Ephesians (4) – ཨེ་ཕེ་སུ་པ། (4)

Ephesians (4) – ཨེ་ཕེ་སུ་པ། (4)

1 དེའི་ཕྱིར་གཙོ་བོའི་བཙོན་པ་ང་པའུ་ལུ་ཡིས་དཀོན་མཆོག་གིས་ཁྱེད་རྣམས་བོས་པར་མཛད་པ་དང་འཚམ་པའི་སྤྱོད་པ་བྱེད་པར་ནན་གྱིས་སྐུལ།

2 སྙེམས་ཆུང་ཀུན་དང༌། སེམས་དུལ་པོ་དང༌། བཟོད་སེམས་ཀྱིས་བྱམས་པའི་སྒོ་ནས་གཅིག་གིས་གཅིག་ལ་བཟོད་པ་སྒོམ་སྟེ།

3 དམ་པའི་ཐུགས་ཉིད་ལས་བྱུང་བའི་གཅིག་མཐུན་དེ་ཞི་བདེ་བརྒྱུད་ནས་སྲུང་བར་འབད་རྩོལ་གྱིས་ཤིག

4 དཀོན་མཆོག་གིས་ཁྱེད་རྣམས་རེ་བ་གཅིག་ལ་བོས་པར་མཛད་པ་ལྟར། ལུས་གཅིག་དང་ཐུགས་ཉིད་གཅིག་ཡིན་ཞིང༌།

5 གཙོ་བོ་གཅིག དད་པ་གཅིག ཁྲུས་གསོལ་གཅིག

6 ཐམས་ཅད་ཀྱི་ཡབ་དང་དཀོན་མཆོག་གཅིག་སྟེ། ཐམས་ཅད་ཀྱི་སྟེང་དང༌། ཐམས་ཅད་ཀྱི་ཁྲོད། ཐམས་ཅད་ཀྱི་ནང་བཞུགས་སོ།

7 ང་ཚོ་རེ་རེ་ལ་མཱ་ཤི་ཀའི་གནང་སྦྱིན་གྱི་ཚད་དང་བསྟུན་ཏེ་ཐུགས་རྗེ་གནང་བ་ཡིན།

8 གསུང་རབ་ཀྱི་མདོའི་ནང་འཁོད་པ་ལྟར།

ནམ་མཁར་ཕེབས་དུས་བཙོན་པའི་ཚོགས་ཁྲིད་ནས།།

མི་སྡེ་རྣམས་ལ་གནང་སྦྱིན་སྣ་ཚོགས་བསྩལ།།

ཞེས་སོ།

9 (ཁོང་ནམ་མཁར་ཕེབས་ཞེས་ཟེར་བའི་དོན་ནི་སྔར་ས་གཞིའི་ས་ཆ་དམའ་པོ་ལ་ཡང་བབས་པའི་དོན་མ་ཡིན་ནམ།

10 མར་འབབ་མཁན་ནི་ཞིང་ཁམས་ཐམས་ཅད་ཀྱི་སྟེང་དུ་ཡར་ཕེབས་མཁན་དེ་རང་ཡིན། དེ་ནི་ཁོང་གིས་འཇིག་རྟེན་ཁམས་ཡོངས་སུ་ཁེངས་པར་མཛད་པའི་ཕྱིར་རོ་)

11 ཡང་མཱ་ཤི་ཀའི་གནང་སྦྱིན་ཏེ་ཁ་ཤས་སྐུ་ཚབ། ཁ་ཤས་ལུང་སྟོན་པ། ཁ་ཤས་འཕྲིན་བཟང་སྒྲོག་མཁན། ཁ་ཤས་ཆོས་འཁྲིད་མཁན་དང་སློབ་དཔོན་བཅས་སུ་བསྐོས།

12 ཁོང་ཚོས་དཀོན་མཆོག་གི་མི་རྣམས་ལ་ཞབས་ཏོག་བྱེད་པའི་སྦྱོང་བརྡར་སྤྲོད་ཅིང༌། མཱ་ཤི་ཀའི་སྐུ་ལུས་ཡིན་པའི་ཁོང་གི་ཆོས་ཚོགས་ལ་ཡར་རྒྱས་གཏོང་བའི་ཕྱིར་རོ།

