

25 དེའི་ཡིད་ཆེས་ཀྱི་ངེས་པ་རྙེད་དེ། ཁྱེད་ཚོ་དད་པའི་ནང་ཡར་སྐྱེད་དང་དགའ་བ་འབྱུང་བའི་ཕྱིར་ང་གསོན་པོར་གནས་ནས་མུ་མཐུད་ཁྱེད་ཚོ་ཐམས་ཅད་དང་མཉམ་དུ་སྡོད་པ་ངས་ཤེས།

26 དེ་ནི་ང་ཁྱེད་ཚོའི་རྩར་ཕྱིར་ལོག་སྐབས་ངའི་རྐྱེན་གྱིས་ཁྱེད་ཚོ་མཱ་ཤི་ཀའི་ཐོག་ནས་དེ་བས་དགའ་སྤྲོ་འཕེལ་བའི་ཆེད་དུ་ཡིན།

27 གང་ལྟར་ཁྱེད་ཚོས་བྱ་སྤྱོད་ཚང་མ་མཱ་ཤི་ཀའི་འཕྲིན་བཟང་དང་མཐུན་པར་གྱིས་ཤིག དེ་ནས་ང་ཁྱེད་ཚོ་དང་མཇལ་རུང་མི་མཇལ་རུང༌། ཁྱེད་ཚོ་བློ་སེམས་གཅིག་མཐུན་གྱི་སྒོ་ནས་བརྟན་པོར་གནས་ཤིང༌། འཕྲིན་བཟང་ལ་བརྟེན་པའི་དད་པ་དེའི་དོན་དུ་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་པའི་གཏམ་ངས་ཐོས་པར་འགྱུར།

28 དགྲ་བོ་རྣམས་ལ་གང་ཡིན་ཡང་མི་སྐྲག་པ་དེ་ནི་ཁོ་ཚོ་ལ་འཇིག་པ་དང༌། ཁྱེད་ཚོ་ལ་ཐར་པ་འབྱུང་བའི་སྔ་ལྟས་ཡིན། ཐར་པ་དེ་ནི་དཀོན་མཆོག་ནས་འབྱུང་བས་མ་འཇིགས་ཤིག

29 མཱ་ཤི་ཀ་ལ་དད་པ་བྱེད་པ་མ་ཟད། ཁོང་གི་དོན་ལ་སྡུག་བསྔལ་མྱོང་བའང་དཀོན་མཆོག་གིས་ཁྱེད་རྣམས་ལ་གནང་བ་ཡིན།

30 གང་ལགས་ཟེར་ན། ང་ལ་བྱུང་བའི་འཐབ་རྩོད་སྔར་མཐོང་བ་དང་ད་ལྟ་ཐོས་པ་དེ་བཞིན་ཁྱེད་ཚོ་ལའང་འབྱུང་ངོ༌།།

 

**********************************

Ephesians (6) – ཨེ་ཕེ་སུ་པ། (6)

Ephesians (6) – ཨེ་ཕེ་སུ་པ། (6)

1 ཕྲུ་གུ་རྣམས། གཙོ་བོ་ལ་བརྟེན་ནས་ཕ་མའི་བཀའ་ལ་ཉོན་ཞིག དེ་ནི་འོས་པ་ཡིན་པས་སོ།

2 རང་གི་ཕ་དང་མ་ལ་བརྩི་བཀུར་གྱིས་ཤིག་ཅེས་པ་དེ་ཞལ་ཆད་དང་ལྡན་པའི་བཀའ་དང་པོ་ཡིན།

3 དེ་ནས་ཁྱོད་ལེགས་ཤིང་ས་གཞིའི་སྟེང་ཚེ་རིང་བར་འགྱུར་ཞེས་གསུངས།

4 ཡང་ཁྱེད་ཕ་རྣམས། རང་གི་ཕྲུ་གུ་ལ་ཁོང་ཁྲོ་མ་སློང་བར། གཙོ་བོའི་སློབ་སྟོན་དང་སྒྲིག་ལམ་གྱིས་གསོ་སྐྱོང་བྱེད་ཅིག

བྲན་གཡོག་དང་བདག་པོའི་སྤྱོད་ལམ།

5 བྲན་གཡོག་རྣམས། ཁྱེད་ཚོས་མཱ་ཤི་ཀའི་བཀའ་ལ་ཉན་པ་ལྟར། འཇིགས་ཤིང་བཀུར་ནས་བཅོས་མིན་གྱིས་འཇིག་རྟེན་འདིའི་བདག་པོ་རྣམས་ཀྱི་བཀའ་ལ་ཉོན།

