Ephesians (1) – ཨེ་ཕེ་སུ་པ། (1)

Ephesians (1) – ཨེ་ཕེ་སུ་པ། (1)

1 དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་ཡིས། ཨེ་ཕེ་སུ་གྲོང་ཁྱེར་དུ་ཡོད་པའི་དཀོན་མཆོག་གི་མི་རྣམས་ཏེ། མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ལྷག་བསམ་ཆེ་བ་རྣམས་ལ་འཕྲིན་ཡིག་འདི་ཕུལ་ལོ།

2 ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་ལ་འཐོབ་པར་གྱུར་ཅིག

དཀོན་མཆོག་ནས་བྱིན་རླབས་ཐོབ་པ།

3 ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་པ་འབུལ་བར་ཤོག མཱ་ཤི་ཀའི་ཐོག་ནས་ཁོང་གིས་ང་ཚོར་སེམས་ཉིད་ཀྱི་བྱིན་རླབས་ཐམས་ཅད་ཞིང་ཁམས་སུ་གནང༌།

4 ང་ཚོ་དཀོན་མཆོག་གི་སྤྱན་སྔར་དམ་པ་དང་སྐྱོན་མེད་པར་འགྱུར་བའི་ཆེད་དུ་འཇིག་རྟེན་མ་བཀོད་པའི་སྔོན་ལ་ཁོང་གིས་མཱ་ཤི་ཀའི་ཐོག་ནས་ངེད་རྣམས་བདམས།

5བྱམས་པའི་སྒོ་ནས་ཁོང་གི་བཀའ་དྲིན་ལྡན་པའི་ཐུགས་དགོངས་བཞིན་དུ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་ང་ཚོ་ཁོང་གི་སྲས་སུ་འགྱུར་བའི་ཕྱིར་སྔར་འདམ་པར་མཛད།

6 དེ་ནི་ཁོང་གི་གཟི་བརྗིད་དང་ལྡན་པའི་ཐུགས་རྗེ་ལ་བསྟོད་པའི་ཆེད་དུ་ཡིན། ཐུགས་རྗེ་དེ་དཀོན་མཆོག་གི་གཅེས་པའི་སྲས་ཀྱི་སྒོ་ནས་ང་ཚོར་གནང༌།

7-9 ཁོང་གི་སྐུ་ཁྲག་ཡིན་པའི་བླུ་རིན་གྱི་ངང་ནས་ང་ཚོའི་སྡིག་ཉེས་སེལ་ཏེ་ཐར་པ་ཐོབ། དེ་ནི་ཁོང་གི་དཔག་ཏུ་མེད་པའི་ཐུགས་རྗེ་བཞིན་དུ་ང་ཚོར་ལྷག་པར་གནང༌། ཤེས་རབ་དང་རྟོགས་པ་ཐམས་ཅད་ཀྱིས་མཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་ཐུགས་དགྱེས་པ་བཞིན་དུ་ཁོང་གི་ཐུགས་དགོངས་ཀྱི་གསང་བ་ང་ཚོར་མངོན་པར་མཛད།

10ཡང་ཁོང་གི་ཐུགས་དགོངས་ནི་དུས་ལ་འབབ་སྐབས་སུ་གནམ་ས་གཉིས་ལ་གང་ཡོད་པ་ཐམས་ཅད་གཅིག་ཏུ་བསྡུས་ནས་མཱ་ཤི་ཀའི་དབང་འོག་ཏུ་འཇུག་པ་དེ་ཡིན།

11 རང་ཉིད་ཀྱི་ཐུགས་དགོངས་བཞིན་དུ་བྱ་བ་ཐམས་ཅད་སྒྲུབ་མཁན་དཀོན་མཆོག་གིས་སྔར་ནས་བསྐོས་པས། མཱ་ཤི་ཀའི་སྒོ་ནས་ང་ཚོ་ལའང་དཀོན་མཆོག་གིས་ཞལ་ཆད་གནང་བའི་བྱིན་རླབས་ཀྱི་སྐལ་བ་ཐོབ་བྱུང༌།