13 མཐར་ང་ཚོ་ཐམས་ཅད་དད་པ་དང༌། དཀོན་མཆོག་གི་སྲས་ཀྱི་རྟོགས་པ་ལ་གཅིག་ཏུ་འགྱུར་ཏེ། སྨིན་ཞིང་ཡོངས་སུ་རྫོགས་ལ། མཱ་ཤི་ཀའི་བླ་ན་མཐོ་བའི་ཚད་དང་ལྡན་པར་འགྱུར།

14 དེར་བརྟེན་ད་ནས་བཟུང་ང་ཚོ་བྱིས་པ་ལྟར་མིན་ཏེ། རྒྱ་མཚོའི་རྦ་རླབས་ལྟར་འཕྱུར་བའམ། ལོག་ལྟ་སྣ་ཚོགས་འཛིན་པའི་བསྟན་པ་རླུང་གིས་འདེད་པའམ། མི་རྣམས་ཀྱི་གཡོ་ཐབས་སམ། མགོ་སྐོར་གཏོང་བའི་ཇུས་ངན་གྱིས་བསླུ་བྲིད་མི་བྱེད་པར།

15 བྱམས་སེམས་ཀྱི་སྒོ་ནས་བདེན་གཏམ་སྨྲ་ཞིང༌། རྣམ་པ་ཀུན་ནས་ང་ཚོའི་དབུ་ལྟར་ཡིན་པའི་མཱ་ཤི་ཀའི་ཐོག་ནས་སྨིན་ཞིང་ཡོངས་སུ་རྫོགས་པར་འགྱུར་དགོས།

16 མཱ་ཤི་ཀ་དབུ་ལྟར་ཡིན་པའི་ལུས་ཧྲིལ་པོ་རྩ་རྒྱུས་ཀྱིས་སྦྲེལ་ཏེ། ཡན་ལག་རེའི་སྟོབས་ཚད་བཞིན་དུ་བྱམས་པའི་སྒོ་ནས་ལུས་བཞེངས་ཤིང་ཡར་སྐྱེད།

མི་ཚེ་རྙིང་པ་དང་མི་ཚེ་གསར་པ།

17 གཙོ་བོའི་ངང་ནས་ངས་འདི་ལྟར་ཟེར་ཞིང་སྐུལ། ད་ནས་བཟུང་ཁྱེད་ཚོ་ལྷ་ཆོས་པ་རྣམས་ཀྱི་དོན་མེད་པའི་སེམས་བཞིན་དུ་མི་ཚེ་སྐྱེལ་མི་ཆོག

18 རྨོངས་པས་བློ་གྲོས་མུན་པར་གྱུར་ཏེ། གཏི་མུག་དང་སེམས་མཁྲེགས་པོར་གྱུར་བའི་རྐྱེན་གྱིས་ཁོ་རྣམས་དཀོན་མཆོག་གི་ཚེ་དང་བྲལ་བ་དང༌།

19 སེམས་མཁྲེགས་པོར་གྱུར་བས་འདོད་ཆགས་ལ་དགའ་ཞིང༌། ཁོ་ཚོས་མི་གཙང་བའི་ལས་ཀྱི་རིགས་ཀུན་ལ་བརྩོན་སེམས་དང་སེར་སྣ་ཡིས་སྤྱོད་པར་བྱེད།

20 འོན་ཀྱང་ཁྱེད་ཚོས་མཱ་ཤི་ཀའི་སྐོར་དེ་ལྟར་བསླབས་པ་མིན།

21 ཁོང་གི་སྐོར་ཐོས་ནས་ཡེ་ཤུ་ལས་འབྱུང་བའི་བདེན་པ་བསླབས།

22 སྔོན་གྱི་སྤྱོད་པ་ངན་པ་སྤངས་ནས་འདོད་ཆགས་ཀྱིས་རུལ་བའི་མི་ཚེ་རྙིང་པ་དོར་ཞིང༌།

23 སེམས་གསར་དུ་སྐྱེས་ནས།

24 དཀོན་མཆོག་གི་དཔེ་ལྟར་དངོས་སུ་རྣམ་པར་དག་པ་དང་དམ་པ་བཅས་ཀྱི་སྒོ་ནས་བཀོད་པའི་མི་ཚེ་གསར་པ་གོས་སུ་གྱོན་པར་ཁྱེད་ཚོས་བསླབས།

