Acts (7) – མཛད་པ། (7)

Acts (7) – མཛད་པ། (7)

1 བླ་ཆེན་གྱིས་ “དོན་འདི་ཚོ་བདེན་ནམ་” ཞེས་དྲིས་པས།

2 སེ་ཏེ་ཕཱན་གྱིས་ “ཀྱེ་སྤུན་ཟླ་དང་ཕ་རྒན་རྣམས་ང་ལ་ཉོན་དང༌། ཧ་རན་གྲོང་ཁྱེར་ལ་བཞུགས་པའི་སྔོན་ལ་མེ་སུའོ་པི་ཏ་མེ་ཡཱ་ཡུལ་ལ་གནས་པའི་དུས་སུ་གཟི་བརྗིད་དང་ལྡན་པའི་དཀོན་མཆོག་གིས་ངེད་རྣམས་ཀྱི་མེས་པོ་ཨབ་ར་ཧམ་ལ་མངོན་པར་མཛད་ཏེ།

3 ཁོང་ལ་ཁྱོད་རང་གི་ཕ་ཡུལ་དང་གཉེན་ཚན་དང་ཁ་བྲལ་ཏེ་ངས་ཁྱོད་ལ་བསྟན་པའི་ཡུལ་དུ་སོང་ཞིག་ཅེས་གསུངས་པས།

4 ཁོང་ཀལ་དཱ་པ་རྣམས་ཀྱི་ཡུལ་བཞག་ནས་ཧ་རན་གྲོང་ཁྱེར་ལ་གཞིས་ཆགས་བྱས། ཁོང་གི་ཕ་སྐུ་ཚེ་ལས་འདས་པའི་རྗེས་སུ་དཀོན་མཆོག་གིས་ཧ་རན་ནས་ཁྱེད་རྣམས་ད་ལྟ་བཞུགས་པའི་ཡུལ་འདིར་ཁོང་མངགས།

5 འོན་ཀྱང་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཡུལ་ཡི་རྐང་མཐིལ་ལས་ཆེ་ཙམ་ཞིག་ཀྱང་སྐལ་བ་མ་གནང༌། ཨབ་ར་ཧམ་ལ་ད་དུང་བུ་ཕྲུག་མེད་ཀྱང༌། དཀོན་མཆོག་གིས་ཁོང་དང་ཁོང་གི་བུ་རྒྱུད་རྣམས་ལ་ཡུལ་འདི་བདག་འཛིན་བྱེད་རྒྱུའི་ཞལ་ཆད་གནང༌།

6 འོན་ཀྱང་རྗེས་མ་དཀོན་མཆོག་གི་གསུང་པ་ལྟར། ཁྱོད་ཀྱི་བུ་རྒྱུད་ནི་མི་རིགས་གཞན་གྱི་ཡུལ་ལ་ཕྱི་པ་ལྟར་ལོ་བཞི་བརྒྱའི་རིང་ལ་བྲན་གཡོག་བྱེད་དེ་སྡུག་བསྔལ་མྱོང་བར་འགྱུར།

7 ཁོ་ཚོ་བྲན་གཡོག་ཏུ་འཇུག་མཁན་གྱི་མི་རིགས་ལ་ངས་ཁྲིམས་གཅོད་གཏོང་བར་བྱ། དེའི་རྗེས་སུ་ཁོ་རྣམས་ཐོན་ཏེ་གནས་འདིར་ང་ལ་བསྙེན་བཀུར་བྱེད་པར་འགྱུར་ཞེས་གསུངས།

8 ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ་ཞལ་ཆད་སྲུང་བའི་རྟགས་ཤིག་གནང་བས། ཨབ་ར་ཧམ་ནི་ཨི་སཱག་གི་ཕ་རུ་གྱུར་ཏེ་སྐྱེས་པ་ནས་ཉིན་བརྒྱད་པར་ཁོང་གིས་ཨི་སཱག་ལ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དེ་བརྒྱབ། ཨི་སཱག་ནི་ཡ་ཀོབ་ཀྱི་ཕ་རུ་གྱུར་ཞིང༌། ཡ་ཀོབ་དེ་མེས་པོ་བཅུ་གཉིས་པོའི་ཕ་རུ་གྱུར།

9 མེས་པོ་གཞན་རྣམས་ཀྱིས་མེས་པོ་ཡོ་སེབ་ལ་ཕྲག་དོག་སྐྱེས་ཏེ་བྲན་གཡོག་ལྟར་ཨེ་ཇེབ་ཡུལ་ལ་བཙོངས་ཀྱང༌། དཀོན་མཆོག་ཁོང་དང་མཉམ་དུ་བཞུགས་པས།

10ཁོང་གི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་མཛད་ནས་དཀོན་མཆོག་གིས་ཁོང་ཨེ་ཇེབ་ཡུལ་གྱི་རྒྱལ་པོ་ཕར་ཨོ་ཞེས་བྱ་བའི་སྤྱན་སྔར་དྲིན་ཐོབ་པ་དང་ཤེས་རབ་ལྡན་པར་བསྒྱུར་བས། རྒྱལ་པོ་དེས་ཉིད་ཀྱི་ཕོ་བྲང་གི་གཉེར་པ་དང༌། ཨེ་ཇེབ་ཡུལ་གྱི་སྤྱི་ཁྱབ་ལ་བསྐོས།

11 དེ་ནས་ཨེ་ཇེབ་དང་ཀ་ནཱན་ཟེར་བའི་ཡུལ་ཡོངས་སུ་མུ་གེ་བྱུང་བས་མི་རྣམས་སྡུག་བསྔལ་ཆེན་པོ་མྱོང་སྟེ། ངེད་རྣམས་ཀྱི་མེས་པོ་ལ་ཟ་རྒྱུ་མ་ཐོབ།

12 འོན་ཀྱང་ཡ་ཀོབ་ཀྱིས་ཨེ་ཇེབ་ཡུལ་ལ་འབྲུ་རིགས་ཡོད་པ་ཐོས་ནས་དེར་ཁོང་གིས་ང་ཚོའི་མེས་པོ་ཐེངས་དང་པོར་མངགས།

13 འགྲུལ་སྐྱོད་ཐེངས་གཉིས་པར་ཡོ་སེབ་ཀྱིས་རང་གི་གཅེན་པོ་རྣམས་ལ་ཁོང་སུ་ཡིན་པར་བཤད་ཅིང༌། ཁོང་གི་ཁྱིམ་མི་རྣམས་རྒྱལ་པོ་ཕར་ཨོ་ལ་ངོ་སྤྲོད་བྱས།

