Acts (19) – མཛད་པ། (19)

Acts (19) – མཛད་པ། (19)

1 ཡང་ཨ་པོ་ལོ་སི་ཀོ་རིན་ཐུ་གྲོང་ཁྱེར་ལ་ཡོད་དུས་པའུ་ལུ་ག་ལད་ཡཱ་དང་ཕ་རུག་ཡཱ་ཡུལ་གཉིས་བརྒྱུད་ནས་ཕེབས་པ་དང༌། ཨེ་ཕེ་སུ་གྲོང་ཁྱེར་དུ་སླེབས་ནས་ཉེ་གནས་ཁ་ཅིག་དང་ཕྲད།

2 ཁོང་གིས་ཁོ་ཚོར་ “དད་པར་འགྱུར་སྐབས་ཁྱེད་ཚོས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་དང་ལེན་བྱས་སམ་” ཞེས་གསུངས་པས་ལན་དུ་ཁོ་ཚོས་ “བྱེད་མ་མྱོང༌། དམ་པའི་ཐུགས་ཉིད་ཡོད་པའང་ཐོས་མ་མྱོང་” ཞེས་སྨྲས།

3 ཡང་པའུ་ལུས་ “བྱས་ན། ཁྲུས་གསོལ་ཅི་ལེན་” ཞེས་གསུངས་པས་ཁོ་ཚོས་ “ཡོ་ཧ་ནན་གྱི་ཁྲུས་གསོལ་” ཞེས་ཟེར།

4 པའུ་ལུས་ “ཡོ་ཧ་ནན་གྱིས་མི་རྣམས་ལ་ཁོང་གི་རྗེས་སུ་ཕེབས་མཁན་ཏེ། ཡེ་ཤུ་ལ་དད་པ་བྱེད་དགོས་པར་གསུངས་ནས་སྡིག་ཉེས་སེལ་བའི་ཆེད་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་བའི་རྟགས་སུ་ཁྲུས་གསོལ་གནང་” ཞེས་གསུངས།

5 དེ་ཐོས་ནས་ཁོ་ཚོས་གཙོ་བོ་ཡེ་ཤུའི་མཚན་གྱི་ཐོག་ནས་ཁྲུས་གསོལ་ལེན།

6 པའུ་ལུས་ཁོ་རྣམས་ཀྱི་ལུས་སྟེང་དུ་ཕྱག་བཞག་ནས་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཁོ་ཚོར་བབས་ཤིང༌། སྐད་རིགས་གཞན་རྣམས་སྤྱད་ནས་སྐད་ཆ་བཤད་དེ་ལུང་ཡང་བསྟན།

7 དེ་དུས་བསྡོམས་པས་ཁོ་ཚོ་མི་བཅུ་གཉིས་ཙམ་ཡོད།

8ཟླ་བ་གསུམ་གྱི་རིང་ལ་པའུ་ལུ་འདུ་ཁང་ལ་ཡང་ཡང་ཕེབས་ནས་འཇིགས་པ་མེད་པར་རྩོད་གླེང་མཛད་ཅིང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ཆོས་བསྟན་ཞིང་བསྐུལ།

9 ཁ་ཅིག་སེམས་མཁྲེགས་ཤིང་ཁ་ལ་མི་ཉན་པར་གྱུར་ནས་ཚོགས་པའི་མདུན་དུ་ཡེ་ཤུའི་ཐར་ལམ་ལ་ངན་སྨྲས་བྱས་པས། ཁོ་ཚོ་དང་ཁ་བྲལ་ནས་པའུ་ལུས་ཉེ་གནས་རྣམས་ཕར་འཁྲིད་དེ་ཉིན་ལྟར་ཏི་རན་ནུ་ཞེས་བྱ་བའི་སློབ་ཁང་དུ་ཆོས་བསྟན།

10ཁོང་གིས་ལོ་གཉིས་རིང་དེ་ལྟར་གནང་བས་ཨེ་ཞེ་ཡཱ་ཞིང་ཆེན་ལ་སྡོད་མཁན་ཏེ་ཡ་ཧུ་དཱ་པ་དང་གྷི་རིག་མི་རིགས་ཚང་མས་གཙོ་བོ་དཀོན་མཆོག་གི་བཀའ་ཐོས་སོ།།

11 དཀོན་མཆོག་གིས་པའུ་ལུའི་ཕྱག་བརྒྱུད་ནས་ཤིན་ཏུ་ངོ་མཚར་ཆེ་བའི་དོན་མཛད་པ་སྟེ།

12 དཔེར་ན་ཁོང་གིས་གཏུགས་པའི་ལག་ཕྱིས་སམ་པང་ཁེབས་ནད་པ་རྣམས་ཀྱི་རྩར་འཁྱེར་ནས་ནད་སེལ་བར་གྱུར་ཞིང༌། གདོན་འདྲེ་རྣམས་ཕྱིར་ཐོན།

13 ཡ་ཧུ་དཱ་པའི་འགྲུལ་པ་གདོན་འདྲེ་སྐྲོད་མཁན་ཁ་ཅིག་གིས་གཙོ་བོ་ཡེ་ཤུའི་མཚན་བརྗོད་ནས་གདོན་འདྲེས་ཟིན་པའི་མི་རྣམས་ལ་ “པའུ་ལུས་སྒྲོག་པའི་ཡེ་ཤུའི་ཐོག་ནས་ངས་ཁྱོད་ལ་བཀོད་པ་གཏོང་” ཞེས་ཟེར།

14 དེ་ལྟར་བྱེད་མཁན་གྱི་ནང་དུ་སི་རྐེ་བཱ་ཞེས་བྱ་བ་ཡ་ཧུ་དཱ་པའི་བླ་ཆེན་ཅིག་གི་བུ་བདུན་པོ་ཡོད།

15 གདོན་འདྲེ་དེས་ “ངས་ཡེ་ཤུ་ངོ་ཤེས་ཤིང༌། པའུ་ལུའི་སྐོར་ཡང་ཤེས། འོན་ཀྱང་ཁྱོད་རྣམས་སུ་ཡིན་” ཞེས་ཟེར་བས།

