Acts (10) – མཛད་པ། (10)

Acts (10) – མཛད་པ། (10)

1 སེ་སར་རེ་ཡཱ་གྲོང་ཁྱེར་ལ་ཀོར་ནེ་ལི་ཡཱུ་ཞེས་ཟེར་བའི་མི་ཞིག་ཡོད་དེ། ཁོ་ནི་དབྱི་ཏ་ལི་པ་ཞེས་པའི་དམག་དཔུང་གི་བརྒྱ་དཔོན་ཡིན་ལ།

2 ཆོས་སེམས་དང་ལྡན་པའི་མི་ཞིག་ཀྱང་ཡིན་ཏེ་ཁོ་རང་དང་ནང་མི་ཚང་མས་དཀོན་མཆོག་ལ་བསྙེན་བཀུར་བྱེད། དབུལ་པོ་རྣམས་ལ་སྦྱིན་པ་མང་པོ་བཏང་ཞིང་དཀོན་མཆོག་ལ་རྒྱུན་དུ་སྨོན་ལམ་འདེབས།

3 ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་ལ་ཞལ་གཟིགས་གནང་ནས་དཀོན་མཆོག་གི་ཕོ་ཉ་ཞིག་རང་གི་སར་ཕེབས་པ་གསལ་པོར་མཐོང་ནས་ཁོ་ལ་ “ཀོར་ནེ་ལི་ཡཱུ་” ཞེས་གསུངས་པས།

4 ཁོ་འཇིགས་སྐྲག་སྐྱེས་ནས་ཁོང་ལ་མིག་ནན་གྱིས་བལྟས་ཏེ་ཁོས་ “སྐུ་ཞབས། ཅི་ལགས་” ཞེས་ཟེར་བས་ཕོ་ཉས་ཁོ་ལ་ “ཁྱོད་ཀྱི་སྨོན་ལམ་དང་སྦྱིན་པ་རྣམས་དྲན་རྟེན་ལྟར་དཀོན་མཆོག་གི་མདུན་དུ་བྱུང་ངོ༌།

5 ད་སི་མོན་ཏེ་པེ་ཏྲོ་ཡང་ཟེར་བ་དེ་ཚུར་འཁྲིད་པའི་ཕྱིར་ཡོ་ཕཱ་ལ་མི་འགའ་ཤས་གཏོང་ཞིག

6 ཁོ་ནི་རྒྱ་མཚོའི་འགྲམ་ལ་གནས་པའི་ཀོ་བ་མཉེད་མཁན་སི་མོན་གྱི་ཁང་པར་བཞུགས་” ཞེས་གསུངས།

7 བརྒྱ་དཔོན་ལ་གསུངས་མཁན་ཕོ་ཉ་དེ་ཕེབས་པ་དང༌། ཁོས་རང་གི་གཡོག་པོ་གཉིས་དང་ཁོ་ལ་གཡོག་བྱེད་མཁན་དམག་མིའི་ནང་ནས་ཆོས་སེམས་དང་ལྡན་པ་ཞིག་བོས་ནས།

8 དོན་དེ་ཐམས་ཅད་ཁོ་ཚོར་གསལ་བཤད་བྱས་ཏེ་ཁོས་ཁོ་རྣམས་ཡོ་ཕཱ་གྲོང་ཁྱེར་དུ་བཏང༌།

སྐུ་ཚབ་པེ་ཏྲོ་ལ་ཞལ་གཟིགས་ཐོབ་པ།

9 དེའི་སང་ཉིན་ཁོ་ཚོ་ལམ་ལ་འགྲོ་དུས་གྲོང་ཁྱེར་དང་ཉེ་བར་སླེབས་པ་དང༌། ཉིན་གུང་ཙམ་ལ་སྨོན་ལམ་འདེབས་པའི་ཆེད་དུ་པེ་ཏྲོ་ཁང་པའི་ཐོག་ཁར་ཕེབས།

10 ཁོང་ལྟོགས་ཏེ་ཟས་ཟ་བར་འདོད་ཅིང་ཁ་ལག་གྲ་སྒྲིག་བྱེད་བཞིན་པའི་དུས་སུ་ཁོང་གིས་ཞལ་གཟིགས་མཐོང་ཞིང༌།

11 དཀོན་མཆོག་གི་ཞིང་ཁམས་བྱེ་ནས་རས་ཆེན་པོ་དང་འདྲ་བ་ཞིག་གྲུ་བཞི་ནས་བཟུང་སྟེ་ས་ལ་མར་འབེབས་བཞིན་པ་ཁོང་གིས་མཐོང༌།

12 དེའི་ནང་ལ་རྐང་པ་བཞི་ལྡན་གྱི་སེམས་ཅན་དང༌། ས་ལ་འགྲོ་བའི་འབུ་སྲིན། ནམ་མཁའི་བྱ་བྱིའུ་སྣ་ཚོགས་ཡོད།

13 དེ་ནས་ “པེ་ཏྲོ། ལོངས་ལ་འདི་རྣམས་ལས་གང་རུང་ཞིག་བསད་ནས་ཟོ་ཞིག་” ཅེས་གསུངས་པའི་སྐད་ཅིག་བྱུང་ན་ཡང༌།

14 པེ་ཏྲོས་ “གཙོ་བོ་ལགས། ངས་མི་བྱ། གང་ཡིན་ཞེ་ན། ཆོས་ཁྲིམས་ལྟར་ཟས་མི་རུང་བའམ། མི་གཙང་བ་ངས་གཏན་ནས་ཟ་མ་མྱོང་” ཞེས་སྨྲས།

15 ཡང་ཐེངས་གཉིས་པར་སྐད་དེས་ “དཀོན་མཆོག་གིས་གང་གཙང་མར་མཛད་པ་དེ་ཁྱོད་ཀྱིས་མི་གཙང་བར་རྩི་མི་རུང་” ཞེས་གསུངས།

16 དོན་དེ་ཐེངས་གསུམ་བྱུང་བའི་རྗེས་སུ་འཕྲལ་དུ་རས་ཆེན་དེ་ཞིང་ཁམས་སུ་ཡར་འཐེན་པར་གྱུར།

17 པེ་ཏྲོས་ཞལ་གཟིགས་དེའི་དོན་མ་རྟོགས་པས་ག་བྱེད་འདི་བྱེད་མེད་པར་གྱུར་བའི་དུས་དེར། གློ་བུར་དུ་བརྒྱ་དཔོན་ཀོར་ནེ་ལི་ཡཱུ་ཡིས་བཏང་བའི་མི་རྣམས་ཀྱིས་སི་མོན་གྱི་ཁང་པར་འགྲོ་བའི་ལམ་གང་ཡིན་དྲིས་ནས་སྒོའི་འགྲམ་ལ་སླེབས་པ་དང༌།

18 སི་མོན་ནམ་པེ་ཏྲོ་ཡང་བྱ་བ་ཞིག་དེར་བཞུགས་ཀྱི་ཡོད་མེད་དྲིས་ཏེ་བོས།

19 པེ་ཏྲོས་ཞལ་གཟིགས་ཀྱི་དོན་དེའི་སྐོར་བསམ་བློ་ཞིབ་ཕྲ་གཏོང་དུས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁོ་ལ་ “ལྟོས་ཤིག མི་གསུམ་གྱིས་ཁྱོད་འཚོལ་བཞིན་འདུག