14 དེ་ནས་ཡོ་སེབ་ཀྱིས་ཉིད་ཀྱི་ཕ་རྒན་ཡ་ཀོབ་དང་གཉེན་ཉེ་མི་གྲངས་བདུན་ཅུ་དོན་ལྔ་གདན་འདྲེན་ཞུས་པས།

15 ཡ་ཀོབ་ཨེ་ཇེབ་ཡུལ་ལ་ཕེབས་རྗེས་དེར་ཁོང་དང་ང་ཚོའི་མེས་པོ་གཞན་རྣམས་སྐུ་ཚེ་ལས་འདས།

16 ཁོ་ཚོའི་ཕུང་པོ་ས་ཆ་དེ་ནས་ཤེ་ཀེམ་ལ་སྤོས་པ་དང༌། ཨབ་ར་ཧམ་གྱིས་ཤེ་ཀེམ་ལ་ཧེ་མོར་གྱི་བུ་རྣམས་ནས་སྔར་དངུལ་སྲང་གིས་ཉོས་པའི་དུར་ཁང་ལ་བཅུག

17 ཡང་དཀོན་མཆོག་གིས་ཨབ་ར་ཧམ་ལ་མཛད་པའི་ཞལ་ཆད་སྒྲུབ་ལ་ཉེ་བའི་དུས་སུ་ཨེ་ཇེབ་ཡུལ་ལ་ང་ཚོའི་མི་རིགས་ཤིན་ཏུ་མང་པོར་འཕེལ།

18 དེ་ནས་ཡོ་སེབ་ཀྱི་སྐོར་མི་ཤེས་པའི་རྒྱལ་པོ་ཞིག་ཨེ་ཇེབ་ཡུལ་དབང་བསྒྱུར།

19 ཁོས་ང་ཚོའི་མི་རྒྱུད་ལ་མགོ་སྐོར་བཏང་སྟེ་དྲག་གནོན་བྱས་པ་དང༌། ང་ཚོའི་མེས་པོའི་དམར་འབྱར་གསོད་པའི་ཆེད་ཕྱི་རོལ་དུ་དོར་བར་བཅུག

20 དེའི་དུས་སུ་ལུང་སྟོན་པ་མོ་ཤེ་སྐྱེས་ཏེ་ཁོང་ནི་དཀོན་མཆོག་གི་སྤྱན་སྔར་མཛེས་པོ་ཡིན། ཕའི་ཁང་པར་ཟླ་བ་གསུམ་གྱི་བར་དུ་གསོ་སྐྱོང་བྱས་ནས།

21 ཁོང་ཕྱི་རོལ་ཏུ་བཞག་ནས་རྒྱལ་པོ་ཕར་ཨོ་ཡི་སྲས་མོས་ཚུར་བླངས་ཏེ་ཁོ་མོའི་བུ་ལྟར་གསོས།

22 ཨེ་ཇེབ་པའི་ཤེས་བྱ་ཐམས་ཅད་བསླབས་ནས་མོ་ཤེ་གསུང་དང་མཛད་པ་གཉིས་ལ་དབང་དང་ལྡན་པར་གྱུར།

23 ཁོང་ལོ་བཞི་བཅུ་ཙམ་ལོན་པའི་སྐབས་སུ་རང་གི་སྤུན་ཟླ་ཡི་སི་ར་ཨེལ་པ་རྣམས་ལ་གཟིགས་པ་ཕེབས་པར་བསམས།

24 ཨེ་ཇེབ་པ་ཞིག་གིས་ཡི་སི་ར་ཨེལ་པ་ཞིག་ལ་སྡུག་པོ་གཏོང་བར་གཟིགས་པའི་སྐབས་སུ། མི་དེར་སྲུང་སྐྱོབ་བྱས་ཏེ་མོ་ཤེ་ཡིས་དགྲ་ཤ་ལེན་པའི་ཆེད་དུ་ཨེ་ཇེབ་པ་དེ་བརྡུངས་ནས་བསད།

25 མོ་ཤེ་ཡིས་རང་ཉིད་བརྒྱུད་ནས་དཀོན་མཆོག་གིས་ཁོའི་མི་རིགས་ལ་ཐར་བར་མཛད་པ་ཁོང་གི་སྤུན་ཟླ་རྣམས་ཀྱིས་ཤེས་པར་སྙམ་ཡང་མི་དེ་ཚོས་ཧ་མ་གོ

26དེའི་ཕྱི་ཉིན་མོ་ཤེས་ཁོ་ཚོའི་ནང་ནས་གཉིས་ཀྱིས་འཁྲུག་རྩོད་བྱེད་བཞིན་ཡོད་པ་མཐོང་ནས་བར་འདུམ་གཏོང་ཐབས་བྱས་ཏེ་ཁོ་ཚོར་ཁྱོད་གཉིས་སྤུན་ཡིན་ཏེ་ཅིའི་ཕྱིར་གཅིག་གིས་གཅིག་ལ་གནོད་པ་བྱེད་ཅེས་བཤད་ཀྱང༌།

27 གཞན་ལ་སྡུག་པོ་གཏོང་མཁན་དེས་མོ་ཤེ་ཕར་བུད་ནས་ཁོང་ལ་ཁྱོད་ང་ཚོའི་དབང་སྒྱུར་བའམ་ཁྲིམས་དཔོན་ལྟར་སུས་བསྐོས།

28 ཁ་སང་ཁྱོད་ཀྱིས་ཨེ་ཇེབ་པ་དེ་བསད་པ་ལྟར་ངའང་གསོད་པར་འདོད་དམ་ཞེས་སྨྲས་པ་དང༌།

29 དེ་ཐོས་ནས་མོ་ཤེ་བྲོས་ཏེ་ཕྱི་པ་ལྟར་མཱ་རྡེ་ཡན་ཡུལ་ལ་བཞུགས། དེར་ཁོང་ལ་བུ་གཉིས་སྐྱེས།

30 ལོ་བཞི་བཅུའི་རྗེས་སུ་སི་ནཱ་རིའི་འབྲོག་སྟོང་ལ་ཚེར་མ་མེ་ལྕེ་འབར་བ་ཞིག་གི་ནང་ལ་དཀོན་མཆོག་གི་ཕོ་ཉ་ཞིག་ཁོང་ལ་མངོན་སུམ་དུ་གྱུར།

31 དེ་མཐོང་ནས་ཡ་མཚན་དུ་གྱུར་ཞིང༌། དེ་ལ་ནན་གྱིས་ལྟ་བའི་ཆེད་དུ་ཉེ་བར་ཕེབས་སྐབས་གཙོ་བོ་དཀོན་མཆོག་གི་གསུང་སྐད་བྱུང་སྟེ།

