Galatians (3) – ག་ལད་ཡཱ་པ། (3)

Galatians (3) – ག་ལད་ཡཱ་པ། (3)

1 ག་ལད་ཡཱ་པ་བླུན་པོ་ཁྱོད། ངས་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་རྒྱང་ཤིང་སྒང་ལ་གྲོངས་པ་དེ་ཁྱོད་ཚོའི་མིག་མདུན་དུ་གསལ་པོར་བསྟན་ཀྱང༌། སུས་ཁྱོད་རྣམས་ལ་མགོ་སྐོར་བཏང་བ་ཡིན།

2 དོན་འདི་གཅིག་པོ་ང་ལ་སྨྲོས་ཤིག དཀོན་མཆོག་གི་དམ་པའི་ཐུགས་ཉིད་ནི་ཆོས་ཁྲིམས་བསྲུངས་པའི་སྒོ་ནས་ཐོབ་བམ། ཡང་ན་འཕྲིན་བཟང་ཐོས་ཤིང་དད་པའི་སྒོ་ནས་ཐོབ།

3 ཁྱོད་རྣམས་དེ་ལྟར་བློ་གྲོས་མེད་དམ། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ཚེ་གསར་པ་འགོ་བཙུགས་ནས་ད་ལྟ་རང་ཉིད་ཀྱི་འབད་བརྩོན་གྱི་སྒོ་ནས་ཁྱོད་རྣམ་པར་དག་པར་འགྱུར་ཐབས་བྱེད་དམ།

4 ཁྱོད་རྣམས་སྡུག་བསྔལ་དེ་ཙམ་དོན་མེད་པར་མྱོང་ངམ། དངོས་གནས་དོན་མེད་པ་རང་ཡིན་ནམ།

5 བྱས་ན། ཆོས་ཁྲིམས་སྲུང་བའི་སྒོ་ནས་སམ། ཡང་ན་འཕྲིན་བཟང་ཐོས་ནས་དད་པའི་རྐྱེན་གྱིས་དཀོན་མཆོག་གིས་ཁྱོད་རྣམས་ལ་དམ་པའི་ཐུགས་ཉིད་གནང་ཞིང་ཁྱོད་ཚོའི་ཁྲོད་དུ་ངོ་མཚར་བའི་དོན་མཛད་དམ།

6 དཔེར་ན། གསུང་རབ་ཀྱི་མདོ་ལས་ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དད་པ་བྱས་པས། དེ་ནི་དཀོན་མཆོག་གིས་ཁོང་རྣམ་པར་དག་པའི་མི་ཞིག་ལ་བརྩིས་གནང་ངོ་ཞེས་བཀོད་པ་ཡིན་པས།

7 དད་ལྡན་རྣམས་ནི་ཨབ་ར་ཧམ་གྱི་བུ་ཡིན་པ་ཤེས་པར་གྱིས་ཤིག

8 དཀོན་མཆོག་གིས་དད་པའི་སྒོ་ནས་ཡ་ཧུ་དཱ་པ་མིན་པ་རྣམས་ཡང་དག་པར་མཛད་རྒྱུ་ཡིན་པ་གསུང་རབ་ཀྱིས་སྔོན་དུ་བསྟན་ཏེ་ཨབ་ར་ཧམ་ལ་ཁྱོད་བརྒྱུད་ནས་འཛམ་གླིང་གི་མི་རིགས་ཐམས་ཅད་བྱིན་གྱིས་རློབ་པར་འགྱུར་ཞེས་ཏེ་སྔར་འཕྲིན་བཟང་གསུངས།

9 དེའི་ཕྱིར་མཱ་ཤི་ཀ་ལ་དད་པ་ཡོད་པ་རྣམས་ནི་དད་ལྡན་པ་ཨབ་ར་ཧམ་དང་མཉམ་དུ་བྱིན་གྱིས་རློབ་པར་འགྱུར།

10 དཀོན་མཆོག་གི་སྤྱན་སྔར་ཡང་དག་པར་འགྱུར་བའི་ཕྱིར་ཆོས་ཁྲིམས་སྲུང་བར་རྟེན་མཁན་ཡོད་ཚད་ལ་ཆད་པ་གཅོད་པར་འགྱུར། གང་ཡིན་ཞེ་ན། ཆོས་ཁྲིམས་ཀྱི་མདོ་ལས་བྲིས་པའི་དོན་ཐམས་ཅད་རྟག་པར་མི་སྒྲུབ་མཁན་ཀུན་ལ་ཆད་པ་གཅོད་པར་འགྱུར་ཞེས་འཁོད།

