Romans (9) – རོ་མཱ་པ། (9)

Romans (9) – རོ་མཱ་པ། (9)

1 མཱ་ཤི་ཀའི་ཐོག་ནས་རྫུན་གཏམ་མིན་ཏེ་བདེན་པ་ཤོད། དམ་པའི་ཐུགས་ཉིད་ཀྱི་ཐོག་ནས་ངའི་སེམས་ཀྱིས་བདེན་དཔང་བྱེད་དེ།

2 ངའི་སེམས་ལ་སྡུག་བསྔལ་ཆེན་པོ་དང་མྱ་ངན་རྒྱུན་ཆད་མེད་པར་མྱོང༌།

3 ངའི་མི་རིགས་དང་ཤ་རུས་གཅིག་པའི་སྤུན་གྱི་དོན་དུ་དཀོན་མཆོག་གི་ཆད་པ་རྟག་ཏུ་ཕོག་ཤིང༌། མཱ་ཤི་ཀ་དང་ཁ་བྲལ་བར་འགྱུར་བ་ལྟར་ཡིན་ཡང་ང་དེ་ལྟར་མོས་སོ།

4 ཁོ་ཚོ་ཡི་སི་ར་ཨེལ་པ་ཡིན་ཞིང༌། དཀོན་མཆོག་གིས་ཁོ་རྣམས་སྲས་སུ་བསྒྱུར་བར་མཛད་ནས་ཁོ་ཚོར་གཟི་བརྗིད་དང༌། ཞལ་ཆད་རྣམས་དང༌། ཆོས་ཁྲིམས། མཆོད་ཁང་ཆེན་མོར་ཞབས་ཏོག་བྱེད་པ། ཞལ་གྱིས་བཞེས་པ་རྣམས་གནང་བས།

5 ཁོ་རྣམས་ལ་ཨབ་ར་ཧམ་ལ་སོགས་པའི་མེས་པོ་རྣམས་ཡོད་ཅིང༌། ཁོ་ཚོའི་བུ་རྒྱུད་ལས་མཱ་ཤི་ཀ་བྱུང་སྟེ། ཁོང་ནི་བླ་ན་མེད་པ་དང༌། དུས་རྟག་ཏུ་བཀུར་སྟི་དང་ལྡན་པའི་དཀོན་མཆོག་ཡིན་ནོ། ཨ་མེན།

6 དཀོན་མཆོག་གིས་གང་ཞལ་གྱིས་བཞེས་པ་དེ་སྟོང་བར་མ་གྱུར། གང་ཡིན་ཞེ་ན། ཡི་སི་ར་ཨེལ་གྱི་བུ་རྒྱུད་ཐམས་ཅད་དཀོན་མཆོག་ལ་གཏོགས་པའི་མི་དངོས་མིན་ནོ།

7 ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་ཚད་སྲས་དང་སྲས་མོ་དངོས་མིན། དེ་ལས་ལྡོག་སྟེ་མདོ་ལས། ཨི་སཱག་བརྒྱུད་ནས་ཁྱོད་ཀྱི་བུ་རྒྱུད་རྩི་བར་འགྱུར་ཞེས་གསུངས།

8 དེའི་དོན་ནི་ཨབ་ར་ཧམ་གྱི་བུ་རྒྱུད་ཐམས་ཅད་དཀོན་མཆོག་གི་སྲས་དང་སྲས་མོ་རྣམས་མིན་ཏེ། དཀོན་མཆོག་གི་ཞལ་ཆད་ཀྱི་བུ་རྒྱུད་ཚོ་ཨབ་ར་ཧམ་གྱི་བུ་རྒྱུད་དུ་རྩི།

9 ཞལ་གྱིས་བཞེས་པའི་བཀའ་འདི་ལྟར་ཡིན། དུས་འདི་ཙམ་ལ་ང་ཡོང་ཞིང་ས་རཱ་ལ་བུ་ཞིག་སྐྱེ་བར་འགྱུར།

10 དེ་མ་ཟད། རེ་པེ་ཀཱ་ཡི་མཚེ་མ་ལ་ཕ་གཅིག་རང་ཡོད་དེ་ང་ཚོའི་མེས་པོ་ཨི་སཱག་ཡིན།

11 མཚེ་མ་དེ་གཉིས་མ་སྐྱེས་པ་དང༌། བཟང་ངན་ཅིའང་མ་བྱས་པའི་གོང༌། མིའི་བྱ་བར་མ་བརྟེན་པར་དཀོན་མཆོག་གི་ཐུགས་དགོངས་བཞིན་འདམ་པར་མཛད་པ་སྒྲུབ་ཕྱིར།

