Acts (5) – མཛད་པ། (5)

Acts (5) – མཛད་པ། (5)

1 འོན་ཀྱང་ཨ་ནན་ཡཱ་ཟེར་བའི་སྐྱེས་པ་ཞིག་དང་ཁོའི་བཟའ་ཟླ་སབ་ཕི་རཱ་གཉིས་ཀྱིས་ཞིང་ཁ་ཞིག་བཙོངས་ནས།

2 ཨ་ནན་ཡཱ་ཡིས་སའི་རིན་གོང་ཆ་ཤས་ཤིག་རང་གི་དོན་ལ་བཞག་ནས་ས་རིན་ལྷག་མ་སྐུ་ཚབ་རྣམས་ཀྱི་ཞབས་ལ་བཞག་པ་དེ་སབ་ཕི་རཱ་ཡིས་ཀྱང་ཤེས་ཀྱི་ཡོད།

3 ཡང་སྐུ་ཚབ་པེ་ཏྲོས་ “ཨ་ནན་ཡཱ། བདུད་སཱ་ཏན་གྱིས་ཁྱོད་ཀྱི་སེམས་ཁྱབ་ནས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་རྫུན་བཤད་དེ། སའི་རིན་གོང་ཆ་ཤས་རང་ལ་བཞག་པ་དེ་ཅི་ཡིན།

4 ཞིང་ཁ་དེ་མ་བཙོངས་པའི་སྔོན་དུ་ཁྱོད་རང་གི་མ་ཡིན་ནམ། ཡང་བཙོངས་པའི་རྗེས་སུ་སའི་རིན་གོང་ཁྱོད་ལ་དབང་བ་མ་ཡིན་ནམ། བསམ་པ་འདི་ཁྱོད་ཀྱི་སེམས་ལ་སྐྱེས་པ་དེ་ཅི་ལྟར་སྲིད། ཁྱོད་ཀྱིས་མི་རྣམས་ལ་མ་བཤད་ཀྱི། དཀོན་མཆོག་ལ་རྫུན་བཤད་” ཅེས་གསུངས།

5 གཏམ་དེ་གོ་མ་ཐག་ཨ་ནན་ཡཱ་ས་ལ་འགྱེལ་ནས་ཤིའོ། དེའི་སྐོར་ཐོས་པ་ཐམས་ཅད་ཤིན་ཏུ་འཇིགས།

6 གཞོན་ནུ་རྣམས་ཀྱིས་ཁོའི་ཕུང་པོ་རས་ཀྱིས་བཏུམས་ནས་ཕྱི་རོལ་དུ་འཁུར་ཏེ་དུར་དུ་བཅུག

7 དེ་ནས་ཆུ་ཚོད་གསུམ་ཙམ་གྱི་རྗེས་སུ་ཁོ་ལ་ཅི་བྱུང་བ་མི་ཤེས་པར་ཁོའི་བཟའ་ཟླ་ཡོང་ཞིང༌།

8 སྐུ་ཚབ་པེ་ཏྲོས་ཁོ་མོར་ “ང་ལ་ཤོད་དང༌། ཁྱོད་གཉིས་ཀྱིས་ས་ཞིང་བཙོངས་ནས་རིན་གོང་འདི་ཙམ་ཐོབ་བམ་” ཞེས་གསུངས་པས་ཁོ་མོས་ “ལགས་ཡིན། རིན་གོང་དེ་ཙམ་ཡིན་” ཞེས་སྨྲས་པ་དང༌།

9 སྐུ་ཚབ་པེ་ཏྲོས་ཁོ་མོར་ “དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་ཉམས་ཚོད་བྱེད་པའི་ཕྱིར་ཁྱོད་གཉིས་ཀྱིས་མོས་མཐུན་བྱས་པ་དེ་ཅི་ཡིན། ལྟོས་ཤིག ཁྱོད་ཀྱི་ཁྱོ་བོའི་ཕུང་པོ་དུར་དུ་འཇུག་མཁན་སྒོ་ལ་འདུག ཁོ་ཚོས་ཁྱོད་ཀྱི་ཕུང་པོ་ཕྱི་རོལ་དུ་འཁུར་ངེས་ཡིན་” ཞེས་གསུངས་མ་ཐག

10 ཁོང་གི་ཞབས་ཀྱི་དྲུང་དུ་འགྱེལ་ནས་ཁོ་མོ་ཤིའོ། གཞོན་ནུ་རྣམས་ནང་ལ་ཡོང་ནས་ཁོ་མོ་ཤི་བར་མཐོང་བས། ཁོ་མོའི་ཕུང་པོ་ཕྱིར་འཁུར་བ་དང༌། ཁྱོ་བོའི་དུར་སའི་ཉེ་འགྲམ་ལ་དུར་དུ་བཅུག

11 ཡང་དོན་དེའི་སྐོར་ཐོས་མཁན་དང༌། ཆོས་ཚོགས་ཀྱི་མི་ཚང་མ་འཇིགས་སྐྲགས་སྐྱེས་སོ།།

སྐུ་ཚབ་རྣམས་ཀྱིས་ངོ་མཚར་བའི་དོན་མང་པོ་མཛད་པ།

12 ཡང་མི་རྣམས་ཀྱི་ཁྲོད་དུ་སྐུ་ཚབ་རྣམས་ཀྱི་ཐོག་ནས་རྟགས་དང་ངོ་མཚར་བའི་དོན་མང་པོ་བྱུང༌། དད་ལྡན་ཐམས་ཅད་མཆོད་ཁང་དུ་སོ་ལོ་མོན་གྱི་གཡབ་རིང་ལ་འཛོམས།

13 གཞན་རྣམས་ཀྱིས་ཁོང་ཚོ་དང་འགྲོགས་མི་ནུས་ཀྱང༌། ཡུལ་མི་རྣམས་ཀྱིས་ཁོང་ཚོར་བརྩི་བཀུར་བྱས།