11 ཆོས་ཁྲིམས་སྲུང་བའི་སྒོ་ནས་སུ་ཡང་དཀོན་མཆོག་གི་སྤྱན་སྔར་ཡང་དག་པར་མི་འགྱུར་བ་དེ་གསལ་པོ་ཡིན། གང་ཡིན་ཞེ་ན། དྲང་ལྡན་པ་ནི་དད་པའི་སྒོ་ནས་གསོན་པར་འགྱུར་ཞེས་འཁོད།

12 འོན་ཀྱང་ཆོས་ཁྲིམས་ནི་དད་པ་ལ་མི་རྟེན། དེ་ལས་ལྡོག་སྟེ་ཆོས་ཁྲིམས་ཐམས་ཅད་ཀྱི་ལས་རྟག་ཏུ་སྒྲུབ་མཁན་དེ་གསོན་པར་འགྱུར་ཞེས་གསུང་རབ་ནང་འཁོད།

13 མཱ་ཤི་ཀ་ཡིས་ང་ཚོའི་ཚབ་ལ་ཆོས་ཁྲིམས་དང་འགལ་བའི་ཆད་པ་མྱོང་བའི་བླུ་རིན་གྱིས་ང་ཚོ་ཆོས་ཁྲིམས་དང་འགལ་བའི་ཆད་པ་ལས་ཐར་བར་མཛད་དོ། དེ་ནི་གསུང་རབ་ནང་སུ་ཞིག་རྒྱང་ཤིང་སྒང་ལ་བརྒྱངས་པ་དེ་དཀོན་མཆོག་གི་ཆད་པ་ཕོག་འོས་པ་ཡིན་ནོ་ཞེས་བཀོད་པས་སོ།

14 མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་ཨབ་ར་ཧམ་ལ་ཞལ་ཆད་གནང་བའི་བྱིན་རླབས་ཡ་ཧུ་དཱ་པ་མིན་པ་རྣམས་ལ་འབབ་པའི་ཆེད་དང༌། ང་ཚོས་དད་པ་བྱེད་པའི་སྒོ་ནས་ཞལ་ཆད་གནང་བའི་ཐུགས་ཉིད་འཐོབ་པའི་ཕྱིར་ཁོང་གིས་ང་ཚོ་ཐར་བར་མཛད་དོ།།

ཞལ་ཆད་དང་ཆོས་ཁྲིམས།

15 སྤུན་ཟླ་རྣམས། རྒྱུན་གཏན་གྱི་དཔེ་ཞིག་བཞག་ན། མི་ཞིག་གིས་ཁ་ཆེམས་ཡི་གེར་མཛུབ་ཐེལ་བརྒྱབ་ཚར་ནས་སུས་ཀྱང་སུབ་མི་ཆོག་ལ། སྣོན་ཡང་མི་ཆོག

16 ཞལ་ཆད་རྣམས་ནི་ཨབ་ར་ཧམ་དང་ཁོང་གི་བུ་རྒྱུད་ལ་གནང་བ་ཡིན། གསུང་རབ་ནང་སྲས་མང་པོའི་སྐོར་ལ་བུ་རྒྱུད་རྣམས་མ་བྲིས་ཀྱི། སྲས་གཅིག་གི་སྐོར་ལ་བུ་ཅེས་བྲིས། སྲས་དེ་ནི་མཱ་ཤི་ཀ་ཡིན་ནོ།

17 ངས་བཤད་པའི་དོན་འདི་ལྟར་ཡིན། དཀོན་མཆོག་གིས་གཏན་འཁེལ་གནང་ཟིན་པའི་ཞལ་ཆད་དེ་ལོ་བཞི་བརྒྱ་སུམ་བཅུའི་རྗེས་སུ་བྱུང་བའི་ཆོས་ཁྲིམས་ཀྱིས་དོན་མེད་དུ་གཏོང་མི་སྲིད། ཞལ་གྱིས་བཞེས་པ་དེ་ཡང་མེད་པར་མི་བཟོ།