12 ཁོ་མོ་ལ། བུ་རྒན་པས་བུ་གཞོན་པར་གཡོག་བྱེད་པར་འགྱུར་ཞེས་གསུངས།

13 དེ་ལྟར་གསུང་རབ་ཀྱི་མདོ་ལས་ངས་ཡ་ཀོབ་ལ་བྱམས་ཤིང་ཨེ་སའུ་ལ་སྡང་ཞེས་བྲིས།

14 འོ་ན་ང་ཚོས་ཅི་ཟེར། དཀོན་མཆོག་དྲང་བདེན་མིན་པ་ལགས་སམ། དེ་མི་སྲིད།

15 གང་ལགས་ཤེ་ན། ཁོང་གིས་ལུང་སྟོན་པ་མོ་ཤེ་ལ།

ང་ཡིས་སུ་ལ་བྱམས་པར་སེམས་པ་དེ་ལ་བྱམས།།

ང་ནི་སུ་ལ་སྙིང་རྗེར་སེམས་པ་དེ་ལ་བརྩེ།།

ཞེས་གསུངས།

16 དེའི་ཕྱིར་མིའི་བསམ་འདུན་ནམ་འབད་རྩོལ་མ་ཡིན་པར་བཀའ་དྲིན་ཅན་གྱི་དཀོན་མཆོག་ལ་རྟེན་ནོ།

17 ཡང་གསུང་རབ་ལས་ཨེ་ཇེབ་ཡུལ་གྱི་རྒྱལ་པོ་ཕར་ཨོ་ལ། ཁྱོད་བརྒྱུད་ནས་ངའི་ནུས་མཐུ་སྟོན་ཞིང༌། ངའི་མིང་འཛམ་གླིང་ཀུན་ལ་སྒྲོག་པའི་དོན་འདི་རང་གི་ཕྱིར་ངས་ཁྱོད་བསྐོས་པ་ཡིན་ཞེས་གསུངས།

18 དེ་བས་ན་དཀོན་མཆོག་གི་དགོངས་པ་ལྟར་སུ་ལ་ཐུགས་རྗེ་གནང་ཞིང༌། སུ་ལ་སེམས་མཁྲེགས་པོར་འདོད་ཀྱང་དེ་ལ་མཛད།

དཀོན་མཆོག་གི་ཐུགས་ཁྲོ་དང་ཐུགས་རྗེ།

19 དེའི་ཕྱིར་ཁྱེད་ཀྱིས་ང་ལ། ཁོང་གིས་ཅིའི་ཕྱིར་ངེད་རྣམས་ལ་ད་དུང་སྐྱོན་འདོགས་པར་མཛད། ཁོང་གི་དགོངས་པར་རྒོལ་ཐུབ་མཁན་སུ་ཡིན་ཞེས་ཟེར་བར་འགྱུར།

20 འོན་ཀྱང་དཀོན་མཆོག་ལ་ཁ་ལན་སློག་མཁན་མི་ཁྱོད་སུ་ཡིན། གང་བཟོས་པ་དེས་བཟོ་མཁན་ལ། ཁྱེད་ཀྱིས་ཅིའི་ཕྱིར་ང་འདི་ལྟར་བཟོས་པ་ཡིན་ཞེས་ཟེར་རམ།

21 རྫ་མཁན་ལ་འཇིམ་པའི་གོང་པོ་གཅིག་ལས་སྣོད་ཆས་མཆོག་དམན་གཉིས་སུ་སྤྱོད་པ་བཟོ་བའི་དབང་ཆ་མེད་དམ།

22 དེ་ལྟར་དཀོན་མཆོག་ལ་ཐུགས་ཁྲོ་དང་ནུས་མཐུ་སྟོན་པར་མཛད་པའི་དབང་ཆ་ཡོད་ནའང༌། ཁོང་གི་ཐུགས་ཁྲོ་བབ་སའི་གཏོར་བཤིག་ཏུ་འགྲོ་བའི་མི་རྣམས་ལ་ཤིན་ཏུ་ཐུགས་བཟོད་པར་སྒོམ།

23 དེ་ནི་གཟི་བརྗིད་དང་ལྡན་པར་འགྱུར་བར་སྔར་གྲ་སྒྲིག་མཛད་དེ། ཁོང་གིས་ཐུགས་རྗེ་གནང་བ་རྣམས་ལ་བླ་ན་མེད་པའི་གཟི་བརྗིད་སྟོན་པར་མཛད་པའི་ཆེད་དུ་ཡིན།