མི་ཚེ་གསར་པའི་སྤྱོད་ལམ།

25 དེའི་ཕྱིར་རྫུན་གཏམ་སྤངས་ནས་ཁྱེད་ཚོ་ཚང་མས་ཁྱིམ་མཚེས་ལ་བདེན་གཏམ་སྨྲ་དགོས། གང་ཡིན་ཞེ་ན། ང་ཚོ་ཕན་ཚུན་ཁོངས་མི་ཡིན།

26 ཁོང་ཁྲོ་བསླངས་ན་ཡང་སྡིག་ཉེས་ཀྱི་ལས་མ་བྱེད་ཅིག ཉི་མ་ནུབ་པའི་སྔོན་ལ་ཁོང་ཁྲོ་ཞི་བར་བྱ་སྟེ།

27 བདུད་ལ་གོ་སྐབས་མ་སྤྲོད་ཅིག

28 རྐུན་པོས་ད་ནས་བཟུང་མ་རྐུ་བར་དབུལ་པོ་རྣམས་ལ་སྦྱིན་པ་གཏོང་ཐུབ་པའི་ཕྱིར། རང་གི་ལག་པ་གཉིས་ལ་བརྟེན་ནས་དྲང་པོའི་ལས་ལ་འབད་བརྩོན་བྱེད་དགོས།

29 གཙོག་གཏམ་མ་ཤོད་ཅིག ཁྱེད་ཀྱི་གཏམ་ཉན་མཁན་རྣམས་ལ་ཕན་པའི་ཕྱིར་གོ་སྐབས་བཞིན་དུ་བློ་སྒོ་འབྱེད་པའི་གཏམ་ཁོ་ན་ཤོད།

30 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་ཐུགས་སྐྱོ་བར་མ་བྱེད་ཅིག དཀོན་མཆོག་གིས་ཐར་པའི་ཉིན་མོའི་བར་དུ་ཁྱེད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱི་རྒྱ་ཡིས་བཏབ་པར་མཛད།

31 འཁོན་འཛིན་དང༌། ཁོང་ཁྲོ། ཞེ་སྡང༌། འཐབ་རྩོད། དམའ་འབེབས་གཏོང་བ། ངན་སེམས་ཐམས་ཅད་སྤོངས་ཤིག

32 དཀོན་མཆོག་གིས་མཱ་ཤི་ཀའི་སྒོ་ནས་ཁྱེད་རྣམས་ཀྱི་སྡིག་ཉེས་བསལ་ཟིན་པས། ཁྱེད་ཚོས་ཀྱང་གཅིག་གིས་གཅིག་ལ་བཟང་པོ་བྱེད་ཅིང༌། གཞན་ལ་གཅེས་པར་འཛིན་ནས་ཕན་ཚུན་གུ་ཡངས་གཏོང་ཞིག །

 

***************************************

Ephesians (3) – ཨེ་ཕེ་སུ་པ། (3)

Ephesians (3) – ཨེ་ཕེ་སུ་པ། (3)

1 དེའི་ཕྱིར་ང་པའུ་ལུ་ཁྱེད་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་དོན་དུ་མཱ་ཤི་ཀ་ཡེ་ཤུའི་བཙོན་པ་ཡིན།

2 ཁྱེད་རྣམས་ལ་ཕན་པའི་ཆེད་དུ་ང་ལ་དཀོན་མཆོག་གི་ཐུགས་རྗེ་སྤེལ་བའི་ལས་འགན་གནང་བ་ཁྱེད་ཚོས་ཐོས་ཡོད།