18 གལ་ཏེ་དཀོན་མཆོག་གིས་ཞལ་ཆད་གནང་བའི་བྱིན་རླབས་དེ་ཆོས་ཁྲིམས་ལ་བརྟེན་ན། ཞལ་ཆད་ལ་མི་རྟེན། འོན་ཀྱང་དཀོན་མཆོག་གིས་ཨབ་ར་ཧམ་ལ་དེ་ཞལ་ཆད་ཀྱིས་གནང༌།

19 འོ་ན་ཆོས་ཁྲིམས་ཀྱི་དོན་ཅི་ཡིན་ཞེ་ན། ཞལ་ཆད་གནང་ཡོད་པའི་སྲས་མ་ཕེབས་པའི་བར་དུ་ཁྲིམས་དང་འགལ་བའི་དོན་སྟོན་པའི་ཕྱིར་ཡིན། ཆོས་ཁྲིམས་ནི་དཀོན་མཆོག་གི་ཕོ་ཉ་བརྒྱུད་ནས་བར་མི་མོ་ཤེ་ཡིས་བཙུགས།

20 བར་མི་ནི་ཕྱོགས་གཅིག་ནས་མ་ཡིན་ཏེ་དཀོན་མཆོག་གཅིག་པུ་རང་ཡིན།

21 ཆོས་ཁྲིམས་ཀྱིས་དཀོན་མཆོག་གི་ཞལ་ཆད་རྣམས་ལ་རྒོལ་ལམ། དེ་མི་སྲིད། གང་ཡིན་ཞེ་ན། དཔག་ཏུ་མེད་པའི་ཚེ་གནང་ཐུབ་པའི་ཁྲིམས་ཤིག་སྟེར་བ་ཡིན་ན། དཀོན་མཆོག་གི་སྤྱན་སྔར་ཡང་དག་པར་འགྱུར་བ་དེ་ཁྲིམས་སྲུང་བ་ལས་འབྱུང་བ་ཡིན།

22 འོན་ཀྱང་གསུང་རབ་ལྟར་མི་ཐམས་ཅད་སྡིག་ཉེས་ཀྱི་བཙོན་པ་ཡིན། དེ་ནི་ཡེ་ཤུ་མཱ་ཤི་ཀ་ལ་དད་པའི་སྒོ་ནས་དད་ལྡན་རྣམས་ལ་ཞལ་ཆད་འགྲུབ་པའི་ཕྱིར་ཡིན།

དཀོན་མཆོག་གི་སྲས་དང་སྲས་མོར་འགྱུར་བ།

23 གཙོ་བོ་ཡེ་ཤུ་ལ་དད་པ་མ་བྱུང་བའི་སྔོན་ལ། དད་པ་དེ་མངོན་སུམ་དུ་མ་འགྱུར་བའི་བར་དུ་ཆོས་ཁྲིམས་ཀྱིས་ང་ཚོ་བཙོན་པ་ལྟར་བཀག་ཉར་བྱས།

24 ང་ཚོ་དད་པའི་སྒོ་ནས་ཡང་དག་པར་འགྱུར་བའི་ཕྱིར། མཱ་ཤི་ཀ་མ་ཕེབས་པའི་བར་དུ་ཆོས་ཁྲིམས་ང་ཚོའི་ལྟ་རྟོག་བྱེད་མཁན་བཞིན་དུ་གྱུར།

25 འོན་ཀྱང་ད་ལྟ་དད་པ་མངོན་སུམ་དུ་གྱུར་བས་ང་ཚོ་ལྟ་རྟོག་བྱེད་མཁན་ཞིག་གི་དབང་འོག་ཏུ་མེད།

26 གང་ཡིན་ཞེ་ན། མཱ་ཤི་ཀ་ཡེ་ཤུ་ལ་དད་པའི་རྐྱེན་གྱིས་ཁྱེད་ཚོ་ཐམས་ཅད་དཀོན་མཆོག་གི་སྲས་ཡིན།

27 མཱ་ཤི་ཀའི་ཐོག་ནས་ཁྲུས་གསོལ་ལེན་མཁན་ཐམས་ཅད་ནི་མཱ་ཤི་ཀ་གོས་སུ་གྱོན་པ་དང་མཚུངས།

28 ཁྱེད་ཚོ་ཚང་མ་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་གཅིག་ཏུ་གྱུར་བ་ཡིན་པས་ད་ནས་བཟུང་ཡ་ཧུ་དཱ་པའམ་གྷི་རིག་པ། གཡོག་པོའམ་གཡོག་པོ་མིན་པ། ཕོའམ་མོ་བཅས་ཀྱི་དབྱེ་བ་མེད།