24 ཡང་ཁོང་གིས་ཡ་ཧུ་དཱ་པ་མ་ཟད་ཡ་ཧུ་དཱ་པ་མིན་པ་ལས་ཀྱང་བདམས་པར་མཛད་པ་རྣམས་ནི་ང་ཚོ་ཡིན།

25 ཁོང་གིས་ལུང་སྟོན་པ་ཧོ་ཤེ་ཨ་བརྒྱུད་ནས།

ང་ཡི་མ་ཡིན་མི་རྣམས་ལ།།

ང་ཡི་མི་རྣམས་ཞེས་སུ་འབོད།།

ཐུགས་བརྩེའི་ཡུལ་མིན་མི་རྣམས་ལ།།

ང་ཡི་ཐུགས་བརྩེའི་མི་ཞེས་འབོད།།

26 ཡང༌།

ཁྱོད་ནི་ང་ཡི་མི་མ་ཡིན་ཞེས་བརྗོད་པའི་སར།།

གཏན་དུ་གནས་པའི་དཀོན་མཆོག་སྲས་རྣམས་ཞེས་སུ་འབོད།།

ཞེས་གསུངས།

27 ཡང་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་ཡི་སི་ར་ཨེལ་གྱི་སྐོར་ལ་འདི་ལྟར་བོས།

ཡི་སི་ར་ཨེལ་ཡུལ་གྱི་བུ་རྒྱུད་རྣམས།།

མཚོ་འགྲམ་བྱེ་མ་བཞིན་དུ་མང་ན་ཡང༌།།

ཐར་བར་མཛད་པ་ཉུང་ཤས་ཙམ་ཞིག་གོ །

28 འཇིག་རྟེན་འདི་ལ་གཙོ་བོ་དཀོན་མཆོག་གིས།།

ཁྲིམས་གཅོད་མ་འགྱངས་ཡོངས་སུ་མཛད་ཕྱིར་ཡིན།།

ཞེས་གསུངས།

29 ཡང་ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་ལུང་བསྟན་པ་ལྟར།

ནུས་མཐུ་ཀུན་དང་ལྡན་པའི་དཀོན་མཆོག་གིས།།

ང་ཚོའི་བུ་རྒྱུད་འཇོག་པར་མ་མཛད་ན།།

སཱ་དོམ་དང་ནི་གྷོ་མོ་ར་བཞིན་གྱུར།།

ཞེས་གསུངས།

ཡི་སི་ར་ཨེལ་དད་པ་མེད་པའི་སྐོར།

30 འོ་ན་ང་ཚོས་ཅི་ཟེར། ཡ་ཧུ་དཱ་པ་མིན་པ་རྣམས་རྣམ་པར་དག་པར་འབད་བརྩོན་མ་བྱས་ཀྱང༌། དད་པ་ལས་འབྱུང་བའི་རྣམ་པར་དག་པ་ཐོབ།

31 འོན་ཀྱང་ཡི་སི་ར་ཨེལ་གྱིས་ཆོས་ཁྲིམས་སྒྲུབ་པ་ལས་འབྱུང་བའི་དྲང་བདེན་ཉིད་ལ་འབད་བརྩོན་བྱས་ཀྱང་ཆོས་ཁྲིམས་དེ་མ་བསྒྲུབས།

32 དེ་ཅིའི་ཕྱིར་ཞེ་ན། ཁོ་ཚོས་དད་པ་ལ་མ་བརྟེན་ཏེ་དགེ་བའི་ལས་ལ་བརྟེན་པའི་ཚུལ་དུ་དེ་ལ་འབད་བརྩོན་བྱས་པའི་ཕྱིར་རོ། ཁོ་ཚོའི་ཕྱིར་ཆོས་ཁྲིམས་དེ་ནི་འགག་རྡོ་ལྟ་བུར་གྱུར་ཏེ།

33 མདོ་ལ་བཀོད་པ་ལྟར་ན།

ལྟོས་ཤིག་ང་ཡིས་ཙི་ཡོན་ཡུལ་ལ་ནི།།

རྐང་པ་ཐོགས་ཤིང་འགྱེལ་བར་བྱེད་པ་ཡི།།

རྡོ་ཞིག་བཞག་པས་མི་ནི་སུ་ཞིག་གིས།།

ཁོང་ལ་དད་ན་སྐྱེངས་པར་མི་འགྱུར་རོ།།

ཞེས་གསུངས་སོ།།

 

********************************

Romans (8) – རོ་མཱ་པ། (8)

Romans (8) – རོ་མཱ་པ། (8)