3 ངས་སྔར་རགས་ཙམ་བྲིས་པ་ལྟར་མངོན་སུམ་དུ་གྱུར་བའི་སྒོ་ནས་ང་གསང་བ་དེའི་ཤེས་མཁན་དུ་གྱུར།

4 དེ་བཀླགས་ནས་ང་ནི་མཱ་ཤི་ཀའི་གསང་བ་རྟོགས་མཁན་ཡིན་པ་ཁྱེད་ཚོས་ཤེས་ཐུབ།

5 གསང་བ་དེ་སྔོན་གྱི་མི་རབས་ལ་མངོན་སུམ་དུ་མ་མཛད་ཀྱང༌། ད་ལྟ་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ཁོང་གི་སྐུ་ཚབ་དམ་པ་དང༌། ལུང་སྟོན་པ་རྣམས་ལ་མངོན་པར་མཛད།

6གསང་བ་དེ་ནི་འཕྲིན་བཟང་བརྒྱུད་ནས་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ཡ་ཧུ་དཱ་པ་མིན་པ་རྣམས་ཡ་ཧུ་དཱ་པ་དང་མཉམ་དུ་དཀོན་མཆོག་གི་བྱིན་རླབས་ཀྱི་བགོ་སྐལ་ཐོབ་མཁན་དང༌། སྐུ་ལུས་གཅིག་གི་ཡན་ལག དཀོན་མཆོག་གི་ཞལ་ཆད་འཛིན་མཁན་བཅས་སུ་གྱུར།

7 ཁོང་གི་ནུས་མཐུ་ཡིས་ང་ལ་གནང་བའི་དཀོན་མཆོག་གི་ཐུགས་རྗེ་བཞིན་དུ་ང་ནི་འཕྲིན་བཟང་དེའི་ཞབས་ཏོག་ཏུ་གྱུར།

8 ང་དཀོན་མཆོག་གི་མི་རྣམས་ལས་དམའ་ཤོས་ཡིན་ཡང༌། མཱ་ཤི་ཀའི་དཔག་ཏུ་མེད་པའི་ཐུགས་རྗེ་དེ་ཡ་ཧུ་དཱ་པ་མིན་པ་རྣམས་ལ་སྒྲོག་པ་དང༌།

9ཐམས་ཅད་འགོད་པ་གནང་མཁན་དཀོན་མཆོག་གི་ནང་ན་གནའ་སྔ་མོ་ནས་སྦས་པའི་གསང་བ་མི་ཐམས་ཅད་ལ་མངོན་པར་བྱེད་པའི་ཐུགས་རྗེ་དེ་ང་ལ་གནང་བྱུང༌།

10དེ་ནི་ཆོས་ཚོགས་ཀྱི་སྒོ་ནས་ཞིང་ཁམས་སུ་སྡོད་པའི་མཐུ་ལྡན་དང་དབང་ཅན་རྣམས་ལ་དཀོན་མཆོག་གི་ཤེས་རབ་རྣམ་པ་སྣ་ཚོགས་ད་ལྟ་མངོན་པར་འགྱུར་བའི་ཆེད་དུ་ཡིན།

11 ཡང་དེ་ནི་དཀོན་མཆོག་གིས་ཐོག་མཐའ་མེད་པའི་ཐུགས་དགོངས་བཞིན་དུ་མཱ་ཤི་ཀ་ཡེ་ཤུ་ངེད་རྣམས་ཀྱི་གཙོ་བོ་བརྒྱུད་ནས་བསྒྲུབས་པར་མཛད།

12 ཁོང་བརྒྱུད་ནས་ང་ཚོ་འཇིགས་པ་མེད་པར་ཡིད་རྟོན་བྱེད་ཅིང་དད་པའི་སྒོ་ནས་དཀོན་མཆོག་གི་མདུན་དུ་འགྲོ་བའི་ལམ་ཡོད།

13 དེའི་ཕྱིར་ངའི་སྡུག་བསྔལ་ཁྱེད་རྣམས་ལ་ཕན་པའི་ཆེད་དུ་ཡིན་པས་ཡིད་ཐང་མི་ཆད་པའི་ཞུ་བ་ཞུ།

