Acts (16) – མཛད་པ། (16)

Acts (16) – མཛད་པ། (16)

1 ཡང་དེ་ནས་པའུ་ལུ་ཌེར་པེ་དང་ལིས་ཏྲཱ་གྲོང་ཁྱེར་དུ་སླེབས། དེར་ཐི་མོ་ཐེ་ཞེས་བྱ་བའི་ཉེ་གནས་ཤིག་ཡོད་དེ། ཁོའི་ཨ་མ་ནི་དད་ལྡན་པའི་ཡ་ཧུ་དཱ་པ་ཞིག་ཡིན་ཡང༌། ཕ་གྷི་རིག་པ་ཡིན།

2 ལིས་ཏྲཱ་དང་ཨི་ཀོན་ཡཱུ་གྲོང་ཁྱེར་ལ་སྡོད་པའི་སྤུན་ཟླ་རྣམས་ཀྱིས་ཁོ་ལ་བསྟོད་པར་བྱེད།

3 པའུ་ལུས་ཐི་མོ་ཐེ་ཁོང་དང་མཉམ་དུ་འགྲོ་བར་འདོད་པས་ཁོང་གིས་ཁོ་ལ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་རྒྱག་ཏུ་བཅུག གང་ལགས་ཤེ་ན། ཡུལ་དེར་ཡ་ཧུ་དཱ་པ་མང་པོ་ཡོད་ཅིང༌། ཁོ་ཚོ་ཚང་མས་ཐི་མོ་ཐེའི་ཕ་ནི་གྷི་རིག་པ་ཡིན་པར་ཤེས་པའི་ཕྱིར་རོ།

4གྲོང་ཁྱེར་རྣམས་བརྒྱུད་ནས་འགྲོ་དུས་ཡེ་རུ་ཤ་ལེམ་གྱི་སྐུ་ཚབ་དང་འགན་འཁུར་བ་རྣམས་ཀྱིས་ཐག་བཅད་པའི་བཀའ་སྲུང་བའི་ཕྱིར་དད་ལྡན་རྣམས་ལ་བསྒྲགས་པས།

5 ཆོས་ཚོགས་རྣམས་ཀྱི་དད་སེམས་བརྟན་པོར་གྱུར་ཞིང༌། དད་ལྡན་རྣམས་ཀྱི་གྲངས་ཉིན་རེ་བཞིན་མང་དུ་འཕེལ།

པའུ་ལུ་ལ་ཞལ་གཟིགས་ཐོབ་པ།

6 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁོང་ཚོ་ཨེ་ཞེ་ཡཱ་ཞིང་ཆེན་ལ་བཀའ་སྒྲོག་ཏུ་མ་བཅུག་པས། ཁོང་རྣམས་ཕ་རུག་ཡཱ་དང་ག་ལད་ཡཱ་ཡུལ་བརྒྱུད་ནས་ཕེབས་ཤིང༌།

7 མོ་སི་ཡཱ་ཡུལ་དུ་སླེབས་དུས་པི་ཐིན་ཡཱ་ཞིང་ཆེན་ལ་ཞུགས་པར་བསམས་ཀྱང༌། ཡེ་ཤུའི་ཐུགས་ཉིད་ཀྱིས་འགྲོ་མ་བཅུག་པའི་རྐྱེན་གྱིས།

8 མོ་སི་ཡཱ་ཡུལ་བརྒྱུད་ནས་ཏྲོ་ཡཱ་གྲུ་ཁར་ཕེབས།

9 མཚན་མོར་པའུ་ལུ་ལ་ཞལ་གཟིགས་གནང་སྟེ་མ་ཀེ་དོན་ཡཱ་ཞིང་ཆེན་གྱི་མི་ཞིག་ཁོང་གི་དྲུང་དུ་ལངས་ནས་ཁོང་ལ་ “མ་ཀེ་དོན་ཡཱ་ལ་ཕེབས་ནས་ང་ཚོར་རོགས་པ་གནང་རོགས་” ཞེས་ནན་གྱིས་བསྐུལ།

10 ཞལ་གཟིགས་དེ་མཐོང་བའི་རྗེས་དཀོན་མཆོག་གིས་ང་ཚོ་དངོས་སུ་མ་ཀེ་དོན་ཡཱ་པ་རྣམས་ལ་འཕྲིན་བཟང་སྒྲོག་ཏུ་བོས་པར་ཤེས་ནས། ང་ཚོས་འཕྲལ་དུ་ཁོ་ཚོའི་རྩར་འགྲོ་བའི་གྲ་སྒྲིག་བྱས།

ཚོང་པ་ལི་དི་ཡཱ་ཡིས་གཙོ་བོ་ཡེ་ཤུར་དད་པ་སྐྱེས་པའི་སྐོར།

11 དེ་ནས་ཏྲོ་ཡཱ་ནས་གྲུ་གཟིངས་ལ་བསྡད་དེ་སཱ་མོ་ཏྲེ་ཀེ་ཞེས་པའི་གླིང་ཕྲན་ལ་ཐད་ཀར་ཕྱིན་ཞིང༌། དེའི་ཕྱི་ཉིན་ནེ་ཨ་པོ་ལི་ཞེས་པའི་གྲུ་ཁར་སླེབས།

12 དེ་ནས་མ་ཀེ་དོན་ཡཱ་ཡུལ་གྱི་གལ་ཆེན་གྲོང་ཁྱེར་ཕི་ལིབ་པཱི་ལ་སླེབས། གྲོང་ཁྱེར་དེ་ནི་རོ་མཱའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན་ཞིང་དེར་ང་ཚོ་ཉིན་ཤས་བསྡད།

13 ངལ་གསོ་བའི་ཉིན་མོར་ང་ཚོ་གྲོང་ཁྱེར་གྱི་སྒོའི་ཕྱི་ཕྱོགས་གཙང་པོའི་འགྲམ་དུ་སྨོན་ལམ་འདེབས་ས་ཡིན་པར་བསམས་ནས། དེ་ལ་ཕྱིན་ཏེ་བསྡད་པ་དང༌། དེར་འཛོམས་ཡོད་པའི་བུད་མེད་རྣམས་ལ་ཆོས་བཤད།