1 དེའི་ཕྱིར་ད་ནས་མཱ་ཤི་ཀ་ཡེ་ཤུའི་ནང་ན་གནས་པ་རྣམས་ལ་ཆད་པ་ཅིའང་མེད།

2 གང་ལགས་ཟེར་ན། ཚེ་གསར་པ་གནང་བའི་དམ་པའི་ཐུགས་ཉིད་ཀྱི་བཀའ་ཁྲིམས་ཀྱིས་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་ཁྱེད་རྣམས་སྡིག་ཉེས་དང་འཆི་བའི་དབང་ལས་བསྒྲལ་བར་མཛད།

3 མིའི་རིགས་ཀྱི་སྡིག་པའི་རང་གཤིས་ཀྱི་དབང་གིས་སྟོབས་ཉམས་པར་གྱུར་བའི་ཆོས་ཁྲིམས་ཀྱིས་བྱེད་མ་ཐུབ་པ་དེ་དཀོན་མཆོག་གིས་བསྒྲུབས་པར་མཛད། ཁོང་གིས་རང་ཉིད་ཀྱི་སྲས་སྡིག་ཅན་གྱི་ལུས་དང་འདྲ་བའི་སྐུ་གཟུགས་དང་ལྡན་པར་ངེད་རྣམས་ཀྱི་སྡིག་ཉེས་སེལ་བའི་དོན་དུ་མཆོད་པར་འགྱུར་བའི་ཕྱིར་མངགས་ཏེ། མིའི་རིགས་ཀྱི་རང་གཤིས་ལ་གནས་པའི་སྡིག་ཉེས་ཁྲིམས་ཐག་གཅོད་པར་མཛད།

4དེ་ནི་སྡིག་པའི་རང་གཤིས་ལྟར་འཚོ་བ་མིན་པར་དམ་པའི་ཐུགས་ཉིད་བཞིན་དུ་འཚོ་བ་ངེད་རྣམས་ཀྱི་ནང་ན་ཆོས་ཁྲིམས་ཀྱི་དྲང་བདེན་གྱི་དགོས་པ་སྒྲུབ་པའི་ཆེད་དུ་ཡིན།

5 སྡིག་པའི་རང་གཤིས་དང་བསྟུན་པའི་སྤྱོད་པ་བྱེད་མཁན་རྣམས་ཀྱིས་སྡིག་ཉེས་ཀྱི་སྐོར་བློ་གཅིག་ཏུ་སེམས། འོན་ཀྱང་དམ་པའི་ཐུགས་ཉིད་དང་བསྟུན་པའི་སྤྱོད་པ་བྱེད་མཁན་རྣམས་ཀྱིས་ཐུགས་ཉིད་གང་མཉེས་པའི་སྐོར་བློ་གཅིག་ཏུ་སེམས།

6 སྡིག་པའི་རང་གཤིས་ལ་བློ་གཅིག་ཏུ་སེམས་པའི་འབྲས་བུ་ནི་འཆི་བ་ཡིན། འོན་ཀྱང་དམ་པའི་ཐུགས་ཉིད་ལ་བློ་གཅིག་ཏུ་བསམས་ན་དཔག་ཏུ་མེད་པའི་ཚེ་དང་ཞི་བདེ་ཡིན་ནོ།

7 དེའི་ཕྱིར་སྡིག་པའི་རང་གཤིས་ལ་བློ་གཅིག་ཏུ་སེམས་པ་འདིས་དཀོན་མཆོག་ལ་རྒོལ། དེས་དཀོན་མཆོག་གི་བཀའ་ཁྲིམས་མི་སྲུང་ཞིང་སྲུང་ཡང་མི་སྲིད་པས།

8 སྡིག་པའི་རང་གཤིས་ལྟར་མི་ཚེ་སྐྱེལ་བ་རྣམས་ཀྱིས་དཀོན་མཆོག་ཐུགས་མཉེས་པ་བྱེད་མི་ཐུབ།

9 གལ་ཏེ་དཀོན་མཆོག་གི་ཐུགས་ཉིད་ཁྱེད་རྣམས་ལ་དངོས་སུ་བཞུགས་ན། ཁྱེད་ཚོ་སྡིག་ཅན་གྱི་རང་གཤིས་མིན་ཏེ་དམ་པའི་ཐུགས་ཉིད་ཀྱི་དབང་འོག་ཏུ་ཡོད། གལ་ཏེ་སུ་ཞིག་ལ་མཱ་ཤི་ཀའི་ཐུགས་ཉིད་མེད་ན། མཱ་ཤི་ཀའི་ཁོངས་གཏོགས་མིན།