16 གདོན་འདྲེས་ཟིན་པའི་མི་དེས་ཁོ་ཚོའི་སྟེང་ལ་མཆོངས་ནས་བཅོམས་པས་ཁོ་ཚོ་རྒྱལ་ཞིང་ཁོ་ཚོ་རྨས་ནས་གཅེར་བུར་ཁང་པ་ནས་བྲོས།

17 ཨེ་ཕེ་སུ་གྲོང་ཁྱེར་ལ་སྡོད་མཁན་ཡ་ཧུ་དཱ་པ་དང་གྷི་རིག་པ་ཐམས་ཅད་ཀྱིས་དེའི་སྐོར་ཤེས་ནས་འཇིགས་པས་གཙོ་བོ་ཡེ་ཤུའི་མཚན་ལ་བསྟོད་པ་རེད།

18 ཡང་དད་པར་གྱུར་བ་རྣམས་ལས་མང་པོ་དེར་ཡོང་སྟེ་རང་གི་ལས་ངན་བཤད་ནས་ཁས་བླངས་པ་དང༌།

19 སྔགས་རྒྱག་མཁན་རྣམས་ལས་མང་པོ་ཞིག་གིས་རང་གི་དཔེ་ཆ་རྣམས་གཅིག་ཏུ་བསྡུས་ནས་མི་ཚང་མའི་མདུན་དུ་བསྲེགས། དཔེ་ཆ་དེ་རྣམས་ཀྱི་རིན་ཐང་རྩི་དུས་དངུལ་གྱི་ཊམ་ཀ་ཁྲི་ལྔ་ཡིན།

20 དེ་ལྟར་གཙོ་བོ་དཀོན་མཆོག་གི་བཀའ་དར་ཞིང་རྒྱས་པར་གྱུར་རོ།།

ཨེ་ཕེ་སུ་གྲོང་ཁྱེར་དུ་ཟིང་ཆ་ལངས་པ།

21 དོན་དེ་རྣམས་བྱུང་བའི་རྗེས་སུ་པའུ་ལུས་མ་ཀེ་དོན་ཡཱ་དང་ཨ་ཀ་ཡཱ་ཡུལ་བརྒྱུད་དེ་ཡེ་རུ་ཤ་ལེམ་ལ་འགྲོ་བར་དགོངས། ཁོང་གིས་ “དེར་ཕྱིན་ནས་ང་རོ་མཱ་གྲོང་ཁྱེར་དུ་ལྟ་བར་འགྲོ་དགོས་” ཞེས་གསུངས།

22 རོགས་པ་བྱེད་མཁན་ལས་ཐི་མོ་ཐེ་དང་ཨེ་ར་སི་ཏུ་གཉིས་མ་ཀེ་དོན་ཡཱ་ཡུལ་ལ་མངགས་ནས་ཁོང་ཉིད་དུས་རེ་ཞིག་གི་བར་དུ་ཨེ་ཞེ་ཡཱ་ཞིང་ཆེན་དུ་བཞུགས།

23 དུས་དེ་ཙམ་ལ་ཡེ་ཤུའི་ཐར་ལམ་གྱི་སྐོར་ལ་འཁྲུག་རྩོད་ཆེན་པོ་ཞིག་བྱུང༌།

24 དེ་མེ་ཏྲི་ཡུ་ཞེས་ཟེར་བའི་དངུལ་བཟོ་བ་ཞིག་གིས་ལྷ་མོ་ཨར་ཏེ་མཱི་ཡི་ལྷ་ཁང་དཔེར་བྱས་ནས་དངུལ་སྒམ་བཟོས་པས་བཟོ་པ་རྣམས་ལ་ཁེ་ཕན་ཆེན་པོ་ཐོབ། 25 ཁོ་ཚོ་དང་ལག་རྩལ་བཟོ་པ་གཞན་རྣམས་བསྡུས་ནས་ཁོས་ “ལས་གྲོགས་རྣམས། ཉོ་ཚོང་འདིས་ངེད་རྣམས་ལ་ནོར་ཐོབ་པ་ཁྱེད་ཚོས་ཤེས།

26 ཨེ་ཕེ་སུ་གྲོང་ཁྱེར་ཙམ་མ་ཟད་ཨེ་ཞེ་ཡཱ་ཞིང་ཆེན་ཕལ་ཆེར་དུ་པའུ་ལུ་ཟེར་མཁན་འདིས་མིའི་ལག་པས་བཟོས་པ་དེ་ལྷ་མ་ཡིན་ཟེར་ནས། མི་མང་པོ་སེམས་བསྒྱུར་ཞིང་བསླུ་བྲིད་བྱས་པ་ཁྱེད་ཚོས་མཐོང་ཞིང་ཐོས།

27 ང་ཚོའི་ཉོ་ཚོང་གི་སྙན་གྲགས་ཉམས་ཉེས་སུ་འགྲོ་བའི་ཉེན་ཁ་ཡོད་པ་མ་ཟད། ལྷ་མོ་ཆེན་མོ་ཨར་ཏེ་མཱི་ཡི་ལྷ་ཁང་བརྩི་མེད་དུ་འགྱུར་ཞིང༌། ཨེ་ཞེ་ཡཱ་ཞིང་ཆེན་དང་འཇིག་རྟེན་གྱི་མི་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པའི་ལྷ་མོ་ཉིད་ཀྱི་གཟི་བརྗིད་ཉམས་པར་འགྱུར་བའི་ཉེན་ཁའང་ཡོད་” ཅེས་སྨྲས།

28 མི་རྣམས་ཀྱིས་དེ་ཐོས་ཏེ་ཁོང་ཁྲོ་འབར་ནས་སྐད་ཆེན་པོས་ “ཨེ་ཕེ་སུ་པའི་ལྷ་མོ་ཨར་ཏེ་མཱི་ཆེའོ་” ཞེས་ཟེར།