14 དེའི་ནང་ནས་གྲོང་ཁྱེར་ཐི་ཡ་ཏི་རཱ་ནས་ཡིན་པའི་མདོག་རྒྱ་སྨུག་ཅན་གྱི་རས་འཚོང་མཁན་ལི་དི་ཡཱ་ཞེས་བྱ་བའི་བུད་མེད་ཅིག་གིས་ང་ཚོའི་གཏམ་ལ་ཉན། ཁོ་མོ་ནི་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་ཡིན་ལ། པའུ་ལུས་གསུངས་པའི་བཀའ་ལ་ཉན་པའི་ཕྱིར་གཙོ་བོས་ཁོ་མོའི་བློ་སྒོ་ཕྱེ།

15 ཁོ་མོས་རང་གི་ནང་མི་དང་བཅས་པར་ཁྲུས་གསོལ་ལེན་པའི་རྗེས་སུ་ “གལ་ཏེ་ཁྱེད་ཀྱིས་ང་གཙོ་བོ་ལ་དད་པ་བྱེད་མཁན་ཞིག་ཡིན་པར་བརྩིས་ན། ངའི་ཁང་པར་ཕེབས་ནས་བཞུགས་དང་” ཞེས་ནན་གྱིས་བསྐུལ་ནས་ང་ཚོ་དེར་འཁྲིད།

པའུ་ལུ་དང་སི་ལཱ་བཙོན་ཁང་དུ་བཅུག་པ།

16 དེ་ནས་ཉིན་ཞིག་ལ་སྨོན་ལམ་འདེབས་སར་འགྲོ་དུས་སྔོན་ཤེས་དང་ལྡན་པའི་གདོན་འདྲེ་ཡིས་ཟིན་པའི་བྲན་མོ་ཞིག་ང་ཚོ་དང་ཕྲད། ཁོ་མོས་སྔོན་ཤེས་བཤད་པའི་སྒོ་ནས་རང་གི་བདག་པོ་རྣམས་ལ་དངུལ་མང་པོ་ཐོབ།

17 ཁོ་མོ་པའུ་ལུ་དང་ང་ཚོའི་རྗེས་སུ་འབྲང་དུས་སྐད་ཆེན་པོས་ “མི་འདི་རྣམས་བླ་ན་མེད་པའི་དཀོན་མཆོག་གི་ཞབས་ཕྱི་དང༌། ཁྱེད་རྣམས་ལ་ཐར་བའི་ལམ་སྟོན་མཁན་ཡིན་” ཞེས་ཡང་ཡང་བརྗོད།

18 ཉིན་མང་པོའི་རིང་ལ་དེ་ལྟར་བྱས་པས་པའུ་ལུ་སུན་སྣང་ཆེན་པོ་སྐྱེས་ནས་ཁ་ཚུར་གཅུས་ཏེ་གདོན་འདྲེ་དེ་ལ་ “ངས་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ཐོག་ནས་ཁྱོད་ལ་མོ་ནས་ཕྱིར་ཐོན་པའི་བཀའ་གཏོང་” ཞེས་གསུངས་མ་ཐག་གདོན་འདྲེ་དེ་ཕྱིར་ཐོན།

19 བྲན་མོ་དེའི་བདག་པོ་རྣམས་ཀྱིས་དངུལ་འཐོབ་པའི་རེ་བ་མེད་པར་གྱུར་བ་ཤེས་ནས། ཁོ་ཚོས་པའུ་ལུ་དང་སི་ལཱ་གཉིས་བཟུང་ནས་ཁྲོམ་ལ་ཡོད་པའི་དཔོན་པོ་རྣམས་ཀྱི་དྲུང་དུ་དྲུད།

20 ཡང་ཁྲིམས་དཔོན་རྣམས་ཀྱི་དྲུང་དུ་འཁྲིད་ནས་ཁོ་ཚོས་ “མི་འདི་གཉིས་ཡ་ཧུ་དཱ་པ་ཡིན་ཞིང་ང་ཚོའི་གྲོང་ཁྱེར་དཀྲུག་པ་དང༌།

21 ངེད་རོ་མཱ་པ་རྣམས་ལ་ཁྲིམས་ལྟར་དང་ལེན་མི་བྱེད་པ་དང༌། སྲུང་མི་ཆོག་པའི་ལུགས་སྲོལ་སྒྲོག་བཞིན་འདུག་” ཅེས་སྨྲས།

22མི་ཚོགས་ཀྱིས་ཀྱང་ཁོང་གཉིས་ལ་ངོ་རྒོལ་བྱས་པས་ཁྲིམས་དཔོན་རྣམས་ཀྱིས་པའུ་ལུ་དང་སི་ལཱ་ཡི་ཕྱི་གོས་འབུད་དུ་བཅུག་ནས་དབྱུག་པ་ཡིས་རྡུང་བའི་བཀའ་བསྒོས།

23 ཁོང་ཚོ་དྲག་པོ་བརྡུངས་ནས་བཙོན་ཁང་དུ་བཅུག་པ་དང༌། བཙོན་སྲུང་དཔོན་ལ་དམ་པོར་སྲུང་དགོས་པའི་བཀའ་བཏང༌།

24 བཀའ་དེ་བཞིན་དུ་བཙོན་སྲུང་དཔོན་གྱིས་ཁོང་ཚོ་བཙོན་ཁང་གི་ཕུགས་ལ་བཅུག་ནས་ཁོ་ཚོའི་རྐང་པར་ཤིང་སྒྲོག་བརྒྱབ་ནས་བཞག

25 ནམ་ཕྱེད་ཙམ་ལ་པའུ་ལུ་དང་སི་ལཱ་གཉིས་ཀྱིས་སྨོན་ལམ་འདེབས་ཤིང་དཀོན་མཆོག་ལ་མགུར་གླུ་ལེན་སྐབས་བཙོན་པ་གཞན་རྣམས་ཀྱིས་ཉན།