6 ཁོ་ཚོས་ལྟ་དུས་མི་རྣམས་དགྱེས་པ་ཁོ་ན་མ་ཡིན་གྱི། མཱ་ཤི་ཀའི་ཞབས་ཕྱི་དང་འདྲ་བར་སེམས་ནས་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་སྒྲུབ་དགོས།

7 མི་རྣམས་ཀྱི་དོན་དུ་མིན་གྱིས། གཙོ་བོ་ལ་ཞབས་ཏོག་བྱེད་པ་ལྟར་དགའ་བའི་ངང་ནས་ཞབས་ཏོག་བྱེད།

8 བྲན་གཡོག་དང༌། ཡང་ན་མི་རང་དབང་ཅན་གྱིས་ལས་བཟང་པོ་གང་བྱས་པའང༌། གཙོ་བོས་ང་ཚོར་བཟང་ལན་མཛད་ངེས་ཡིན་པ་ཤེས་པས་སོ།

9 བདག་པོ་རྣམས། ཁྱེད་ཚོས་ཀྱང་གཡོག་པོ་རྣམས་ལ་དེ་ལྟར་བྱེད་དགོས། ཁོ་ཚོར་རྫིག་རྫིག་མ་གཏོང་ཞིག དཀོན་མཆོག་གི་ཞིང་ཁམས་སུ་ཁྱེད་དང་བྲན་གཡོག་གཉིས་ལ་ཕྱོགས་རིས་ཅི་ཡང་མེད་པའི་བདག་པོ་གཅིག་རང་ཡོད་པར་ཤེས་པའི་ཕྱིར་རོ།།

དཀོན་མཆོག་གི་གོ་ཆ།

10 མཇུག་མཐར་འདི་ལྟར་སྨྲ་སྟེ། གཙོ་བོའི་ནུས་སྟོབས་ལ་བརྟེན་ནས་ཤུགས་ཆེན་པོར་གྱུར་ཅིག

11 བདུད་ཀྱི་གཡོ་ཐབས་ལ་རྒོལ་ཏེ་བརྟན་པོར་གནས་ཐུབ་པའི་ཆེད་དུ་དཀོན་མཆོག་གི་གོ་ཆ་ཚང་མ་གྱོན་ཅིག

12 གང་ཡིན་ཞེ་ན། ང་ཚོས་མི་རྣམས་ལ་མི་འཐབ་ཀྱི། མཐུ་ལྡན་དང༌། དབང་ཅན། འཇིག་རྟེན་འདིའི་མུན་པའི་དབང་སྒྱུར་བ། ཞིང་ཁམས་ཀྱི་ངན་དབང་ཅན་རྣམས་ལ་འཐབ།

13 དེ་བས་ན། ངན་པའི་ཉིན་མོ་དེ་ལ་ངོ་རྒོལ་བྱེད་ཐུབ་པ་དང༌། ཐམས་ཅད་བསྒྲུབས་ཚར་ནས་བརྟན་པོར་གནས་པའི་ཕྱིར། དཀོན་མཆོག་གི་གོ་ཆ་ཚང་མ་གྱོན་ཅིག

14 བརྟན་པོར་གནས་ཤིང༌། རྐེད་པ་ལ་བདེན་པ་ཉིད་ཀྱི་སྐེ་རགས་བཅིངས་ཏེ། དྲང་བ་ཉིད་ཀྱི་བྲང་ཁྲབ་གྱོན།

15 ཞི་བདེའི་འཕྲིན་བཟང་ལས་འབྱུང་བའི་གྲ་སྒྲིག་གི་ལྷམ་རྐང་པར་གྱོན།

16 དེ་ཚོ་ཐམས་ཅད་དང་བཅས་པར་དད་པའི་ཕུབ་ལག་ཏུ་ཟུངས། དེ་ཡིས་ཁྱེད་ཚོས་སྡིག་སྤྱོད་མཁན་ཞེས་བྱ་བའི་མེ་ལྕེ་འབར་བའི་མདའ་ཐམས་ཅད་གསོད་ཐུབ།

17 ཡང་མགོ་ལ་ཐར་པའི་ལྕགས་ཞྭ་གྱོན་དང༌། དཀོན་མཆོག་གི་བཀའ་ཡིན་པའི་དམ་པའི་ཐུགས་ཉིད་ཀྱི་རལ་གྲི་འཁུར་ཞིག