12 དེ་ནི་མཱ་ཤི་ཀ་ལ་ཐོག་མར་རེ་སྒུག་བྱེད་མཁན་ང་ཚོ་ཁོང་གི་གཟི་བརྗིད་ཀྱི་བསྟོད་པའི་དོན་ལ་འཚོ་བའི་ཆེད་དུ་ཡིན།

13 ཁྱེད་ཚོས་ཀྱང་ཐར་པ་གནང་བའི་བདེན་པའི་བཀའ་འཕྲིན་ཐོས་ནས། མཱ་ཤི་ཀ་ལ་དད་པ་བྱས་པས་ཁྱེད་ཚོ་དཀོན་མཆོག་གིས་སྔར་ནས་ཞལ་ཆད་གནང་བའི་དམ་པའི་ཐུགས་ཉིད་ཡིན་པའི་རྒྱ་ཡིས་བཏབ་པར་གྱུར།

14 དཀོན་མཆོག་གི་ཁོངས་མི་རྣམས་ཐར་བར་འགྱུར་བའི་བར་དུ། དམ་པའི་ཐུགས་ཉིད་ནི་ང་ཚོར་འཐོབ་རྒྱུ་ཡིན་པའི་བྱིན་རླབས་ཀྱི་གཏའ་མ་ཡིན། དེ་ནི་དཀོན་མཆོག་གི་གཟི་བརྗིད་ཀྱི་བསྟོད་པ་ཡོང་བའི་ཆེད་དུ་ཡིན།

བཀའ་དྲིན་ཆེ་ཞུ་བ་དང་སྨོན་ལམ་འདེབས་པ།

15 དེ་བས་ན་ཁྱེད་ཚོས་གཙོ་བོ་ཡེ་ཤུ་ལ་དད་ཅིང༌། དཀོན་མཆོག་གི་མི་ཐམས་ཅད་ལ་གཅེས་པར་འཛིན་པའི་སྐོར་ཐོས་པས།

16 སྨོན་ལམ་འདེབས་པའི་དུས་སུ་ངས་ཁྱེད་ཚོ་གླེང་བ་དང༌། ཁྱེད་ཚོའི་དོན་དུ་རྒྱུན་ཆད་མེད་པར་བཀའ་དྲིན་ཆེ་ཞུ།

17 ཁྱེད་ཚོས་ཁོང་དེ་བས་ཡག་པ་ངོ་ཤེས་པའི་ཕྱིར། གཟི་བརྗིད་དང་ལྡན་པའི་ཡབ་སྟེ་ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་དཀོན་མཆོག་གིས་ཁྱེད་ཚོར་ཤེས་རབ་དང་རྟོགས་པའི་ཐུགས་ཉིད་གནང་བའི་སྨོན་ལམ་འདེབས།

18 དེ་ནི་ཁྱེད་ཚོའི་བློ་སྒོ་ཕྱེ་ནས་ཁོང་གིས་ཁྱེད་ཚོར་བོས་པའི་རེ་བ་དང༌། དཀོན་མཆོག་གིས་ཁོང་གི་མི་རྣམས་ལ་ཞལ་གྱིས་བཞེས་པའི་བྱིན་རླབས་ཕུན་སུམ་ཚོགས་པ་གང་ཡིན་ཞིང༌།

19 ང་ཚོ་དད་ལྡན་རྣམས་ཀྱི་དོན་ལ་ཁོང་གི་བླ་ན་མེད་པའི་ནུས་མཐུ་གང་ཡིན་པ་ཁྱེད་ཚོས་ཤེས་པའི་ཆེད་དུ་ཡིན། ནུས་མཐུ་དེ་རང་གིས་

20 དཀོན་མཆོག་གིས་མཱ་ཤི་ཀ་འཆི་བ་ནས་སླར་གསོན་པར་མཛད་ནས་ཞིང་ཁམས་སུ་ཁོང་གི་ཕྱོགས་གཡས་ལ་བཞུགས་སུ་བཅུག་གོ

21 དེར་མཱ་ཤི་ཀ་ནི་ཁྲིམས་དང༌། དབང༌། ནུས་མཐུ། མངའ་ཐང༌། གོ་མིང་ཐམས་ཅད་ཀྱི་སྟེང་ལ། དུས་འདིར་མ་ཟད་མ་འོངས་པའི་དུས་སུའང་བཞུགས་སོ།