14 ཡང་སྔོན་ལས་ལྷག་པར་སྐྱེས་པ་དང་བུད་མེད་དད་ལྡན་ཤིན་ཏུ་མང་པོ་ཁོང་ཚོའི་གྲལ་དུ་ཞུགས་པར་གྱུར།

15 སྐུ་ཚབ་རྣམས་ཀྱིས་གང་མཛད་པའི་རྐྱེན་གྱིས་མི་རྣམས་ཀྱིས་ནད་པ་ཚོ་ལམ་ལ་འཁུར་ནས་ཉལ་ཁྲི་དང་མལ་སྟན་སྒང་ལ་བཞག དེ་ནི་སྐུ་ཚབ་པེ་ཏྲོ་ཕེབས་པའི་དུས་སུ་ཁོང་གི་གྲིབ་མ་ཙམ་ཡང་ཁོ་ཚོ་ཁ་ཤས་ཀྱི་ལུས་ལ་ཕོག་པའི་ཆེད་དུ་ཡིན་པས་སོ།

16 ཡེ་རུ་ཤ་ལེམ་དང་ཉེ་འཁོར་གྱི་གྲོང་སྡེའི་མི་མང་པོ་ནད་པ་དང༌། གདོན་འདྲེ་མི་གཙང་བ་ཕོག་པ་རྣམས་འཁྲིད་དེ་འཛོམས་ཤིང༌། ཁོ་ཚོ་ཐམས་ཅད་གསོས་པར་གྱུར།

སྐུ་ཚབ་རྣམས་འཛིན་བཟུང་བྱས་པ།

17 དེ་ནས་བླ་ཆེན་གཙོ་བོ་དང༌། ཁོ་དང་འགྲོགས་པའི་སཱ་ཅུ་སེ་པའི་ཕྱོགས་ཁག་གི་ཁོངས་གཏོགས་པ་ཐམས་ཅད་ཕྲག་དོག་སྐྱེས་ཏེ།

18 སྐུ་ཚབ་རྣམས་འཛིན་བཟུང་བྱས་ནས་སྤྱི་པའི་བཙོན་ཁང་དུ་བཅུག

19 འོན་ཀྱང་མཚན་མོའི་དུས་སུ་གཙོ་བོའི་ཕོ་ཉ་ཞིག་གིས་བཙོན་ཁང་གི་སྒོ་ཕྱེ་ནས་ཁོང་རྣམས་ཕྱི་རོལ་དུ་འཁྲིད་དེ།

20 ཁོང་ཚོར་ “སོང་ལ་མཆོད་ཁང་ཆེན་མོའི་ཁྱམས་རར་མི་རྣམས་ལ་ཚེ་གསར་པ་འདིའི་འཕྲིན་ཡོངས་སུ་སྒྲོགས་ཤིག་” ཅེས་གསུངས།

21 དེ་ཐོས་ནས་ནམ་ལངས་པའི་ཚེ་ཁོང་རྣམས་མཆོད་ཁང་ཆེན་མོའི་ཁྱམས་རར་སོང་ནས་ཆོས་བསྟན།

བླ་ཆེན་འཁོར་དང་བཅས་པ་ཡོང་སྐབས། ཁོ་ཚོས་ཡི་སི་ར་ཨེལ་གྱི་རྒན་པོ་ཐམས་ཅད་ཀྱི་གྲོས་ཚོགས་བསྐོངས་ནས་བཙོན་པ་དེ་གཉིས་ཁོ་ཚོའི་རྩར་འཁྲིད་ཡོང་དགོས་པས་བཙོན་ཁང་ལ་བཀའ་མངགས་བཏང༌།

22 མཆོད་ཁང་གི་སྲུང་དམག་དེར་སོང་ནས་སྐུ་ཚབ་རྣམས་བཙོན་ཁང་དུ་མ་རྙེད་པས། གྲོས་ཚོགས་ལ་ཕྱིར་ལོག་པ་དང་ཁོ་རྣམས་ལ་

23 “བཙོན་ཁང་གི་སྒོ་དམ་པོར་བརྒྱབ་སྟེ་སྲུང་མཁན་རྣམས་སྒོ་འགྲམ་ལ་ལངས་ཏེ་བསྡད་པ་ང་ཚོས་མཐོང་ཀྱང༌། སྒོ་ཕྱེ་ནས་ནང་ལ་མི་སུ་ཡང་མ་མཐོང་” ཞེས་བཤད།

24 དེ་ཐོས་ནས་མཆོད་ཁང་གི་སྲུང་དམག་གི་དཔོན་པོ་དང༌། བླ་ཆེན་རྣམས་ག་བྱེད་འདི་བྱེད་མེད་པར་གྱུར་ཏེ། བྱ་བ་འདི་ནས་ཅི་འབྱུང་བར་འགྱུར་སྙམ།

25 མི་ཞིག་དེར་སླེབས་ནས་ཁོ་ཚོར་ “ཉོན་དང༌། ཁྱེད་ཚོས་བཙོན་ཁང་དུ་བཅུག་པའི་མི་དེ་རྣམས་མཆོད་ཁང་གི་ཁྱམས་རར་མི་ཚོགས་ལ་ཆོས་སྟོན་གྱི་འདུག་” ཅེས་སྨྲས།

26 དེ་ནས་དཔོན་པོ་དེ་སྲུང་དམག་དང་མཉམ་དུ་མཆོད་ཁང་ལ་ཕྱིན་ནས། མི་རྣམས་ཀྱིས་ཁོ་ཚོར་རྡོ་རུབ་གཏོང་བའི་འཇིགས་པ་སྐྱེས་པས་བཙན་ཤེད་མི་བྱེད་པར་ཁོང་རྣམས་གྲོས་ཚོགས་ལ་འཁྲིད་ཡོང་སྟེ།