29 གྲོང་ཁྱེར་ཡོངས་སུ་ཟིང་ཆ་ལངས་ཤིང༌། མི་ཚོགས་ཀྱིས་པའུ་ལུའི་ལམ་གྲོགས་ཡིན་པའི་མ་ཀེ་དོན་ཡཱ་ཡུལ་གྱི་ག་ཡུ་དང་ཨ་རིས་ཐར་ཀུ་གཉིས་བཙན་ཁྲིད་བྱས་ཏེ་ཁོ་ཚོ་ལྷན་ཅིག་ཏུ་འཁྲབ་སར་བརྒྱུགས།

30 པའུ་ལུ་མི་ཚོགས་ཀྱི་མདུན་དུ་ཕེབས་པར་འདོད་ཀྱང༌། ཉེ་གནས་རྣམས་ཀྱིས་ཁོང་ཕེབས་སུ་མ་བཅུག

31 ཡང་པའུ་ལུའི་གྲོགས་པོ་ཡིན་པའི་ཨེ་ཞེ་ཡཱ་ཞིང་ཆེན་གྱི་དཔོན་རིགས་ཁ་ཅིག་གིས་ཁོང་ལ་འཁྲབ་སར་མ་ཕེབས་ཞེས་པའི་ལན་བཏང༌།

32 དེའི་དུས་སུ་ཚོགས་པ་ཟང་ཟིང་དུ་གྱུར་བས། ལ་ལས་སྐད་ཆེན་པོས་གཅིག་སྨྲས། ལ་ལས་གཞན་སྨྲས། མི་མང་ཆེ་བས་དེར་འདུས་པའི་རྒྱུ་མཚན་ཡང་མ་ཤེས།

33 ཡ་ཧུ་དཱ་པ་རྣམས་ཀྱིས་ཨ་ལིག་ཟན་ཌེར་མི་ཚོགས་ཀྱི་མདུན་དུ་བཞག་ནས། མི་ཚོགས་ལས་ཁ་ཅིག་གིས་ཁོ་ལ་གཏམ་བཤད་པས། ཁོས་ལག་བརྡ་བྱས་ནས་མི་ཚོགས་ལ་དོན་དེའི་སྐོར་གསལ་བཤད་བྱེད་པར་བསམས་ཀྱང༌།

34 ཁོ་ཡ་ཧུ་དཱ་པ་ཡིན་པར་ཤེས་ནས་ཁོ་ཚོས་ཆུ་ཚོད་གཉིས་ཙམ་ལྷན་ཅིག་ཏུ་སྐད་ཆེན་པོས་ “ཨེ་ཕེ་སུ་པའི་ཨར་ཏེ་མཱི་ཆེའོ་” ཞེས་ཟེར།

35 གྲོང་ཁྱེར་གྱི་དྲུང་ཡིག་གིས་མི་ཚོགས་ཁ་ཁུ་སིམ་པོར་སྡོད་དུ་བཅུག་ནས་ “ཁྱེད་ཨེ་ཕེ་སུ་པ་རྣམས། ཨེ་ཕེ་སུ་གྲོང་ཁྱེར་གྱི་མི་རྣམས་ནི་ལྷ་མོ་ཆེན་མོ་ཨར་ཏེ་མཱི་ཡི་ལྷ་ཁང་དང༌། ནམ་མཁའ་ནས་བབས་པའི་དེ་ཡི་སྐུ་རྟེན་སྲུང་མཁན་ཡིན་པར་སུས་མི་ཤེས།

36 དོན་དེར་རྩོད་རྒྱུ་མེད་པས་ཁྱེད་ཚོ་ཞི་བར་སྡོད་ཅིང༌། རྗེས་འབྲས་ལ་མི་ལྟ་བའི་ལས་མ་བྱོས།

37 གང་ཡིན་ཞེ་ན། ཁྱེད་རྣམས་ཀྱིས་འདིར་བཙན་འཁྲིད་བྱས་པའི་མི་རྣམས་ཀྱིས་ལྷ་ཁང་ནས་ཅི་ཡང་མ་ཕྲོགས། ང་ཚོའི་ལྷ་མོ་ལ་དམའ་འབེབས་ཡང་མ་བྱས།

38 གལ་ཏེ་དེ་མེ་ཏྲི་ཡུ་ལ་སོགས་པའི་ལག་རྩལ་བཟོ་པ་རྣམས་ཀྱིས་མི་སུ་ཞིག་ལ་ནག་ཉེས་འཛུགས་པར་འདོད་ན། ཁྲིམས་ཁང་སྒོ་ཕྱེ་ཡོད་དེ་སྤྱི་ཁྱབ་ཀྱང་ཡོད་པས། དེར་གཅིག་གིས་གཅིག་ལ་གཏུག་རེས་བྱས་ན་འགྲིག

39 དེ་ལས་ལྷག་པར་འདོད་ན་ཁྲིམས་བཞིན་དུ་འདུས་པའི་ཚོགས་པར་ཐག་གཅོད་པར་འགྱུར།

40 གང་ལགས་ཤེ་ན། དེ་རིང་འཁྲུག་པའི་རྒྱུ་མཚན་གང་ཡིན་པ་གསལ་བཤད་བྱེད་མི་ཐུབ་པས། ང་ཚོར་ཟིང་ཆ་སློང་བའི་ནག་ཉེས་འཛུགས་ཉེན་ཡོད་” ཅེས་སྨྲས་ནས།

41 ཁོས་མི་ཚོགས་ཕར་བཏང་ངོ༌།།

 

***************************************

Acts (18) – མཛད་པ། (18)

Acts (18) – མཛད་པ། (18)