29 ཁྱེད་ཚོའང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཁོངས་སུ་གཏོགས་པས། ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་ཏེ། དཀོན་མཆོག་གི་ཞལ་ཆད་དང་བསྟུན་པའི་བྱིན་རླབས་འཐོབ་པར་འགྱུར་རོ།།

 

************************************

Galatians (2) – ག་ལད་ཡཱ་པ། (2)

Galatians (2) – ག་ལད་ཡཱ་པ། (2)

1 དེ་ནས་ལོ་ངོ་བཅུ་བཞིའི་རྗེས་སུ་པར་ན་པཱ་དང་མཉམ་དུ་ཐེ་ཏུ་ཡང་འཁྲིད་དེ་ང་ཡང་བསྐྱར་ཡེ་རུ་ཤ་ལེམ་ལ་ཡར་ཕྱིན་པ་ཡིན།

2 ང་མངོན་དུ་བྱུང་བའི་བཀའ་ལྟར་ཕྱིན་ཏེ། ངས་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ནང་དུ་སྒྲོག་པའི་འཕྲིན་བཟང་དེ་དབུ་འཁྲིད་ཟེར་མཁན་རྣམས་ལ་ཟུར་དུ་གསལ་བཤད་བྱས། དེ་ནི་ངས་གང་བྱས་པའམ། བྱེད་བཞིན་པ་དེ་དོན་མེད་པར་མི་འགྱུར་བའི་ཕྱིར་ཡིན།

3 ང་དང་མཉམ་དུ་ཡོད་པའི་ཐེ་ཏུ་ནི་གྷི་རིག་པ་ཡིན་ཡང་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་ཏུ་མ་བཅུག

4 ང་ཚོ་ཆོས་ཁྲིམས་ཀྱི་བྲན་གཡོག་ལྟར་དུ་འཇུག་འདོད་པའི་སྤུན་ཟླ་རྫུན་མ་རྣམས་ནི་ང་ཚོའི་ཁྲོད་དུ་གསང་བར་ཞུགས་ཏེ་མཱ་ཤི་ཀ་ཡེ་ཤུའི་ནང་ན་ཡོད་པའི་རང་དབང་ལ་སོ་ལྟ་བྱེད་པའི་རྐྱེན་གྱིས།

5 འཕྲིན་བཟང་གི་བདེན་པ་ཁྱེད་རྣམས་ལ་རྟག་ཏུ་གནས་པའི་ཕྱིར་ང་ཚོས་དེ་ཚོར་ཡུད་ཙམ་ཡང་མགོ་མ་སྒུར།

6 ཡང་འགོ་འཁྲིད་ཟེར་མཁན་རྣམས་ནི་(སྔར་དེ་ཚོ་ཅི་ལྟར་ཡིན་མིན་ང་ལ་ཁྱད་པར་མེད། གང་ལགས་ཤེ་ན། དཀོན་མཆོག་ལ་ཕྱོགས་རིས་ཅི་ཡང་མེད་) དེ་ཚོས་ངའི་བསྟན་པར་ཅི་ཡང་མ་བསྣན་པ་མ་ཟད།

7 དེ་ལས་ལྡོག་སྟེ་པེ་ཏྲོས་ཡ་ཧུ་དཱ་པ་རྣམས་ལ་འཕྲིན་བཟང་སྒྲོག་པའི་ལས་འགན་བཅོལ་བ་ནང་བཞིན། ངའང་ཡ་ཧུ་དཱ་པ་མིན་པ་རྣམས་ལ་སྒྲོག་པའི་ལས་འགན་བཅོལ་བ་ཡིན་པར་ཁོང་ཚོས་ཤེས།

8 གང་ཡིན་ཟེར་ན། པེ་ཏྲོ་ཡ་ཧུ་དཱ་པ་རྣམས་ཀྱི་དཀྱིལ་ལ་སྐུ་ཚབ་ཀྱི་ལས་ཀ་བྱེད་རྒྱུ་མངགས་མཁན་དེ་ཉིད་ཀྱིས་ང་ཡང་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ཁྲོད་དུ་སྐུ་ཚབ་ཀྱི་ལས་ཀ་བྱེད་རྒྱུར་མངགས།