20 ད་ལོངས་ལ་མར་འབབ། ང་རང་གིས་དེ་རྣམས་བཏང་བས་ཁྱོད་ཐེ་ཚོམ་མེད་པར་ཁོ་ཚོ་དང་མཉམ་དུ་སོང་ཞིག་” ཅེས་གསུངས་པས།

21 པེ་ཏྲོ་ཁོ་ཚོའི་རྩར་མར་བབས་ནས་ “ཁྱེད་རྣམས་ཀྱིས་འཚོལ་བཞིན་པ་དེ་ང་ཡིན། ཁྱེད་རྣམས་ཅིའི་ཕྱིར་ཕེབས་པ་ཡིན་” ཞེས་བཤད།

22 ལན་དུ་ཁོ་ཚོས་ “ང་ཚོ་བརྒྱ་དཔོན་ཀོར་ནེ་ལི་ཡཱུའི་ས་ནས་ཡོང་བ་ཡིན། ཁོང་ནི་རང་གཤིས་དྲང་བ་དང་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་ཅིག་ཡིན་ཏེ་ཡ་ཧུ་དཱ་པའི་མི་རིགས་ཡོངས་ཀྱིས་ཁོང་ལ་བཀུར་སྟི་བྱེད། དཀོན་མཆོག་གི་ཕོ་ཉ་དམ་པ་ཞིག་གིས་ཁོང་ལ་ཁྱེད་ཀྱི་གསུང་ཉན་པའི་ཆེད་དུ་ཁྱེད་གདན་འདྲེན་ཞུས་དགོས་པའི་བཀའ་གནང་” ཞེས་སྨྲས།

23 དེ་ནས་པེ་ཏྲོས་ཁོ་རྣམས་བསུས་ནས་ཁང་པ་དེར་བཞུགས།

དེའི་སང་ཉིན་པེ་ཏྲོ་ལངས་ཤིང༌། ཡོ་ཕཱ་གྲོང་ཁྱེར་ནས་དད་ལྡན་པ་ཁ་ཤས་དང་འགྲོགས་ཏེ་ཁོ་ཚོ་དང་མཉམ་དུ་ཕེབས།

24 དེའི་ཕྱི་ཉིན་ཁོ་རྣམས་སེ་སར་རེ་ཡཱ་གྲོང་ཁྱེར་དུ་སླེབས། ཀོར་ནེ་ལི་ཡཱུ་ཡིས་རང་གི་གཉེན་ཉེ་དང་སྙིང་གྲོགས་བོས་ནས་བསྒུགས།

25 པེ་ཏྲོ་ནང་ལ་ཞུགས་པས་ཀོར་ནེ་ལི་ཡཱུ་ཡིས་ཁོང་གདན་འདྲེན་ཞུས་པ་དང༌། ཁོང་གི་ཞབས་ཀྱི་དྲུང་དུ་ཕྱག་འཚལ།

26 འོན་ཀྱང་པེ་ཏྲོས་ཁོ་ཡར་སྐྱོར་ཏེ་ “ལོངས་དང༌། ངའང་མི་ཡིན་ནོ་” ཞེས་གསུངས།

27 ཁོ་དང་གཏམ་གླེང་བྱེད་བཞིན་ནང་ལ་ཕྱིན་པ་དང༌། ཁོང་གིས་མི་ཚོགས་འཛོམས་ཡོད་པ་མཐོང༌།

28 ཡང་ཁོང་གིས་ཁོ་ཚོར་ “ཡ་ཧུ་དཱ་ཡིན་པའི་མི་ཞིག་གིས་ཡ་ཧུ་དཱ་པ་མིན་པའི་མི་དང་འགྲོགས་སམ། ཐུག་འཕྲད་བྱེད་པ་དེ་ཆོས་ཁྲིམས་དང་འགལ་བ་ཡིན་པར་ཁྱེད་རང་གིས་ཤེས། འོན་ཀྱང་དཀོན་མཆོག་གིས་ངས་སུ་ལའང་ལྷད་ཡོད་པ་དང་ཡང་ན། མི་གཙང་བར་རྩི་མི་རུང་བ་དེ་ང་ལ་བསྟན་བྱུང༌།

29 དེའི་ཕྱིར་ང་འདིར་འབོད་སྐབས་ངས་ངོ་རྒོལ་མ་བྱས་པར་ཡོང༌། ཁྱེད་ཀྱིས་ང་འདིར་འདྲེན་པའི་དོན་ཅི་ཡིན་” ཞེས་དྲིས།

30 ཀོར་ནེ་ལི་ཡཱུ་ཡིས་ “ཉིན་བཞིའི་སྔོན་གྱི་དུས་འདི་རང་སྟེ་ཕྱི་དྲོའི་ཆུ་ཚོད་གསུམ་པར་ངའི་ཁང་པའི་ནང་ལ་སྨོན་ལམ་བཏབ་པའི་ཚེ། གློ་བུར་དུ་འོད་འཕྲོ་བའི་ན་བཟའ་གྱོན་པ་ཞིག་ངའི་མདུན་ལ་བཞེངས་ནས་བཞུགས་ཡོད་པ་དང༌།

31 ཁོང་གིས་ང་ལ་ཀོར་ནེ་ལི་ཡཱུ། དཀོན་མཆོག་གིས་ཁྱོད་ཀྱི་སྨོན་ལམ་གསན་ཞིང་སྦྱིན་པ་བཏང་བའང་གཟིགས།

32 དེའི་ཕྱིར་མི་རྣམས་ཡོ་ཕཱ་ལ་བཏང་ནས་སི་མོན་ནམ་པེ་ཏྲོ་ཡང་བྱ་བ་འདིར་འདྲེན་ཞིག ཁོ་ནི་རྒྱ་མཚོའི་འགྲམ་ལ་གནས་པའི་ཀོ་བ་མཉེད་མཁན་སི་མོན་གྱི་ཁང་པར་བཞུགས་ཞེས་གསུངས།

33 དེའི་ཕྱིར་ངས་ལམ་སེང་ཁྱེད་གདན་འདྲེན་ཞུས་ཏེ། ཁྱེད་རང་འདིར་ཕེབས་ན་ལེགས། ད་གཙོ་བོས་ཁྱེད་ལ་གནང་བའི་བཀའ་ཐམས་ཅད་ལ་ཉན་པའི་ཆེད་དུ་ང་ཚོ་ཚང་མ་དཀོན་མཆོག་གི་སྤྱན་སྔར་འདིར་འཛོམས་ཡོད་” ཅེས་སྨྲས།

སྐུ་ཚབ་པེ་ཏྲོས་ཆོས་གསུངས་པ།

34 དེ་ནས་པེ་ཏྲོས་ “དཀོན་མཆོག་གིས་ཕྱོགས་རིས་མི་མཛད་པ་དེ་ངས་ད་ལྟ་ཐེ་ཚོམ་མེད་པར་ཤེས།