27 གྲོས་ཚོགས་ཀྱི་མདུན་དུ་བཞག་ནས། བླ་ཆེན་གྱིས་ཁོང་ཚོར་

28 “ངེད་རྣམས་ཀྱིས་ཁྱོད་ཚོར་མིང་འདིའི་ཐོག་ནས་མི་བསྟན་པ་ནན་གྱིས་བསྐུལ་ཡང༌། ཁྱོད་ཀྱིས་ཡེ་རུ་ཤ་ལེམ་ལ་ཆོས་འདི་གང་སར་ཁྱབ་བསྒྲགས་བྱས་ཏེ། མི་དེའི་ཁྲག་ལན་ང་ཚོ་ལ་འགེལ་བར་འདོད་” ཅེས་ཟེར།

29 འོན་ཀྱང་པེ་ཏྲོ་དང་སྐུ་ཚབ་གཞན་རྣམས་ཀྱིས་ “མིའི་ངག་ལ་མི་ཉན་གྱི། དཀོན་མཆོག་གི་བཀའ་ལ་ཉན་དགོས།

30 ཁྱེད་ཀྱིས་རྒྱང་ཤིང་ལ་བརྒྱངས་ནས་བསད་པའི་གཙོ་བོ་ཡེ་ཤུ་ནི་ངེད་རྣམས་ཀྱི་མེས་པོའི་དཀོན་མཆོག་གིས་འཆི་བ་ནས་སླར་གསོན་པར་མཛད།

31 ཡི་སི་ར་ཨེལ་གྱི་མི་རིགས་ལ་སེམས་བསྒྱུར་བ་དང༌། སྡིག་ཉེས་སེལ་རྒྱུའི་གོ་སྐབས་གནང་བའི་ཕྱིར་དཀོན་མཆོག་གིས་གཙོ་བོ་དང་སྐྱབས་མགོན་ལྟར་ཉིད་ཀྱི་ཕྱག་གཡས་སུ་ཁོང་འཕགས་པར་མཛད།

32 ང་ཚོས་དོན་དེ་རྣམས་ལ་དཔང་པོ་བྱེད་ཅིང༌། ཁོང་གི་བཀའ་ལ་ཉན་མཁན་ལ་གནང་བ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཀྱང་དོན་དེ་རྣམས་ལ་དཔང་པོ་མཛད་” ཅེས་གསུངས།

33 དེ་ཐོས་ནས་གྲོས་ཚོགས་ཀྱི་མི་རྣམས་ཁོང་ཁྲོ་ལངས་ཏེ་ཁོང་རྣམས་གསོད་པར་འདོད།

34 འོན་ཀྱང་ཕཱ་རུ་ཤི་ཟེར་བའི་ཕྱོགས་ཁག་ལ་གཏོགས་པའི་མི་སྟེ་ཆོས་ཁྲིམས་ལ་མཁས་ཤིང༌། མི་ཚང་མས་བཀུར་བ་གཱ་མ་ལི་ཨེལ་ཟེར་མཁན་ནི་གྲོས་ཚོགས་སུ་ལངས་ནས་སྐུ་ཚབ་རྣམས་དུས་ཐུང་ངུ་ཕྱི་རོལ་དུ་འཁྲིད་དགོས་པའི་བཀའ་གནང༌།

35 ཁོང་གིས་གྲོས་ཚོགས་ལ་ “ཡི་སི་ར་ཨེལ་གྱི་སྐྱེས་པ་རྣམས། ཁྱེད་ཀྱིས་མི་འདི་རྣམས་ལ་ཅི་བྱེད་ཞིབ་པར་དགོངས་ཤིག

36 སྔོན་ཆད་ཐེའུ་དཱ་ཟེར་མཁན་གྱིས་རང་བསྟོད་བྱས་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱས་པ་དང༌། མི་བཞི་བརྒྱ་ཙམ་ཁོའི་རྗེས་སུ་འབྲངས། གཞན་གྱིས་ཁོ་བསད་ནས་ཁོའི་རྗེས་འབྲངས་པ་རྣམས་འཐོར་ཏེ་དོན་དེ་མེད་པར་གྱུར།

37དེའི་རྗེས་སུ་ཡ་ཧུ་དཱ་ཡུལ་གྱི་འབངས་མི་མིང་ཐོ་འགོད་པའི་དུས་སུ་ག་ལིལ་ཡུལ་ནས་ཡིན་པ་ཡུ་དཱ་ཡིས་རྗེས་འབྲངས་པ་རྣམས་མཉམ་དུ་བསྡུས་ནས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་དང༌། ཁོ་ཡང་བསད་ནས། རྗེས་འབྲངས་པ་ཐམས་ཅད་འཐོར་བར་གྱུར།

38 དེའི་ཕྱིར་གནས་ཚུལ་འདིའི་སྐོར་ངས་ཁྱེད་རྣམས་ལ་ཟེར་རྒྱུར། མི་འདི་ཚོར་ཅི་ཡང་མི་བྱེད་ཅིང་གློད་བཀྲོལ་གཏོང་ཞིག གང་ལགས་ཤེ་ན། གལ་ཏེ་འཆར་གཞིའམ་བྱ་བ་འདི་ནི་མི་རྣམས་ལས་བྱུང་བ་ཡིན་ན་འཇིག་པར་འགྱུར།

39 འོན་ཀྱང་དཀོན་མཆོག་ལས་བྱུང་ན་ཁྱེད་ཀྱིས་ཁོ་ཚོ་འགོག་མི་ཐུབ་པ་མ་ཟད། དཀོན་མཆོག་ལ་ངོ་རྒོལ་བྱེད་མཁན་དུ་འགྱུར་བའི་ཉེན་ཁ་ཡོད་” ཅེས་གསུངས།