26 གློ་བུར་དུ་ས་གཡོམ་ཆེན་པོ་བྱུང་བས་བཙོན་ཁང་གི་རྩིག་རྨང་གཡོ་བར་གྱུར། འཕྲལ་དུ་བཙོན་ཁང་གི་སྒོ་ཐམས་ཅད་བྱེ་ནས་བཙོན་པ་རྣམས་ཀྱི་ལྕགས་ཐག་གྲོལ་བར་གྱུར།

27 གཉིད་ལས་སད་སྐབས་བཙོན་སྲུང་དཔོན་གྱིས་བཙོན་ཁང་གི་སྒོ་བྱེ་ཡོད་པ་མཐོང་བས། བཙོན་པ་བྲོས་པར་སྙམ་སྟེ་རལ་གྲི་ཞིག་བཏོན་ནས་རང་སྲོག་གཅོད་པར་བསམས་ཀྱང༌།

28 པའུ་ལུས་སྐད་ཆེན་པོས་ “ཁྱེད་ཀྱིས་རང་ལ་གནོད་པ་མ་བྱོས་ཤིག ང་ཚོ་ཐམས་ཅད་འདིར་ཡོད་” ཅེས་གསུངས།

29 བཙོན་སྲུང་དཔོན་གྱིས་བཞུ་མར་འཁྱེར་དགོས་པའི་བཀའ་བཏང་ནས་བཙོན་ཁང་ནང་དུ་བརྒྱུགས། འཇིགས་ནས་འདར་བཞིན་པའུ་ལུ་དང་སི་ལཱ་ཡི་དྲུང་དུ་ཕྱག་འཚལ།

30 ཁོང་རྣམས་ཕྱི་རོལ་དུ་འཁྲིད་ནས་བཙོན་སྲུང་དཔོན་གྱིས་ “སྐུ་ཞབས། ཐར་བར་འགྱུར་བའི་ཕྱིར་ངས་གང་ཞིག་བྱེད་དགོས་” ཞེས་ཟེར།

31 ཁོང་ཚོས་ “གཙོ་བོ་ཡེ་ཤུ་ལ་དད་པ་བྱོས་ཤིང༌། ཁྱེད་རང་དང་ཁྱེད་ཀྱི་ནང་མི་ཚང་མ་ཐར་བར་འགྱུར་” ཞེས་གསུངས།

32 ཁོང་ཚོས་ཁོ་དང་ཁོའི་ནང་མི་ཚང་མར་གཙོ་བོ་དཀོན་མཆོག་གི་བཀའ་གསུངས།

33 མཚན་མོའི་ཆུ་ཚོད་དེ་རང་ལ་བཙོན་སྲུང་དཔོན་གྱིས་ཁོང་ཚོ་འཁྲིད་དེ་རྨ་བཀྲུས་པ་དང༌། ཁོ་དང་ཁོའི་ནང་མི་ཚང་མས་མྱུར་དུ་ཁྲུས་གསོལ་ལེན།

34 བཙོན་སྲུང་དཔོན་གྱིས་ཁོང་རྣམས་རང་གི་ཁྱིམ་དུ་འཁྲིད་ནས་ཟས་སྟེར་ཞིང༌། དཀོན་མཆོག་ལ་དད་པ་དང་ལྡན་པར་གྱུར་བས་ཁོ་རང་དང་ནང་མི་ཐམས་ཅད་ཧ་ཅང་དགའ་བར་གྱུར།

35 དེའི་སང་ཞོགས་ཁྲིམས་དཔོན་རྣམས་ཀྱིས་སྲུང་དམག་བཏང་སྟེ་ “མི་དེ་གཉིས་གློད་གྲོལ་གཏོང་ཞིག་” ཅེས་པའི་བཀའ་བསྩལ།

36 བཙོན་སྲུང་དཔོན་གྱིས་པའུ་ལུ་ལ་གཏམ་དེ་བཤད་དེ་ “ཁྲིམས་དཔོན་རྣམས་ཀྱིས་ཁྱེད་ཚོ་གློད་གྲོལ་གཏོང་བའི་བཀའ་བཙལ་བས། ཕྱི་རོལ་དུ་ཕེབས་ཤིང༌། ཞི་བདེའི་ངང་ནས་སོང་དང་” ཞེས་སྨྲས་ཀྱང༌།

37 པའུ་ལུས་སྲུང་དམག་རྣམས་ལ་ “ང་ཚོ་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་མངའ་འབངས་ཡིན་ཡང༌། ཁྲིམས་རར་འདྲི་གཅོད་མི་བྱས་པར་དམངས་ཀྱི་མདུན་དུ་བརྡུངས་ནས་ང་ཚོ་བཙོན་ཁང་དུ་བཅུག ད་ལྟ་ཁོ་ཚོས་གསང་བའི་ངང་ནས་ང་ཚོ་འདོན་ནམ། དེ་ལྟར་མི་བྱ། འདིར་ཡོང་ནས་ཁོ་ཚོ་རང་གིས་ང་ཚོ་ཕྱི་རོལ་དུ་འཁྲིད་དགོས་” ཞེས་གསུངས་པའི་གཏམ་དེ།

38 སྲུང་དམག་ཚོས་ཁྲིམས་དཔོན་རྣམས་ལ་བཤད། ཁོང་ཚོ་གཉིས་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་མངའ་འབངས་ཡིན་པ་ཐོས་ནས་ཁྲིམས་དཔོན་རྣམས་འཇིགས་པར་གྱུར་བ་དང༌།

39 དེར་ཡོང་ནས་ཁོང་ཚོར་དགོངས་དག་ཞུས་པ་དང༌། ཕྱི་རོལ་དུ་འཁྲིད་དེ་གྲོང་ཁྱེར་ནས་ཕར་ཕེབས་པར་ཡང་ཡང་བསྐུལ།