22 ཡང་དོན་ཐམས་ཅད་མཱ་ཤི་ཀའི་ཞབས་འོག་དུ་བཅུག་པར་མཛད་ཅིང་དཀོན་མཆོག་གིས་ཁོང་ཐམས་ཅད་ཀྱི་དབུ་རུ་བསྐོས་ནས་ཆོས་ཚོགས་ལ་གནང༌།

23 ཆོས་ཚོགས་ནི་ཁོང་གི་སྐུ་ལུས་ཡིན་ཏེ། ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་མཛད་མཁན་གྱིས་ཡོངས་སུ་རྫོགས་པར་འགྱུར་རོ།།

 

************************************

Galatians (6) – ག་ལད་ཡཱ་པ། (6)

Galatians (6) – ག་ལད་ཡཱ་པ། (6)

1 སྤུན་ཟླ་རྣམས། མི་ཞིག་གིས་དཀོན་མཆོག་གི་བཀའ་དང་འགལ་ན། དམ་པའི་ཐུགས་ཉིད་དང་ལྡན་པ་རྣམས་ཀྱིས་འཇམ་པོའི་ངང་ནས་ཁོ་སླར་གསོ་བྱེད་དགོས། ཁྱེད་ཚོ་ཡང་བསླུ་བར་མི་འགྱུར་བའི་ཕྱིར་དོགས་ཟོན་གྱིས་ཤིག

2 གཅིག་གི་ཁུར་པོ་གཅིག་གིས་ཁུར་ཞིག དེ་ལྟར་བྱས་ན་ཁྱེད་ཚོས་མཱ་ཤི་ཀའི་བཀའ་ཁྲིམས་སྒྲུབ་བོ།

3 མི་ཞིག་ཅིའང་མ་ཡིན་པ་དེས་གལ་ཆེན་པོ་ཡིན་སྙམ་ན། རང་གིས་རང་ལ་མགོ་སྐོར་གཏོང་མཁན་ཡིན།

4 མི་རེ་རེས་རང་གི་སྤྱོད་ལམ་ལ་བརྟག་དཔྱད་བྱེད་དགོས། དེ་ལྟར་བྱས་ན་མི་གཞན་གྱི་སྤྱོད་པ་དང་སྡུར་མི་དགོས་པར་རང་གི་སྤྱོད་ལམ་ལ་ཡིད་ཚིམ་པར་འགྱུར།

5 གང་ཡིན་ཞེ་ན། རེ་རེས་རང་གི་ཁུར་པོ་འཁུར་དགོས།

6 དཀོན་མཆོག་གི་བཀའི་སློབ་མ་རྣམས་ཀྱིས་བཟང་པོ་ཐམས་ཅད་སློབ་དཔོན་ལ་བགོ་བཤའ་རྒྱག་དགོས།

7 མགོ་མ་འཁོར་ཞིག སུས་ཀྱང་དཀོན་མཆོག་ལ་འཕྱ་སྨོད་བྱེད་མི་སྲིད། མི་ཞིག་གིས་གང་བཏབ་པ་དེའི་འབྲས་བུ་འཐོབ་པར་འགྱུར་བས་སོ།

8 སྡིག་པའི་རང་གཤིས་དང་བསྟུན་པའི་སྤྱོད་པ་བྱེད་མཁན་ལ་རང་གཤིས་དེ་ནས་འཆི་བའི་འབྲས་བུ་འཐོབ། འོན་ཀྱང་དམ་པའི་ཐུགས་ཉིད་དང་བསྟུན་པའི་སྤྱོད་པ་བྱེད་མཁན་ལ་ཐུགས་ཉིད་ནས་དཔག་ཏུ་མེད་པའི་ཚེ་སྲོག་གི་འབྲས་བུ་འཐོབ།

9 ང་ཚོས་བཟང་པོ་བྱེད་པར་ཡིད་ཐང་མ་ཆད་ཅིག དེ་ལྟར་བྱས་ན་དུས་ལ་འབབ་སྐབས་འབྲས་བུ་འཐོབ་པར་འགྱུར།