40 ཁོང་གི་བཀའ་ལ་ཉན་ཏེ་གྲོས་ཚོགས་ཀྱིས་སྐུ་ཚབ་རྣམས་བོས་ནས་ཁོང་ཚོ་རྟ་ལྕག་གིས་རྡུང་དུ་བཅུག དེ་ནས་ཁོ་ཚོས་སྐུ་ཚབ་རྣམས་ལ་གཙོ་བོ་ཡེ་ཤུའི་མཚན་གྱི་ཐོག་ནས་མི་འཆད་པར་བཀའ་བཏང་ནས་གློད།

41 གྲོས་ཚོགས་ནས་འཐོན་དུས་ཡེ་ཤུའི་མཚན་གྱི་དོན་ལ་སྡུག་བསྔལ་དེ་ལྟར་མྱོང་འོས་པར་བརྩིས་པས་ཁོང་རྣམས་ཧ་ཅང་དགའ་བར་གྱུར།

42 ཡང་ཉིན་ལྟར་མཆོད་ཁང་གི་ཁྱམས་ར་དང་ཁྱིམ་ཚང་གང་དུའང་ཁོང་ཚོས་གཙོ་བོ་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་ཞེས་རྒྱུན་མི་ཆད་པར་བསྟན་ཏེ་བསྒྲགས་སོ།།

 

****************************************

Acts (4) – མཛད་པ། (4)

Acts (4) – མཛད་པ། (4)

1 པེ་ཏྲོ་དང་ཡོ་ཧ་ནན་གྱིས་མི་ཚོགས་ལ་གཏམ་བྱེད་པའི་དུས་སུ་ཡ་ཧུ་དཱ་པའི་བླ་མ་རྣམས་དང༌། སཱ་ཅུ་སེ་པའི་ཕྱོགས་ཁག་ནང་ནས་ཁ་ཅིག་དང༌། མཆོད་ཁང་གི་སྲུང་དམག་གི་དཔོན་པོ་ཁོ་ཚོའི་འཁྲིས་སུ་སླེབས།

2ཁོང་གཉིས་ཀྱིས་གཙོ་བོ་ཡེ་ཤུའི་ཐོག་ནས་འཆི་བ་ལས་སླར་གསོན་པ་ཡོད་པར་བསྒྲགས་ཏེ་མི་རྣམས་ལ་ཆོས་བསྟན་གནང་བས་ཁོ་ཚོ་སེམས་ཤིན་ཏུ་འཁྲུགས་པས།

3 ཁོང་ཚོ་འཛིན་བཟུང་བྱས་པ་དང༌། དགོང་དྲོ་ཟིན་ཚར་བས་དེའི་སང་ཉིན་གྱི་བར་བཙོན་ཁང་དུ་བཅུག

4 འོན་ཀྱང་བཀའ་དེ་ཐོས་མཁན་གྱི་ནང་ནས་མི་མང་པོ་ཞིག་གིས་དད་པ་བྱས་ཏེ། དད་ལྡན་རྣམས་ཀྱི་གྲལ་དུ་སྐྱེས་པ་རྣམས་ཀྱི་གྲངས་ལྔ་སྟོང་ཙམ་དུ་གྱུར།

5 དེའི་ཕྱི་ཉིན་ཁོ་ཚོའི་དཔོན་པོ་དང༌། རྒན་པོ། ཆོས་ཁྲིམས་ལ་མཁས་པའི་མི་རྣམས།

6 ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོ་ཨ་ན་སི། ཀ་ཡ་ཕཱ། ཡོ་ཧ་ནན། ཨ་ལིག་ཟན་ཌེར། བླ་ཆེན་གཙོ་བོའི་ནང་མི་ཐམས་ཅད་ཡེ་རུ་ཤ་ལེམ་དུ་འཛོམས།

7 བཙོན་པ་དེ་གཉིས་ཁོ་ཚོའི་དཀྱིལ་ལ་བཞག་ནས་ཁོ་ཚོས་ “ནུས་མཐུ་གང་ངམ། སུའི་མིང་ལ་བརྟེན་ནས་ཁྱོད་ཚོས་དོན་འདི་བསྒྲུབས་པ་ཡིན་ནམ་” ཞེས་དྲིས་པས།

8 སྐུ་ཚབ་པེ་ཏྲོ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་གང་བར་གྱུར་ནས་ཁོ་ཚོར་ “ཀྱེ་དཔོན་རིགས་དང་རྒན་པོ་རྣམས།

9 གལ་ཏེ་ནད་པ་ཞིག་ལ་འཕྲིན་ལས་བྱས་པ་དང༌། ཅི་ལྟར་བྱས་ཏེ་ཁོ་གསོས་པར་གྱུར་བའི་སྐོར་ལ་ཁྱེད་རྣམས་ཀྱིས་ང་ཚོར་དེ་རིང་འདྲི་གཅོད་བྱས་ན།

10 ཁྱོད་རྣམས་ཀྱིས་རྒྱང་ཤིང་སྒང་ལ་བསད་ནས་དཀོན་མཆོག་གིས་འཆི་བ་ནས་གསོན་པོར་ལང་དུ་མཛད་པ་ན་ཙ་རེལ་པ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་ཐོག་ནས་མི་འདི་ཁྱེད་ཀྱི་མདུན་དུ་ཁམས་བཟང་པོར་བཞུགས་པ་ཁྱེད་ཚོ་དང༌། ཡི་སི་ར་ཨེལ་གྱི་མི་ཚང་མས་ཤེས་པར་གྱིས་ཤིག

11 ཡེ་ཤུ་ནི་གསུང་རབ་ལྟར་ཁྱོད་ཚོ་བཟོ་པ་རྣམས་ཀྱིས་དོར་བའི་རྡོ་སྟེ་རྨང་རྡོར་གྱུར་བ་དེ་ཡིན་ནོ།