35 མི་རིགས་ཐམས་ཅད་ཀྱི་ཁྲོད་དུ་སུ་ཡང་དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་དང་དྲང་བའི་ལས་སྒྲུབ་མཁན་དེ་ལ་ཁོང་ཐུགས་མཉེས།

36 དཀོན་མཆོག་གིས་ཡི་སི་ར་ཨེལ་མི་རིགས་ལ་གནང་བའི་འཕྲིན་བཟང་ཁྱེད་ཀྱིས་ཤེས། དེ་ནི་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ་ཡེ་ཤུ་མཱ་ཤི་ཀ་ལ་དད་པའི་སྒོ་ནས་ཞི་བདེ་འཐོབ་པའི་འཕྲིན་ཡིན།

37 ཡོ་ཧ་ནན་གྱིས་ཁྲུས་གསོལ་ལེན་དགོས་པའི་འཕྲིན་སྒྲོག་པའི་རྗེས་སུ་ག་ལིལ་ཡུལ་ནས་ཡ་ཧུ་དཱ་ཡུལ་ཡོངས་སུ་ཅི་བྱུང་བ་དང༌།

38 ཅི་ལྟར་དཀོན་མཆོག་གིས་ན་ཙ་རེལ་པ་ཡེ་ཤུ་ལ་དམ་པའི་ཐུགས་ཉིད་དང་ནུས་མཐུ་གནང་ཞིང༌། དཀོན་མཆོག་ཁོང་དང་མཉམ་དུ་བཞུགས་པས་ཁོང་གིས་ལས་བཟང་པོ་སྒྲུབ་ཅིང༌། བདུད་ཀྱིས་མནན་པ་ཐམས་ཅད་གསོ་བར་མཛད་པ་དེ་ཁྱེད་ཀྱིས་ཤེས།

39 ཁོང་གིས་ཡ་ཧུ་དཱ་ཡུལ་དང་ཡེ་རུ་ཤ་ལེམ་གྲོང་ཁྱེར་དུ་གང་མཛད་པ་ཐམས་ཅད་ཀྱི་དཔང་པོ་ང་ཚོ་ཡིན། རྒྱང་ཤིང་སྒང་ལ་བརྒྱངས་པའི་སྒོ་ནས་ཁོ་ཚོས་ཁོང་བསད་ཀྱང༌།

40 ཉི་མ་གསུམ་པར་དཀོན་མཆོག་གིས་ཁོང་འཆི་བ་ནས་སླར་གསོན་པོར་མཛད་ནས་ཁོང་མངོན་དུ་བཅུག་གོ

41 མི་ཐམས་ཅད་ལ་ཁོང་མངོན་སུམ་དུ་མ་བསྟན་པར། འཆི་བ་ནས་སྐུ་གསོན་པོར་བཞེངས་ནས་ཁོང་དང་མཉམ་དུ་ཟ་ཞིང་འཐུང་མཁན་ཏེ་དཀོན་མཆོག་གིས་སྔར་འདེམས་པར་མཛད་པའི་དཔང་པོ་ཡིན་པ་ང་ཚོས་མཐོང༌།

42 ཡང་ཁོང་གིས་ང་ཚོར་མི་རྣམས་ལ་ཆོས་སྟོན་པ་དང༌། ཁོང་ཉིད་དཀོན་མཆོག་གིས་བསྐོས་པར་མཛད་དེ་ཤི་གསོན་གཉིས་ཀྱི་ཁྲིམས་དཔོན་ཡིན་པ་བདེན་དཔང་བྱེད་དགོས་པའི་བཀའ་གནང༌།

43 ཡང་ཁོང་གི་སྐོར་ལུང་སྟོན་པ་ཚང་མས། ཁོང་ལ་དད་པ་བྱེད་མཁན་ཐམས་ཅད་ཁོང་གི་མཚན་གྱི་ཐོག་ནས་སྡིག་སེལ་འཐོབ་པར་འགྱུར་ཞེས་པའི་དཔང་པོ་མཛད་” ཅེས་གསུངས།

ཡ་ཧུ་དཱ་པ་མིན་པ་རྣམས་ལ་དམ་པའི་ཐུགས་ཉིད་ཐོབ་པ།

44 པེ་ཏྲོས་མུ་མཐུད་གསུངས་པའི་སྐབས་སུ་དམ་པའི་ཐུགས་ཉིད་བཀའ་ཐོས་མཁན་ཐམས་ཅད་ལ་བབས།

45 ཡ་ཧུ་དཱ་པ་མིན་པ་རྣམས་ལའང་དཀོན་མཆོག་གི་གནང་སྦྱིན་ཏེ་དམ་པའི་ཐུགས་ཉིད་ཐོབ་པའི་རྐྱེན་གྱིས། ཡ་ཧུ་དཱ་པའི་དད་ལྡན་པ་ཆོས་ཀྱི་རྟགས་དང་ལྡན་པ་རྣམས་པེ་ཏྲོ་དང་མཉམ་དུ་ཡོང་མཁན་ཚང་མ་ཡ་མཚན་ཆེན་པོ་སྐྱེས།

46 དེ་ནི་དམ་པའི་ཐུགས་ཉིད་འཐོབ་པ་རྣམས་ཀྱིས་སྐད་རིགས་གཞན་རྣམས་སྤྱད་ནས་སྐད་ཆ་བཤད་པ་དང༌། དཀོན་མཆོག་ལ་བསྟོད་བསྔགས་བྱེད་པ་ཐོས་པས་སོ། དེ་ནས་པེ་ཏྲོས་

47 “མི་འདི་རྣམས་ཆུ་ཡིས་ཁྲུས་གསོལ་བྱེད་པར་སུས་སྔོན་འགོག་བྱེད་དམ། ང་ཚོ་ལྟར་ཁོ་ཚོ་ལའང་དམ་པའི་ཐུགས་ཉིད་ཐོབ་བོ་” ཞེས་གསུངས་པས།

48 ཡེ་ཤུ་མཱ་ཤི་ཀའི་མཚན་ཐོག་ནས་ཁོ་རྣམས་ལ་ཁྲུས་གསོལ་བྱེད་པའི་བཀའ་གནང་ནས། ཁོ་ཚོས་ཁོང་ཉིན་ཤས་བཞུགས་པར་གདན་འདྲེན་ཞུས་སོ།།

 

***********************************************

Acts (9) – མཛད་པ། (9)

Acts (9) – མཛད་པ། (9)

1 དེའི་དུས་སུ་ཤ་ཨུལ་གྱིས་དམར་གསོད་གཏོང་བའི་གཏམ་བཤད་དེ་གཙོ་བོའི་ཉེ་གནས་རྣམས་ལ་མུ་མཐུད་ནས་འཇིགས་སྐུལ་བྱས་ཤིང༌། བླ་ཆེན་གཙོ་བོའི་དྲུང་དུ་སོང་ནས།