32 ང་ནི་ཁྱོད་ཀྱི་མེས་པོ་རྣམས་ཀྱི་དཀོན་མཆོག་སྟེ། ཨབ་ར་ཧམ་དང༌། ཨི་སཱག ཡ་ཀོབ་བཅས་ཀྱི་དཀོན་མཆོག་ཡིན་ནོ་ཞེས་གསུངས་པས་མོ་ཤེ་འཇིགས་ནས་འདར་ཏེ་ལྟ་བར་མ་ཕོད།

33 དེ་ནས་དཀོན་མཆོག་གིས་ཁོང་ལ་ཁྱོད་ལངས་ནས་སྡོད་ས་ནི་གནས་མཆོག་ཡིན་པས་ལྷམ་ཕུད་ཅིག

34 ངས་ངའི་མི་རིགས་ཀྱི་སྡུག་བསྔལ་ངེས་པར་དུ་མཐོང་སྟེ་ཁོ་ཚོའི་སྨྲེ་སྔགས་ཐོས་པ་དང༌། ཁོ་ཚོ་སྐྱོབ་པའི་ཆེད་དུ་མར་བབས་པ་ཡིན། ད་ཤོག་ལ་ངས་ཁྱོད་ཨེ་ཇེབ་ཡུལ་དུ་གཏོང་བར་བྱ་ཞེས་གསུངས།

35 ཁོ་ཚོས་ཁྱོད་ང་ཚོའི་དབང་སྒྱུར་བའམ་ཁྲིམས་དཔོན་ལྟར་སུས་བསྐོས་ཞེས་ཟེར་ཏེ་མོ་ཤེ་འདི་རང་སྤངས་ཏེ། ཚེར་མའི་ནང་ཁོང་ལ་མངོན་སུམ་དུ་གྱུར་བའི་ཕོ་ཉ་བརྒྱུད་ནས་དཀོན་མཆོག་ཉིད་ཀྱིས་ཁོ་ཚོའི་དབང་སྒྱུར་བ་དང་སྐྱོབ་མཁན་དུ་འགྱུར་བར་མངགས།

36 ཨེ་ཇེབ་ཡུལ་དང༌། རྒྱ་མཚོ་དམར་པོ་དང༌། ལོ་བཞི་བཅུའི་རིང་འབྲོག་སྟོང་ལ་རྟགས་དང་ངོ་མཚར་བའི་དོན་བསྒྲུབས་ཏེ་ཁོང་གིས་ཁོ་ཚོ་ཕྱི་རོལ་དུ་འཁྲིད།

37མོ་ཤེ་འདི་ཉིད་ཀྱིས་ཡི་སི་ར་ཨེལ་གྱི་མི་རིགས་ལ་དཀོན་མཆོག་གིས་ཁྱེད་ཚོའི་དོན་ལ་ང་བཞིན་དུ་ལུང་སྟོན་པ་ཞིག་ཁྱེད་ཚོའི་སྤུན་གྱི་ནང་ནས་སྐོ་བར་འགྱུར་ངེས་ཡིན་ཞེས་གསུངས།

38 ལུང་སྟོན་པ་མོ་ཤེ་ནི་འབྲོག་སྟོང་ལ་ཡི་སི་ར་ཨེལ་གྱི་མི་ཚོགས་དང་ང་ཚོའི་མེས་པོ་བཅས་ཏེ། སི་ནཱ་ཞེས་ཟེར་བའི་རི་བོར་ཁོང་ལ་གསུངས་པའི་ཕོ་ཉ་དང་མཉམ་དུ་ཡོད། ང་ཚོར་སྒྲོག་པའི་ཕྱིར་འཚོ་བའི་སྤྱོད་ལམ་སྟོན་པའི་བཀའ་མོ་ཤེས་དང་ལེན་མཛད།

39 འོན་ཀྱང་ང་ཚོའི་མེས་པོས་ཁོང་གི་བཀའ་ལ་ཉན་པར་མི་འདོད་པས་ཁོང་དོར་ཞིང༌། ཁོ་ཚོའི་སེམས་ལ་ཨེ་ཇེབ་ཡུལ་ལ་ཕྱིར་ལོག་པའི་འདོད་པ་སྐྱེས།

40 དེའི་ཕྱིར་ཁོ་ཚོས་ཨ་རོན་ལ་ངེད་རྣམས་ཀྱི་ཆེད་དུ་ལམ་འཁྲིད་མཁན་འདྲ་སྐུ་བཟོས་ཤིག གང་ཡིན་ཞེ་ན། ང་ཚོ་ཨེ་ཇེབ་ཡུལ་ནས་འཁྲིད་པ་མོ་ཤེ་ཟེར་མཁན་དེ་ལ་ཅི་བྱུང་བ་མི་ཤེས་ཞེས་སྨྲས་པའི་སྐབས་སུ།

41 བེའུ་ཡི་འདྲ་སྐུ་ཞིག་བཟོས་ནས་དེ་ལ་མཆོད་པ་ཞིག་སྟེར་ཞིང༌། རང་གི་ལག་པས་ཇི་བཟོས་པའི་རྐྱེན་གྱིས་དགའ་སྟོན་རྟེན་འབྲེལ་བྱས།

42 འོན་ཀྱང་དཀོན་མཆོག་གིས་དེ་རྣམས་འདོར་བར་མཛད་དེ་སྟེང་གི་ཉི་ཟླ་སྐར་གསུམ་ལ་བསྙེན་བཀུར་བྱེད་པར་སྤངས་སོ། ལུང་སྟོན་པ་རྣམས་ཀྱི་མདོ་ལས་འདི་ལྟར་གསུངས་པར།

ཡི་སི་ར་ཨེལ་ཁྱིམ་གཞིས་མི་རྒྱུད་ཚོ།།

འབྲོག་སྟོང་ལ་གནས་མི་ལོ་བཞི་བཅུའི་རིང༌།།

ཤ་ཁྲག་དམར་མཆོད་ང་ལ་འཕུལ་ཡོད་དམ།།

43 ལྷ་སྐུ་མའོ་ལོག་གུར་ཁང་དེ་དང་ནི།།

གཟའ་སྐར་རེམ་ཕན་ཞེས་པའི་སྐུ་རྟེན་སོགས།།

རང་བཟོས་འདྲ་སྐུར་བསྙེན་བཀུར་བྱེད་འགྱུར་བས།།

ཁྱེད་རྣམས་སྦ་བི་ལོན་གྱི་མཐའ་ལ་འབུད།།

ཅེས་གསུངས།

44 དཔང་པོའི་གུར་མཆོག་དཀོན་མཆོག་གིས་ལུང་སྟོན་པ་མོ་ཤེ་ལ་བསྟན་པའི་དཔེ་བཞིན་དུ་བཟོས་པ་དེ་འབྲོག་སྟོང་ནང་ང་ཚོའི་མེས་པོར་ཡོད།