10 གལ་ཏེ་མཱ་ཤི་ཀ་ཁྱེད་ཚོའི་ནང་བཞུགས་ན། སྡིག་ཉེས་ཀྱི་རྐྱེན་གྱིས་ལུས་ཤི་བ་ཡིན་ཡང༌། དཀོན་མཆོག་གི་སྤྱན་སྔར་ཁྱེད་ཚོ་རྣམ་པར་དག་པ་ཡིན་པས་སེམས་གསོན་ནོ།

11 ཡེ་ཤུ་འཆི་བ་ནས་སླར་གསོན་དུ་མཛད་མཁན་གྱི་དམ་པའི་ཐུགས་ཉིད་ཁྱེད་རྣམས་ཀྱི་ནང་ལ་བཞུགས་ན། དེ་ལྟར་མཛད་མཁན་གྱིས་ཁྱེད་རྣམས་ཀྱི་ནང་ལ་བཞུགས་ཏེ་ཁོང་གི་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ཁྱེད་ཀྱི་མི་རྟག་པའི་ལུས་ཀྱང་གསོན་པོར་མཛད་པར་འགྱུར་ངེས་ཡིན།

12 སྤུན་ཟླ་རྣམས། དེའི་ཕྱིར་སྡིག་པའི་རང་གཤིས་དང་བསྟུན་པའི་སྤྱོད་པ་བྱེད་མི་དགོས།

13 གང་ཡིན་ཞེ་ན། སྡིག་པའི་རང་གཤིས་དང་བསྟུན་པའི་སྤྱོད་པ་བྱས་ན་འཆི་བར་ངེས། འོན་ཀྱང་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་སྡིག་པའི་སྤྱོད་པ་མེད་པར་བྱས་ན་གསོན་པོར་འགྱུར།

14 གང་ཡིན་ཟེར་ན། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་འཁྲིད་པ་ཐམས་ཅད་ནི་དཀོན་མཆོག་གི་སྲས་ཡིན།

15 ཡང་དཀོན་མཆོག་གིས་ཁྱེད་རྣམས་ལ་གནང་བའི་ཐུགས་ཉིད་ཀྱིས་ཁྱེད་ཚོ་ཞེད་སྣང་དང་ལྡན་པའི་བྲན་གཡོག་མིན་ཏེ། ཁོང་གི་སྲས་སུ་འགྱུར་བར་མཛད། ཁོང་གི་སྒོ་ནས་ངེད་རྣམས་ཀྱིས་ཨབ་པཱ་ཡབ་ཅེས་འབོད།

16 ཐུགས་ཉིད་ཀྱིས་ང་ཚོའི་སེམས་དང་འགྲོགས་ཏེ་ངེད་རྣམས་དཀོན་མཆོག་གི་སྲས་དང་སྲས་མོ་ཡིན་པར་བདེན་དཔང་མཛད།

17 དེས་ན་ངེད་རྣམས་ནི་དཀོན་མཆོག་གི་སྲས་དང་སྲས་མོ་ཡིན་ན། མཱ་ཤི་ཀ་དང་མཉམ་དུ་དཀོན་མཆོག་གི་ཞལ་ཆད་འཛིན་མཁན་ཡང་ཡིན། གལ་ཏེ་ངེད་རྣམས་མཱ་ཤི་ཀ་དང་མཉམ་དུ་སྡུག་བསྔལ་མྱོང་ན་ཁོང་དང་ལྷན་དུ་འགྲོགས་ཏེ་གཟི་བརྗིད་དང་ལྡན་པར་འགྱུར་རོ།།

མ་འོངས་པའི་གཟི་བརྗིད།

18 ངའི་བསམ་པར། དེང་དུས་ཀྱི་སྡུག་བསྔལ་ནི་མ་འོངས་པའི་དུས་སུ་ངེད་རྣམས་ལ་མངོན་པར་འགྱུར་བའི་གཟི་བརྗིད་དང་བསྡུར་ན་ཅི་ཡང་མིན།

19 དཀོན་མཆོག་གིས་གང་བཀོད་པ་ཐམས་ཅད་ཀྱིས་དཀོན་མཆོག་གི་སྲས་རྣམས་མངོན་སུམ་དུ་འགྱུར་བར་གདུང་ཞིང་སྒུག

20-21 གང་ལགས་ཟེར་ན། དཀོན་མཆོག་གིས་གང་བཀོད་པ་རྣམས་རང་གི་འདོད་པ་ལྟར་མེད་དེ། ཁོང་གི་དགོངས་པ་ལྟར་དོན་མེད་པའི་དབང་དུ་བཅུག དེ་ནི་རེ་བ་བྱེད་དེ་གང་བཀོད་པ་འཇིག་པ་ལས་བསྒྲལ་ནས་དཀོན་མཆོག་གི་སྲས་དང་སྲས་མོ་རྣམས་ཀྱི་གཟི་བརྗིད་དང་ལྡན་པའི་རང་དབང་འཐོབ་པའི་ཆེད་དུ་ཡིན། 22 ད་ལྟའི་བར་དུ་དཀོན་མཆོག་གིས་གང་བཀོད་པ་ཐམས་ཅད་སྦྲུམ་མར་སྐྱེ་ཟུག་ལང་བ་ལྟར་འཁུན་སྒྲ་འབྱིན་པ་ངེད་ཀྱིས་ཤེས།