2 ཁོས་གཙོ་བོ་ཡེ་ཤུའི་ཐར་ལམ་ལ་འཛིན་མཁན་ཏེ་སྐྱེས་པའམ་བུད་མེད་རྙེད་ན་ཡེ་རུ་ཤ་ལེམ་ལ་བཅིངས་ནས་འཁྲིད་པའི་ཕྱིར། དཱ་མེ་སེག་གྲོང་ཁྱེར་དུ་ཡོད་པའི་འདུ་ཁང་གི་འགོ་ཁྲིད་རྣམས་ལ་ངོ་སྤྲོད་ཡི་གེ་གནང་རོགས་ཞུས།

3 ལམ་བར་དུ་ཤ་ཨུལ་དཱ་མེ་སེག་གི་ཉེ་འགྲམ་དུ་སླེབས་པའི་སྐབས་སུ། དཀོན་མཆོག་གི་ཞིང་ཁམས་ནས་འོད་ཅིག་ཁོའི་ཕྱོགས་བཞིར་གློ་བུར་དུ་འཁྱུགས་པ་དང༌།

4 ཤ་ཨུལ་ས་ལ་འགྱེལ། ཁོས་ “ཤ་ཨུལ། ཤ་ཨུལ། ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་གནོད་སྐྱེལ་” ཞེས་གསུངས་པའི་སྒྲ་ཞིག་ཐོས་ནས།

5 ཁོས་ “གཙོ་བོ་ལགས། ཁྱེད་སུ་ཡིན་” ཞེས་བཤད་པས་ཁོང་གིས་ “ང་ནི་ཁྱོད་ཀྱིས་གནོད་སྐྱེལ་བཞིན་པའི་ཡེ་ཤུ་ཡིན་ནོ།

6 ད་ཡར་ལོངས་ལ་གྲོང་ཁྱེར་དུ་སོང་ཞིག ཁྱོད་ཀྱིས་གང་བྱེད་དགོས་པ་དེ་ཁྱོད་ལ་སྨྲ་བར་འགྱུར་” ཞེས་གསུངས།

7 སྒྲ་དེ་ཐོས་ཀྱང་སུ་ཞིག་ཡིན་པ་མ་མཐོང་བས་ཤ་ཨུལ་གྱི་ལམ་གྲོགས་རྣམས་ཁ་རོག་བསྡད།

8 ཤ་ཨུལ་ས་ནས་ལངས་ཏེ་མིག་གདངས་ཀྱང་ཅི་ཡང་མཐོང་མ་ཐུབ། ལམ་གྲོགས་ཀྱིས་ཁོའི་ལག་པ་ནས་འཇུས་ཏེ་དཱ་མེ་སེག་ལ་འཁྲིད།

9 ཡང་ཉིན་གསུམ་གྱི་རིང་ལ་མིག་གིས་མི་མཐོང་བ་དང་ཁོས་ཟ་འཐུང་ཅི་ཡང་མ་བྱས།

10 དེའི་དུས་སུ་དཱ་མེ་སེག་ལ་ཨ་ནན་ཡཱ་ཞེས་ཟེར་བའི་ཉེ་གནས་ཤིག་ཡོད་ཅིང༌། གཙོ་བོས་ཁོ་ལ་ཞལ་གཟིགས་གནང་ནས་ “ཨ་ནན་ཡཱ་” ཞེས་གསུངས་པས་ཁོས་ “གཙོ་བོ་ལགས། ང་འདིར་ཡོད་” ཅེས་བཤད།

11 གཙོ་བོས་ཁོ་ལ་ “ལོངས་ལ་དྲང་པོ་ཟེར་བའི་སྲང་ལམ་ལ་སོང་ནས་ཡུ་དཱ་ཞེས་བྱ་བའི་ཁང་པར་ཊར་སཱུ་གྲོང་ཁྱེར་ནས་ཡིན་པའི་ཤ་ཨུལ་ཚོལ་ཞིག ད་ལྟ་ཁོས་སྨོན་ལམ་འདེབས་བཞིན་ཡོད་ཅིང༌།

12 ཁོས་ཨ་ནན་ཡཱ་ཟེར་མཁན་ཞིག་ནང་ལ་ཡོང་ནས་མིག་གིས་སླར་ཡང་མཐོང་ཐུབ་པའི་ཆེད་དུ་ཁོ་ལ་ཕྱག་འཇོག་པ་ཞལ་གཟིགས་ཀྱི་ནང་ནས་མཐོང་” ཞེས་གསུངས།

13 འོན་ཀྱང་ཨ་ནན་ཡཱས་ “གཙོ་བོ་ལགས། ཡེ་རུ་ཤ་ལེམ་ལ་མི་འདིས་ཁྱེད་ཀྱི་དད་ལྡན་རྣམས་ལ་གནོད་པ་ཅི་ལྟར་ཆེ་བ་བཏང་བ་མི་མང་པོས་ང་ལ་བཤད་བྱུང༌།

14 ཡང་འདིར་ཁོ་ལ་བླ་ཆེན་རྣམས་ནས་ཁྱེད་ཀྱི་མཚན་ནས་བརྗོད་མཁན་ཐམས་ཅད་འཛིན་བཟུང་བྱེད་པའི་དབང་ཡོད་” ཅེས་སྨྲས་ཀྱང༌།

15 གཙོ་བོས་ཁོ་ལ་ “ད་སོང་ཞིག མི་འདི་ནི་ཡ་ཧུ་དཱ་པ་མིན་པ་རྣམས་དང༌། རྒྱལ་པོ། ཡི་སི་ར་ཨེལ་གྱི་མི་རྣམས་ལ་ངའི་མིང་སྒྲོག་ཕྱིར་ངས་བདམས་པའི་སྣོད་ཡིན།

16 ངའི་མིང་གི་དོན་དུ་སྡུག་བསྔལ་ཅི་ལྟར་ཆེ་བ་མྱོང་དགོས་པ་ང་རང་གིས་ཁོ་ལ་སྟོན་པར་བྱ་” ཞེས་གསུངས་པས།

17 ཨ་ནན་ཡཱ་སོང་ནས་ཁང་པ་དེའི་ནང་ལ་འཛུལ་བ་དང་ཤ་ཨུལ་ལ་ཕྱག་བཞག་ནས་ཁོ་ལ་ “སྤུན་ཟླ་ཤ་ཨུལ། ལམ་བར་དུ་ཁྱེད་ལ་མངོན་པར་མཛད་མཁན་གཙོ་བོ་ཡེ་ཤུ་ཡིས་ཁྱེད་ཀྱི་མིག་གིས་སླར་ཡང་མཐོང་ཐུབ་པའི་ཆེད་དང༌། ཁྱེད་ནི་དམ་པའི་ཐུགས་ཉིད་ཀྱིས་གང་བར་འགྱུར་བའི་ཕྱིར་ང་འདིར་མངགས་” ཞེས་བཤད།

18 དེ་ལྟར་གསུངས་མ་ཐག་ཉ་ཁྲབ་འདྲ་བ་རེ་ཁོའི་མིག་ནས་ཟགས་ཏེ་མིག་གིས་སླར་ཡང་མཐོང་བར་གྱུར། ཡར་ལངས་ནས་ཁྲུས་གསོལ་ལེན་ཞིང༌།