9 ཀུན་གྱིས་གོང་དུ་བཀུར་བའི་འགོ་འཁྲིད་རྣམས་ཡ་ཀོབ་དང༌། པེ་ཏྲོ། ཡོ་ཧ་ནན་བཅས་ཀྱིས་ང་ལ་གནང་བའི་ཐུགས་རྗེ་རྟོགས་པས། ང་ཚོ་ཡ་ཧུ་དཱ་པ་མིན་པ་རྣམས་ལ་འགྲོ་བ་དང༌། དེ་ཚོ་ཡ་ཧུ་དཱ་པ་རྣམས་ལ་འགྲོ་བའི་མོས་མཐུན་གྱི་རྟགས་ཤིག་བསྟན་པའི་ཕྱིར་ཁོ་ཚོས་ང་དང་པར་ན་པཱ་གཉིས་ལ་ལག་པ་བཏང༌།

10 ཡང་དེ་ཚོས་ང་ཚོར་དབུལ་པོ་རྣམས་ལ་སེམས་འཁུར་གནང་རྒྱུའི་རེ་འབོད་བྱས། ང་དོན་དེ་རང་སྒྲུབ་པར་འདོད་དོ།།

པའུ་ལུས་པེ་ཏྲོ་ལ་ངོ་རྒོལ་བྱས་པ།

11 འོན་ཀྱང་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་ལ་སླེབས་པའི་རྗེས་སུ་པེ་ཏྲོས་ཉེས་པས་ངས་དད་ལྡན་རྣམས་ཀྱི་མདུན་དུ་ཁོང་ཐད་དཀར་ངོ་རྒོལ་བྱས།

12 གང་ཡིན་ཞེ་ན། སྔར་ཁོ་ཡ་ཧུ་དཱ་པ་མིན་པའི་སྤུན་ཟླ་རྣམས་དང་མཉམ་དུ་ཡང་ཡང་ཁ་ལག་བཟས། འོན་ཀྱང་ཡ་ཀོབ་ཀྱི་རྩར་ནས་མི་ཁ་ཤས་སླེབས་པའི་རྗེས་སུ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་དགོས་ཟེར་བའི་ཕྱོགས་ཁག་ལ་འཇིགས་པས་ཁོ་ཡ་ཧུ་དཱ་པ་མིན་པའི་སྤུན་ཟླ་རྣམས་དང་མ་འགྲོགས་ཏེ་སོ་སོར་བསྡད།

13 ཡ་ཧུ་དཱ་པ་ཡིན་པའི་སྤུན་ཟླ་གཞན་པ་རྣམས་ཁོ་དང་མཉམ་དུ་ཚུལ་འཆོས་བྱས་པས་པར་ན་པཱ་ཡང་མགོ་འཁོར་ཐེབས་ནས་དེ་ལྟར་བྱས།

14 འཕྲིན་བཟང་གི་བདེན་པ་དང་མི་མཐུན་པའི་སྤྱོད་པ་དེ་མཐོང་ནས་དེ་ཚོ་ཚང་མའི་མདུན་དུ་ངས་པེ་ཏྲོ་ལ་ “ཁྱོད་ཡ་ཧུ་དཱ་པ་ཡིན་ཡང་ཕྱི་པའི་ལུགས་སྲོལ་བྱས་ན། ཁྱོད་ཀྱིས་ཕྱི་པ་རྣམས་ལ་ཡ་ཧུ་དཱ་པའི་ལུགས་སྲོལ་བྱེད་དུ་འཇུག་པ་དེ་ཅི་ཡིན་” ཅེས་སྨྲས།