12 ཐར་པ་ནི་གཞན་སུ་ཡང་ལས་འབྱུང་མི་སྲིད། གང་ཡིན་ཞེ་ན། ང་ཚོ་ཐར་བར་འགྱུར་བའི་ཆེད་དུ་མི་རྣམས་ཀྱི་ནང་ནས་མཚན་འདི་མ་གཏོགས་པར་གཞན་ཞིག་ནམ་འོག་ཏུ་གནང་བ་མ་ཡིན་ནོ་” ཞེས་གསུངས།

13 ཁོ་རྣམས་ཀྱིས་པེ་ཏྲོ་དང་ཡོ་ཧ་ནན་གྱིས་བློ་སྟོབས་ཆེན་པོས་གསུངས་པར་མཐོང་བ་དང༌། ཁོང་ཚོ་སློབ་གསོ་མྱོང་མེད་པའི་མི་སེར་ཡིན་པར་རྟོགས་ཏེ། ཡ་མཚན་ཆེན་པོ་སྐྱེས་ནས་དེ་གཉིས་གཙོ་བོ་ཡེ་ཤུ་དང་འགྲོགས་མྱོང་བ་ཡིན་པར་ཤེས།

14 ཡང་ཞ་བོ་ནད་ལས་གསོས་པར་གྱུར་བ་དེ་ཁོ་ཚོའི་དཀྱིལ་ལ་ལངས་ཏེ་སྡོད་པ་མཐོང་བས་ཁོ་ཚོས་ལན་ཅི་ཡང་བརྗོད་མ་ཐུབ་རྐྱེན།

15 ཁོང་ཚོས་ཁོ་གཉིས་གྲོས་ཚོགས་ཁང་ནས་ཕྱི་རུ་འདོན་པའི་བཀའ་བཏང་ནས། གཅིག་གིས་གཅིག་ལ་གཏམ་གླེང་བྱས་ཏེ་

16 “ངེད་རྣམས་ཀྱིས་མི་འདི་གཉིས་ལ་ཅི་བྱེད་པར་བྱ། ཡེ་རུ་ཤ་ལེམ་ལ་སྡོད་མཁན་ཀུན་གྱིས་ངོ་མཚར་བའི་རྟགས་བསྒྲུབས་པ་ཡིན་པར་ཤེས་པས་ང་ཚོས་དེ་མ་བྱུང་ཞེས་ཟེར་མི་སྲིད།

17 འོན་ཀྱང་དོན་འདི་མི་རྣམས་ཀྱི་ཁྲོད་དུ་སྔར་ལས་ལྷག་པ་མི་ཁྱབ་པའི་ཆེད་དུ་ང་ཚོས་ཁོ་རྣམས་ལ་ད་ནས་བཟུང་མཚན་འདིའི་ཐོག་ནས་སུ་ལ་ཡང་མི་འཆད་པའི་ཐ་ཚིག་བྱེད་རྒྱུ་ཡིན་” ཞེས་བཤད་པས།

18 ཁོ་ཚོ་གཉིས་བོས་པ་དང༌། གཙོ་བོ་ཡེ་ཤུའི་མཚན་ཐོག་ནས་ནམ་ཡང་གཏམ་བརྗོད་པ་དང་ཆོས་སྟོན་མི་ཆོག་པར་བཀའ་བཏང་ཡང༌།

19 པེ་ཏྲོ་དང་ཡོ་ཧ་ནན་གྱིས་ཁོ་ཚོར་ “ཁྱེད་ཀྱི་གསུང་ངམ། དཀོན་མཆོག་གི་བཀའ་ལ་ཉན་པ་ནི་དཀོན་མཆོག་གི་སྤྱན་སྔར་ཇི་ཞིག་འོས་པ་ཡིན་པར་ཁྱེད་ཀྱིས་ཐག་གཅོད་བྱེད་དགོས་ཏེ།

20 ང་ཚོས་གང་མཐོང་བ་དང་ཐོས་པའི་སྐོར་ལ་འཆད་རྒྱུ་ལས་ཐབས་གཞན་མེད་” ཅེས་གསུངས།

21-22 ངོ་མཚར་བའི་རྟགས་ཀྱིས་གསོས་པར་འགྱུར་བའི་མི་དེ་ལོ་བཞི་བཅུ་ལྷག་ཙམ་ལོན་པ་ཞིག་ཡིན་ཏེ། རྟགས་དེ་བྱུང་བས་མི་ཐམས་ཅད་ཀྱིས་དཀོན་མཆོག་ལ་བསྟོད་པ་ཕུལ་བའི་རྐྱེན་གྱིས་ཁོང་གཉིས་ལ་ཉེས་ཆད་གཏོང་མ་ནུས། དེའི་ཕྱིར་གྲོས་ཚོགས་ཀྱིས་སྔོན་ལས་ལྷག་པའི་རྫིག་རྫིག་བཏང་ནས་ཁོང་རྣམས་གློད།

བློ་སེམས་གཅིག་མཐུན་གྱིས་སྨོན་ལམ་བཏབ་པ།

23དེའི་རྗེས་སུ་སྐུ་ཚབ་པེ་ཏྲོ་དང་ཡོ་ཧ་ནན་རང་གི་འགྲོགས་མིའི་རྩར་ཕྱིར་ལོག་ནས་བླ་ཆེན་དང་རྒན་པོ་རྣམས་ཀྱིས་གང་བཤད་པ་ཐམས་ཅད་ཁོ་ཚོར་གསུངས།

24 ཁོ་ཚོས་གཏམ་དེ་ཐོས་ནས་བློ་སེམས་གཅིག་མཐུན་གྱིས་དཀོན་མཆོག་ལ་སྨོན་ལམ་བཏབ་སྟེ་ “ཀྱེ་གཙོ་བོ་དཀོན་མཆོག ཁྱེད་ཀྱིས་གནམ་ས་གཉིས་དང༌། རྒྱ་མཚོ། དེར་ཡོད་པ་ཐམས་ཅད་བཀོད་པ་གནང་ངོ༌།