19 ཟས་བཟས་པས་ལུས་སྟོབས་གསོས་པར་གྱུར།

ཤ་ཨུལ་གྱིས་དཱ་མེ་སེག་གྲོང་ཁྱེར་དུ་ཆོས་བསྒྲགས་པ།

ཉིན་ཤས་རིང་ཁོ་དཱ་མེ་སེག་ལ་ཡོད་པའི་ཉེ་གནས་དང་མཉམ་དུ་བསྡད་དེ།

20 ཁོང་གིས་འཕྲལ་དུ་འདུ་ཁང་རྣམས་ལ་ཡེ་ཤུའི་འཕྲིན་བཟང་བསྒྲགས་ཏེ་ “ཁོང་ནི་དཀོན་མཆོག་གི་སྲས་ཡིན་ནོ་” ཞེས་གསུངས།

21 ཁོང་གི་གཏམ་ཐོས་པ་ཐམས་ཅད་ཡ་མཚན་སྐྱེས་ནས་ “ཡེ་རུ་ཤ་ལེམ་ལ་གཙོ་བོའི་མཚན་ནས་བརྗོད་མཁན་རྣམས་མེད་པར་བཟོ་མཁན་ཁོ་རང་མ་ཡིན་ནམ། ཡང་དད་ལྡན་རྣམས་བཙོན་པ་ལྟར་བླ་ཆེན་རྣམས་ཀྱི་རྩར་འཁྲིད་པའི་ཕྱིར་ཁོ་འདིར་མ་ཡོང་ངམ་” ཞེས་བཤད།

22 ཤ་ཨུལ་གྱི་ཆོས་སྟོན་པའི་ནུས་པ་ཇེ་ཆེར་གྱུར་ཞིང༌། ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པ་ར་སྤྲོད་བྱས་པས་དཱ་མེ་སེག་ལ་སྡོད་པའི་ཡ་ཧུ་དཱ་པ་ཚོས་ཁོང་གིས་ཆོས་བསྟན་པར་ལན་འདེབས་མ་ཐུབ།

23 ཉིན་མང་སོང་རྗེས། ཡ་ཧུ་དཱ་པ་རྣམས་ཀྱིས་ཤ་ཨུལ་གསོད་རྒྱུའི་ངན་ཇུས་བྱས་ཀྱང༌།

24 ཤ་ཨུལ་གྱིས་ཁོ་ཚོའི་ཇུས་ངན་ཤེས་པར་གྱུར། ཁོང་གསོད་པའི་ཆེད་དུ་ཁོ་ཚོས་ཉིན་མཚན་མེད་པར་གྲོང་ཁྱེར་གྱི་སྒོ་རྣམས་བསྲུངས།

25 འོན་ཀྱང་ཁོང་གི་ཉེ་གནས་རྣམས་ཀྱིས་མཚན་མོར་ཤ་ཨུལ་སླེ་པོ་ཆེན་པོ་ཞིག་གི་ནང་དུ་བླུགས་ནས་ལྕགས་རིའི་ཨི་ཁུང་བརྒྱུད་ནས་མར་ཕབ་པ་རེད།

ཤ་ཨུལ་ཡེ་རུ་ཤ་ལེམ་ལ་བཞུགས་པའི་སྐོར།

26 ཡེ་རུ་ཤ་ལེམ་ལ་སླེབས་ནས་ཁོང་ཉེ་གནས་རྣམས་དང་འགྲོགས་འདོད་ཀྱང༌། ཁོང་ཉེ་གནས་དངོས་ཡིན་པར་ཡིད་མ་ཆེས་པས་ཁོ་ཚོ་ཚང་མས་ཁོང་ལ་འཇིགས།

27 འོན་ཀྱང་པར་ན་པཱས་ཁོང་ལ་རོགས་པ་བྱས་ཏེ་སྐུ་ཚབ་རྣམས་ཀྱི་མདུན་དུ་འཁྲིད་ཅིང༌། ལམ་བར་དུ་གཙོ་བོ་ཡེ་ཤུ་ཇི་ལྟར་མཐོང་ནས་གཙོ་བོས་ཁོང་ལ་ཅི་གསུངས་པ་དང༌། དཱ་མེ་སེག་ལ་ཡང་ཡེ་ཤུའི་མཚན་གྱི་ཐོག་ནས་ཤ་ཨུལ་གྱིས་འཇིགས་པ་མེད་པར་འཕྲིན་བཟང་བསྒྲགས་པའི་སྐོར་སྐུ་ཚབ་རྣམས་ལ་གསུངས།

28 ཡེ་རུ་ཤ་ལེམ་ལ་ཁོང་མངོན་སུམ་དུ་ཁོ་ཚོ་དང་འགྲོགས་ཏེ་གཙོ་བོའི་མཚན་གྱི་ཐོག་ནས་འཇིགས་པ་མེད་པར་ཆོས་བསྟན།

29 ཁོང་གིས་གྷི་རིག་སྐད་སྨྲ་བའི་ཡ་ཧུ་དཱ་པ་རྣམས་དང་གཏམ་བཤད་ཅིང་རྩོད་གླེང་བྱས། འོན་ཀྱང་མི་དེ་ཚོས་ཁོང་གསོད་ཐབས་བཙལ་བཞིན་ཡོད།

30 དོན་དེའི་སྐོར་ཤེས་ནས་སྤུན་ཟླ་རྣམས་ཀྱིས་ཤ་ཨུལ་སེ་སར་རེ་ཡཱ་གྲོང་ཁྱེར་ལ་མར་འཁྲིད་པ་དང༌། ཁོང་ཊར་སཱུ་གྲོང་ཁྱེར་དུ་བཏང༌།

31 དེའི་དུས་སུ་ཡ་ཧུ་དཱ་དང༌། ག་ལིལ། ས་མར་ཡཱ་ཡུལ་ཀུན་ལ་ཆོས་ཚོགས་ཞི་བདེའི་ངང་ནས་བློ་སྒོ་ཕྱེ་བར་གྱུར་ཞིང༌། གཙོ་བོ་ལ་བཀུར་སྟི་བྱེད་པ་དང་དམ་པའི་ཐུགས་ཉིད་ཀྱི་སེམས་གསོ་བའི་ངང་ནས་གནས་ཏེ་འཕེལ་ལོ།།

སྐྱེས་པ་ཨ་ནི་ཡཱ་ནད་ལས་གསོས་པ།

32 པེ་ཏྲོ་ཡུལ་དེ་ཚོ་བརྒྱུད་ནས་ཕེབས་པའི་དུས་སུ་ཁོང་ལུ་དཱ་གྲོང་ཁྱེར་ལ་སྡོད་པའི་དད་ལྡན་རྣམས་ཀྱི་རྩར་སླེབས།

33 དེར་ལོ་བརྒྱད་ཀྱི་བར་དུ་གོམ་པ་སྤོ་མི་ཐུབ་པར་ཉལ་ཁྲིའི་སྟེང་སྡོད་དགོས་པའི་ཨ་ནི་ཡཱ་ཟེར་མཁན་ཞིག་དང་ཕྲད།