1 དེའི་རྗེས་སུ་པའུ་ལུ་ཨ་ཐེ་ནེ་གྲོང་ཁྱེར་ནས་ཀོ་རིན་ཐུ་གྲོང་ཁྱེར་དུ་ཕེབས།

2 དེར་ཁོང་དང་པོན་ཏུ་ཡུལ་དུ་སྐྱེས་པའི་ཡ་ཧུ་དཱ་པ་ཨ་ཀུ་ལཱ་དང་ཕྲད། གོང་མའི་རྒྱལ་པོ་ཀ་ལོ་དཱི་ཡིས་ཡ་ཧུ་དཱ་པ་ཐམས་ཅད་རོ་མཱ་གྲོང་ཁྱེར་ནས་འཐོན་དགོས་པའི་བཀའ་ཞིག་བསྒོས་པས། ཨ་ཀུ་ལཱ་དང་ཁོའི་བཟའ་ཟླ་ཕུར་སི་ལཱ་དབྱི་ཏ་ལི་ཡུལ་ནས་ས་ཆ་འདིར་སླེབས་མ་ཐག་ཡིན། པའུ་ལུ་ཁོ་ཚོའི་རྩར་ཕེབས་ནས།

3 ཁོ་རྣམས་དང་འགྲོགས་ཏེ་ལས་ཀ་བྱས། གང་ཡིན་ཟེར་ན། ཁོང་ཡང་ཁོ་ཚོ་དང་མཚུངས་པར་གུར་བཟོ་མཁན་ཡིན་པས་སོ།

4 ངལ་གསོ་བའི་ཉིན་རེ་རེ་བཞིན་ཡ་ཧུ་དཱ་པའི་འདུ་ཁང་དུ་ཁོང་གིས་ཡ་ཧུ་དཱ་པ་དང་གྷི་རིག་པ་རྣམས་དང་རྩོད་གླེང་བྱས་ཏེ་ཁོ་ཚོའི་བློ་འགུགས་པར་བརྩོན།

5 སི་ལཱ་དང་ཐི་མོ་ཐེ་གཉིས་མ་ཀེ་དོན་ཡཱ་ཡུལ་ནས་དེར་སླེབས་སྐབས། པའུ་ལུས་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པ་ཡ་ཧུ་དཱ་པ་རྣམས་ལ་བདེན་དཔང་མཐའ་གཅིག་ཏུ་བྱེད་བཞིན་ཡོད།

6 ཡ་ཧུ་དཱ་པ་རྣམས་ཀྱིས་པའུ་ལུ་ལ་ངོ་རྒོལ་དང་དམའ་འབེབས་བྱེད་སྐབས། ཁོང་གིས་ཕྱི་གོས་ཐོག་གི་ས་རྡུལ་ཁོ་ཚོའི་ཕྱོགས་སུ་སྤྲུགས་ཏེ་ “ཁྱོད་ཚོའི་སྡིག་ཉེས་ཀྱི་ཆད་པ་ཁྱོད་ཚོའི་མགོ་ལ་ཕོག་པར་འགྱུར། ང་ལ་འགན་ཅི་ཡང་མེད། ད་ནས་བཟུང་ང་ཡ་ཧུ་དཱ་པ་མིན་པ་རྣམས་ལ་འཕྲིན་བཟང་སྒྲོག་ཏུ་འགྲོ་” ཞེས་གསུངས།

7 དེ་ནས་ཐོན་ཞིང་འདུ་ཁང་གི་འགྲམ་དུ་ཡོད་པའི་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་ཐི་ཏི་ཡཱུ་ཡུ་སི་ཏཱུ་ཟེར་མཁན་ཞིག་གི་ཁྱིམ་ལ་བཞུགས་པར་ཕེབས།

8 ཡང་འདུ་ཁང་གི་འགོ་ཁྲིད་ཀ་རི་སི་པཱུ་དང་ཁོང་གི་ནང་མི་ཐམས་ཅད་གཙོ་བོ་ལ་དད་པར་གྱུར། དེའི་སྐོར་ཐོས་ནས་ཀོ་རིན་ཐུ་པ་མང་པོ་ཞིག་གིས་དད་པ་བྱས་ཏེ་ཁྲུས་གསོལ་ལེན།

9 མཚན་མོ་ཞིག་ལ་གཙོ་བོས་ཞལ་གཟིགས་གནང་ནས་པའུ་ལུ་ལ་ “འཇིགས་པ་མེད་པར་ཆོས་སྟོན་ལ་མ་ལབ་པར་མ་སྡོད་ཅིག

10 གང་ཡིན་ཟེར་ན། ང་ཁྱོད་དང་མཉམ་དུ་གནས་ཤིང༌། གྲོང་ཁྱེར་འདི་ལ་ང་དང་འགྲོགས་པའི་མི་མང་པོ་ཡོད་པས་གནོད་འཚེ་བྱེད་མཁན་སུས་ཀྱང་ཁྱོད་ལ་རྒོལ་བར་མི་འགྱུར་” ཞེས་གསུངས།

11 པའུ་ལུ་ལོ་གཅིག་དང་ཟླ་བ་དྲུག་དེར་བཞུགས་ཏེ་ཁོ་ཚོའི་ཁྲོད་དུ་དཀོན་མཆོག་གི་བཀའ་བསྟན།

12ཡང་ག་ལི་ཡཱོ་ཞེས་བྱ་བ་ཨ་ཀ་ཡཱ་ཡུལ་གྱི་སྤྱི་ཁྱབ་ཡིན་པའི་དུས་སུ་ཡ་ཧུ་དཱ་པ་རྣམས་ཀྱིས་གཅིག་མཐུན་གྱིས་པའུ་ལུ་ལ་ངོ་རྒོལ་བྱས་ནས་ཁྲིམས་རར་འཁྲིད་དེ་

13 “མི་འདིས་མི་རྣམས་ལ་དཀོན་མཆོག་ལ་ཁྲིམས་དང་འགལ་བའི་བསྙེན་བཀུར་གྱི་བྱ་ཐབས་སྐྱོང་དགོས་པའི་ངན་བསྐུལ་བྱེད་” ཅེས་སྨྲས།