45 ཁོ་ཚོའི་རྒྱུད་པ་རྣམས་ལ་ཡང་གུར་མཆོག་དེ་ཐོབ་པ་དང༌། དཀོན་མཆོག་གིས་ང་ཚོའི་མེས་པོའི་སྔོན་དུ་ཀ་ནཱན་ཡུལ་གྱི་མི་རིགས་རྣམས་བསྐྲད་སྐབས་ལུང་སྟོན་པ་ཡོ་ཤུ་ཨ་ཡིས་གཙོ་འཁྲིད་བྱས་ཏེ་ཕ་རྣམས་ཀྱིས་གུར་མཆོག་འདིར་འཁུར་ཡོང་ཞིང༌། རྒྱལ་པོ་དཱ་བིད་ཀྱི་དུས་ཀྱི་བར་དུ་གནས།

46 དཀོན་མཆོག་གི་སྤྱན་སྔར་དཱ་བིད་ལ་ཐུགས་རྗེ་ཐོབ་ནས་ང་ཚོའི་མེས་པོ་ཡ་ཀོབ་ཀྱི་དཀོན་མཆོག་ལ་བཞུགས་གནས་ཤིག་བཞེངས་པའི་ཞུ་བ་ཕུལ་ན་ཡང༌།

47 དཱ་བིད་ཀྱི་སྲས་སོ་ལོ་མོན་གྱིས་དཀོན་མཆོག་ལ་བཞུགས་གནས་དེ་བཞེངས།

48 འོན་ཀྱང་བླ་ན་མེད་པའི་དཀོན་མཆོག་ནི་མི་ཡི་ལག་པས་བརྩིགས་པའི་ཁང་པ་ལ་མི་བཞུགས་ཏེ། ལུང་སྟོན་པས་གསུངས་པ་ལྟར།

49 ནམ་མཁའི་དབྱིངས་ནི་ང་ཡི་བཞུགས་ཁྲི་དང༌།།

ས་གཞི་འདི་ནི་ང་ཡི་རྐང་སྟེགས་ཡིན།།

ཁང་པ་ཅི་ཞིག་ང་ལ་བརྩིག་འགྱུར་ལ།།

ཡང་ན་ངལ་གསོའི་གནས་མཆོག་གང་དུ་ཡོད།།

གཙོ་བོ་དཀོན་མཆོག་ཉིད་ཀྱིས་དེ་ལྟར་གསུངས།།

50 ཐམས་ཅད་ང་ཡིས་བཀོད་པ་མ་ཡིན་ནམ།།

ཞེས་གསུངས།

51 དཀོན་མཆོག་གི་བཀའ་ལ་མི་ཉན་ཞིང་སེམས་འཁྲེགས་པོ་ཁྱོད་ཚོ། ཁྱོད་ཀྱི་མེས་པོ་ལྟར་ཁྱོད་ཚོས་ཀྱང་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་རྟག་པར་རྒོལ།

52 ཁྱོད་ཀྱི་མེས་པོས་ལུང་སྟོན་པ་ལས་སུ་ཞིག་ལའང་གནོད་འཚེ་མ་བྱས། སྔར་སྐྱེས་བུ་རྣམ་དག་གི་འབྱོན་པ་སྒྲོག་མཁན་རྣམས་ཁོ་ཚོས་བསད། ད་ཁྱོད་ཚོ་ཁོང་གི་རྒྱབ་གཏོད་བྱེད་མཁན་དང་གསོད་པ་པོར་གྱུར་བ་ཡིན།

53 ཁྱོད་ཚོར་དཀོན་མཆོག་གི་ཕོ་ཉ་རྣམས་བརྒྱུད་ནས་གནང་བའི་ཆོས་ཁྲིམས་ཐོབ་ཀྱང་མ་བསྲུངས་” ཞེས་གསུངས།

སེ་ཏེ་ཕཱན་ལ་རྡོ་རུབ་བཏང་བ།

54 གཏམ་དེ་ཐོས་པས་ཁོ་ཚོ་ཁོང་ཁྲོ་ལངས་ཏེ་སེ་ཏེ་ཕཱན་ལ་སོ་ཁྲིག་ཁྲིག་བྱས།

55 འོན་ཀྱང་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་གང་སྟེ་སེ་ཏེ་ཕཱན་གྱིས་དཀོན་མཆོག་གི་ཞིང་ཁམས་སུ་ནན་གྱིས་བལྟས་ནས་དཀོན་མཆོག་གི་གཟི་བརྗིད་དང༌། དཀོན་མཆོག་གི་ཕྱག་གཡས་སུ་གཙོ་བོ་ཡེ་ཤུ་བཞེངས་པར་མཐོང་བས།

56 ཁོང་གིས་ “ལྟོས་ཤིག ངས་དཀོན་མཆོག་གི་ཞིང་ཁམས་སྒོ་ཕྱེ་སྟེ་དཀོན་མཆོག་གི་ཕྱག་གཡས་སུ་མིའི་རིགས་ཀྱི་བུ་བཞེངས་པར་མཐོང་ངོ་” ཞེས་གསུངས་ཀྱང༌།

57 ཁོ་ཚོས་སྐད་ཆེན་པོ་བརྒྱབ་ནས་རྣ་བ་ལག་པས་བཀག་པ་དང༌། ཁོང་གི་རྩར་ལྷན་གཅིག་ཏུ་རྒྱུག་ནས་ཕྱིན།

58 གྲོང་ཁྱེར་ཕྱི་རོལ་ཏུ་བསྐྲད་ནས་ཁོང་ལ་རྡོ་རུབ་གཏོང་སྐབས། དཔང་པོ་རྣམས་ཀྱིས་ཁོ་ཚོའི་ཕྱི་གོས་ཤ་ཨུལ་ཞེས་ཟེར་བའི་གཞོན་ནུ་ཞིག་གི་མདུན་དུ་བཞག

59 ཡང་རྡོ་རུབ་གཏོང་དུས་སེ་ཏེ་ཕཱན་གྱིས་ “ཀྱེ་གཙོ་བོ་ཡེ་ཤུ། ངའི་སེམས་ཉིད་བཞེས་པར་མཛོད་” ཅེས་སྨོན་ལམ་ཞུས་པ་དང༌།