34 པེ་ཏྲོས་ཁོ་ལ་ “ཨ་ནི་ཡཱ། ཡེ་ཤུ་མཱ་ཤི་ཀ་ཡིས་ཁྱོད་གསོ་བར་མཛད། ལོངས་ལ་ཉལ་ཁྲི་སྡུས་ཤིག་” ཅེས་གསུངས་པས་ནད་པ་དེ་འཕྲལ་དུ་ཡར་ལངས།

35 ཡང་ལུ་དཱ་གྲོང་ཁྱེར་དང་ཞ་རོན་ཞེས་པའི་ཡུལ་ལ་སྡོད་མཁན་ཚང་མས་ཁོ་མཐོང་བས་སེམས་བསྒྱུར་ནས་གཙོ་བོར་དད་པ་བྱས།

བུད་མེད་ཐཱ་པི་ཐཱ་སླར་གསོན་དུ་མཛད་པ།

36 ཡོ་ཕཱ་གྲོང་ཁྱེར་དུ་ཐཱ་པི་ཐཱ་ཞེས་བྱ་བའི་ཉེ་གནས་ཤིག་ཡོད། (གྷི་རིག་སྐད་དུ་ཐཱ་པི་ཐཱ་ཞེས་པའི་དོན་ནི་དོར་ཀེ་ཡིན་) ཁོ་མོས་སྦྱིན་པ་མང་པོ་བཏང་ཞིང་ལས་བཟང་མུ་མཐུད་ནས་བྱེད་བཞིན་ཡོད།

37 དེའི་དུས་སུ་ཁོ་མོ་ནད་ཀྱིས་བཏབ་ནས་ཤི་བས། ཁོ་རྣམས་ཀྱིས་སྤུར་བཀྲུས་ནས་ཐོག་ཁང་གཅིག་ལ་བཞག

38 ཡོ་ཕཱ་གྲོང་ཁྱེར་ནི་ལུ་དཱ་གྲོང་དང་ཉེ་བར་ཆགས་པས། པེ་ཏྲོ་དེར་ཡོད་པའི་གཏམ་ཐོས་པའི་ཚེ་ཉེ་གནས་རྣམས་ཀྱིས་མི་གཉིས་ཁོང་གི་དྲུང་དུ་བཏང་སྟེ་ང་ཚོའི་རྩར་མགྱོགས་པོར་ཕེབས་རོགས་ཞེས་ནན་གྱིས་བསྐུལ་བའི་རྐྱེན་གྱིས།

39 པེ་ཏྲོ་ལངས་ནས་ཁོ་ཚོ་དང་མཉམ་དུ་ཕེབས་པ་དང༌། དེར་སླེབས་ནས་ཁོ་ཚོས་ཐོག་ཁང་ནང་ལ་འཁྲིད། ཡུགས་མོ་ཚང་མས་ཁོང་གི་འཁྲིས་ལ་ལངས་ཏེ་ངུས་ཤིང༌། དོར་ཀེ་ཡིས་ཁོ་ཚོ་དང་མཉམ་དུ་ཡོད་དུས་བཟོས་པའི་ཕྱི་གོས་དང་གྱོན་ཆས་ཁོང་ལ་བསྟན།

40 པེ་ཏྲོས་ཁོ་ཚོ་ཚང་མ་ཕྱིར་བཏོན་པ་དང༌། པུས་མོ་སར་བཙུགས་ནས་སྨོན་ལམ་བཏབ། སྤུར་གྱི་ཕྱོགས་སུ་ཁ་ཚུར་གཅུས་ཏེ་ཁོང་གིས་ “ཐཱ་པི་ཐཱ། ཡར་ལོངས་ཤིག་” ཅེས་སྨྲས་པས་ཁོ་མོས་མིག་གདངས་ཏེ་པེ་ཏྲོ་མཐོང་ནས་ཡར་བླངས།

41 པེ་ཏྲོས་བུད་མེད་དེའི་ལག་པ་ནས་འཇུས་ཤིང་ཡར་བསྐྱོར་ཏེ་ལངས་སུ་བཅུག་པ་དང༌། ཡུགས་མོ་ཚུད་པའི་དད་ལྡན་རྣམས་འབོད་དེ་ཁོ་མོ་གསོན་པོར་བསྟན།

42 དོན་དེ་ཡོ་ཕཱ་གྲོང་ཁྱེར་གྱི་ས་ཕྱོགས་གང་སར་ཁྱབ་པས་མི་མང་པོས་གཙོ་བོ་ལ་དད་པ་བྱས།

43 དེའི་དུས་སུ་པེ་ཏྲོ་ཡོ་ཕཱ་ལ་ཀོ་བ་མཉེད་མཁན་སི་མོན་ཞེས་བྱ་བའི་ཁྱིམ་དུ་ཉིན་མང་པོ་བཞུགས་སོ།།

 

************************************

Acts (8) – མཛད་པ། (8)

Acts (8) – མཛད་པ། (8)

1 སེ་ཏེ་ཕཱན་གསོད་པའི་ལས་ལ་ཤ་ཨུལ་ཡིས་མོས་མཐུན་བྱས་སོ།།

ཤ་ཨུལ་ཡིས་ཆོས་ཚོགས་ལ་གནོད་འཚེ་བཏང་བ།

ཉིན་དེར་ཡེ་རུ་ཤ་ལེམ་ལ་སྡོད་པའི་དད་ལྡན་རྣམས་ལ་གནོད་འཚེ་དྲག་པོ་ཞིག་བྱུང་བས། སྐུ་ཚབ་རྣམས་མ་གཏོགས་པར་ཁོ་ཚོ་ཚང་མ་ཡ་ཧུ་དཱ་དང་ས་མར་ཡཱ་ཡུལ་ལ་ཁ་འཐོར།

2 ཆོས་སེམས་དང་ལྡན་པའི་མི་འགའ་ཤས་ཀྱིས་སེ་ཏེ་ཕཱན་གྱི་ཕུང་པོ་དུར་དུ་བཅུག་ནས་སྐད་ཆེན་པོས་སྨྲེ་སྔག་བཏོན།

3 འོན་ཀྱང་ཤ་ཨུལ་ཡིས་ཁང་པ་རེ་རེའི་ནང་དུ་ཕྱིན་པ་དང༌། ཕོ་མོ་གཉིས་ཀ་བཙན་གྱིས་འཁྲིད་ནས་བཙོན་དུ་བཅུག་སྟེ་ཆོས་ཚོགས་ལ་གནོད་འཚེ་ཆེན་པོ་བཏང་བས།

4 ཁ་འཐོར་བ་རྣམས་འཕྲིན་བཟང་སྒྲོག་སྟེ་ཡུལ་སོ་སོར་ཕྱིན་པ་རེད།

ཕི་ལིབ་ཀྱིས་འཕྲིན་བཟང་བསྒྲགས་པ།

5 ཕི་ལིབ་ས་མར་ཡཱ་ཡུལ་གྱི་གྲོང་ཁྱེར་ཞིག་ལ་ཕྱིན་ནས་དེར་ཡོད་པའི་མི་རྣམས་ལ་ཡེ་ཤུ་མཱ་ཤི་ཀའི་འཕྲིན་བཟང་བསྒྲགས།