40 ཁོང་གཉིས་བཙོན་ཁང་ནས་ཐོན་པ་དང༌། ལི་དི་ཡཱ་ཡི་ཁང་པར་ཕེབས། སྤུན་ཟླ་རྣམས་དང་ལྷན་དུ་འདུས་ཏེ་ཁོ་ཚོར་བློ་སྟོབས་སྤེལ་ནས་ཕར་ཕེབས་སོ།།

 

*************************************

Acts (15) – མཛད་པ། (15)

Acts (15) – མཛད་པ། (15)

1 ཡ་ཧུ་དཱ་ཡུལ་ནས་ཡོང་བའི་མི་ཁ་ཅིག་གིས་སྤུན་ཟླ་རྣམས་ལ་ “གལ་ཏེ་ལུང་སྟོན་པ་མོ་ཤེ་ཡི་ཆོས་ཁྲིམས་ལྟར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མ་ལེན་ན། ཐར་བར་འགྱུར་མི་སྲིད་” ཅེས་བསྟན།

2 པའུ་ལུ་དང་པར་ན་པཱ་ཁོ་ཚོ་དང་མི་མཐུན་ཏེ་རྩོད་གླེང་དྲག་པོ་བྱུང་བས། སྤུན་ཟླ་རྣམས་ཀྱིས་ཁོང་གཉིས་དང་དད་ལྡན་པ་ལས་གཞན་ཁ་ཅིག་དོན་དེའི་སྐོར་ལ་སྐུ་ཚབ་དང་འགན་འཁུར་བ་རྣམས་མཇལ་བར་ཡེ་རུ་ཤ་ལེམ་ལ་འགྲོ་དགོས་པའི་ཐག་གཅོད་བྱས།

3 དེའི་ཕྱིར་ཆོས་ཚོགས་ཀྱིས་ཁོང་ཚོ་མངགས་ཏེ་ཕེ་ནི་ཀེ་དང་ས་མར་ཡཱ་ཡུལ་གཉིས་བརྒྱུད་ནས་ཕེབས་པ་དང༌། ཁོང་ཚོས་ཡ་ཧུ་དཱ་པ་མིན་པ་རྣམས་ཇི་ལྟར་དད་ལྡན་པར་གྱུར་བར་གསུངས་པས་སྤུན་ཟླ་ཐམས་ཅད་ཧ་ཅང་དགའ་བར་གྱུར།

4 པའུ་ལུ་དང་པར་ན་པཱ་ཡེ་རུ་ཤ་ལེམ་ལ་སླེབས་ནས་ཆོས་ཚོགས་དང༌། སྐུ་ཚབ། འགན་འཁུར་བ་བཅས་ཀྱིས་ཁོང་ཚོ་བསུས། དཀོན་མཆོག་གིས་ཁོང་གཉིས་བརྒྱུད་ནས་ཇི་མཛད་པ་ཐམས་ཅད་ཁོང་ཚོར་གསུངས།

5 དེ་ནས་ཕཱ་རུ་ཤི་ཟེར་བའི་ཕྱོགས་ཁག་ལས་དད་ལྡན་དུ་གྱུར་བའི་མི་ཁ་ཅིག་ཡར་ལངས་ནས་ “ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་དགོས་པ་དང་མོ་ཤེ་ཡི་ཆོས་ཁྲིམས་སྲུང་དགོས་པ་དེ་ངེས་པར་དུ་སྐུལ་” ཞེས་སྨྲས།

6 དོན་དེ་ཞིབ་དཔྱད་བྱེད་པའི་ཕྱིར་སྐུ་ཚབ་དང་འགན་འཁུར་བ་རྣམས་འཛོམས།

7 གཏམ་གླེང་མང་པོ་བྱས་ནས་སྐུ་ཚབ་པེ་ཏྲོ་ལངས་ཏེ་ཁོ་ཚོར་ “སྤུན་ཟླ་རྣམས། སྔོན་དཀོན་མཆོག་གིས་ཁྱེད་ཚོའི་ཁྲོད་ནས་འདམ་ཀ་མཛད་དེ། ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་ངའི་ཁ་ནས་འཕྲིན་བཟང་ཐོས་ཤིང་དད་པ་དང་ལྡན་པར་འགྱུར་བ་ཁྱེད་རྣམས་ཀྱིས་མཁྱེན།

8 མི་རྣམས་ཀྱི་སེམས་མཁྱེན་པའི་དཀོན་མཆོག་གིས་ང་ཚོ་ལ་དམ་པའི་ཐུགས་ཉིད་གནང་བ་ལྟར། ཡ་ཧུ་དཱ་པ་མིན་པ་རྣམས་ལའང་དམ་པའི་ཐུགས་ཉིད་གནང་སྟེ་ཁོ་ཚོར་དཔང་པོ་མཛད།

9 ཡང་ང་ཚོ་དང་ཁོ་ཚོའི་བར་དུ་ཁྱད་པར་མི་མཛད་དེ་ཁོང་གིས་དད་པའི་སྒོ་ནས་ཁོ་ཚོའི་སེམས་དག་པར་མཛད།

10ད་ལྟ་ཁྱེད་ཚོས་ཅིའི་ཕྱིར་ང་ཚོའམ་མེས་པོས་ཀྱང་འཁུར་མ་ཐུབ་པའི་གཉའ་ཤིང་དེ་ཉེ་གནས་རྣམས་ཀྱི་གཉའ་ལ་འགེལ་བའི་སྒོ་ནས་དཀོན་མཆོག་ལ་ཉམས་ཚོད་བྱེད།

11 དེ་ལས་ལྡོག་སྟེ་ཁོ་ཚོ་དང་འདྲ་བར་ང་ཚོའང་གཙོ་བོ་ཡེ་ཤུའི་ཐུགས་རྗེའི་སྒོ་ནས་ཐར་བར་འགྱུར་བར་ཡིད་ཆེས་སོ་” ཞེས་གསུངས།