60 པུས་མོ་སར་བཙུགས་ཏེ་སྐད་ཆེན་པོས་ “གཙོ་བོ་ལགས། ཁོ་ཚོའི་སྡིག་ཉེས་འདི་སེལ་བར་མཛོད་” ཅེས་གསུངས་ནས་ཁོང་སྐུ་ཚེ་ལས་འདས།

 

**********************************************

Acts (6) – མཛད་པ། (6)

Acts (6) – མཛད་པ། (6)

1 ཡེ་ཤུ་ལ་དད་ལྡན་རྣམས་ཀྱི་གྲངས་མང་དུ་འཕེལ་བའི་དུས་སུ། ཉིན་རེའི་ཟས་ཀྱི་བགོ་སྐལ་གནང་སྐབས་ཡ་ཧུ་དཱ་པའི་སྐད་ཆ་ཤོད་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་གྷི་རིག་སྐད་སྨྲ་བའི་ཡུགས་མོ་རྣམས་ལ་སྣང་མེད་དུ་བཏང་བས་ཁོ་ཚོའི་བར་མི་མཐུན་པ་ཞིག་བྱུང་བས།

2 བཅུ་གཉིས་པོས་དད་ལྡན་ཐམས་ཅད་ཀྱི་ཚོགས་བོས་ནས་ཁོ་ཚོར་ “ཉིན་རེའི་བགོ་སྐལ་གནང་བའི་ཆེད་དུ་དཀོན་མཆོག་གི་བཀའ་སྣང་མེད་དུ་འཇོག་མི་རུང་བས།

3 སྤུན་ཟླ་རྣམས། ཁྱེད་ཚོ་ལས་ཡོན་ཏན་ཅན་ཡིན་ཏེ། དམ་པའི་ཐུགས་ཉིད་དང་ཤེས་རབ་ཀྱིས་གང་བའི་སྐྱེས་པ་བདུན་འདོམས་ཤིག ང་ཚོས་ཁོང་རྣམས་ལ་ལས་ཀ་འདི་བསྐོས་ནས།

4 སྨོན་ལམ་འདེབས་པ་དང་དཀོན་མཆོག་གི་བཀའ་སྒྲོག་པའི་ལས་ལ་བརྩོན་པར་བྱ་” ཞེས་གསུངས།

5 དེ་ཐོས་ནས་ཆོས་ཚོགས་ཀྱི་དད་ལྡན་ཐམས་ཅད་བློ་སེམས་བདེ་བར་གྱུར། ཁོ་ཚོས་དད་པ་དང་དམ་པའི་ཐུགས་ཉིད་ཀྱིས་གང་བ་སེ་ཏེ་ཕཱན་དང༌། ཕི་ལིབ། པོ་རོ་ཀོ་རུ། ནི་ཀ་ནོར། ཏི་མོན། པར་མེ་ནཱ། སྔར་ཡ་ཧུ་དཱ་པའི་ཆོས་ལུགས་ལ་ཞུགས་ཏེ་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་ནས་ཡིན་པ་ནི་ཀོ་ལཱ་བཅས་བདམས།

6 ཁོ་ཚོས་མི་འདི་ཚོ་སྐུ་ཚབ་རྣམས་ཀྱི་མདུན་དུ་འཁྲིད་ནས་ཁོང་རྣམས་ཀྱིས་སྨོན་ལམ་བཏབ་སྟེ་མི་དེ་ཚོར་ཕྱག་འཇོག་པར་མཛད།

7 དཀོན་མཆོག་གི་བཀའ་ཕྱོགས་ཀུན་ཏུ་ཁྱབ། ཡེ་རུ་ཤ་ལེམ་ལ་དད་ལྡན་རྣམས་ཀྱི་གྲངས་ཤིན་ཏུ་མང་པོར་འཕེལ། ཡ་ཧུ་དཱ་པའི་བླ་མའི་ནང་ནས་མང་པོ་ཞིག་གིས་འཕྲིན་བཟང་ལ་དད་པ་རེད།

སེ་ཏེ་ཕཱན་འཛིན་བཟུང་བྱས་པ།

8 ཡང་ཐུགས་རྗེ་དང་ནུས་མཐུ་ཡིས་གང་སྟེ་སེ་ཏེ་ཕཱན་གྱིས་ཡུལ་མིའི་ནང་ནས་རྟགས་དང་ངོ་མཚར་ཆེ་བའི་དོན་བསྟན།

9 འོན་ཀྱང་རང་དབང་ཅན་ཞེས་བྱ་བའི་ཡ་ཧུ་དཱ་པའི་འདུ་ཁང་ནས་སེ་རེ་ནཱ་དང་ཨ་ལིག་ཟན་དྲི་ཡཱ་གྲོང་ཁྱེར་ནས་ཡིན་པ་དང༌། གཞན་ཡང་ཀི་ལིག་ཡཱ་དང་ཨེ་ཞེ་ཡཱ་ཡུལ་པ་ཁ་ཤས་ཀྱིས་སེ་ཏེ་ཕཱན་དང་རྩོད་གླེང་བྱས།

10 འོན་ཀྱང་སེ་ཏེ་ཕཱན་གྱིས་ཤེས་རབ་དང་དམ་པའི་ཐུགས་ཉིད་ཀྱིས་གསུངས་པ་དེར་ཁོ་ཚོས་རྒོལ་མ་ཐུབ།

11 དེ་ནས་ཁོ་ཚོས་མི་ཁ་ཤས་ལ་ལྐོག་ཏུ་བློ་འགུགས་བྱས་པས་མི་དེ་ཚོས་ “ཁོས་དཀོན་མཆོག་དང༌། ལུང་སྟོན་པ་མོ་ཤེ་ལ་སྐུར་བ་འདེབས་པ་ང་ཚོས་ཐོས་” ཞེས་ཟེར།

12 ཁོ་ཚོས་ཡུལ་མི་དང༌། རྒན་པོ། ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ལ་ངན་བསྐུལ་བྱས་ནས་ཡོང་སྟེ་སེ་ཏེ་ཕཱན་བཟུང་ཞིང༌། གྲོས་ཚོགས་ཀྱི་མདུན་དུ་འཁྲིད།

13 དེ་ནས་ཁོ་ཚོས་རྫུན་གྱི་དཔང་པོ་གྲ་སྒྲིག་བྱས་ཤིང༌། ཁོ་ཚོས་ “མི་འདིས་གནས་མཆོག་དང་ཆོས་ཁྲིམས་ལ་རྒྱུན་ཆད་མེད་པར་སྐུར་བ་འདེབས།