14 པའུ་ལུས་གསུང་གྲབས་ཡོད་དུས་ག་ལི་ཡཱོ་ཡིས་ཡ་ཧུ་དཱ་པ་རྣམས་ལ་ “ཡ་ཧུ་དཱ་པ་ཁྱོད་རྣམས། གལ་ཏེ་དོན་དེ་ཉེས་པའམ་ནག་ཉེས་ཆེན་པོ་ཤིག་ཡིན་ན་ངས་ཁྱོད་ཚོར་བཟོད་པ་དེ་རིགས་སོ།

15 འོན་ཀྱང་ཁྱོད་ཚོའི་རྩོད་གཞི་ཆོས་ཁྲིམས་ཀྱི་སྐོར་དང་མིང༌། ཚིག་བཅས་ཡིན་པས་ཁྱོད་རང་ཚོས་ཐག་གཅོད་བྱོས་ཤིག ང་ནི་དོན་དེའི་ཁྲིམས་དཔོན་དུ་འགྱུར་མི་འདོད་” ཅེས་ཟེར་ནས།

16 ཁོས་ཁོ་ཚོ་ཁྲིམས་ར་ནས་ཕར་བསྐྲད།

17 དེ་ནས་ཁོ་ཚོ་ཚང་མས་འདུ་ཁང་གི་འགོ་ཁྲིད་སོ་ཐེ་ནཱེ་བཙན་བཟུང་བྱས་ནས་ཁྲིམས་རའི་མདུན་དུ་བརྡུངས་ན་ཡང༌། ག་ལི་ཡཱོ་ཡིས་བྱ་བ་དེ་ལ་ཁ་ཡ་མ་བྱས།

སི་རི་ཡཱ་ཡུལ་དུ་ཕྱིར་ལོག་ཕེབས་པ།

18ས་ཆ་དེར་པའུ་ལུ་ཉིན་མང་པོ་གནས་པའི་རྗེས་སུ་སྤུན་ཟླ་རྣམས་དང་ཁ་བྲལ་ཏེ་ཕུར་སི་ལཱ་དང་ཨ་ཀུ་ལཱ་མཉམ་དུ་གྲུ་གཟིངས་ལ་བཞུགས་ནས་སི་རི་ཡཱ་ཡུལ་དུ་ཕེབས། པའུ་ལུ་ཀེན་གྲེ་གྲུ་ཁར་ཕེབས་ནས་དེར་སྔར་བཞག་པའི་དམ་བཅའ་བཞིན་ཁོང་གི་དབུ་སྐྲ་བྲེགས།

19 ཨེ་ཕེ་སུ་གྲོང་ཁྱེར་དུ་སླེབས་ནས་པའུ་ལུ་ཁོ་གཉིས་དེར་བཞག ཁོང་ཉིད་ཡ་ཧུ་དཱ་པའི་འདུ་ཁང་ལ་འཛུལ་ཏེ་ཡ་ཧུ་དཱ་པ་རྣམས་དང་རྩོད་གླེང་བྱས་པ་དང༌། 20 ཁོ་ཚོས་ཡུན་རིང་པོ་ཞིག་དེར་སྡོད་པར་ཞུས་ཀྱང་ཁོང་གིས་ཞལ་མ་བཞེས་ཏེ།

21 ཁོ་ཚོ་དང་ཁ་བྲལ་ནས་ཁོང་གིས་ “དཀོན་མཆོག་གི་དགོངས་པ་ཡིན་ན་ང་ཕྱིར་ལོག་པར་བྱ་” ཞེས་གསུངས་པའི་རྗེས་སུ་གྲུ་གཟིངས་ལ་བཞུགས་ནས་ཨེ་ཕེ་སུ་གྲོང་ཁྱེར་ནས་ཕར་ཕེབས།

22 སེ་སར་རེ་ཡཱ་གྲོང་ཁྱེར་དུ་སླེབས་པའི་རྗེས་སུ་ཡེ་རུ་ཤ་ལེམ་གྱི་ཆོས་ཚོགས་ལ་འཚམས་འདྲི་ཞུ་བར་ཡར་སོང༌། དེ་ནས་ཁོང་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དུ་མར་ཕེབས།

23 དེར་རེ་ཞིག་བཞུགས་པའི་རྗེས་སུ་ཁོང་ས་ཆ་དེ་དང་ཁ་བྲལ་བ་དང༌། རིམ་བཞིན་ག་ལད་ཡཱ་དང་ཕ་རུག་ཡཱ་ཡུལ་གཉིས་བརྒྱུད་ནས་ཕེབས་ཏེ་ཉེ་གནས་ཐམས་ཅད་ཀྱི་དད་པ་བརྟན་པར་མཛད།

ཨ་པོ་ལོ་སིས་ཆོས་བསྒྲགས་པ།

24དེའི་དུས་སུ་ཨ་ལིག་ཟན་དྲི་ཡཱ་གྲོང་ཁྱེར་དུ་སྐྱེས་པའི་ཡ་ཧུ་དཱ་པ་ཨ་པོ་ལོ་སི་ཞེས་བྱ་བ་སྨྲ་མཁས་ཅན་དང་གསུང་རབ་ལ་མཁས་པ་ཞིག་ཨེ་ཕེ་སུ་གྲོང་ཁྱེར་དུ་སླེབས།

25 ཁོས་གཙོ་བོ་ཡེ་ཤུའི་ལམ་ལ་བསླབས་ཤིང༌། བརྩོན་སེམས་ཀྱིས་ཡེ་ཤུའི་སྐོར་ཡང་དག་པར་གསུངས་ཏེ་ཆོས་བསྟན་ཡང༌། ཡོ་ཧ་ནན་གྱི་ཁྲུས་གསོལ་འབའ་ཞིག་ཤེས།

26 ཡ་ཧུ་དཱ་པའི་འདུ་ཁང་ལ་ཁོས་བློ་སྟོབས་ཆེན་པོས་ཆོས་བསྟན་པར་བརྩམས། འོན་ཀྱང་ཕུར་སི་ལཱ་དང་ཨ་ཀུ་ལཱ་གཉིས་ཀྱིས་ཁོའི་བསྟན་པ་ཐོས་སྐབས་ཟུར་དུ་འཁྲིད་ནས་ཁོ་ལ་དཀོན་མཆོག་གི་ལམ་ནི་དེ་ལས་ཡང་དག་པར་བསྟན།