25 ཁྱེད་ཀྱིས་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ཁྱེད་ཀྱི་ཞབས་ཕྱི་ང་ཚོའི་མེས་པོ་དཱ་བིད་བརྒྱུད་ནས།

ཕྱི་པ་རབ་ཏུ་ཁྲོས་པ་ཅི་ཡི་ཕྱིར།།

མི་རྒྱུད་རྣམས་ཀྱིས་དོན་མེད་བྱེད་པ་ཅི།།

26 དེ་ཡང་གཙོ་བོ་དཀོན་མཆོག་ཁོང་ཉིད་ཀྱིས།།

མངགས་པའི་སྐྱབས་མགོན་དེ་ལ་རྒོལ་ཆེད་དུ།།

ས་སྟེང་རྒྱལ་དཔོན་ཐམས་ཅད་མཉམ་དུ་འདུས།།

ཞེས་གསུངས་པའི་ལུང་བསྟན་ནི།

27 དོན་དངོས་སུ་གྲོང་ཁྱེར་འདིར་བསྒྲུབས་སོ། གང་ལགས་ཟེར་ན། རྒྱལ་པོ་ཧེ་རོ་དཱེ་དང་སྤྱི་ཁྱབ་ཕོན་ཏི་ཡུ་པི་ལ་ཏུ་གཉིས་ནི་ཕྱི་པ་རྣམས་དང་ཡི་སི་ར་ཨེལ་གྱི་མི་སྡེ་དང་བཅས་པ་ཁྱེད་ཀྱིས་སྣུམ་གྱིས་བྱུགས་སུ་བཅུག་པའི་ཞབས་ཕྱི་དམ་པ་ཡེ་ཤུ་ལ་ངོ་རྒོལ་བྱེད་པར་འཛོམས།

28 དེ་ནི་སྔར་ནས་ཁྱེད་ཀྱི་དབང་དང་ཐུགས་དགོངས་ཀྱིས་གང་ཐག་བཅད་ཟིན་པ་དེ་སྒྲུབ་པའི་ཆེད་དུ་ཡིན།

29 ཀྱེ་གཙོ་བོ་དཀོན་མཆོག ད་ཁོ་ཚོའི་འཇིགས་སྐུལ་གཟིགས་ཤིང༌། ཁྱེད་ཀྱི་གཡོག་པོ་རྣམས་ཀྱིས་བློ་སྟོབས་ཆེན་པོས་ཁྱེད་ཀྱི་བཀའ་སྒྲོག་གནང་བར་ཤོག

30 ཡང་ནད་གསོ་བར་མཛད་པའི་ཆེད་དུ་ཁྱེད་ཀྱི་ཕྱག་རྐྱོངས་ཤིང༌། ཁྱེད་ཀྱི་ཞབས་ཕྱི་དམ་པ་ཡེ་ཤུའི་མཚན་གྱི་ཐོག་ནས་རྟགས་དང་ངོ་མཚར་བའི་དོན་སྒྲུབ་པར་ཤོག་” ཅེས་གསུངས།

31 ཁོང་ཚོས་སྨོན་ལམ་བཏབ་པའི་རྗེས་སུ་འཛོམས་ས་གཡོ་བར་གྱུར་བ་དང༌། ཁོང་ཚོ་ཚང་མ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་གང་བར་གྱུར་བས་འཇིགས་སྣང་ཅི་ཡང་མེད་པར་དཀོན་མཆོག་གི་བཀའ་བསྒྲགས།

ནོར་རྫས་ཐམས་ཅད་ཐུན་མོང་དུ་བྱས་པ།

32 ཡང་དད་ལྡན་གྱི་མི་ཚོགས་བློ་སེམས་གཅིག་མཐུན་པར་བཞུགས་ཏེ། ཁོ་ཚོའི་ནང་ནས་རང་ནོར་རང་གི་ཡིན་ཟེར་མཁན་གཅིག་ཀྱང་མེད་པས། ནོར་རྫས་ཐམས་ཅད་ཐུན་མོང་དུ་བྱས།

33 ནུས་མཐུ་ཆེན་པོས་སྐུ་ཚབ་རྣམས་ཀྱིས་གཙོ་བོ་ཡེ་ཤུ་འཆི་བ་ནས་སླར་གསོན་པར་དཔང་པོ་མཛད། དཀོན་མཆོག་གི་ཐུགས་རྗེ་ཆེན་པོ་ཁོང་ཚོ་ཚང་མར་བབས་སོ།

34-35 དད་ལྡན་རྣམས་ཀྱི་ནང་ནས་དབུལ་པོ་གཅིག་ཀྱང་མེད། རྒྱུ་མཚན་ནི་ས་ཞིང་ངམ་ཁང་པ་ཡོད་པའི་མི་ཐམས་ཅད་ཀྱིས་དེ་ཚོ་བཙོངས་ནས་དངུལ་ཐོབ་པ་དང༌། དད་ལྡན་གཞན་ལ་ཕན་པའི་ཕྱིར་སྐུ་ཚབ་རྣམས་ཀྱི་ཞབས་ཀྱི་དྲུང་དུ་བཞག དེ་ནས་ཁོང་ཚོས་མི་རེ་རེ་ལ་དགོས་པ་བཞིན་དུ་བགོ་བཤའ་བརྒྱབ།

36 ཡང་ཀིབ་རུ་གླིང་ཕྲན་ནས་ཡིན་པའི་སྐྱེས་པ་ཡོ་སེབ་ཟེར་མཁན་ཞིག་ཡོད་དེ། ཁོང་ནི་ལེ་ཝི་པ་ཞིག་ཡིན། སྐུ་ཚབ་རྣམས་ཀྱིས་ཁོང་ལ་མིང་པར་ན་པཱ་ཞེས་བཏགས་པ་སྟེ། བློ་སྟོབས་སྤེལ་མཁན་ཞེས་པའི་དོན་ཡིན།