14 གང་ལགས་ཤེ་ན། ཁོས་ཡེ་ཤུ་ཟེར་བའི་ན་ཙ་རེལ་པ་དེས་གནས་མཆོག་བཤིག་ནས་མོ་ཤེ་ཡིས་ང་ཚོར་གནང་བའི་ཁྲིམས་སྲོལ་སྒྱུར་བར་བྱ་ཞེས་ཟེར་བ་ཐོས་” ཞེས་བཤད།

15 གྲོས་ཚོགས་ལ་སྡོད་མཁན་ཐམས་ཅད་ཀྱིས་སེ་ཏེ་ཕཱན་ལ་ནན་གྱིས་བལྟས་ཏེ། ཁོང་གི་ངོ་གདོང་ནི་དཀོན་མཆོག་གི་ཕོ་ཉ་ཞིག་གི་ཞལ་དང་འདྲ་བར་ཡོད་པ་མཐོང་ངོ༌།།

 

*************************************

Acts (5) – མཛད་པ། (5)

Acts (5) – མཛད་པ། (5)

1 འོན་ཀྱང་ཨ་ནན་ཡཱ་ཟེར་བའི་སྐྱེས་པ་ཞིག་དང་ཁོའི་བཟའ་ཟླ་སབ་ཕི་རཱ་གཉིས་ཀྱིས་ཞིང་ཁ་ཞིག་བཙོངས་ནས།

2 ཨ་ནན་ཡཱ་ཡིས་སའི་རིན་གོང་ཆ་ཤས་ཤིག་རང་གི་དོན་ལ་བཞག་ནས་ས་རིན་ལྷག་མ་སྐུ་ཚབ་རྣམས་ཀྱི་ཞབས་ལ་བཞག་པ་དེ་སབ་ཕི་རཱ་ཡིས་ཀྱང་ཤེས་ཀྱི་ཡོད།

3 ཡང་སྐུ་ཚབ་པེ་ཏྲོས་ “ཨ་ནན་ཡཱ། བདུད་སཱ་ཏན་གྱིས་ཁྱོད་ཀྱི་སེམས་ཁྱབ་ནས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་རྫུན་བཤད་དེ། སའི་རིན་གོང་ཆ་ཤས་རང་ལ་བཞག་པ་དེ་ཅི་ཡིན།

4 ཞིང་ཁ་དེ་མ་བཙོངས་པའི་སྔོན་དུ་ཁྱོད་རང་གི་མ་ཡིན་ནམ། ཡང་བཙོངས་པའི་རྗེས་སུ་སའི་རིན་གོང་ཁྱོད་ལ་དབང་བ་མ་ཡིན་ནམ། བསམ་པ་འདི་ཁྱོད་ཀྱི་སེམས་ལ་སྐྱེས་པ་དེ་ཅི་ལྟར་སྲིད། ཁྱོད་ཀྱིས་མི་རྣམས་ལ་མ་བཤད་ཀྱི། དཀོན་མཆོག་ལ་རྫུན་བཤད་” ཅེས་གསུངས།

5 གཏམ་དེ་གོ་མ་ཐག་ཨ་ནན་ཡཱ་ས་ལ་འགྱེལ་ནས་ཤིའོ། དེའི་སྐོར་ཐོས་པ་ཐམས་ཅད་ཤིན་ཏུ་འཇིགས།

6 གཞོན་ནུ་རྣམས་ཀྱིས་ཁོའི་ཕུང་པོ་རས་ཀྱིས་བཏུམས་ནས་ཕྱི་རོལ་དུ་འཁུར་ཏེ་དུར་དུ་བཅུག

7 དེ་ནས་ཆུ་ཚོད་གསུམ་ཙམ་གྱི་རྗེས་སུ་ཁོ་ལ་ཅི་བྱུང་བ་མི་ཤེས་པར་ཁོའི་བཟའ་ཟླ་ཡོང་ཞིང༌།

8 སྐུ་ཚབ་པེ་ཏྲོས་ཁོ་མོར་ “ང་ལ་ཤོད་དང༌། ཁྱོད་གཉིས་ཀྱིས་ས་ཞིང་བཙོངས་ནས་རིན་གོང་འདི་ཙམ་ཐོབ་བམ་” ཞེས་གསུངས་པས་ཁོ་མོས་ “ལགས་ཡིན། རིན་གོང་དེ་ཙམ་ཡིན་” ཞེས་སྨྲས་པ་དང༌།

9 སྐུ་ཚབ་པེ་ཏྲོས་ཁོ་མོར་ “དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་ཉམས་ཚོད་བྱེད་པའི་ཕྱིར་ཁྱོད་གཉིས་ཀྱིས་མོས་མཐུན་བྱས་པ་དེ་ཅི་ཡིན། ལྟོས་ཤིག ཁྱོད་ཀྱི་ཁྱོ་བོའི་ཕུང་པོ་དུར་དུ་འཇུག་མཁན་སྒོ་ལ་འདུག ཁོ་ཚོས་ཁྱོད་ཀྱི་ཕུང་པོ་ཕྱི་རོལ་དུ་འཁུར་ངེས་ཡིན་” ཞེས་གསུངས་མ་ཐག

10 ཁོང་གི་ཞབས་ཀྱི་དྲུང་དུ་འགྱེལ་ནས་ཁོ་མོ་ཤིའོ། གཞོན་ནུ་རྣམས་ནང་ལ་ཡོང་ནས་ཁོ་མོ་ཤི་བར་མཐོང་བས། ཁོ་མོའི་ཕུང་པོ་ཕྱིར་འཁུར་བ་དང༌། ཁྱོ་བོའི་དུར་སའི་ཉེ་འགྲམ་ལ་དུར་དུ་བཅུག

11 ཡང་དོན་དེའི་སྐོར་ཐོས་མཁན་དང༌། ཆོས་ཚོགས་ཀྱི་མི་ཚང་མ་འཇིགས་སྐྲགས་སྐྱེས་སོ།།

སྐུ་ཚབ་རྣམས་ཀྱིས་ངོ་མཚར་བའི་དོན་མང་པོ་མཛད་པ།

12 ཡང་མི་རྣམས་ཀྱི་ཁྲོད་དུ་སྐུ་ཚབ་རྣམས་ཀྱི་ཐོག་ནས་རྟགས་དང་ངོ་མཚར་བའི་དོན་མང་པོ་བྱུང༌། དད་ལྡན་ཐམས་ཅད་མཆོད་ཁང་དུ་སོ་ལོ་མོན་གྱི་གཡབ་རིང་ལ་འཛོམས།