ཨེ་ཕེ་སུ་པ་རྣམས་ཀྱི་ཕྱིར་སྨོན་ལམ་འདེབས་པ།

14-15 དེ་བས་ན། གནམ་ས་གཉིས་ལ་ཡོད་པའི་ཁྱིམ་ཚང་རེ་རེ་ལ་མིང་བྱུང་བའི་ཡབ་ཀྱི་དྲུང་དུ་པུས་མོ་སར་བཙུགས་ཏེ་ངས་སྨོན་ལམ་འདི་ལྟར་འདེབས།

16 ཁོང་གི་དཔག་ཏུ་མེད་པའི་གཟི་བརྗིད་དང་མཚུངས་ཏེ། ཁོང་གི་ཐུགས་ཉིད་ཀྱི་སྒོ་ནས་ཁྱེད་ཚོའི་སེམས་སྟོབས་ཤུགས་ཀྱིས་བརྟན་པར་འགྱུར་ཞིང༌།

17 དད་པའི་སྒོ་ནས་མཱ་ཤི་ཀ་ནི་ཁྱེད་ཚོའི་སེམས་ཀྱི་ནང་དུ་བཞུགས་པ་དང༌། བྱམས་པའི་རྨང་གཞི་ལ་བརྟེན་ནས།

18 དད་ལྡན་ཐམས་ཅད་དང་མཉམ་དུ་མཱ་ཤི་ཀའི་བྱམས་པ་ནི་ཚད་ལས་འདས་པ་ཡིན་པ་རྟོགས་ཐུབ་པ་དང༌།

19 དཀོན་མཆོག་གི་ཚེ་སྲོག་དང་ནུས་ཤུགས་ཀྱིས་ཁྱེད་ཚོ་གང་བར་འགྱུར་བའི་ཆེད་དུ། ཁྱེད་ཚོས་བློ་ཡུལ་ལས་འདས་པའི་བྱམས་པ་དེ་རྟོགས་པར་ཤོག

20 ད་ང་ཚོའི་ནང་དུ་ལས་སྒྲུབ་པའི་ནུས་མཐུའི་སྒོ་ནས་ང་ཚོས་ཞུ་བ་དང་བསམ་པ་ཐམས་ཅད་དེ་བས་ལྷག་པར་མཛད་ཐུབ་མཁན་ཁོང་ལ།

21 ཆོས་ཚོགས་དང་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་དུས་རྒྱུན་དུ་མི་རབས་ནས་མི་རབས་ཐམས་ཅད་དུ་བསྟོད་པ་ཕུལ་བར་ཤོག ཨ་མེན།།

 

*********************************

Ephesians (2) – ཨེ་ཕེ་སུ་པ། (2)

Ephesians (2) – ཨེ་ཕེ་སུ་པ། (2)

1 སྔོན་ཆད་ཁྱེད་ཚོ་ནི་ཆོས་ཁྲིམས་དང་འགལ་བ་དང༌། སྡིག་ཉེས་ཀྱི་རྐྱེན་གྱིས་འཆི་བ་དང་འདྲ་བ་ཡིན་ཏེ།

2 འཇིག་རྟེན་འདིའི་ལུགས་སྲོལ་ངན་པ་སྲུང་ཞིང༌། མི་མཐོང་བའི་ཡུལ་གྱི་དབང་པོ་བདུད་རྒྱལ་ཏེ་དཀོན་མཆོག་གི་བཀའ་ལ་མི་ཉན་པ་རྣམས་ལ་དབང་སྒྱུར་བྱེད་མཁན་གྱི་རྗེས་སུ་འབྲངས།

3 སྔར་ང་ཚོ་ཐམས་ཅད་ཀྱང་ཁོ་ཚོའི་ཁྲོད་དུ་བསྡད་དེ་འདོད་ཆགས་ཀྱི་དབང་འོག་ཏུ་ཡོད་ཅིང༌། ལུས་སེམས་ཀྱི་འདོད་པ་ལྟར་སྤྱོད་པ་བྱས་པས། གཞན་རྣམས་ལྟར་དཀོན་མཆོག་གི་ཆད་པ་ཕོག་འོས་པ་ཡིན།