6 མི་ཚོགས་ཀྱིས་ཕི་ལིབ་ཀྱིས་གསུངས་པའི་བསྟན་པ་ཐོས་ཤིང༌། ཁོང་གིས་སྒྲུབ་པའི་རྟགས་མཐོང་ནས་ཡིད་མཐུན་ཏེ་ཁོང་གི་གསུང་ལ་ཉན།

7 གང་ཡིན་ཞེ་ན། གདོན་འདྲེ་མི་གཙང་བ་རྣམས་སྐད་ངན་ཆེན་པོ་ཤོར་ཏེ་མི་མང་པོའི་ལུས་ནས་ཕྱིར་ཐོན་ཞིང༌། ཞ་བོ་དང་ཡན་ལག་བསྐམས་པ་མང་པོ་ནད་ལས་ཐར་བར་གྱུར།

8 དེའི་ཕྱིར་གྲོང་ཁྱེར་དེའི་མི་རྣམས་ཧ་ཅང་དགའ་བར་འགྱུར།

9 ཡང་སི་མོན་ཟེར་མཁན་ཞིག་གིས་སྔར་ནས་ད་བར་གྲོང་ཁྱེར་དེར་མཐུ་བརྒྱབ་ནས་ས་མར་ཡཱ་ཡུལ་གྱི་མི་རྣམས་ཡ་མཚན་སྐྱེས་སུ་བཅུག ཁོས་རང་བསྟོད་བྱས་ཏེ།

10 མི་མཐོ་དམན་ཚང་མས་ཁོ་ལ་ཉན་ཞིང་ “མི་འདི་ནི་དཀོན་མཆོག་གི་ནུས་མཐུ་ཆེན་པོ་ཟེར་བ་དེ་ཡིན་” ཞེས་སྨྲས།

11 ཁོས་ཡུན་རིང་པོ་ཞིག་ནས་མཐུ་ཡིས་ཁོ་ཚོར་ཡ་མཚན་སྐྱེས་སུ་བཅུག་པས་ཡུལ་མི་རྣམས་ཀྱིས་ཁོའི་གཏམ་ལ་ནན་གྱིས་ཉན།

12འོན་ཀྱང་ཕི་ལིབ་ནི་དཀོན་མཆོག་གི་རྒྱལ་སྲིད་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་སྐོར་འཕྲིན་བཟང་སྒྲོག་མཁན་ཡིན་པ་ལ་མི་རྣམས་ཀྱིས་ཡིད་ཆེས་བྱས་ནས། སྐྱེས་པ་དང་བུད་མེད་གཉིས་ཀས་ཁྲུས་གསོལ་བླངས།

13 ཐ་ན་སི་མོན་གྱིས་ཀྱང་ཡིད་ཆེས་བྱས་ཏེ་ཁྲུས་གསོལ་བླངས་ནས་ཕི་ལིབ་དང་འགྲོགས། སི་མོན་གྱིས་ཕི་ལིབ་ཀྱི་གྲུབ་རྟགས་དང་ངོ་མཚར་ཅན་གྱི་དོན་མཐོང་བས་ཧ་ལས་སོ།།

14 ཡེ་རུ་ཤ་ལེམ་ལ་ཡོད་པའི་སྐུ་ཚབ་རྣམས་ཀྱིས་ས་མར་ཡཱ་པས་དཀོན་མཆོག་གི་བཀའ་ལ་དད་པ་བྱེད་པ་ཐོས་སྐབས། ཁོང་ཚོས་སྐུ་ཚབ་པེ་ཏྲོ་དང་ཡོ་ཧ་ནན་ཕི་ལིབ་དང་བཅས་པའི་རྩར་མངགས།

15 ཁོང་ཚོ་གཉིས་མར་ཕེབས་ནས་ས་མར་ཡཱ་པ་རྣམས་ལ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་འཐོབ་པའི་ཆེད་དུ་སྨོན་ལམ་ཞུས།

16 གང་ཡིན་ཞེ་ན། ཁོ་རྣམས་ཀྱིས་གཙོ་བོ་ཡེ་ཤུའི་མཚན་གྱི་ཐོག་ནས་ཁྲུས་གསོལ་བླངས་ཀྱང༌། དམ་པའི་ཐུགས་ཉིད་ཁོ་ཚོར་ད་དུང་མར་མ་བབས་པས་སོ།

17 དེ་ནས་པེ་ཏྲོ་དང་ཡོ་ཧ་ནན་གཉིས་ཀྱིས་ས་མར་ཡཱ་པ་རྣམས་ཀྱི་ལུས་ལ་ཕྱག་འཇོག་པར་མཛད་པས་ཁོ་ཚོར་དམ་པའི་ཐུགས་ཉིད་ཐོབ།

18 སྐུ་ཚབ་རྣམས་ཀྱི་ཕྱག་འཇོག་པར་མཛད་པའི་སྒོ་ནས་དམ་པའི་ཐུགས་ཉིད་གནང་བར་མཐོང་ནས་སི་མོན་གྱིས་ཁོང་རྣམས་ལ་དངུལ་སྟེར་གྲབས་བྱས་ཏེ་

19 “ངས་མི་སུ་ཞིག་ལ་ལག་པ་བཞག་པ་དེས་དམ་པའི་ཐུགས་ཉིད་འཐོབ་ཕྱིར་དབང་དེ་ང་ལའང་གནང་བར་མཛོད་” ཅེས་སྨྲས།

20 འོན་ཀྱང་པེ་ཏྲོས་ཁོ་ལ་ “དཀོན་མཆོག་གི་གནང་སྦྱིན་ནི་དངུལ་གྱིས་འཐོབ་པར་བསམས་པས་ཁྱོད་དང་ཁྱོད་ཀྱི་དངུལ་གཉིས་མེད་པར་འགྱུར་བར་ཤོག 21 དཀོན་མཆོག་གི་སྤྱན་སྔར་ཁྱོད་ཀྱི་སེམས་དྲང་པོ་མེད་པས་ཁྱོད་ལ་དོན་འདིའི་སྐལ་བའམ་འབྲེལ་བ་ཅིའང་མེད།

22 དེའི་ཕྱིར་ངན་སེམས་འདི་སྤངས་ནས་སེམས་བསྒྱུར་བ་དང༌། གཙོ་བོ་དཀོན་མཆོག་ལ་གསོལ་བ་ཐོབ་ཅིག ཁོང་གི་ཐུགས་དགོངས་དང་མཐུན་ན་ཁྱོད་ཀྱི་ངན་སེམས་ཀྱི་སྡིག་ཉེས་སེལ་བར་འགྱུར།

23 གང་ལགས་ཤེ་ན། ཁྱོད་ནི་ཆེས་ཕྲག་དོག་བྱེད་མཁན་དང༌། སྡིག་ཉེས་ཀྱིས་བཅིངས་པ་ཡིན་པ་ངས་མཐོང་” ཞེས་གསུངས།