18 དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་རྟག་ཏུ་གསོལ་བ་དང་སྨོན་ལམ་འདེབས་ཤིང༌། བློ་གསལ་བར་གནས་ཏེ་རྒྱུན་མི་ཆད་པར་དད་ལྡན་ཐམས་ཅད་ཀྱི་ཆེད་དུ་སྨོན་ལམ་ཞུ།

19 ངའི་དོན་ལའང་སྨོན་ལམ་འདེབས་ཏེ། ངས་གཏམ་བྱེད་པའི་ཚེ་འཕྲིན་བཟང་གི་གསང་བ་འཇིགས་པ་མེད་པར་སྒྲོག་པའི་ཕྱིར་སྨྲ་དབང་ང་ལ་གནང་བར་འགྱུར།

20 འཕྲིན་བཟང་དེའི་དོན་དུ་ང་ནི་ལྕགས་སྒྲོག་གིས་བཅིངས་པའི་སྐུ་ཚབ་ཡིན། ངས་འཆད་འོས་པ་ལྟར། འཕྲིན་བཟང་དེ་འཇིགས་པ་ཅི་ཡང་མེད་པར་སྒྲོག་པའི་སྨོན་ལམ་ཐོབ་ཅིག

མཐའ་མཇུག་གི་འཚམས་འདྲི།

21 ཁྱེད་ཚོས་ཀྱང་ངའི་གནས་ཚུལ་དང་ལས་གང་བྱེད་པ་ཤེས་པའི་ཕྱིར། གཅེས་པའི་སྤུན་ཟླ་དང་གཙོ་བོའི་ངང་ནས་ཞབས་ཕྱི་བློ་གཏད་ཆོག་པ་ཏི་ཀི་ཀུ་ཡིས་ཁྱེད་རྣམས་ལ་ཐམས་ཅད་འཆད་པར་འགྱུར།

22 ཁྱེད་ཚོར་སེམས་གསོ་བྱེད་པ་དང༌། ཁྱེད་ཚོས་ང་ཚོའི་གནས་སྟངས་ཀྱི་སྐོར་ཤེས་པའི་ཕྱིར་ངས་ཁོང་ཁྱེད་ཚོའི་རྩར་བཏང་བ་ཡིན།

23 ཡབ་དཀོན་མཆོག་དང༌། གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཞི་བདེ་དང༌། དད་པ་དང་ལྡན་པའི་བྱམས་སེམས་སྤུན་ཟླ་རྣམས་ལ་འཐོབ་པར་གྱུར་ཅིག

24 ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དུས་ནམ་ཡང་གཅེས་པར་འཛིན་མཁན་ཐམས་ཅད་ལ་ཐུགས་རྗེ་འབབ་པར་ཤོག ། །།

 

****************************************************

Ephesians (5) – ཨེ་ཕེ་སུ་པ། (5)

Ephesians (5) – ཨེ་ཕེ་སུ་པ། (5)

1 དེའི་ཕྱིར་གཅེས་པའི་སྲས་དང་སྲས་མོ་ལྟར་དཀོན་མཆོག་ལ་དཔེ་ལྟ་བྱེད་དགོས།

2 མཱ་ཤི་ཀས་ང་ཚོར་བྱམས་ཤིང༌། རང་སྲོག་བློས་བཏང་སྟེ་ང་ཚོའི་དོན་དུ་དཀོན་མཆོག་ལ་དྲི་ཞིམ་གྱི་འབུལ་བ་དང་མཆོད་པ་ལྟར་གནང་བས། ཁྱེད་ཚོས་ཀྱང་གཞན་ལ་བྱམས་པའི་སྒོ་ནས་མི་ཚེ་སྐྱེལ་དགོས།

3 འོན་ཀྱང་ཁྱེད་ཚོ་ནི་དཀོན་མཆོག་གི་སྤྱན་སྔར་དམ་པར་མཛད་པ་ཡིན་པས། ལོག་གཡེམ་མམ། མི་གཙང་བ། སེར་སྣ་བཅས་ཀྱི་མིང་ཙམ་ཡང་ཁྱེད་ཚོའི་ཁྲོད་དུ་སྨྲ་མི་རུང༌།

4 ཡང་འཆལ་གཏམ། ངག་ཀྱལ། མ་རབས་ཐ་ཤལ་ལ་སོགས་པའི་གཏམ་སྨྲ་མི་རུང་བས། དེའི་ཚབ་ལ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ།