4 འོན་ཀྱང་ཐུགས་རྗེ་ཕྱུག་པའི་དཀོན་མཆོག་གིས་ང་ཚོར་ཤིན་ཏུ་བྱམས་ཤིང་གཅེས་པས།

5 ང་ཚོས་སྡིག་ཉེས་ཀྱི་ལས་བྱས་པའི་རྐྱེན་གྱིས་འཆི་བ་དང་འདྲ་བ་ཡིན་ཡང༌། མཱ་ཤི་ཀ་དང་མཉམ་དུ་སླར་གསོན་དུ་མཛད། (ཐུགས་རྗེའི་སྒོ་ནས་ཁྱེད་ཚོར་ཐར་པ་ཐོབ་)

6 ཡང་ཁོང་དང་ལྷན་དུ་སླར་གསོན་དུ་མཛད་ནས་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ང་ཚོ་ཁོང་དང་མཉམ་དུ་ཞིང་ཁམས་ལ་སྡོད་དུ་བཅུག

7དེ་ནི་མ་འོངས་པའི་དུས་སུ་ཁོང་གིས་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་ང་ཚོར་བཀའ་དྲིན་མཛད་པའི་སྒོ་ནས་ཁོང་གི་བླ་ན་མེད་པའི་ཐུགས་རྗེ་སྟོན་པའི་ཆེད་དུ་ཡིན་པས་སོ།

8 གང་ཡིན་ཞེ་ན། ཐུགས་རྗེའི་སྒོ་ནས་ཁྱེད་ཚོ་དད་པ་ཡིས་ཐར་བར་གྱུར། དེ་ནི་ཁྱེད་རྣམས་ལས་མ་འབྱུང༌། དཀོན་མཆོག་གི་གནང་སྦྱིན་ཡིན།

9 མི་སུས་ཀྱང་རང་བསྟོད་མི་བྱེད་པའི་ཕྱིར། ཐར་པ་དེ་ནི་རང་གི་བྱ་སྤྱོད་ལས་བྱུང་བ་མ་ཡིན་ནོ།

10 གང་ལགས་ཟེར་ན། ང་ཚོ་ཁོང་གི་བཟོ་བཀོད་སྤུས་ལེགས་ཤིག་ཡིན་ཏེ། མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་དཀོན་མཆོག་གིས་སྔར་གྲ་སྒྲིག་མཛད་ཟིན་པའི་ལས་བཟང་གི་ཆེད་དུ་ང་ཚོ་བཀོད་པ་ཡིན།

མཱ་ཤི་ཀའི་ནང་ན་གཅིག་ཏུ་འགྱུར་བ།

11 དེའི་ཕྱིར་སྐྱེས་དུས་ནས་ཡ་ཧུ་དཱ་པ་མིན་པ་རྣམས། སྔར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་པ་རྣམས་ཀྱིས་ཁྱེད་ཚོར་ཆོས་ཀྱི་རྟགས་མེད་པའི་ལྷ་ཆོས་པ་ཞེས་ཟེར་ཞིང༌། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ནི་མིའི་ལག་པས་ལུས་སྟེང་དུ་རྟགས་གང་བྱེད་པ་ཁོ་ན་ཡིན།

12 དེའི་དུས་སུ་ཁྱེད་རྣམས་མཱ་ཤི་ཀ་དང་འབྲེལ་བ་མེད་ཅིང༌། ཡི་སི་ར་ཨེལ་གྱི་རྒྱལ་སྲིད་ལ་མི་གཏོགས། དཀོན་མཆོག་གིས་གང་ཞལ་གྱིས་བཞེས་པ་དང་ཁ་བྲལ་ཏེ། ཁྱེད་ཚོ་རེ་བ་མེད་ཅིང༌། འཇིག་རྟེན་འདིར་དཀོན་མཆོག་དང་འབྲེལ་བ་མེད་པ་ཡིན་པར་ཁྱེད་ཚོས་དྲན་པར་གྱིས་ཤིག