37 ཁོང་ལ་ཡོད་པའི་ཞིང་ཁ་ཞིག་བཙོངས་ནས་དེའི་རིན་གོང་འཁྱེར་ཡོང་བ་དང༌། སྐུ་ཚབ་རྣམས་ཀྱི་ཞབས་ཀྱི་དྲུང་དུ་བཞག་གོ །

 

********************************

Acts (3) – མཛད་པ། (3)

Acts (3) – མཛད་པ། (3)

1 ཉིན་ཞིག་སྐུ་ཚབ་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྨོན་ལམ་འདེབས་པའི་དུས་སུ་མཆོད་ཁང་ལ་ཡར་ཕེབས་པའི་ཚེ།

2 མི་རྣམས་ཀྱིས་སྐྱེས་དུས་ནས་ཞ་བོ་ཡིན་པ་ཞིག་ཁུར་ཏེ་ཡོང༌། ཞ་བོ་དེས་མཆོད་ཁང་ལ་འགྲོ་མཁན་རྣམས་ལ་སློང་བའི་ཆེད་དུ་ཁོ་ཚོས་མཛེས་པ་ཞེས་ཟེར་བའི་རྒྱལ་སྒོར་ཉིན་ལྟར་བཞག

3 ཞ་བོ་དེས་པེ་ཏྲོ་དང་ཡོ་ཧ་ནན་མཆོད་ཁང་གི་ཁྱམས་རའི་ནང་དུ་ཕེབས་གྲབས་ཡོད་པ་མཐོང་ནས་སྦྱིན་པ་སློང༌།

4 འོན་ཀྱང་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱིས་ཁོ་ལ་ནན་གྱིས་བལྟས་ཏེ་པེ་ཏྲོས་ “ང་ཚོར་ལྟོས་དང་” ཞེས་གསུངས་ནས།

5 སྦྱིན་པ་འཐོབ་པར་རེ་བ་བྱས་ཏེ། མི་དེས་ཁོང་ཚོར་དོ་སྣང་བྱས།

6 པེ་ཏྲོས་ “དངུལ་ཡང་ན་གསེར་ང་ལ་མེད་ཀྱང༌། ང་ལ་ཡོད་པ་དེ་ཁྱེད་ལ་སྟེར་རྒྱུ་ཡིན། ན་ཙ་རེལ་པ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་ཐོག་ནས་ཡར་ལོངས་ལ་སོང་ཞིག་” ཅེས་གསུངས་ནས།

7 ཁོང་གིས་ཁོའི་ལག་པ་གཡས་པ་ནས་བཟུང་སྟེ་ཡར་བསྐྱོར་བ་དང་ལངས་སུ་བཅུག འཕྲལ་དུ་ཁོའི་རྐང་པ་བརྟན་པོར་གྱུར།

8 ཡར་མཆོངས་ཤིང་ལངས་ནས་འགྲོ་ཐུབ་པར་གྱུར། དེ་ནས་གོམ་པ་སྤོས་པ་དང་མཆོངས་ནས་དཀོན་མཆོག་ལ་བསྟོད་དེ་མཆོད་ཁང་གི་ཁྱམས་རའི་ནང་དུ་ཁོང་ཚོ་དང་མཉམ་དུ་ཕྱིན།

9 མི་ཐམས་ཅད་ཀྱིས་མི་དེ་འགྲོ་བ་དང་དཀོན་མཆོག་ལ་བསྟོད་པར་མཐོང་ཞིང༌།

10 སྔར་མི་རྣམས་ལ་སློང་བའི་ཆེད་དུ་མཛེས་པའི་རྒྱལ་སྒོར་སྡོད་མཁན་སྤྲང་པོ་ཡིན་པར་ངོ་ཤེས་པས། ཁོ་ལ་ཅི་བྱུང་བར་ཧ་ལས་ཤིང་ཡ་མཚན་ཆེན་པོ་སྐྱེས།

སྐུ་ཚབ་པེ་ཏྲོས་མི་ཚོགས་ལ་ཆོས་བསྒྲགས་པ།

11 མི་དེས་པེ་ཏྲོ་དང་ཡོ་ཧ་ནན་བཟུང་བཞིན་ཡོད་དུས་མི་ཐམས་ཅད་ཡོངས་སུ་ཧ་ལས་ཤིང༌། ཁོང་ཚོའི་རྩར་སོ་ལོ་མོན་གྱི་གཡབ་རིང་ཞེས་བྱ་བར་རྒྱུག་ནས་འཛོམས།

12 པེ་ཏྲོས་དེ་མཐོང་ནས་མི་རྣམས་ལ་ “ཀྱེ་ཡི་སི་ར་ཨེལ་པ་རྣམས། དོན་འདི་ལ་ཅིའི་ཕྱིར་ཡ་མཚན་སྐྱེས་ལ་ང་ཚོར་ནན་གྱིས་ལྟ། ངེད་གཉིས་ཀྱི་ནུས་མཐུའམ་ཆོས་སེམས་ཀྱི་སྒོ་ནས་མི་འདི་འགྲོ་ཐུབ་པར་གྱུར་སྙམ་མམ།

13 ང་ཚོའི་མེས་པོ་ཨབ་ར་ཧམ་དང༌། ཨི་སཱག་དང༌། ཡ་ཀོབ་བཅས་ཀྱི་དཀོན་མཆོག་གིས་ཁོང་གི་ཞབས་ཕྱི་ཡེ་ཤུ་འཕགས་པར་མཛད་པ་ཡིན། སྔར་པི་ལ་ཏུ་ཡིས་ཡེ་ཤུ་གློད་པར་ཐག་གཅོད་བྱས་ཟིན་ཡང༌། པི་ལ་ཏུའི་མདུན་དུ་ཁྱོད་རྣམས་ཀྱིས་ཁོང་དགྲ་བོར་གཏད་ནས་དོར།