5 གང་ཡིན་ཞེ་ན། ལོག་གཡེམ་མམ། མི་གཙང་བ་བྱེད་མཁན་ནམ། སེར་སྣ་ཅན་ཏེ་ལྷ་ཆོས་པ་ཡིན་པའི་མི་སུ་ལ་ཡང་མཱ་ཤི་ཀ་དང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐལ་བ་རྩ་བ་ནས་མེད་པར་ཤེས་པར་གྱིས་ཤིག

འོད་སྣང་ལྡན་པའི་མི་ཚེ།

6 བྱ་བ་དེའི་ཕྱིར་དཀོན་མཆོག་གི་ཆད་པ་བཀའ་ལ་མི་ཉན་པ་རྣམས་ལ་ཕོག་ངེས་ཡིན་པས། སུ་ཞིག་གིས་སྙིང་པོ་མེད་པའི་གཏམ་གྱིས་ཁྱེད་ཚོར་མགོ་སྐོར་གཏོང་དུ་མ་འཇུག་ཅིག

7 དེ་བས་ན་ཁོ་ཚོ་དང་མ་འགྲོགས་ཤིག

8 སྔར་ཁྱེད་ཚོ་མུན་པ་ལྟར་ཡིན་ཡང༌། ད་གཙོ་བོའི་རྐྱེན་གྱིས་འོད་སྣང་ཡིན་པས། འོད་སྣང་དང་ལྡན་པ་རྣམས་ལྟར་མི་ཚེ་སྐྱེལ།

9 (འོད་སྣང་གི་འབྲས་བུ་ནི་རྣམ་པ་ཐམས་ཅད་དུ་བཟང་པོ་དང༌། དྲང་པོ། བདེན་པ་ཡིན་)

10 གཙོ་བོ་གང་ལ་ཐུགས་མཉེས་པ་དེ་ཤེས་པར་གྱིས་ཤིག

11 མུན་པ་དང་ལྡན་པའི་དོན་མེད་ཀྱི་ལས་ངན་མཉམ་སྤྱོད་མི་བྱེད་པར། དེ་ཚོ་ཐེར་འདོན་གྱིས་ཤིག

12 རྒྱུ་མཚན་ནི་ཁོ་ཚོས་གསང་བའི་སྒོ་ནས་གང་བྱེད་པ་དེ་སྨྲ་བའང་ངོ་ཚ་བ་ཞིག་ཡིན།

13 འོད་སྣང་གིས་ཐེར་འདོན་གང་བྱས་པ་ཐམས་ཅད་མཐོང་བར་འགྱུར། གང་ལགས་ཤེ་ན། ཐམས་ཅད་མངོན་པར་བྱེད་མཁན་ནི་འོད་སྣང་ཡིན།

14 དེའི་ཕྱིར།

གཉིད་མཚོར་ལྷུང་བའི་མི་རྣམས་གཉིད་གསོད་ལ།།

འཆི་བའི་གནས་ལས་གསོན་པོར་ལོངས་ཤིག་ཨང༌།།

མཱ་ཤི་ཀ་ཡི་འོད་སྣང་ཁྱེད་ལ་འཕྲོ།།

ཞེས་སོ།།

15 དེ་བས་ན་བླུན་པོ་མིན་པར་ཤེས་རབ་ཅན་གྱི་མི་ཚེ་སྐྱེལ་ཏེ་སྤྱོད་ལམ་ལ་རྟོག་ཞིབ་བྱེད་ཅིག

16 དུས་འདི་ངན་པ་ཡིན་པས་གོ་སྐབས་ཅི་བྱུང་ཡང་ལས་བཟང་པོ་བྱེད་དགོས།

17 བླུན་པོ་མི་བྱེད་པར་གཙོ་བོའི་ཐུགས་དགོངས་གང་ཡིན་པ་ཤེས་པར་གྱིས་ཤིག

18 ཆང་རག་གིས་བཟི་བར་མི་འགྱུར། གང་ཡིན་ཞེ་ན། དེ་ནི་བག་མེད་ཀྱི་སྤྱོད་ཚུལ་ཡིན། འོན་ཏེ་དམ་པའི་ཐུགས་ཉིད་ཀྱིས་ཁེངས་པར་གྱིས།

19 གསུང་མགུར་དང༌། བསྟོད་དབྱངས། མགུར་གླུའི་ནང་དོན་རྣམས་ཕན་ཚུན་གཏམ་གླེང་བྱ་ཞིང༌། སེམས་ནས་གཙོ་བོ་ལ་བསྟོད་གླུ་དང་རོལ་དབྱངས་ཕུལ་ཞིག

20 ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་སྒོ་ནས་རྟག་ཏུ་དོན་ཐམས་ཅད་ཀྱི་ཆེད་དུ་ཡབ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ།