དད་པའི་སྒོ་ནས་ཡང་དག་པར་འགྱུར་བ།

15 ང་ཚོ་ཕྱི་པའི་སྡིག་ཅན་ཟེར་མཁན་མིན་ཏེ། སྐྱེས་པ་ནས་ཡ་ཧུ་དཱ་པ་ཡིན་པ་རྣམས་ཀྱིས་

16 རང་གི་དགེ་བའི་ལས་མ་ཡིན་གྱིས། ཡེ་ཤུ་མཱ་ཤི་ཀ་ལ་དད་པའི་སྒོ་ནས་མི་རྣམས་ཡང་དག་པར་གྱུར་བར་ཤེས་ཏེ། ང་ཚོ་ཡང་མཱ་ཤི་ཀ་ཡེ་ཤུ་ལ་དད་པ་བྱས་སོ། དེ་ནི་ཆོས་ཁྲིམས་ཀྱི་དགེ་བའི་ལས་ལ་བརྟེན་པར་མ་ཡིན་གྱིས། དད་པའི་སྒོ་ནས་ང་ཚོ་ཡང་དག་པར་གྱུར་བའི་ཕྱིར་ཡིན། གང་ལགས་ཟེར་ན། ཆོས་ཁྲིམས་སྲུང་བའི་སྒོ་ནས་མི་རྣམས་ཡང་དག་པར་འགྱུར་མི་སྲིད།

17 ངེད་རྣམས་མཱ་ཤི་ཀའི་སྒོ་ནས་ཡང་དག་པར་གྱུར་བར་བརྩོན་ཡང་ད་དུང་ང་ཚོ་ཡང་སྡིག་ཉེས་ཅན་དུ་འགྱུར་བ་ཡིན་ན། མཱ་ཤི་ཀས་མི་རྣམས་ལ་སྡིག་ཉེས་བྱེད་དུ་འཇུག་གམ། དེ་གཏན་ནས་མི་སྲིད།

18 ངས་སྔར་གང་བཤིག་པ་དེ་སླར་ཡང་བརྩིགས་ན་ང་ཆོས་ཁྲིམས་དང་འགལ་མཁན་ཡིན་པ་སྟོན་གྱི་ཡོད།

19 ཆོས་ཁྲིམས་སྲུང་བའི་སྒོ་ནས་ང་ཆོས་ཁྲིམས་ཀྱི་ཆ་ནས་ཤི་ཟིན་པ་ལྟར་གྱུར། དེ་ནི་དཀོན་མཆོག་གི་སྤྱན་སྔར་ང་གསོན་པའི་ཕྱིར་ཡིན།

20 ང་ཡེ་ཤུ་མཱ་ཤི་ཀ་དང་མཉམ་དུ་རྒྱང་ཤིང་སྒང་ལ་བརྒྱངས་ནས་ཤི་ཟིན་པས་ང་ནི་རང་འདོད་ལྟར་མི་འཚོ་སྟེ། མཱ་ཤི་ཀ་ངའི་སེམས་ལ་བཞུགས། ད་ལྟ་ང་འཇིག་རྟེན་འདིར་འཚོ་བ་ནི། ང་ལ་བྱམས་ཤིང་སྲོག་བློས་གཏོང་མཁན་དཀོན་མཆོག་གི་སྲས་ལ་དད་པའི་སྒོ་ནས་འཚོ།

21 ངས་དཀོན་མཆོག་གི་ཐུགས་རྗེ་རྩིས་མེད་དུ་མི་གཏོང༌། གང་ལགས་ཤེ་ན། གལ་ཏེ་ཆོས་ཁྲིམས་སྲུང་བའི་སྒོ་ནས་ང་ཚོ་ཡང་དག་པར་འགྱུར་ན། མཱ་ཤི་ཀ་དོན་མེད་དུ་གྲོངས་པ་ཡིན་ནོ།།

 

*******************************************

Galatians (1) – ག་ལད་ཡཱ་པ། (1)

Galatians (1) – ག་ལད་ཡཱ་པ། (1)

1 མིའི་ཕྱོགས་ནས་སམ། མི་རྣམས་ལ་བརྟེན་ནས་མ་བཏང་བར། ཡེ་ཤུ་མཱ་ཤི་ཀ་དང་ཁོང་འཆི་བ་ནས་སླར་གསོན་པར་མཛད་མཁན་ཡབ་དཀོན་མཆོག་གིས་མངགས་པའི་སྐུ་ཚབ་པའུ་ལུ་ང་དང༌།

2 འདིར་མཉམ་དུ་ཡོད་པའི་སྤུན་ཟླ་ཐམས་ཅད་ཀྱིས་ག་ལད་ཡཱ་ཡུལ་དུ་ཡོད་པའི་དད་ལྡན་ཆོས་ཚོགས་རྣམས་ལ་འཕྲིན་ཡིག་འདི་ཕུལ་ལོ།