14 ཁྱོད་རྣམས་ཀྱིས་སྐྱེས་བུ་དམ་པ་དང་རྣམ་པར་དག་པ་དེ་དོར་ནས་མི་གསོད་མཁན་ཅིག་གློད་པར་ཞུས་པས།

15 ཚེ་སྲོག་གི་འགོད་པ་པོ་དེ་བསད། དཀོན་མཆོག་གིས་ཁོང་འཆི་བ་ནས་སླར་གསོན་པོར་མཛད་པ་ལ་ང་ཚོས་དཔང་པོ་བྱེད།

16 ཁྱེད་ཀྱིས་མཐོང་བ་དང༌། ངོ་ཤེས་པའི་མི་འདི་གཙོ་བོ་ཡེ་ཤུའི་མཚན་ལ་དད་པའི་སྒོ་ནས་གསོས་པར་འགྱུར། ཁོང་གི་མཚན་དང༌། ཁོང་བརྒྱུད་ནས་བྱུང་བའི་དད་པ་ཡིས་ཁྱེད་ཚོའི་མདུན་དུ་མི་འདི་ཁམས་བཟང་པོར་མཛད་པ་ཡིན།

17 ད་སྤུན་ཟླ་རྣམས། ཁྱེད་དང་ཁྱེད་ཀྱི་དཔོན་པོ་རྣམས་ཀྱིས་དོན་ལ་རྨོངས་པའི་སྒོ་ནས་དེ་བཞིན་དུ་བྱས་པར་ངས་ཤེས།

18 དཀོན་མཆོག་གིས་སྔར་ལུང་སྟོན་པ་ཐམས་ཅད་ཀྱི་བཀའ་བརྒྱུད་ནས་རང་གིས་མངགས་པའི་མཱ་ཤི་ཀ་སྡུག་བསྔལ་མྱོང་དགོས་ཞེས་གསུངས་པ་ནི། དེ་བཞིན་དུ་དཀོན་མཆོག་གིས་བསྒྲུབས་པར་མཛད།

19 དེ་བས་ན་ཁྱེད་ཚོས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་སྒྱུར་ཞིང་དཀོན་མཆོག་ལ་བློ་སེམས་གཏོད་དང༌། དེ་ནི་ཁྱེད་ཀྱི་སྡིག་ཉེས་སེལ་བར་འགྱུར་བ་དང༌།

20 དཀོན་མཆོག་གི་མདུན་ནས་ལྷོད་པའི་དུས་ལ་འབབ་ཞིང༌། ཁོང་གིས་ཁྱེད་རྣམས་ཀྱི་དོན་དུ་བསྐོས་པའི་མཱ་ཤི་ཀ་སྟེ་ཡེ་ཤུ་མངག་རྒྱུ་ཡིན་པའི་ཕྱིར་རོ།

21 ཁོང་ནི་དམ་པའི་ལུང་སྟོན་པའི་བཀའ་ཡི་སྒོ་ནས་དཀོན་མཆོག་གིས་གནའ་བོ་ནས་གསུངས་པའི་དོན་ཐམས་ཅད་སླར་གསོ་བའི་དུས་མ་འབབ་པའི་བར་དུ། དཀོན་མཆོག་གི་ཞིང་ཁམས་སུ་བཞུགས་དགོས།

22 ལུང་སྟོན་པ་མོ་ཤེ་ཡིས་གཙོ་བོ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཚོའི་དོན་ལ་ང་བཞིན་དུ་ལུང་སྟོན་པ་ཞིག་ཁྱེད་ཚོའི་ནང་ནས་བསྐོ་བར་འགྱུར་ཞིང༌། ཁོང་གིས་གསུང་བའི་བཀའ་ཐམས་ཅད་ལ་ཁྱོད་ཀྱིས་ཉན་དགོས།

23 ལུང་སྟོན་པ་དེའི་བཀའ་ལ་མི་ཉན་མཁན་ནི་དཀོན་མཆོག་གི་མི་རྣམས་དང་བྲལ་ནས་ཡོངས་སུ་འཇིག་པར་འགྱུར་ངེས་ཡིན་ཞེས་གསུངས།

24 ཡང་ཤ་མུ་ཨེལ་དང་ཁོང་གི་རྒྱུན་འཛིན་པ་རྣམས་ཀྱི་དུས་ནས་བཟུང་ལུང་སྟོན་པ་ཡོད་ཚད་ཀྱིས་དུས་འདིའི་སྐོར་ལུང་བསྟན།

25 དཀོན་མཆོག་གིས་མེས་པོ་ཨབ་ར་ཧམ་ལ་ཁྱེད་ཀྱི་བུ་རྒྱུད་ནས་ས་སྟེང་གི་མི་རིགས་ཐམས་ཅད་ལ་བྱིན་རླབས་འབྱུང་བར་འགྱུར་ཞེས་གསུངས་པས། ཁྱེད་ཚོ་ནི་ལུང་སྟོན་པ་རྣམས་ཀྱི་བུ་རྒྱུད་དང༌། དཀོན་མཆོག་གིས་ཁྱེད་ཀྱི་མེས་པོ་ལ་གནང་བའི་ཞལ་ཆད་ཀྱི་འཐོབ་མཁན་ཡིན།

26 དཀོན་མཆོག་གིས་ཁོང་གི་ཞབས་ཕྱི་ཡེ་ཤུ་མངག་སྐབས་སུ་ཁྱེད་ཚོར་ཐོག་མར་བཏང་བར་མཛད། དེ་ནི་མི་རེ་རེ་ངན་སེམས་ལས་སྒྱུར་དུ་བཅུག་ནས་ཁྱེད་རྣམས་ལ་བྱིན་གྱིས་རླབས་པའི་ཆེད་དུ་ཡིན་” ཞེས་གསུངས་སོ།།

 

***************************************