12 དེ་ནས་དེར་ཚོགས་པའི་མི་ཀུན་ཁ་ཁུ་སིམ་པོར་བསྡད་དེ་པར་ན་པཱ་དང་པའུ་ལུའི་གཏམ་ལ་ཉན། དཀོན་མཆོག་གིས་ཁོང་གཉིས་བརྒྱུད་ནས་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ཁྲོད་དུ་རྟགས་དང་ངོ་མཚར་བའི་དོན་ཅི་ལྟར་མཛད་པའི་སྐོར་གསུངས།

13 ཁོང་ཚོས་གསུངས་པའི་རྗེས་སུ་ཡ་ཀོབ་ཀྱིས་ལན་དུ་ “སྤུན་ཟླ་རྣམས། ང་ལ་ཉོན་དང༌།

14ད་ལྟ་སི་མེ་ཡོན་གྱིས་གསུངས་པ་ལྟར་ཐོག་མར་དཀོན་མཆོག་གིས་ཡ་ཧུ་དཱ་པ་མིན་པ་རྣམས་ལ་ཐུགས་རྗེས་གཟིགས་ཏེ་ཁོ་རྣམས་ལས་རང་གི་དོན་དུ་འབངས་མི་བཞེས།

15 དེ་ནི་ལུང་སྟོན་པས་གང་གསུངས་པའི་བཀའ་དང་མཐུན་ཏེ་ཁོང་ཚོས་བྲིས་པའི་མདོ་ལ་བཀོད་པ་ལྟར།

16 དེ་ཡི་རྗེས་སུ་ང་ནི་ཕྱིར་ལོག་ནས།།

དཱ་བིད་གནས་ས་བཞིག་རལ་སོང་བ་དག །

གཞི་གསོ་བྱེད་ཅིང་གནས་ས་རྡིབས་པ་དག །

ང་ཡིས་སླར་ཡང་འཛུགས་ཤིང་བསྐྲུན་པར་བྱ།།

17 དེ་ནི་མི་རིགས་གཞན་གང་ཐམས་ཅད་དང༌།།

ང་ཡི་མིང་ཐོགས་ཕྱི་པ་རྣམས་ཀྱིས་ནི།།

ཡང་དག་གཙོ་བོ་དཀོན་མཆོག་འཚོལ་ཕྱིར་རོ།།

18 གདོད་ནས་མངོན་པར་མཛད་དེ་གཙོ་བོས་གསུངས།།

19 དེའི་ཕྱིར་ངའི་བསམ་ཚུལ་ལ་དཀོན་མཆོག་གི་ཕྱོགས་སུ་སེམས་བསྒྱུར་བའི་ཡ་ཧུ་དཱ་པ་མིན་པ་རྣམས་ལ་དཀའ་ངལ་མི་བཟོ་བར།

20 ལྷ་སྐུ་དང་འབྲེལ་བའི་མི་གཙང་བ་དང༌། ལོག་གཡེམ། སྐེ་བཙིར་ནས་གསོད་པའི་དུད་འགྲོའི་ཤ ཁྲག་བཅས་ལ་འཛེམ་དགོས་ཞེས་པའི་ཡི་གེ་ཞིག་བྲིས་ན་ལེགས།

21 གང་ལགས་ཤེ་ན། གནའ་བོ་ནས་བཟུང་ངལ་གསོ་བའི་ཉིན་རེར་ལུང་སྟོན་པ་མོ་ཤེའི་ཆོས་ཁྲིམས་ནི་གྲོང་ཁྱེར་རེའི་འདུ་ཁང་ལ་བཀླགས་ཡོད་” ཅེས་གསུངས།

ཡ་ཧུ་དཱ་པ་མིན་པ་རྣམས་ལ་ཡི་གེ་བྲིས་པ།

22 དེ་ནས་སྐུ་ཚབ་དང་འགན་འཁུར་བ་རྣམས་དང༌། ཆོས་ཚོགས་ཡོངས་ཀྱིས་རང་གི་མི་རྣམས་ལས་ཁ་ཤས་བདམས་ནས་པའུ་ལུ་དང་པར་ན་པཱ་གཉིས་དང་མཉམ་དུ་སི་རི་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་ལ་མངག་པར་ཐག་གཅོད་བྱས་པས། སྤུན་ཟླ་རྣམས་ཀྱི་ནང་ནས་འགོ་ཁྲིད་ཡིན་པའི་ཡུ་དཱའམ་པར་ས་པཱ་ཡང་ཟེར་བ་ཞིག་དང༌། སི་ལཱ་བདམས།

23 དེ་རྗེས་ཁོང་གཉིས་བརྒྱུད་ཁོ་ཚོ་ལ་གཤམ་གྱི་ཡི་གེ་དེ་བསྐུར།

ཁྱེད་རྣམས་ཀྱི་སྤུན་ཟླ་ཡིན་པའི་སྐུ་ཚབ་དང་འགན་འཁུར་བ་རྣམས་ཀྱིས། ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དང༌། སི་རི་ཡཱ་ཡུལ། ཀི་ལིག་ཡཱ་ཡུལ་བཅས་སུ་གནས་པའི་ཡ་ཧུ་དཱ་པ་མིན་པའི་མི་རིགས་ལས་བྱུང་བའི་དད་ལྡན་རྣམས་ལ་འཚམས་འདྲི་ཞུ།

24 ང་ཚོས་མ་མངགས་པར་ང་ཚོའི་ཁྲོད་ནས་ཁ་ཅིག་ཐོན་ཏེ་ཁྱེད་རྣམས་ལ་སྡུག་པོ་བཏང་ཞིང༌། ཁོ་ཚོའི་གཏམ་གྱིས་ཁྱེད་ཚོའི་སེམས་དཀྲུགས་པར་བྱས་པའི་གཏམ་ཐོས་པས།

25 ང་ཚོ་གཅིག་མཐུན་གྱིས་མི་གཉིས་བདམས་ཏེ་ངེད་ཀྱི་གཅེས་པའི་པར་ན་པཱ་དང་པའུ་ལུ་མཉམ་དུ་ཁྱེད་རྣམས་ཀྱི་མདུན་དུ་གཏོང་བར་ཐག་གཅོད་བྱས།