23 དེ་མ་ཟད་དམ་པའི་ཐུགས་ཉིད་ལོ་ཏོག་གི་ཕུད་དང་ལྡན་པ་ངེད་རྣམས་ཀྱང་དཀོན་མཆོག་གི་སྲས་སུ་གྱུར་བ་དང༌། ང་ཚོའི་ལུས་པོ་སྡིག་ཉེས་དང་སྡུག་བསྔལ་ལས་སྒྲོལ་ཏེ་མི་འཇིག་པའི་ལུས་གསར་པ་འཐོབ་པར་རེ་སྒུག་བྱེད་དུས་ཁོག་ན་འཁུན་སྒྲ་འབྱིན།

24 གང་ཡིན་ཞེ་ན། རེ་བའི་ནང་དུ་ངེད་རྣམས་ཐར་བར་གྱུར། འོན་ཀྱང་མིག་གིས་གང་མཐོང་ཟིན་པ་དེར་རེ་བ་བྱེད་རྒྱུ་མེད་དེ། མིག་གིས་མཐོང་ཟིན་པ་ལ་སུས་རེ་སྒུག་བྱེད།

25 འོན་ཏེ་གང་རེ་བ་བྱེད་པ་དེ་མི་མཐོང་ན། ངེད་རྣམས་ཀྱིས་བཟོད་པའི་སྒོ་ནས་རེ་སྒུག་བྱེད།

26 དེ་བཞིན་དུ་དམ་པའི་ཐུགས་ཉིད་ཀྱིས་ང་ཚོ་སྟོབས་མེད་པར་རོགས་པ་གནང༌། ངེད་རྣམས་ཀྱིས་སྨོན་ལམ་ཇི་ལྟར་འདེབས་དགོས་པ་མི་ཤེས་ཀྱང༌། དམ་པའི་ཐུགས་ཉིད་ཀྱིས་ཚིག་གིས་སྨྲ་བར་མི་ཐུབ་པའི་འཁུན་སྒྲས་ང་ཚོའི་དོན་ལ་ཞུ་ངོ་མཛད།

27 ཡང་ངེད་རྣམས་ཀྱི་སེམས་ལ་གཟིགས་མཁན་གྱིས་དམ་པའི་ཐུགས་ཉིད་ཀྱི་དགོངས་པ་མཁྱེན། གང་ལགས་ཤེ་ན། དཀོན་མཆོག་གི་དགོངས་པ་ལྟར་དམ་པའི་ཐུགས་ཉིད་ཀྱིས་དད་ལྡན་པ་རྣམས་ཀྱི་དོན་ལ་ཞུ་ངོ་མཛད་པས་སོ།

28དཀོན་མཆོག་གིས་དོན་ཐམས་ཅད་མཉམ་དུ་མཛད་དེ་ཁོང་ལ་བརྩེ་ཞིང་ཁོང་གི་དགོངས་པ་ལྟར་བོས་པ་རྣམས་ལ་ཕན་པའི་ཆེད་དུ་ཡིན་པ་ངེད་རྣམས་ཀྱིས་ཤེས།

29 གང་ཡིན་ཞེ་ན། ཁོང་གི་སྲས་ནི་སྤུན་ཟླ་མང་པོའི་ནང་ནས་སྔོན་སྐྱེས་སུ་འགྱུར་བའི་ཆེད་དུ་དཀོན་མཆོག་གིས་སྔར་བདམས་པ་རྣམས་ཁོང་གི་སྲས་དང་འདྲ་བར་འགྱུར་བའི་ཕྱིར་བསྐོས་པར་མཛད།

30 ཡང་ཁོང་གིས་སྔར་བསྐོས་པ་རྣམས་བོས་པར་ཡང་མཛད། བོས་པ་རྣམས་རྣམ་པར་དག་པར་ཡང་མཛད། རྣམ་པར་དག་པར་གྱུར་བ་རྣམས་གཟི་བརྗིད་དང་ལྡན་པར་ཡང་མཛད་དོ།།