27 ཨ་པོ་ལོ་སི་ཨ་ཀ་ཡཱ་ཡུལ་ལ་འགྲོ་བར་འདོད་སྐབས་སྤུན་ཟླ་རྣམས་ཀྱིས་ཁོ་བསྐུལ་ནས་ཡུལ་དེའི་ཉེ་གནས་རྣམས་ལ་ཁོ་བསུ་དགོས་ཞེས་པའི་འཕྲིན་ཡིག་བྲིས། དེར་སླེབས་ནས་ཐུགས་རྗེའི་སྒོ་ནས་དད་པར་གྱུར་བ་རྣམས་ལ་ཁོས་རོགས་རམ་མང་པོ་བྱས།

28 གང་ཡིན་ཞེ་ན། ཁོས་མི་དམངས་ཀྱི་མདུན་དུ་ཡ་ཧུ་དཱ་པ་རྣམས་ལ་ནན་གྱིས་རྩོད་པར་བྱས་ཏེ་དེ་རྣམས་བཀག་ནས། གསུང་རབ་ལས་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པར་གསལ་པོར་བསྟན་ནོ།།

 

*************************************

Acts (17) – མཛད་པ། (17)

Acts (17) – མཛད་པ། (17)

1 པའུ་ལུ་དང་སི་ལཱ་ཨམ་ཕི་པོ་ལཱི་དང་ཨ་པོ་ལོན་ཡཱ་གྲོང་ཁྱེར་བརྒྱུད་ནས་ཕེབས་རྗེས་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་དུ་སླེབས། དེར་ཡ་ཧུ་དཱ་པའི་འདུ་ཁང་ཞིག་ཡོད།

2 པའུ་ལུ་ཡིས་གོམས་གཤིས་ལྟར་དེར་ཕེབས་པ་དང༌། ངལ་གསོ་བའི་ཉིན་མོ་གསུམ་གྱི་བར་དུ་གསུང་རབ་ལ་བརྟེན་ནས་ཁོ་ཚོར་རྩོད་གླེང་བྱས་ཏེ།

3 མཱ་ཤི་ཀ་སྡུག་བསྔལ་མྱོང་ནས་སླར་གསོན་པོར་འགྱུར་དགོས་པར་གསལ་བཤད་དང་ར་སྤྲོད་བྱས། པའུ་ལུས་ “ངས་ཁྱེད་རྣམས་ལ་སྒྲོག་བཞིན་པའི་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་ནོ་” ཞེས་གསུངས།

4 དེ་རྣམས་ཀྱི་ནང་ནས་ཁ་ཤས་དང༌། ཆོས་སེམས་དང་ལྡན་པའི་གྷི་རིག་པ་མང་པོ། རིགས་མཐོ་བའི་བུད་མེད་བཅས་དད་པ་སྐྱེས་ནས་པའུ་ལུ་དང་སི་ལཱ་གཉིས་དང་འགྲོགས།

5 འོན་ཀྱང་ཡ་ཧུ་དཱ་པ་རྣམས་ཕྲག་དོག་སྐྱེས་ཏེ་ཁྲོམ་ནས་མི་ངན་ཁ་ཤས་འཁྲིད་དེ་འཛོམས་བྱས་པ་དང༌། གྲོང་ཁྱེར་གྱི་མི་རྣམས་ལ་ངན་བསྐུལ་བྱས། པའུ་ལུ་དང་སི་ལཱ་གཉིས་མི་ཚོགས་ཀྱི་རྩར་བཙན་འཁྲིད་བྱེད་པའི་ཕྱིར་ཡཱ་སོན་གྱི་ཁང་པར་བཙན་གྱིས་འཛུལ་ཀྱང༌།

6 ཁོང་གཉིས་མ་རྙེད་པས་ཁོ་ཚོས་ཡཱ་སོན་ལ་སོགས་པའི་སྤུན་ཟླ་ཁ་ཅིག་གྲོང་ཁྱེར་དཔོན་རིགས་ཀྱི་རྩར་བཙན་གྱིས་འཁྲིད་ནས་སྐད་ཆེན་པོས་ “ས་གཞི་ཐམས་ཅད་དཀྲུག་མཁན་འདི་གཉིས་ས་ཆ་འདིར་ཡང་སླེབས་པ་དང༌།

7 ཡཱ་སོན་གྱིས་ཁོ་ཚོ་བསུས། ཁོ་ཚོ་ཚང་མས་གོང་མའི་རྒྱལ་པོ་སེ་སར་གྱི་བཀའ་ལས་འགལ་ཏེ་ཡེ་ཤུ་ཞེས་ཟེར་བའི་རྒྱལ་པོ་གཞན་ཞིག་ཡོད་པར་སྨྲས་” ཞེས་ཟེར།

8 དེ་ཐོས་ནས་མི་ཚོགས་དང་གྲོང་ཁྱེར་གྱི་དཔོན་པོ་རྣམས་སེམས་འཁྲུགས།

9 ཡཱ་སོན་དང་སྤུན་ཟླ་གཞན་རྣམས་ནས་གཏའ་མ་བླངས་ནས་དཔོན་རིགས་རྣམས་ཀྱིས་ཁོ་ཚོ་གློད་གྲོལ་བཏང༌།

པུ་རེ་ཡཱ་གྲོང་ཁྱེར་དུ་འཕྲིན་བཟང་བསྒྲགས་པ།

10 མཚན་མོ་དེ་རང་ལ་སྤུན་ཟླ་རྣམས་ཀྱིས་པའུ་ལུ་དང་སི་ལཱ་གཉིས་པུ་རེ་ཡཱ་གྲོང་ཁྱེར་དུ་བཏང་ཞིང༌། དེར་སླེབས་ནས་ཁོང་རྣམས་ཡ་ཧུ་དཱ་པའི་འདུ་ཁང་ལ་ཕེབས།