3 ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་རྣམས་ལ་འཐོབ་པར་གྱུར་ཅིག

4 ང་ཚོ་དུས་ངན་པ་འདི་ལས་སྐྱོབ་པའི་ཕྱིར་ང་ཚོ་སྡིག་ཉེས་ལས་ཐར་དུ་འཇུག་པར་ཁོང་གིས་རང་སྲོག་བློས་བཏང་གནང༌། དེ་ནི་ང་ཚོའི་ཡབ་དཀོན་མཆོག་གི་དགོངས་པ་ལྟར་ཡིན་པས།

5 དུས་གཏན་དུ་ཁོང་ལ་གཟི་བརྗིད་དང་ལྡན་པར་གྱུར་ཅིག ཨ་མེན།

འཕྲིན་བཟང་ངོ་མ་གཅིག་ལས་མེད།

6 ཁྱོད་རྣམས་ཀྱིས་མཱ་ཤི་ཀའི་ཐུགས་རྗེའི་སྒོ་ནས་འབོད་གནང་མཁན་དེ་མགྱོགས་པོར་འདོར་བ་དང༌། འཕྲིན་བཟང་གཞན་ཞིག་ལ་ཡིད་ཆེས་པས་ང་ཡ་མཚན་ཆེན་པོ་སྐྱེས།

7 འཕྲིན་བཟང་གཞན་དེ་དོན་དམ་དུ་འཕྲིན་བཟང་རྩ་བ་ནས་མ་ཡིན། ཁྱོད་རྣམས་ཀྱི་སེམས་དཀྲུགས་ཏེ་མཱ་ཤི་ཀའི་འཕྲིན་བཟང་འཁྱོག་བཤད་བྱེད་འདོད་མཁན་ཁ་ཤས་ཡོད།

8 འོན་ཀྱང་ང་ཚོའམ། ཡང་ན་དཀོན་མཆོག་གི་ཞིང་ཁམས་ནས་བབས་པའི་ཕོ་ཉ་ཞིག་གིས་སྔར་ང་ཚོས་ཁྱོད་རྣམས་ལ་བསྟན་པའི་འཕྲིན་བཟང་དང་མི་མཐུན་པ་ཞིག་བཤད་ན། དེར་དམྱལ་ཁམས་ལ་དུས་རྟག་ཏུ་གནས་ཏེ་ཆད་པ་ཕོག་པར་འགྱུར།

9 ང་ཚོས་སྔར་སྨྲས་པ་ལྟར་ད་ལྟ་ཡང་བསྐྱར་ཤོད་རྒྱུ་ཡིན། གལ་ཏེ་མི་སུ་ཞིག་གིས་ཁྱོད་རྣམས་ཀྱིས་སྔར་དང་ལེན་བྱས་པའི་འཕྲིན་བཟང་དང་མི་མཐུན་པ་ཞིག་བསྒྲགས་ན། མི་དེར་དམྱལ་ཁམས་སུ་དུས་རྟག་ཏུ་གནས་ཏེ་ཆད་པ་ཕོག་པར་འགྱུར།

10 ད་ལྟ་ངས་མིའམ་དཀོན་མཆོག་གི་བཀུར་སྟི་འཚོལ་ལམ། ཡང་ན་ངས་མི་རྣམས་དགྱེས་པར་བརྩོན་ནམ། གལ་ཏེ་ད་དུང་མི་རྣམས་དགའ་བར་བྱེད་འདོད་ན་ང་མཱ་ཤི་ཀའི་ཞབས་ཕྱི་མིན་ནོ།།

འཕྲིན་བཟང་ནི་ཡེ་ཤུ་མཱ་ཤི་ཀ་ནས་ཡིན།

11 ངའི་སྤུན་ཟླ་རྣམས། ངས་བསྒྲགས་པའི་འཕྲིན་བཟང་དེ་ནི་མིའི་སེམས་ལས་མ་བྱུང་བ་ཁྱེད་ཚོས་ཤེས་པར་འདོད།

12 གང་ལགས་ཤེ་ན། ངས་འཕྲིན་བཟང་དེ་མི་རྣམས་ནས་དང་ལེན་མ་བྱས། སུས་ཀྱང་ང་ལ་མ་བསྟན། ཡེ་ཤུ་མཱ་ཤི་ཀ་ཡིས་ང་ལ་མངོན་པར་མཛད་པས་དང་ལེན་བྱས།