དཀོན་མཆོག་གི་བྱམས་པ།

31 འོ་ན་དོན་དེ་རྣམས་ཀྱི་སྐོར་ལ་ཅི་སྨྲ། གལ་སྲིད་དཀོན་མཆོག་གིས་ངེད་ཀྱི་ཕྱོགས་མཛད་ན་ངེད་རྣམས་ལ་སུས་རྒོལ་ཐུབ།

32རང་གི་སྲས་ཀྱང་ཕངས་སེམས་མི་མཛད་པར་ངེད་ཐམས་ཅད་ཀྱི་དོན་དུ་གཏོད་པར་མཛད་མཁན་གྱིས་སྲས་དང་མཉམ་དུ་ཐུགས་རྗེའི་སྒོ་ནས་ངེད་རྣམས་ལ་དོན་ཐམས་ཅད་ཀྱང་མ་གནང་བ་དེ་ཅི་ལ་སྲིད།

33 དཀོན་མཆོག་གིས་བདམས་པར་མཛད་པ་རྣམས་ལ་ཉེས་སྐྱོན་འཛུགས་མཁན་སུ་ཡིན། དཀོན་མཆོག་ནི་རྣམ་པར་དག་པར་མཛད་མཁན་ཡིན་པས།

34 ཁྲིམས་གཅོད་གཏོང་མཁན་སུ་ཡིན་ནམ། མཱ་ཤི་ཀ་ཡེ་ཤུ་ཡིན་ནམ། མིན་ཏེ་ཁོང་ནི་གྲོངས་ཤིང༌། དེ་བས་ཀྱང་སྐུ་གསོན་པོར་བཞེངས་སུ་གྱུར་ནས་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་མཁན་དེ་ཡིན་པ་མ་ཟད། ཁོང་གིས་ངེད་རྣམས་ཀྱི་དོན་དུ་ཞུ་ངོ་མཛད།

35 མཱ་ཤི་ཀའི་བྱམས་པ་ལས་ངེད་རྣམས་སུས་ཕྲལ། སྡུག་བསྔལ་ལམ། དཀའ་ངལ་ལམ། མནར་གཅོད་དམ། མུ་གེའམ། གོས་མེད་པའམ། ཉེན་ཁའམ། རལ་གྲི་ལ་སོགས་པས་ངེད་རྣམས་ཁོང་གི་བྱམས་པ་ལས་ཕྲལ་ཐུབ་པ་ཡིན་ནམ།

36 མདོ་ལས།

ཁྱེད་ཀྱི་ཆེད་དུ་ང་ཚོ་ཉིན་ལྟར་གསོད།།

གཞན་གྱིས་ངེད་རྣམས་བཤས་རྒྱུའི་ལུག་བཞིན་རྩི།།

ཞེས་འཁོད།

37 གནས་ཚུལ་དེ་ལྟར་ཡིན་ཡང་ངེད་རྣམས་ལ་བྱམས་པར་མཛད་མཁན་བརྒྱུད་ནས་ང་ཚོ་རབ་ཏུ་རྒྱལ་ལོ།

38 གང་ལགས་ཟེར་ན། འཆི་ཚེའམ། ཕོ་ཉའམ། གདོན་འདྲེའམ། ད་ལྟའམ། མ་འོངས་པའི་གནས་ཚུལ་ལམ། མཐུ་ལྡན་པའམ།

39 མཐོ་གཏིང་ངམ། དཀོན་མཆོག་གིས་གང་བཀོད་པ་ཐམས་ཅད་ལས་གང་ཞིག་གིས་ཀྱང་མཱ་ཤི་ཀ་ཡེ་ཤུ་ངེད་རྣམས་ཀྱི་གཙོ་བོ་བརྒྱུད་ནས་མངོན་པའི་དཀོན་མཆོག་གི་བྱམས་པ་ལས་ང་ཚོ་ཕྲལ་མི་ཐུབ་པར་ངས་ཡིད་ཆེས་ངེས་པ་རྙེད་དོ།།

 

**************************************

Romans (7) – རོ་མཱ་པ། (7)

Romans (7) – རོ་མཱ་པ། (7)

1 སྤུན་ཟླ་རྣམས། ངས་ཆོས་ཁྲིམས་རྒྱུས་ཡོད་པ་རྣམས་ལ་སྨྲ་སྟེ། མི་ཞིག་གསོན་པའི་དུས་ཁོ་ནར་ཆོས་ཁྲིམས་ཀྱིས་ཁོ་ལ་ཁྲིམས་འཛིན་གྱི་དབང་ཆ་ཡོད་པར་ཁྱེད་ཚོས་མི་ཤེས་སམ།