11 གནས་འདིའི་མི་རྣམས་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་གྱི་ཡ་ཧུ་དཱ་པ་རྣམས་ལས་བློ་རྒྱ་ཆེ་ལ། འཕྲིན་བཟང་ཉན་རྒྱུར་དགའ་བ་མ་ཟད། བཀའ་ཐོས་ནས་དོན་དེ་རྣམས་བདེན་པ་ཡིན་མིན་ཤེས་པའི་ཕྱིར་ཁོ་ཚོས་ཉིན་ལྟར་གསུང་རབ་འཚོལ་ཞིབ་བྱས།

12 དེའི་ཕྱིར་དེ་རྣམས་ལས་མི་མང་པོ་ཞིག་དང༌། གྷི་རིག་གི་རིགས་མཐོ་བའི་ཕོ་མོ་མང་པོའང་དད་པར་གྱུར།

13 འོན་ཀྱང་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་གྱི་ཡ་ཧུ་དཱ་པ་རྣམས་ཀྱིས་པའུ་ལུས་པུ་རེ་ཡཱ་གྲོང་ཁྱེར་ལའང་དཀོན་མཆོག་གི་བཀའ་སྒྲོག་པའི་གཏམ་ཐོས་པས། དེར་སོང་ནས་མི་ཚོགས་དཀྲུགས་ཤིང་ངན་བསྐུལ་བྱས།

14 དེ་ནས་སྤུན་ཟླ་རྣམས་ཀྱིས་འཕྲལ་དུ་པའུ་ལུ་རྒྱ་མཚོའི་འགྲམ་དུ་བསྐྱལ་ཞིང༌། སི་ལཱ་དང་ཐི་མོ་ཐེ་པུ་རེ་ཡཱ་གྲོང་ཁྱེར་དུ་གནས།

15 པའུ་ལུ་སྐྱེལ་མཁན་རྣམས་ཀྱིས་ཁོང་ཨ་ཐེ་ནེ་གྲོང་ཁྱེར་ལ་འཁྲིད་ཅིང༌། པའུ་ལུས་སི་ལཱ་དང་ཐི་མོ་ཐེ་གཉིས་གང་མགྱོགས་ཡོང་དགོས་པའི་བཀའ་གནང་ནས་སྐྱེལ་མ་རྣམས་ཕྱིར་ལོག

ཨ་ཐེ་ནེ་གྲོང་ཁྱེར་དུ་འཕྲིན་བཟང་བསྒྲགས་པ།

16 པའུ་ལུ་ཁོ་ཚོ་གཉིས་ཨ་ཐེ་ནེ་གྲོང་ཁྱེར་དུ་སྒུག་ནས་བསྡད་དུས། ས་ཆ་དེར་སྐུ་འདྲས་གང་ཡོད་པ་གཟིགས་ཏེ་སེམས་ཧ་ཅང་འཁྲུགས་པར་གྱུར་བས།

17 པའུ་ལུས་འདུ་ཁང་ལ་ཡ་ཧུ་དཱ་པ་དང༌། དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་ཡ་ཧུ་དཱ་པ་མིན་པ་རྣམས་དེ་བཞིན་ཚོང་རར་ཡོང་བ་རྣམས་ལ་ཉིན་རེ་བཞིན་རྩོད་གླེང་བྱས།

18 ཡང་ཨེ་པི་ཀུར་ཞེས་པ་དང་སི་ཏོ་ཀེ་ཞེས་པའི་མཚན་ཉིད་རིག་པའི་ལྟ་བ་འཛིན་མཁན་ཁ་ཅིག་གིས་ཁོང་དང་རྩོད་གླེང་བྱས། ལ་ལས་ “གང་བྱུང་མང་བྱུང་ཤོད་མཁན་འདིས་གང་སྨྲ་བར་འདོད་” ཅེས་ཟེར་ཞིང༌། ལ་ལས་ “ཕྱི་པའི་ལྷ་སྒྲོག་མཁན་དང་འདྲ་བ་ཡིན་” ཞེས་སྨྲས། དེ་ནི་ཡེ་ཤུ་དང་ཁོང་འཆི་བ་ནས་སླར་གསོན་པོར་འགྱུར་བའི་སྐོར་གསུངས་པས་སོ།

19 དེ་ནས་ཁོ་ཚོས་པའུ་ལུ་ཨ་རེ་ཨོ་པ་གུ་ཞེས་པའི་རྒྱལ་ཚོགས་ལ་འཁྲིད་དེ་ཁོང་ལ་ “ཁྱེད་ཀྱིས་སྒྲོག་པའི་བསྟན་པ་གསར་པ་འདི་གང་ཡིན་ངེད་རྣམས་ལ་གསུང་དང༌།

20 གང་ལགས་ཤེ་ན། བསྟན་པ་འགའ་ཤས་ཁྱད་མཚར་བས་ངེད་རྣམས་དོན་འདི་ཚོ་རྟོགས་པར་འདོད་” ཅེས་སྨྲས།

21 (ཨ་ཐེ་ནེ་གྲོང་ཁྱེར་གྱི་མི་དང༌། ས་ཆ་དེར་ཡུལ་གཞན་ནས་ཡོང་བའི་མི་རྣམས་ཀྱིས་དོན་གསར་པའི་སྐོར་གཏམ་གླེང་བྱེད་པ་ལས་གཞན་གང་ཡང་མ་བྱས་)

22 དེ་ནས་པའུ་ལུས་ཨ་རེ་ཨོ་པ་གུ་ཚོགས་པའི་དཀྱིལ་ལ་བཞེངས་ཏེ་ “ཨ་ཐེ་ནེ་པ་རྣམས། ཁྱེད་ཚོ་རྣམ་པ་ཀུན་ནས་ཆོས་ལ་ཤིན་ཏུ་དགའ་བའི་མི་ཡིན་པར་ངས་མཐོང༌།