26 ཁོང་གཉིས་ནི་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་དོན་ལ་རང་གི་སྲོག་ཉེན་ལའང་འཛེམ་མེད།

27 དེའི་ཕྱིར་ང་ཚོས་ཡུ་དཱ་དང་སི་ལཱ་གཉིས་ཁྱེད་རྣམས་ཀྱི་དྲུང་དུ་མངགས་ཏེ། དོན་འདི་ཚོ་ཁོང་ཚོས་རང་གི་ཞལ་ནས་ཁྱེད་རྣམས་ལ་བཤད་པར་འགྱུར།

28 གང་ཡིན་ཟེར་ན། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་དགོངས་པ་དང་མཚུངས་པར་དོན་གལ་ཆེ་བ་འདི་ཚོ་ལས་ལྷག་པའི་ཁུར་པོ་ཁྱེད་རྣམས་ཀྱི་ཕྲག་པར་འགེལ་བར་མི་རུང༌།

29 ཁྱེད་ཚོས་ལྷ་སྐུའི་མདུན་དུ་ཕུལ་བའི་མཆོད་རྫས་མི་གཙང་བ་དང༌། ཁྲག སྐེ་བཙིར་ནས་གསོད་པའི་དུད་འགྲོའི་ཤ ལོག་གཡེམ་བཅས་ལ་འཛེམ་དགོས། དེ་ཚོ་དང་འབྲེལ་བ་ཅི་ཡང་མེད་ན་ལེགས། ཁྱེད་རྣམས་བདེ་བར་ཤོག་ཅེས་བྲིས།

30 ཁོང་རྣམས་ཕར་མངགས་ཏེ་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དུ་སླེབས་པ་དང༌། དད་ལྡན་རྣམས་བསྡུས་ནས་འཕྲིན་ཡིག་དེ་ཁོ་ཚོར་སྤྲད།

31 དེ་བཀླགས་པས་སེམས་གསོ་བའི་གཏམ་གྱིས་ཁོ་ཚོ་དགའ་བར་གྱུར།

32 ལུང་སྟོན་པ་ཡང་ཡིན་པའི་ཡུ་དཱ་དང་སི་ལཱ་གཉིས་ཀྱིས་གཏམ་མང་པོ་བཤད་དེ་སྤུན་ཟླ་རྣམས་ལ་སེམས་གསོ་བཏང་ཞིང༌། ཁོ་ཚོའི་དད་པ་བརྟན་པོར་བྱས། 33 དེར་བཞུགས་པའི་རྗེས་སུ་སྤུན་ཟླ་རྣམས་ཀྱིས་ཁོ་ཚོ་མངག་མཁན་གྱི་དྲུང་དུ་ཞི་བདེའི་ངང་ནས་ཕྱིར་ལོག་བཏང༌།

35 ཡང་པའུ་ལུ་དང་པར་ན་པཱ་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་ལ་གནས་ཤིང༌། མི་གཞན་མང་པོ་དང་བཅས་པར་ཁོང་རྣམས་ཀྱིས་ཆོས་བསྟན་པ་དང༌། གཙོ་བོ་དཀོན་མཆོག་གི་འཕྲིན་བཟང་བསྒྲགས།

པའུ་ལུ་དང་པར་ན་པཱ་ཁ་བྲལ་བ།

36 དེའི་རྗེས་སུ་པའུ་ལུ་ཡིས་པར་ན་པཱ་ལ་ “སྤུན་ཟླ་རྣམས་ཀྱི་དད་པ་ཇི་ལྟར་ཡིན་མིན་ཤེས་པའི་ཕྱིར་ང་ཚོས་སྔར་དཀོན་མཆོག་གི་བཀའ་བསྒྲགས་པའི་གྲོང་ཁྱེར་རེ་རེར་ཕྱིར་ལོག་བྱེད་” ཅེས་གསུངས།

37 པར་ན་པཱ་ཡིས་ཡོ་ཧ་ནན་ཏེ་མར་ཀུ་ཡང་ཟེར་བ་མཉམ་དུ་འཁྲིད་པར་འདོད་ཀྱང༌།

38 མར་ཀུ་སྔར་ཕམ་ཕིལ་ཡཱ་ཡུལ་ལ་ཁོང་དང་ཁ་བྲལ་ནས་ཕྱིན་ཞིང༌། ལས་མ་སྒྲུབ་པའི་བར་དུ་མ་འགྲོགས་པས་པའུ་ལུས་ཁོ་མཉམ་དུ་འཁྲིད་ན་མི་འོས་པར་ནན་གྱིས་བསྐུལ།

39 བསམ་འཆར་མི་མཐུན་པ་དྲག་པོ་བྱུང་བས་ཁོང་གཉིས་སོ་སོར་གྱེས་པ་དང༌། པར་ན་པཱས་མར་ཀུ་འཁྲིད་དེ་གྲུ་གཟིངས་ལ་བསྡད་ནས་ཀིབ་རུ་གླིང་ཕྲན་ལ་ཕེབས།

40 འོན་ཀྱང་པའུ་ལུས་སི་ལཱ་བདམས་ནས་ཕར་ཕེབས་ཏེ། དད་ལྡན་རྣམས་ཀྱིས་ཁོང་གཉིས་གཙོ་བོའི་ཐུགས་རྗེ་ལ་བཅོལ།

41 པའུ་ལུས་སི་རི་ཡཱ་ཡུལ་དང་ཀི་ལིག་ཡཱ་ཡུལ་བརྒྱུད་ནས་ཕེབས་ཏེ་ཆོས་ཚོགས་རྣམས་ལ་བརྟན་པོར་བྱས་སོ།།

 

*************************************

Acts (14) – མཛད་པ། (14)

Acts (14) – མཛད་པ། (14)