10 དེའི་ཕྱིར་གོ་སྐབས་ཅི་བྱུང་ཡང་ང་ཚོས་མི་ཐམས་ཅད་དང༌། ཁྱད་པར་དུ་དད་ལྡན་གྱི་སྤུན་ཟླ་རྣམས་ལ་བཟང་པོ་བྱེད་དགོས།

མཐའ་མཇུག་གི་སྐུལ་མ།

11 ངས་རང་གི་ལག་པས་བྲིས་པའི་ཡི་གེ་ཆེན་པོ་འདི་ལ་གཟིགས་དང༌།

12མཱ་ཤི་ཀའི་རྒྱང་ཤིང་གི་དོན་དུ་གནོད་འཚེ་མི་མྱོང་བའི་ཕྱིར་ཕྱི་ཚུལ་ལ་དང་བསྟོད་བྱེད་མཁན་རྣམས་ཀྱིས་ཁྱེད་ཚོ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་དུ་འཇུག་ཐབས་བྱེད།

13 ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་པ་རྣམས་ཀྱིས་ཆོས་ཁྲིམས་མི་སྲུང་ན་ཡང༌། ཁྱེད་ཚོའི་སྐོར་རང་བསྟོད་བྱེད་པའི་ཕྱིར་ཁྱེད་རྣམས་ལ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་རྒྱག་ཏུ་འཇུག་པར་འདོད།

14 འོན་ཀྱང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་རྒྱང་ཤིང་མ་གཏོགས་པར་ངས་གཞན་ཞིག་ལ་ཅི་ནས་ཀྱང་མི་བསྟོད། གཙོ་བོ་ཡེ་ཤུ་རྒྱང་ཤིང་སྒང་ལ་གྲོངས་པའི་སྒོ་ནས་ང་འཇིག་རྟེན་འདིའི་ཆ་ནས་ཤི་བ་དང༌། འཇིག་རྟེན་འདི་ཡང་ངའི་ཆ་ནས་མེད་པ་ལྟར་གྱུར།

15 ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་ཡོད་མེད་དེ་དོན་མེད་ཡིན། འོན་ཀྱང་གསར་དུ་སྐྱེ་བ་དེ་གལ་ཆེའོ།

16 ཡང་རྩ་དོན་དེ་བཞིན་དུ་སྲུང་མཁན་དང༌། དཀོན་མཆོག་གི་ཡི་སི་ར་ཨེལ་ལ་ཞི་བདེ་དང་ཐུགས་རྗེ་འབབ་པར་ཤོག

17 ངའི་གཟུགས་པོར་ཡེ་ཤུའི་རྨ་རྟགས་ཡོད་པས་ད་ནས་བཟུང་སུས་ཀྱང་ང་ལ་སྡུག་པོ་མ་གཏོང༌།

18 སྤུན་ཟླ་རྣམས། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཚོའི་སེམས་ལ་བཞུགས་པར་གྱུར་ཅིག ཨ་མེན།། །།

 

*********************************************

Galatians (5) – ག་ལད་ཡཱ་པ། (5)

Galatians (5) – ག་ལད་ཡཱ་པ། (5)

1 མཱ་ཤི་ཀ་ཡིས་ང་ཚོ་རང་དབང་གི་ཕྱིར་སྒྲོལ་བས། བརྟན་པོར་གནས་ཏེ་སུས་ཀྱང་ཆོས་ཁྲིམས་ཀྱི་གཉའ་ཤིང་ཁྱེད་རྣམས་ལ་ཡང་བསྐྱར་འཁུར་ཏུ་མི་འཇུག

དད་ལྡན་རྣམས་ཀྱི་རང་དབང༌།

2 ཉོན་ཅིག ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་ན། མཱ་ཤི་ཀ་ཁྱོད་རྣམས་ལ་ཅི་ཡང་མི་ཕན་ཞེས་ང་པའུ་ལུས་ཁྱོད་རྣམས་ལ་སྨྲའོ།

3 ཁྱོད་ཚོས་ཆོས་ཁྲིམས་ཀྱི་བཀའ་ཐམས་ཅད་སྲུང་དགོས་ཞེས་ངས་ཡང་བསྐྱར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་མཁན་རེ་རེར་དཔང་པོ་བྱེད།