13 སྔར་ངས་ཡ་ཧུ་དཱ་པའི་ཆོས་ལུགས་འཛིན་པའི་དུས་སུ་དཀོན་མཆོག་གི་ཆོས་ཚོགས་ལ་གནོད་ཆེན་པོ་སྐྱེལ་ཏེ་མེད་པར་བྱེད་ཐབས་བྱས་པའི་སྤྱོད་ཚུལ་གྱི་སྐོར་ཁྱེད་ཀྱིས་ཐོས་མྱོང༌།

14 མེས་པོའི་ལུགས་སྲོལ་འཛིན་པར་བརྩོན་སེམས་ཧ་ཅང་ཆེན་པོ་ཡོད་པས། ང་དང་ན་མཉམ་ཡིན་པའི་ཕ་ཡུལ་གཅིག་པ་རྣམས་ཀྱི་ནང་ནས་ང་ཡ་ཧུ་དཱ་པའི་ཆོས་ལ་འབད་བརྩོན་ལྷག་པར་ཆེ་བ་ཡིན།

15 འོན་ཀྱང་དཀོན་མཆོག་གིས་ང་སྐྱེས་དུས་ནས་འདེམས་པར་མཛད་པ་དང་ཁོང་གི་ཐུགས་རྗེའི་སྒོ་ནས་འབོད་གནང་སྟེ། ངས་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ཁྲོད་དུ་ཁོང་གི་འཕྲིན་བཟང་སྒྲོག་པའི་ཕྱིར་དཀོན་མཆོག་གིས་རང་གི་སྲས་ང་ལ་མངོན་པར་མཛད་པ་ཐུགས་མཉེས་སྐབས།

16-17 མི་སུ་དང་ཡང་གྲོས་བསྡུར་མ་བྱས་པར། ང་ལས་སྔོན་དུ་སྐུ་ཚབ་ཏུ་གྱུར་བ་རྣམས་མཇལ་དུ་ཡེ་རུ་ཤ་ལེམ་ལ་མ་སོང་གི ཨ་རབ་ཡུལ་ལ་འཕྲལ་དུ་ཕྱིན་ནས་བསྡད་དེ་དཱ་མེ་སེག་གྲོང་ཁྱེར་ལ་ལོག

18 དེ་ནས་ལོ་གསུམ་གྱི་རྗེས་སུ་སྐུ་ཚབ་པེ་ཏྲོ་ཐུག་པའི་ཆེད་དུ་ང་ཡེ་རུ་ཤ་ལེམ་ལ་སོང་ནས་ཉིན་བཅོ་ལྔའི་བར་ཁོང་དང་མཉམ་དུ་བསྡད་ན་ཡང༌།

19 གཙོ་བོའི་གཅུང་པོ་ཡ་ཀོབ་མ་གཏོགས་སྐུ་ཚབ་གཞན་རྣམས་ཕྲད་མ་བྱུང༌།

20 ངས་ཁྱོད་རྣམས་ལ་བདེན་པར་སྨྲས་པ་ལས་དཀོན་མཆོག་གི་མདུན་དུ་རྫུན་གཏམ་བཤད་པ་མིན།

21 དེ་ནས་ང་སི་རི་ཡཱ་དང་ཀི་ལིག་ཡཱ་ཡུལ་དུ་ཕྱིན་པ་ཡིན།

22 ཡ་ཧུ་དཱ་ཡུལ་དུ་མཱ་ཤི་ཀའི་ཆོས་ཚོགས་ཀྱི་མི་རྣམས་ཀྱིས་ང་ད་དུང་མ་མཐོང༌།

23 ཁོ་ཚོས་སྔར་ང་ཚོར་གནོད་སྐྱེལ་ཞིང་ཆོས་ལུགས་མེད་པ་བཟོ་ཐབས་བྱས་པ་ཁོ་རང་གིས་ད་ལྟ་འཕྲིན་བཟང་སྒྲོག་བཞིན་འདུག་ཅེས་ཟེར་བའི་གཏམ་དེ་ཁོ་ན་ཐོས་པས།

24 ངའི་དོན་དུ་དཀོན་མཆོག་ལ་བསྟོད་པ་ཕུལ་ལོ།།

 

****************************************