1 ཨི་ཀོན་ཡཱུ་གྲོང་ཁྱེར་ལ་པའུ་ལུ་དང་པར་ན་པཱ་གཉིས་ཡ་ཧུ་དཱ་པའི་འདུ་ཁང་ལ་ཕེབས་པ་དང༌། ཁོང་ཚོའི་ཆོས་སྟོན་སྟངས་ཀྱི་རྐྱེན་གྱིས་ཡ་ཧུ་དཱ་དང་གྷི་རིག་མི་མང་པོ་དད་ལྡན་པར་གྱུར།

2 འོན་ཀྱང་དད་པ་མི་བྱེད་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་སེམས་དཀྲུགས་པས་ཁོ་རྣམས་ནི་སྤུན་ཟླ་རྣམས་ལ་ཁོང་ཁྲོ་སྐྱེས།

3 དེའི་ཕྱིར་པའུ་ལུ་དང་པར་ན་པཱ་གྲོང་ཁྱེར་དེ་ལ་ཡུན་རིང་པོར་བཞུགས་ཏེ་གཙོ་བོ་ལ་བརྟེན་ནས་བློ་སྟོབས་ཆེན་པོས་ཆོས་བསྟན། ཁོང་ཚོའི་ཕྱག་གིས་རྟགས་དང་ངོ་མཚར་བའི་དོན་སྒྲུབ་པར་གནང་བའི་སྒོ་ནས་གཙོ་བོས་ཁོང་གི་ཐུགས་རྗེ་དང་ལྡན་པའི་བཀའ་ལ་བདེན་དཔང་མཛད།

4 གྲོང་ཁྱེར་གྱི་འབངས་མིའི་ནང་ལྟ་བ་མི་མཐུན་པ་བྱུང༌། ལ་ལས་ཡ་ཧུ་དཱ་པའི་ཕྱོགས་བྱས་ཤིང༌། ལ་ལས་སྐུ་ཚབ་རྣམས་ཀྱི་ཕྱོགས་བྱས།

5 ཡ་ཧུ་དཱ་པ་དང་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་དཔོན་རིགས་དང་མཉམ་དུ་ཁོང་ཚོར་དམའ་འབེབས་བྱེད་ཅིང་རྡོ་རུབ་གཏོང་བའི་གོ་སྐབས་བཙལ།

6 སྐུ་ཚབ་རྣམས་ཀྱིས་དེའི་སྐོར་ཤེས་ཏེ་ལི་ཀ་ཨོན་ཡཱ་ཡུལ་གྱི་ལིས་ཏྲཱ་དང་ཌེར་པེ་གྲོང་ཁྱེར་དེ་བཞིན་དེའི་ཉེ་འཁོར་གྱི་ཡུལ་ལ་བྲོས་ནས།

7 དེར་ཁོང་ཚོས་མུ་མཐུད་འཕྲིན་བཟང་བསྒྲགས་སོ།།

ལིས་ཏྲཱ་དང་ཌེར་པེ་གྲོང་ཁྱེར་ལ་བཞུགས་པ།

8 ལིས་ཏྲཱ་གྲོང་ཁྱེར་ལ་སྐྱེས་དུས་ནས་ཞ་བོ་ཡིན་ཞིང་རྐང་པ་འཁུམས་པའི་མི་གོམ་པ་སྤོ་མ་མྱོང་བ་ཞིག་བསྡད་ཡོད།

9 མི་དེས་པའུ་ལུའི་གསུང་ལ་ཉན། པའུ་ལུ་ཡིས་ཁོ་ལ་ནན་གྱིས་བལྟས་ཏེ་ནད་ལས་ཐར་བའི་ཆེད་དུ་དད་པ་ཡོད་པར་མཐོང་བས།

10 སྐད་ཆེན་པོས་ཁོ་ལ་ “རྐང་པ་སར་བཙུགས་ཏེ་ཡར་ལོངས་” ཞེས་གསུངས་པས་མི་དེ་ཡར་མཆོངས་ཏེ་འགྲོ་ཐུབ་པར་གྱུར།

11 པའུ་ལུས་གང་བྱས་པ་མཐོང་ནས་མི་ཚོགས་ཀྱིས་ལི་ཀ་ཨོན་ཡཱ་སྐད་སྤྱད་ནས་སྐད་ཆེན་པོས་ “ལྷ་རྣམས་མི་རུ་སྤྲུལ་ནས་ང་ཚོའི་ཁྲོད་དུ་བབས་” ཞེས་སྨྲས།

12 མི་དེ་ཚོས་པར་ན་པཱ་ཡི་མིང་ལ་ཟུ་སཱི་དང༌། པའུ་ལུ་གསུང་མཁན་གཙོ་བོ་ཡིན་པས་ཁོང་གི་མིང་ལ་ཧེར་མཱེ་ཞེས་བཏགས།

13 ཟུ་སཱི་ཡི་ལྷ་ཁང་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཡོད་ཅིང༌། དེའི་མཆོད་དཔོན་གྱིས་གླང་འཁྲིད་དེ་མེ་ཏོག་གི་ཕྲེང་བ་ཁྱེར་ནས་སྒོ་ཁར་སླེབས་པ་དང༌། མི་ཚོགས་དང་བཅས་ཀྱིས་དམར་མཆོད་བྱེད་པར་འདོད།

14 སྐུ་ཚབ་པར་ན་པཱ་དང་པའུ་ལུས་དེའི་སྐོར་ཤེས་ནས་ཕྱི་གོས་དབྲལ་བ་དང༌། མི་ཚོགས་ཀྱི་ནང་དུ་བརྒྱུགས་ཏེ་སྐད་ཆེན་པོས་

15 “མི་རྣམས། ཁྱེད་ཚོས་ཅིའི་ཕྱིར་འདི་ལྟར་བྱེད། ང་ཚོ་གཉིས་ལ་ཁྱེད་ཚོ་དང་འདྲ་བར་མིའི་རང་བཞིན་ཡོད། ཁྱེད་ཚོས་དོན་མེད་པའི་བྱ་བ་འདི་རྣམས་སྤངས་ནས། ནམ་མཁའ་དང༌། ས་གཞི། རྒྱ་མཚོ། དེར་ཡོད་པ་ཐམས་ཅད་བཀོད་པ་དང་གཏན་དུ་གནས་པའི་དཀོན་མཆོག་ལ་དད་པ་བྱེད་པའི་ཆེད་དུ་ང་ཚོས་ཁྱེད་རྣམས་ལ་འཕྲིན་བཟང་སྒྲོག