4ཆོས་ཁྲིམས་སྲུང་བའི་སྒོ་ནས་དཀོན་མཆོག་གི་སྤྱན་སྔར་ཡང་དག་པར་འགྱུར་བར་འདོད་པ་རྣམས་ནི་མཱ་ཤི་ཀ་དང་འབྲེལ་བ་གཅོད་པར་གྱུར་ཏེ་ཐུགས་རྗེ་ལས་བྲལ་ལོ།

5 འོན་ཀྱང་དད་པའི་སྒོ་ནས་དམ་པའི་ཐུགས་ཉིད་བརྒྱུད་ང་ཚོས་དཀོན་མཆོག་གིས་ཞལ་ཆད་གནང་བའི་རྣམ་པར་དག་པ་ལ་རྟེན་སྟེ་ཡིད་རྟོན་ནས་སྒུག

6 གང་ལགས་ཟེར་ན། མཱ་ཤི་ཀ་ཡེ་ཤུའི་སྤྱན་སྔར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་ཡོད་མེད་དེ་དོན་མེད་ཡིན། དད་ལྡན་རྣམས་ཀྱིས་བྱམས་པའི་སྒོ་ནས་ལས་བྱེད་པ་དེ་འབའ་ཞིག་གལ་ཆེའོ།།

7 སྔར་ཁྱོད་ཚོ་རྒྱུག་ཤར་གློད་པ་ལྟར་གྱི་ཧུར་སེམས་ཆེ་ཡང༌། བདེན་པའི་བཀའ་ལ་ཉན་རྒྱུར་སུས་བཀག

8 སྐུལ་མ་དེ་ཁྱོད་ཚོ་འབོད་གནང་མཁན་ཡབ་དཀོན་མཆོག་ནས་མ་བྱུང༌།

9 སྐྱུར་རྩི་ཅུང་ཟད་ཅིག་གིས་བག་ཟན་ཧྲིལ་པོ་སྐྱུར་བར་བྱེད།

10 གཙོ་བོ་ཡེ་ཤུ་ལ་དད་པའི་ཐོག་ནས་ངས་ཁྱོད་ཚོ་ལོག་ལྟ་བྱེད་མཁན་དུ་མི་འགྱུར་བར་ཡིད་རྟོན་བྱེད། འོན་ཀྱང་ཁྱོད་ཚོ་དཀྲུག་མཁན་སུ་ཡིན་ཡང་དཀོན་མཆོག་གི་ཆད་པ་ཕོག་ངེས་སོ།

11 སྤུན་ཟླ་རྣམས། གལ་ཏེ་ངས་ད་དུང་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་རྒྱག་དགོས་བསྒྲགས་ན། གཞན་གྱིས་ང་ལ་ཅིའི་ཕྱིར་གནོད་སྐྱེལ། དེ་ལྟར་ཡིན་ན་ལོག་ལྟ་བྱེད་མཁན་གྱི་ཆ་ནས་རྒྱང་ཤིང་གི་བར་ཆད་མེད་པར་གྱུར།

12 ཁྱོད་ཚོ་དཀྲུག་མཁན་རྣམས་རང་གིས་རང་ལ་ཤ་གཅོད་པར་ཅི་མ་རུང༌།

13 སྤུན་ཟླ་རྣམས། ཁྱོད་ཚོ་རང་དབང་ཐོབ་ཕྱིར་བོས་པ་ཡིན། འོན་ཀྱང་དེ་ནི་སྡིག་པའི་རང་གཤིས་དང་བསྟུན་ནས་ལས་བྱེད་པའི་གོ་སྐབས་སུ་འགྱུར་མ་འཇུག ཁྱོད་ཚོས་བྱམས་པའི་ངང་ནས་གཅིག་གིས་གཅིག་ལ་གཡོག་བྱོས་ཤིག

14 ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་ཟུངས་ཤིག་ཅེས་པའི་བཀའ་གཅིག་གིས་ཆོས་ཁྲིམས་ཧྲིལ་པོ་སྡུད།