24 ལན་དུ་སི་མོན་གྱིས་ “ཁྱེད་ཀྱིས་གསུངས་པའི་དོན་ང་ལ་ཅིའང་མི་འབབ་པའི་ཆེད་དུ་ཁྱེད་རྣམས་ཀྱིས་ངའི་དོན་དུ་གཙོ་བོ་ལ་སྨོན་ལམ་འདེབས་པར་མཛོད་ཅིག་” ཅེས་སྨྲས།

25 དེ་ནས་ཁོང་ཚོས་གཙོ་བོ་དཀོན་མཆོག་གི་བཀའ་བསྒྲགས་པ་དང་དཔང་པོ་བྱས་པའི་རྗེས་སུ་ས་མར་ཡཱ་ཡུལ་གྱི་གྲོང་གསེབ་མང་པོར་འཕྲིན་བཟང་སྒྲོག་སྟེ་ཡེ་རུ་ཤ་ལེམ་ལ་ཕྱིར་ལོག་ཕེབས་སོ།།

ཕི་ལིབ་དང་ཨེ་ཐི་ཨོ་ཕི་ཡཱ་ཡུལ་གྱི་ཉུག་རུམ་པ་ཞིག

26 ཡང་དཀོན་མཆོག་གི་ཕོ་ཉ་ཞིག་གིས་ཕི་ལིབ་ལ་ “ཡར་ལོངས་ལ་ལྷོ་ཕྱོགས་ལ་ཕྱིན་ཏེ་ཡེ་རུ་ཤ་ལེམ་ནས་ག་ཟཱ་གྲོང་ཁྱེར་དུ་འབབ་པའི་ལམ་ལ་སོང་ཞིག་” ཅེས་གསུངས། (ལམ་དེ་ནི་འབྲོག་སྟོང་གི་ལམ་ཞིག་ཡིན་)

27 ཕི་ལིབ་ལངས་ནས་སོང་ཞིང༌། ལམ་བར་དུ་ཨེ་ཐི་ཨོ་ཕི་ཡཱ་ཡུལ་གྱི་དབང་ཆ་ཆེ་བའི་ཉུག་རུམ་ཞིག་ཡོད་པ་དེ་ནི་ཡུལ་དེའི་རྒྱལ་མོ་ཀན་ད་སཱེ་ཟེར་བའི་བང་མཛོད་ཡོངས་ཀྱི་གཉེར་དཔོན་ཡིན། ཁོང་དཀོན་མཆོག་ལ་བསྙེན་བཀུར་ཞུ་བའི་ཆེད་དུ་ཡེ་རུ་ཤ་ལེམ་ལ་ཕེབས་ཡོད་པ་དང༌།

28 ཤིང་རྟར་བཞུགས་ནས་རང་ཡུལ་ལ་ཕྱིར་ལོག་དུས། ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་བྲིས་པའི་མདོ་ཀློག་བཞིན་ཡོད།

29 དམ་པའི་ཐུགས་ཉིད་ཀྱིས་ཕི་ལིབ་ལ་ “ཤིང་རྟ་དེའི་རྩར་ཕྱིན་ནས་མཉམ་དུ་སོང་ཞིག་” ཅེས་གསུངས་པས།

30 ཕི་ལིབ་དེའི་རྩར་བརྒྱུགས་ཤིང༌། གཉེར་དཔོན་དེས་ལུང་སྟོན་པ་ཡེ་ཤ་ཡཱ་ཡི་མདོ་ཀློག་གི་ཡོད་པ་ཐོས་ནས་ཁོང་ལ་ “ཁྱེད་ཀྱིས་ཀློག་པ་དེའི་དོན་རྟོགས་སམ་” ཞེས་དྲིས།

31 གཉེར་དཔོན་གྱིས་ “སུ་ཞིག་གིས་ང་ལ་གསལ་བཤད་མ་བྱས་ན་ངས་ཇི་ལྟར་ཤེས་” ཅེས་སྨྲས་ནས་ཁོང་གིས་ཕི་ལིབ་ལ་ཤིང་རྟའི་ནང་མཉམ་དུ་སྡོད་པར་གདན་དྲངས།

32 ཁོང་གིས་ཀློག་བཞིན་པའི་མདོ་ནི།

ཁོང་ནི་ལུག་ལྟར་བཤས་རར་ཁྲིད་པ་ཡིན།།

བལ་འབྲེག་མཁན་སར་གནས་པའི་ལུག་གུ་བཞིན།།

སྐད་སྒྲ་མེད་པ་ལྟར་དུ་ཞལ་མི་འབྱེད།།

33 དམའ་བའི་སྐབས་སུ་གཞུང་དྲང་ཁྲིམས་མ་བཅད།།

ཁོང་གི་གདུང་རྒྱུད་སུ་ཡིས་འཆད་པར་ནུས།།

ཁོང་གི་ཚེ་སྲོག་ས་ནས་འཕྲོག་པས་སོ།།

34 གཉེར་དཔོན་གྱིས་ཕི་ལིབ་ལ་ “ལུང་བསྟན་དེ་ནི་ལུང་སྟོན་པས་ཁོ་རང་ངམ་ཡང་ན་མི་གཞན་སུ་ཡི་སྐོར་གསུངས་པ་དེ་ང་ལ་གསུངས་དང་” ཞེས་སྨྲས་པ་ན།

35 ཕི་ལིབ་ཀྱིས་ལུང་བསྟན་དེ་ནས་འགོ་བཙུགས་ཏེ་ཁོང་ལ་གཙོ་བོ་ཡེ་ཤུའི་འཕྲིན་བཟང་གསུངས།

36 ཁོ་ཚོ་ལམ་ལ་འགྲོ་དུས་ཆུ་ཡོད་སར་སླེབས་པས་གཉེར་དཔོན་གྱིས་ “ལྟོས་དང༌། འདིར་ཆུ་འདུག ངས་ཁྲུས་གསོལ་ལེན་ན་ཅི་མ་རུང་” ཞེས་བཤད།

38 ཤིང་རྟ་འགོག་དགོས་པའི་བཀའ་བཏང་ནས་ཕི་ལིབ་དང་གཉེར་དཔོན་གཉིས་ཆུར་ཞུགས་པ་དང༌། ཕི་ལིབ་ཀྱིས་གཉེར་དཔོན་ལ་ཁྲུས་གསོལ་གནང༌།

39ཁོང་གཉིས་ཆུ་ནས་ཕྱིར་འཐོན་སྐབས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཕི་ལིབ་མྱུར་དུ་ཁྲིད་པས་གཉེར་དཔོན་གྱིས་ཁོང་མ་མཐོང་ཡང་སེམས་དགའ་བའི་ངང་ནས་ལམ་ལ་ཕེབས་པ་རེད།

40 ཡང་ཕི་ལིབ་ཨ་ཟོ་ཊོ་གྲོང་ཁྱེར་དུ་མངོན་པར་འགྱུར་ཏེ། སེ་སར་རེ་ཡཱ་གྲོང་ཁྱེར་ལ་མ་སླེབས་པའི་བར་དུ་ཁོང་གིས་ཡུལ་དེ་བརྒྱུད་ནས་འགྲོ་དུས་གྲོང་ཁྱེར་ཚང་མར་འཕྲིན་བཟང་བསྒྲགས་སོ།།

 

************************************