16 འདས་པའི་དུས་སུ་ཁོང་གིས་མི་རིགས་ཐམས་ཅད་རང་གི་འདོད་པ་ལྟར་བྱེད་དུ་བཅུག་ཀྱང༌།

17 ཁྱེད་རྣམས་ལ་ཕྱག་ལས་བཟང་པོ་མཛད་པའི་སྒོ་ནས་ཁོང་ནི་བཟང་པོ་ཡིན་པར་བདེན་དཔང་མཛད། དཔེར་ན་རྒྱུན་དུ་སྦྱིན་པ་གནང་སྟེ་ཁོང་གིས་ནམ་མཁའ་ལས་ཆར་པ་དང༌། ས་ལས་ལོ་ཏོག་དེ་བཞིན་ཁྱེད་རྣམས་ལ་ཟས་དང་སེམས་སུ་དགའ་སྤྲོ་ཁེངས་པར་གནང་ངོ་” ཞེས་གསུངས།

18 དེ་ལྟར་གསུངས་ཀྱང༌། མི་ཚོགས་ཀྱིས་ཁོང་ཚོར་དམར་མཆོད་བྱེད་པ་འགོག་རྒྱུར་དཀའ་ལས་ཁག་པོ་བྱུང༌།

19 ཨན་ཏི་ཡོག་ཡཱ་དང་ཨི་ཀོན་ཡཱུ་གྲོང་ཁྱེར་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཅིག་གིས་མི་ཚོགས་ཁོ་ཚོའི་ཕྱོགས་ལ་བློ་འགུགས་བྱས་པས། ཁོ་ཚོས་པའུ་ལུ་ལ་རྡོ་རུབ་བཏང་ནས་ཁོང་ཤི་ཟིན་པར་བསམས་ཏེ་གྲོང་ཁྱེར་ནས་ཕྱི་རོལ་དུ་དྲུད།

20 ཉེ་གནས་རྣམས་ཁོང་གི་མཐའ་བསྐོར་དུ་འཛོམས་དུས་ཁོང་ཡར་ལངས་ནས་གྲོང་ཁྱེར་ལ་ཕྱིར་ལོག དེའི་སང་ཉིན་པར་ན་པཱ་དང་མཉམ་དུ་ཌེར་པེ་ལ་ཕེབས་སོ།།

སི་རི་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་ལ་ཕྱིར་ལོག་ཕེབས་པ།

21 དེར་ཁོང་རྣམས་ཀྱིས་འཕྲིན་བཟང་བསྒྲགས་པས་མི་མང་པོ་ཞིག་གཙོ་བོ་ཡེ་ཤུའི་ཉེ་གནས་སུ་གྱུར། དེ་ནས་ཁོང་གཉིས་ལིས་ཏྲཱ་དང༌། ཨི་ཀོན་ཡཱུ། ཨན་ཏི་ཡོག་ཡཱ་བཅས་སུ་ཕྱིར་ལོག

22 དེར་ཁོང་གཉིས་ཀྱིས་ཉེ་གནས་ཀྱི་སེམས་བརྟན་པོ་བྱས་ཏེ་དད་པ་མུ་མཐུད་ནས་བྱེད་པར་བསྐུལ་ནས་ “ངེད་རྣམས་སྡུག་བསྔལ་མང་པོ་མྱོང་བའི་སྒོ་ནས་དཀོན་མཆོག་གི་རྒྱལ་སྲིད་དུ་འཇུག་པར་དགོས་” ཞེས་གསུངས།

23 ཁོང་གཉིས་ཀྱིས་ཆོས་ཚོགས་རེ་རེར་འགན་འཁུར་བ་རེ་རེ་བསྐོས་ཤིང༌། སྨྱུང་གནས་བསྲུངས་བ་དང་སྨོན་ལམ་བཏབ་ནས་ཁོ་ཚོས་དད་པ་བྱས་པའི་གཙོ་བོར་བཅོལ།

24 ཁོང་གཉིས་པི་སི་དི་ཡཱ་ཡུལ་བརྒྱུད་ནས་ཕམ་ཕིལ་ཡཱ་ཡུལ་ལ་སླེབས།

25 དཀོན་མཆོག་གི་བཀའ་པེར་གཱ་གྲོང་ཁྱེར་དུ་བསྒྲགས་ནས་ཨ་ཐལ་ཡཱ་ཞེས་པའི་གྲུ་ཁར་ཕེབས་ཤིང༌།

26 གྲུ་གཟིངས་ལ་བསྡད་ནས་སི་རི་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་ལ་ཕྱིར་ལོག་ཕེབས། ས་ཆ་འདི་ནི་སྔར་ཆོས་ཚོགས་ཀྱིས་ཁོང་གཉིས་དཀོན་མཆོག་གི་ཐུགས་རྗེ་ལ་བཅོལ་བའི་གནས་དེ་ཡིན་ཞིང༌། དེ་ནི་ད་ལྟ་བསྒྲུབས་ཟིན་པའི་ལས་འདིའི་ཆེད་དུའོ།

27 དེར་སླེབས་ནས་ཁོང་ཚོས་ཆོས་ཚོགས་བསྡུས་ཤིང༌། དཀོན་མཆོག་གིས་ཁོང་ཚོ་བརྒྱུད་ནས་གང་མཛད་པ་དང༌། ཡ་ཧུ་དཱ་པ་མིན་པའི་དོན་ལ་དད་པའི་སྒོ་ཇི་ལྟར་ཕྱེ་བར་མཛད་པའི་ཚུལ་གསུངས།

28 ཡང་ཁོང་གཉིས་ཉེ་གནས་རྣམས་དང་མཉམ་དུ་ཡུན་རིང་པོ་ཞིག་དེར་གནས་སོ།།

 

************************************