23 གང་ཡིན་ཟེར་ན། ངས་གྲོང་ཁྱེར་བརྒྱུད་ནས་འགྲོ་དུས་ཁྱེད་རྣམས་ཀྱིས་བསྙེན་བཀུར་བྱེད་པའི་རྟེན་རྣམས་ལ་ཞིབ་ལྟ་བྱས་པ་དང༌། རྒྱུས་མེད་པའི་ལྷ་ཡི་ཕྱིར་ཞེས་བྲིས་པའི་མཆོད་ཁྲི་ཞིག་མཐོང་བས། ཁྱེད་རྣམས་ཀྱིས་མི་ཤེས་པར་བསྙེན་བཀུར་བྱེད་པ་དེ་ངས་ཁྱེད་ཚོར་སྒྲོག་པར་བྱ།

24འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་འགོད་པ་གནང་མཁན་དཀོན་མཆོག་སྟེ་གནམ་ས་གཉིས་ཀྱི་བདག་པོ་ཡིན་པས་མི་ཡིས་བཟོས་པའི་ལྷ་ཁང་ལ་མི་བཞུགས་ལ།

25 ཁོང་ལ་ཅི་ཡང་མི་དགོས་པའི་རྐྱེན་གྱིས་མིའི་ལག་པས་ཁོང་ལ་གཡོག་ཀྱང་བྱེད་མི་དགོས། གང་ལགས་ཟེར་ན། ཁོང་རང་གིས་མི་ཚང་མར་སྲོག་དང༌། དབུགས། ཅི་དགོས་པ་ཐམས་ཅད་གནང་བས་སོ།

26 དཀོན་མཆོག་གིས་མི་གཅིག་ནས་མི་རིགས་ཐམས་ཅད་བཀོད་པ་དང༌། ས་གཞི་ཡོངས་སུ་གནས་ཏུ་བཅུག དེ་ཚོ་སོ་སོའི་དུས་དང་གནས་པའི་ས་མཚམས་སྔོན་ནས་བསྐོས་པ་གནང༌།

27 དེ་ནི་དཀོན་མཆོག་བཙལ་ནས་རྙེད་པའི་རེ་བ་དང་ལྡན་པར་འགྱུར་བའི་ཕྱིར་ཡིན་ཏེ། དོན་དངོས་སུ་ཁོང་ང་ཚོ་རེ་རེ་དང་ཐག་རིང་པོ་མེད།

28 མི་ཞིག་གིས་བྲིས་པ་ལྟར། ངེད་རྣམས་གསོན་ཞིང་བགྲོད་པ་དང་ཁོང་ལ་བརྟེན་ནས་བྱུང་ཞེས་བྲིས་པ་དང༌། ཁྱེད་ཚོའི་སྙན་ངག་མཁན་འགའ་ཤས་ཀྱིས་ཀྱང༌། ང་ཚོའང་ཁོང་གི་བུ་རྒྱུད་ཡིན་ནོ་ཞེས་གསུངས།

29 ངེད་རྣམས་དཀོན་མཆོག་གི་བུ་རྒྱུད་ཡིན་པས་ཁོང་གི་ངོ་བོ་ནི་མི་རྣམས་ཀྱི་ལག་རྩལ་དང་བློ་གྲོས་ཀྱིས་བཟོས་པའི་གསེར་རམ། དངུལ་ལམ། རྡོའི་ལྷ་རྟེན་དང་འདྲ་བ་ཞིག་ཡིན་པར་བསམ་མི་རུང༌།

30 སྔོན་མི་རྣམས་ཀྱིས་དོན་དེ་ཚོ་མ་ཤེས་པར་དཀོན་མཆོག་གིས་མ་བརྩིས་ཡང༌། ད་ལྟ་ཁོང་གིས་གནས་ཀུན་གྱི་མི་ཐམས་ཅད་ལ་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་དགོས་པའི་བཀའ་གནང༌།

31 གང་ཡིན་ཞེ་ན། ཁོང་གིས་ཁྲིམས་གཅོད་པའི་ཉིན་མོ་ཞིག་བསྐོས་པར་མཛད་ཅིང༌། ཉིན་དེར་ཁོང་གིས་བསྐོས་པའི་མི་ཞིག་གིས་འཇིག་རྟེན་གྱི་མི་རྣམས་ལ་དྲང་བདེན་གྱི་སྒོ་ནས་ཁྲིམས་གཅོད་མཛད་པར་འགྱུར། མི་དེ་འཆི་བ་ནས་སླར་གསོན་པར་མཛད་པའི་ངང་ནས་ཁོང་གིས་དེ་ལྟར་འབྱུང་བར་འགྱུར་བའི་ར་སྤྲོད་མི་ཐམས་ཅད་ལ་གསལ་པོར་བྱས་སོ་” ཞེས་གསུངས།

32 འཆི་བ་ནས་སླར་གསོན་པར་འགྱུར་བའི་སྐོར་ཐོས་ནས་མི་ལ་ལས་ཁོང་ལ་ཁྲེལ་དགོད་བྱས་ཀྱང༌། ལ་ལས་ “དོན་དེའི་སྐོར་རྗེས་སུ་ཉན་པར་བྱ་” ཞེས་ཟེར།

33 པའུ་ལུ་མི་དེ་ཚོའི་དཀྱིལ་ནས་ཕྱིར་ཕེབས།

34 འོན་ཀྱང་དཱ་ཨོ་ནེ་སི་ཡཱུ་ཟེར་མཁན་ནི་ཨ་རེ་ཨོ་པ་གུ་ཚོགས་པའི་ཁོངས་མི་ཞིག་དང༌། དཱ་མ་རཱི་ཞེས་ཟེར་བའི་བུད་མེད་ཅིག་ལ་སོགས་པའི་མི་དད་པ་དང་ལྡན་པར་གྱུར་ནས་པའུ་ལུ་དང་འགྲོགས་སོ།།

 

****************************************************