13 གཞན་རྣམས་ཀྱིས་ཁོང་ཚོ་དང་འགྲོགས་མི་ནུས་ཀྱང༌། ཡུལ་མི་རྣམས་ཀྱིས་ཁོང་ཚོར་བརྩི་བཀུར་བྱས།

14 ཡང་སྔོན་ལས་ལྷག་པར་སྐྱེས་པ་དང་བུད་མེད་དད་ལྡན་ཤིན་ཏུ་མང་པོ་ཁོང་ཚོའི་གྲལ་དུ་ཞུགས་པར་གྱུར།

15 སྐུ་ཚབ་རྣམས་ཀྱིས་གང་མཛད་པའི་རྐྱེན་གྱིས་མི་རྣམས་ཀྱིས་ནད་པ་ཚོ་ལམ་ལ་འཁུར་ནས་ཉལ་ཁྲི་དང་མལ་སྟན་སྒང་ལ་བཞག དེ་ནི་སྐུ་ཚབ་པེ་ཏྲོ་ཕེབས་པའི་དུས་སུ་ཁོང་གི་གྲིབ་མ་ཙམ་ཡང་ཁོ་ཚོ་ཁ་ཤས་ཀྱི་ལུས་ལ་ཕོག་པའི་ཆེད་དུ་ཡིན་པས་སོ།

16 ཡེ་རུ་ཤ་ལེམ་དང་ཉེ་འཁོར་གྱི་གྲོང་སྡེའི་མི་མང་པོ་ནད་པ་དང༌། གདོན་འདྲེ་མི་གཙང་བ་ཕོག་པ་རྣམས་འཁྲིད་དེ་འཛོམས་ཤིང༌། ཁོ་ཚོ་ཐམས་ཅད་གསོས་པར་གྱུར།

སྐུ་ཚབ་རྣམས་འཛིན་བཟུང་བྱས་པ།

17 དེ་ནས་བླ་ཆེན་གཙོ་བོ་དང༌། ཁོ་དང་འགྲོགས་པའི་སཱ་ཅུ་སེ་པའི་ཕྱོགས་ཁག་གི་ཁོངས་གཏོགས་པ་ཐམས་ཅད་ཕྲག་དོག་སྐྱེས་ཏེ།

18 སྐུ་ཚབ་རྣམས་འཛིན་བཟུང་བྱས་ནས་སྤྱི་པའི་བཙོན་ཁང་དུ་བཅུག

19 འོན་ཀྱང་མཚན་མོའི་དུས་སུ་གཙོ་བོའི་ཕོ་ཉ་ཞིག་གིས་བཙོན་ཁང་གི་སྒོ་ཕྱེ་ནས་ཁོང་རྣམས་ཕྱི་རོལ་དུ་འཁྲིད་དེ།

20 ཁོང་ཚོར་ “སོང་ལ་མཆོད་ཁང་ཆེན་མོའི་ཁྱམས་རར་མི་རྣམས་ལ་ཚེ་གསར་པ་འདིའི་འཕྲིན་ཡོངས་སུ་སྒྲོགས་ཤིག་” ཅེས་གསུངས།

21 དེ་ཐོས་ནས་ནམ་ལངས་པའི་ཚེ་ཁོང་རྣམས་མཆོད་ཁང་ཆེན་མོའི་ཁྱམས་རར་སོང་ནས་ཆོས་བསྟན།

བླ་ཆེན་འཁོར་དང་བཅས་པ་ཡོང་སྐབས། ཁོ་ཚོས་ཡི་སི་ར་ཨེལ་གྱི་རྒན་པོ་ཐམས་ཅད་ཀྱི་གྲོས་ཚོགས་བསྐོངས་ནས་བཙོན་པ་དེ་གཉིས་ཁོ་ཚོའི་རྩར་འཁྲིད་ཡོང་དགོས་པས་བཙོན་ཁང་ལ་བཀའ་མངགས་བཏང༌།

22 མཆོད་ཁང་གི་སྲུང་དམག་དེར་སོང་ནས་སྐུ་ཚབ་རྣམས་བཙོན་ཁང་དུ་མ་རྙེད་པས། གྲོས་ཚོགས་ལ་ཕྱིར་ལོག་པ་དང་ཁོ་རྣམས་ལ་

23 “བཙོན་ཁང་གི་སྒོ་དམ་པོར་བརྒྱབ་སྟེ་སྲུང་མཁན་རྣམས་སྒོ་འགྲམ་ལ་ལངས་ཏེ་བསྡད་པ་ང་ཚོས་མཐོང་ཀྱང༌། སྒོ་ཕྱེ་ནས་ནང་ལ་མི་སུ་ཡང་མ་མཐོང་” ཞེས་བཤད།

24 དེ་ཐོས་ནས་མཆོད་ཁང་གི་སྲུང་དམག་གི་དཔོན་པོ་དང༌། བླ་ཆེན་རྣམས་ག་བྱེད་འདི་བྱེད་མེད་པར་གྱུར་ཏེ། བྱ་བ་འདི་ནས་ཅི་འབྱུང་བར་འགྱུར་སྙམ།

25 མི་ཞིག་དེར་སླེབས་ནས་ཁོ་ཚོར་ “ཉོན་དང༌། ཁྱེད་ཚོས་བཙོན་ཁང་དུ་བཅུག་པའི་མི་དེ་རྣམས་མཆོད་ཁང་གི་ཁྱམས་རར་མི་ཚོགས་ལ་ཆོས་སྟོན་གྱི་འདུག་” ཅེས་སྨྲས།

26 དེ་ནས་དཔོན་པོ་དེ་སྲུང་དམག་དང་མཉམ་དུ་མཆོད་ཁང་ལ་ཕྱིན་ནས། མི་རྣམས་ཀྱིས་ཁོ་ཚོར་རྡོ་རུབ་གཏོང་བའི་འཇིགས་པ་སྐྱེས་པས་བཙན་ཤེད་མི་བྱེད་པར་ཁོང་རྣམས་གྲོས་ཚོགས་ལ་འཁྲིད་ཡོང་སྟེ།

27 གྲོས་ཚོགས་ཀྱི་མདུན་དུ་བཞག་ནས། བླ་ཆེན་གྱིས་ཁོང་ཚོར་

28 “ངེད་རྣམས་ཀྱིས་ཁྱོད་ཚོར་མིང་འདིའི་ཐོག་ནས་མི་བསྟན་པ་ནན་གྱིས་བསྐུལ་ཡང༌། ཁྱོད་ཀྱིས་ཡེ་རུ་ཤ་ལེམ་ལ་ཆོས་འདི་གང་སར་ཁྱབ་བསྒྲགས་བྱས་ཏེ། མི་དེའི་ཁྲག་ལན་ང་ཚོ་ལ་འགེལ་བར་འདོད་” ཅེས་ཟེར།