13 འོན་ཀྱང་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་སྔོན་ལ་ཐག་རིང་དུ་བསྡད་པ་ཁྱེད་རྣམས་ད་ལྟ་མཱ་ཤི་ཀའི་སྐུ་ཁྲག་གི་སྒོ་ནས་ཐག་ཉེ་བར་ཁྲིད་པ་ཡིན།

14 གང་ཡིན་ཞེ་ན། ཁོང་ཉིད་ངེད་རྣམས་ཀྱི་སྡུམ་མཛད་མཁན་ཡིན། ཁོང་གིས་ཡ་ཧུ་དཱ་པ་དང༌། ཡ་ཧུ་དཱ་པ་མིན་པ་རྣམས་གཅིག་ཏུ་མཛད་ཅིང༌། སྡང་སེམས་ཀྱི་བར་ཆད་གཏོར་བཤིག་མཛད།

15 མཱ་ཤི་ཀའི་ནང་ན་གཉིས་པོ་དེ་ལས་མི་གསར་པ་གཅིག་ཏུ་མཛད་པའི་ཆེད་དུ་ཁོང་གིས་བཀའ་ཁྲིམས་དང་སྒྲིག་ལམ་ལྡན་པའི་ཆོས་ཁྲིམས་མེད་པར་མཛད། དེ་ལྟར་དེ་གཉིས་བསྡུམས་ནས།

16སྐུ་གཟུགས་གཅིག་པོའི་ཐོག་ནས་རྒྱང་ཤིང་སྒང་ལ་གྲོངས་པའི་སྒོ་ནས་འདི་གཉིས་པོ་དཀོན་མཆོག་དང་སྡུམ་པར་མཛད་དེ་ཁོ་ཚོའི་སྡང་སེམས་དེ་མེད་པར་ཡང་མཛད།

17 ཁོང་ཕེབས་ནས་ཁྱེད་ཚོ་ཐག་རིང་པོ་ཡོད་པ་རྣམས་དང༌། ཐག་ཉེ་པོ་ཡོད་པ་གཉིས་ལ་ཞི་བདེའི་འཕྲིན་བཟང་བསྒྲགས།

18 གང་ལགས་ཤེ་ན། མཱ་ཤི་ཀ་བརྒྱུད་ནས་ང་ཚོ་གཉིས་ཀ་དམ་པའི་ཐུགས་ཉིད་གཅིག་གི་སྒོ་ནས་ཡབ་དང་འབྲེལ་བ་བྱེད་སྲིད།

19 དེའི་ཕྱིར་ད་ཕྱིན་ཆད་ཁྱེད་ཚོ་ཕྱི་པའམ་ངོ་མི་ཤེས་པ་མིན་ཏེ། དམ་པར་འགྱུར་བ་རྣམས་དང་ཡུལ་གཅིག་པ་དང༌། དཀོན་མཆོག་གི་ཁྱིམ་མི་ཡིན།

20 ཁྱིམ་མིའི་ཁང་པ་དེའི་རྨང་གཞི་ནི་སྐུ་ཚབ་དང་ལུང་སྟོན་པ་རྣམས་ཡིན་ལ། རྨང་རྡོ་གཙོ་བོ་ནི་མཱ་ཤི་ཀ་ཡེ་ཤུ་རང་ཉིད་ཡིན།

21 མཱ་ཤི་ཀར་བརྟེན་ཏེ་ཁང་པ་ཆ་ཚང་གཅིག་ཏུ་སྦྲེལ་ནས་གཙོ་བོའི་མཆོད་ཁང་དམ་པ་ཞིག་ཏུ་འགྱུར།

22 ཁོང་བརྒྱུད་ནས་ཁྱེད་ཚོའང་དམ་པའི་ཐུགས་ཉིད་ཀྱི་ངང་ནས་དཀོན་མཆོག་གི་བཞུགས་གནས་ཤིག་ཏུ་སྐྲུན་བཞིན་ཡོད་དོ།།

 

************************************