15 འོན་ཀྱང་གཅིག་གིས་གཅིག་ལ་སོ་བརྒྱབ་ནས་བཟས་ན་ཁྱོད་ཚོ་མེད་པར་མི་བྱ་བའི་ཕྱིར་དོགས་ཟོན་གྱིས་ཤིག

དམ་པའི་ཐུགས་ཉིད་ཀྱི་འབྲས་བུ།

16 ངས་བཤད་པའི་དོན་འདི་ལྟར་ཡིན། དམ་པའི་ཐུགས་ཉིད་ཀྱི་སྣེ་འཁྲིད་དང་བསྟུན་ཏེ་མི་ཚེ་སྐྱེལ་ཞིང༌། ཁྱེད་ཚོས་སྡིག་པའི་རང་གཤིས་ཀྱི་འདོད་པ་མི་བསྒྲུབ།

17 གང་ཡིན་ཞེ་ན། སྡིག་པའི་རང་གཤིས་ཀྱིས་དམ་པའི་ཐུགས་ཉིད་ལ་རྒོལ་ཞིང༌། དམ་པའི་ཐུགས་ཉིད་ཀྱིས་སྡིག་པའི་རང་གཤིས་ལ་ཡང་རྒོལ་ཏེ། ཁྱེད་ཚོས་རང་གི་འདོད་པ་ལྟར་མི་བྱེད་པའི་ཕྱིར་དེ་གཉིས་གཅིག་གིས་གཅིག་ལ་རྒོལ།

18 འོན་ཀྱང་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་རྣམས་འཁྲིད་ན། ཆོས་ཁྲིམས་ཀྱི་དབང་འོག་ཏུ་མེད།

19 སྡིག་པའི་རང་གཤིས་ཀྱི་ལས་རྣམས་གསལ་པོ་ཡིན་ཏེ། ལོག་གཡེམ་དང༌། མི་གཙང་བ། བག་མེད་སྤྱོད་པ།

20 ལྷ་ལ་རྟེན་པ། མཐུ་སྔགས། སྡང་སེམས། འཁྲུག་རྩོད། ཕྲག་དོག ཁོང་ཁྲོ་ལངས་བདེ་བ། ཁ་རྩོད། མི་མཐུན་པའི་ཕྱོགས་ཁག

21 འཁོན་སེམས། ར་བཟི་བ། བག་མེད་ཅན་གྱི་ཐུགས་སྤྲོ་ལ་སོགས། དེ་ལྟར་བྱེད་མཁན་དཀོན་མཆོག་གི་རྒྱལ་སྲིད་ལ་འཛུལ་བར་མི་སྲིད་པས། སྔར་ངས་ཁྱེད་རྣམས་ལ་བཤད་པ་ལྟར་ད་ལྟའང་དོགས་ཟོན་བྱེད་དོ།

22 འོན་ཀྱང་དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ནི་བྱམས་སེམས་དང༌། དགའ་སྤྲོ། ཞི་བདེ། བཟོད་པ། དྲིན་གཟོ། སེམས་བཟང་པོ། བློ་གཏད་ཆོག་པ།

23 སེམས་དུལ་པོ། རང་ཚོད་ཟིན་པ་ཡིན་ཏེ། འདི་དག་དང་མི་མཐུན་པའི་བཀའ་ཁྲིམས་མེད།

24 ཡང་མཱ་ཤི་ཀ་ཡེ་ཤུའི་ཁོངས་སུ་གཏོགས་པ་རྣམས་ཀྱིས་འདོད་ཆགས་དང་ལྡན་པའི་སྡིག་པའི་རང་གཤིས་རྒྱང་ཤིང་ལ་བརྒྱངས་ཏེ་བསད་པ་ཡིན་ནོ།

25 དམ་པའི་ཐུགས་ཉིད་ཀྱིས་ངེད་རྣམས་འཁྲིད་པས། ཐུགས་ཉིད་དང་བསྟུན་ཏེ་མི་ཚེ་སྐྱེལ་དགོས།

26 ང་ཚོས་རང་བསྟོད་བྱེད་པའམ། གཞན་ལ་འཁྲུག་རྐྱེན་སློང་བ། ཕྲག་དོག་བཅས་བྱེད་མི་རུང་ངོ༌།།

 

***************************************