མཱ་ཤི་ཀ་པའི་ཁྱིམ་ཚང་གི་སྤྱོད་ལམ།

21 མཱ་ཤི་ཀ་ལ་གུས་བཀུར་བྱེད་པས་ཕན་ཚུན་ཁ་ལ་ཉོན།

22 ཆུང་མ་རྣམས། ཁྱེད་ཚོས་གཙོ་བོའི་བཀའ་ལ་ཉན་པ་ལྟར་ཁྱོ་གའི་ཁ་ལའང་ཉན།

23 གང་ལགས་ཟེར་ན། མཱ་ཤི་ཀ་ནི་ཉིད་ཀྱི་སྐུ་ལུས་ཡིན་པའི་ཆོས་ཚོགས་ཀྱི་དབུ་དང་སྐྱབས་མགོན་ཡིན་པ་ལྟར། ཁྱོ་གའང་ཆུང་མའི་མགོ་ཡིན།

24 ཆོས་ཚོགས་མཱ་ཤི་ཀའི་དབང་འོག་ཏུ་ཡོད་པ་ལྟར། ཆུང་མ་རྣམས་རྣམ་པ་ཐམས་ཅད་ལ་ཁྱོ་གའི་དབང་འོག་ཏུ་གནས་དགོས།

25 ཁྱོ་ག་རྣམས། ཆུང་མ་ལ་བྱམས་པར་གྱིས་ཤིག གང་ཡིན་ཟེར་ན། མཱ་ཤི་ཀས་ཀྱང་ཆོས་ཚོགས་ལ་བྱམས་ཤིང༌། དེའི་དོན་ལ་རང་གི་སྲོག་བློས་བཏང༌།

26 དེ་ནི་ཆོས་ཚོགས་དམ་པར་མཛད་པའི་ཆེད་དུ། བཀའ་དང་ཆུ་ཡིས་ཁྲུས་ནས་གཙང་བར་མཛད་དེ།

27 ཁོང་ཉིད་ཀྱི་དོན་དུ་དྲི་མའམ། གཉེར་མ་ལྟ་བུ་ལ་སོགས་པའི་སྐྱོན་ཅིའང་མེད་པར། གཟི་བརྗིད་ཅན་དང༌། དམ་པ། སྐྱོན་མེད་པར་འགྱུར་བའི་ཕྱིར་རོ།

28 དེ་ལྟར་ཁྱོ་ག་རྣམས་ཀྱིས་ཀྱང་ཁོ་ཚོའི་ཆུང་མ་རྣམས་རང་གི་ལུས་ལྟར་བྱམས་པ་བྱེད་དགོས། ཆུང་མ་ལ་བྱམས་པ་བྱེད་མཁན་གྱིས་རང་ལ་བྱམས་སོ།

29 མི་སུས་ཀྱང་རང་གི་ལུས་ལ་ནམ་ཡང་མ་སྡང་བར། དེ་ལ་ཟས་སྟེར་ཞིང་གསོ་བ་ལྟར། དེ་བཞིན་དུ་མཱ་ཤི་ཀ་ཡིས་རང་གི་སྐུ་ལུས་ཡིན་པའི་ཆོས་ཚོགས་ལ་བྱམས་སྐྱོང་མཛད།

30 གང་ཡིན་ཟེར་ན། ང་ཚོ་ནི་ཁོང་གི་སྐུ་ལུས་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ།

31 དེའི་རྐྱེན་གྱིས་སྐྱེས་པས་རང་གི་ཕ་མ་བཞག་ནས་རང་གི་བཟའ་ཟླ་དང་མཉམ་དུ་འདུས་ཤིང༌། ཁོ་གཉིས་ཤ་རུས་གཅིག་ཏུ་གྱུར་ནས་སོ་སོ་བ་མིན་ཏེ་གཅིག་རང་ཡིན་ནོ།

32 གསང་བ་དེ་ཆེན་པོ་ཞིག་ཡིན་ཡང༌། ངས་མཱ་ཤི་ཀ་དང་ཁོང་གི་སྐུ་ལུས་ཡིན་པའི་ཆོས་ཚོགས་ཀྱི་སྐོར་སྨྲ།

33 འོན་ཀྱང་ཁྱེད་ཚོ་རེ་རེས་ཆུང་མ་ལ་རང་དང་འདྲ་བར་བྱམས་པར་བྱེད་དགོས་ཤིང༌། ཆུང་མས་རང་གི་ཁྱོ་ག་ལ་གུས་བཀུར་བྱེད་དགོས་སོ།།

 

***********************************