29 འོན་ཀྱང་པེ་ཏྲོ་དང་སྐུ་ཚབ་གཞན་རྣམས་ཀྱིས་ “མིའི་ངག་ལ་མི་ཉན་གྱི། དཀོན་མཆོག་གི་བཀའ་ལ་ཉན་དགོས།

30 ཁྱེད་ཀྱིས་རྒྱང་ཤིང་ལ་བརྒྱངས་ནས་བསད་པའི་གཙོ་བོ་ཡེ་ཤུ་ནི་ངེད་རྣམས་ཀྱི་མེས་པོའི་དཀོན་མཆོག་གིས་འཆི་བ་ནས་སླར་གསོན་པར་མཛད།

31 ཡི་སི་ར་ཨེལ་གྱི་མི་རིགས་ལ་སེམས་བསྒྱུར་བ་དང༌། སྡིག་ཉེས་སེལ་རྒྱུའི་གོ་སྐབས་གནང་བའི་ཕྱིར་དཀོན་མཆོག་གིས་གཙོ་བོ་དང་སྐྱབས་མགོན་ལྟར་ཉིད་ཀྱི་ཕྱག་གཡས་སུ་ཁོང་འཕགས་པར་མཛད།

32 ང་ཚོས་དོན་དེ་རྣམས་ལ་དཔང་པོ་བྱེད་ཅིང༌། ཁོང་གི་བཀའ་ལ་ཉན་མཁན་ལ་གནང་བ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཀྱང་དོན་དེ་རྣམས་ལ་དཔང་པོ་མཛད་” ཅེས་གསུངས།

33 དེ་ཐོས་ནས་གྲོས་ཚོགས་ཀྱི་མི་རྣམས་ཁོང་ཁྲོ་ལངས་ཏེ་ཁོང་རྣམས་གསོད་པར་འདོད།

34 འོན་ཀྱང་ཕཱ་རུ་ཤི་ཟེར་བའི་ཕྱོགས་ཁག་ལ་གཏོགས་པའི་མི་སྟེ་ཆོས་ཁྲིམས་ལ་མཁས་ཤིང༌། མི་ཚང་མས་བཀུར་བ་གཱ་མ་ལི་ཨེལ་ཟེར་མཁན་ནི་གྲོས་ཚོགས་སུ་ལངས་ནས་སྐུ་ཚབ་རྣམས་དུས་ཐུང་ངུ་ཕྱི་རོལ་དུ་འཁྲིད་དགོས་པའི་བཀའ་གནང༌།

35 ཁོང་གིས་གྲོས་ཚོགས་ལ་ “ཡི་སི་ར་ཨེལ་གྱི་སྐྱེས་པ་རྣམས། ཁྱེད་ཀྱིས་མི་འདི་རྣམས་ལ་ཅི་བྱེད་ཞིབ་པར་དགོངས་ཤིག

36 སྔོན་ཆད་ཐེའུ་དཱ་ཟེར་མཁན་གྱིས་རང་བསྟོད་བྱས་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱས་པ་དང༌། མི་བཞི་བརྒྱ་ཙམ་ཁོའི་རྗེས་སུ་འབྲངས། གཞན་གྱིས་ཁོ་བསད་ནས་ཁོའི་རྗེས་འབྲངས་པ་རྣམས་འཐོར་ཏེ་དོན་དེ་མེད་པར་གྱུར།

37དེའི་རྗེས་སུ་ཡ་ཧུ་དཱ་ཡུལ་གྱི་འབངས་མི་མིང་ཐོ་འགོད་པའི་དུས་སུ་ག་ལིལ་ཡུལ་ནས་ཡིན་པ་ཡུ་དཱ་ཡིས་རྗེས་འབྲངས་པ་རྣམས་མཉམ་དུ་བསྡུས་ནས་སྲིད་གཞུང་ལ་ངོ་རྒོལ་བྱས་པ་དང༌། ཁོ་ཡང་བསད་ནས། རྗེས་འབྲངས་པ་ཐམས་ཅད་འཐོར་བར་གྱུར།

38 དེའི་ཕྱིར་གནས་ཚུལ་འདིའི་སྐོར་ངས་ཁྱེད་རྣམས་ལ་ཟེར་རྒྱུར། མི་འདི་ཚོར་ཅི་ཡང་མི་བྱེད་ཅིང་གློད་བཀྲོལ་གཏོང་ཞིག གང་ལགས་ཤེ་ན། གལ་ཏེ་འཆར་གཞིའམ་བྱ་བ་འདི་ནི་མི་རྣམས་ལས་བྱུང་བ་ཡིན་ན་འཇིག་པར་འགྱུར།

39 འོན་ཀྱང་དཀོན་མཆོག་ལས་བྱུང་ན་ཁྱེད་ཀྱིས་ཁོ་ཚོ་འགོག་མི་ཐུབ་པ་མ་ཟད། དཀོན་མཆོག་ལ་ངོ་རྒོལ་བྱེད་མཁན་དུ་འགྱུར་བའི་ཉེན་ཁ་ཡོད་” ཅེས་གསུངས།

40 ཁོང་གི་བཀའ་ལ་ཉན་ཏེ་གྲོས་ཚོགས་ཀྱིས་སྐུ་ཚབ་རྣམས་བོས་ནས་ཁོང་ཚོ་རྟ་ལྕག་གིས་རྡུང་དུ་བཅུག དེ་ནས་ཁོ་ཚོས་སྐུ་ཚབ་རྣམས་ལ་གཙོ་བོ་ཡེ་ཤུའི་མཚན་གྱི་ཐོག་ནས་མི་འཆད་པར་བཀའ་བཏང་ནས་གློད།

41 གྲོས་ཚོགས་ནས་འཐོན་དུས་ཡེ་ཤུའི་མཚན་གྱི་དོན་ལ་སྡུག་བསྔལ་དེ་ལྟར་མྱོང་འོས་པར་བརྩིས་པས་ཁོང་རྣམས་ཧ་ཅང་དགའ་བར་གྱུར།

42 ཡང་ཉིན་ལྟར་མཆོད་ཁང་གི་ཁྱམས་ར་དང་ཁྱིམ་ཚང་གང་དུའང་ཁོང་ཚོས་གཙོ་བོ་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་ཞེས་རྒྱུན་མི་ཆད་པར་བསྟན་ཏེ་བསྒྲགས་སོ།།

 

****************************************