2 དཔེར་ན། ཁྱོ་བོ་གསོན་པའི་རིང་ལ་ཁོའི་བཟའ་ཟླ་གཉེན་སྒྲིག་གི་བཀའ་ཁྲིམས་ཀྱི་དབང་འོག་ཏུ་ཡོད་ཀྱང༌། ཁྱོ་བོ་ཤི་ན་བུད་མེད་དེ་གཉེན་སྒྲིག་གི་བཀའ་ཁྲིམས་དང་བྲལ་བར་འགྱུར།

3 དེའི་ཕྱིར་ཁྱོ་བོ་གསོན་པའི་རིང་ལ་བུད་མེད་དེས་སྐྱེས་པ་གཞན་དང་འགྲོགས་ན་ལོག་གཡེམ་བྱེད་མཁན་ཞེས་ཟེར་བར་འགྱུར། འོན་ཀྱང་བུད་མེད་དེའི་ཁྱོ་བོ་ཤི་ན། གཉེན་སྒྲིག་གི་བཀའ་ཁྲིམས་དང་བྲལ་བར་འགྱུར་བས་སྐྱེས་པ་གཞན་དང་གཉེན་སྒྲིག་བྱས་ནའང་ལོག་གཡེམ་པ་མ་ཡིན།

4 ངའི་སྤུན་ཟླ་རྣམས། དེ་བཞིན་དུ་ཁྱེད་ཚོའང་མཱ་ཤི་ཀ་དང་མཉམ་དུ་རྒྱང་ཤིང་ཐོག་ཆོས་ཁྲིམས་ཀྱི་ངོས་ནས་འཆི་བའོ། དེ་ནི་མི་གཞན་ཏེ་འཆི་བ་ནས་སླར་གསོན་དུ་མཛད་པ་ཁོང་དང་འགྲོགས་པའི་ཆེད་ཅིང༌། ངེད་རྣམས་དཀོན་མཆོག་གི་དོན་ལ་འབྲས་བུ་དང་ལྡན་པར་འགྱུར་བའི་ཕྱིར་རོ།

5 སྡིག་པའི་རང་གཤིས་ཀྱི་དབང་འོག་ཏུ་ཡོད་པའི་དུས་སུ། ཆོས་ཁྲིམས་ཀྱི་རྐྱེན་གྱིས་འདོད་ཆགས་སྐྱེས་ཏེ་ང་ཚོའི་ལུས་ཀྱི་ཡན་ལག་རྣམས་ངན་པར་བསྐུལ། དེའི་རྐྱེན་གྱིས་ང་ཚོར་འཆི་བའི་འབྲས་བུ་བསྐྱེད།

6 འོན་ཀྱང་ད་ལྟ་ཆོས་ཁྲིམས་ལས་ཐར་ཏེ་བཅིངས་པར་བྱེད་པའི་ཆོས་ཁྲིམས་ཀྱི་ཆ་ནས་ངེད་རྣམས་ཤི་བས། ང་ཚོས་ཆོས་ཁྲིམས་ཀྱི་ཚིག་འབྲུའི་ལུགས་རྙིང་པ་ལྟར་མིན་ཏེ་དམ་པའི་ཐུགས་ཉིད་ཀྱི་ལུགས་གསར་པ་བཞིན་དུ་ཞབས་ཞུ་སྒྲུབ།

སྡིག་ཉེས་དང་ཆོས་ཁྲིམས།

7 དེ་བས་ན་ང་ཚོས་ཅི་ཟེར། ཆོས་ཁྲིམས་ནི་སྡིག་པ་ཡིན་ནམ། དེ་མི་སྲིད། དེ་ལས་ལྡོག་སྟེ་ཆོས་ཁྲིམས་མེད་པ་ཡིན་ན་ངས་སྡིག་ཉེས་གང་ཡིན་པ་མི་ཤེས། དཔེར་ན། ཆོས་ཁྲིམས་ཀྱིས་ཧམ་འདོད་མ་བྱོས་ཤིག་ཅེས་མ་གསུངས་ན་ངས་ཧམ་འདོད་བྱེད་ཞེས་པ་དེ་གང་ཡིན་པར་མི་ཤེས།

8 སྡིག་ཉེས་ཀྱིས་བཀའ་ཁྲིམས་ཀྱི་སྒོ་ནས་ངའི་སེམས་ལ་ཧམ་འདོད་ཀྱི་རིགས་ཀུན་སྐྱེད་དུ་བཅུག གང་ཡིན་ཞེ་ན། ཆོས་ཁྲིམས་མེད་ན་སྡིག་ཉེས་ལ་དབང་མེད་དོ།

9 སྔོན་གྱི་དུས་ན་ང་ཆོས་ཁྲིམས་དང་བྲལ་ནས་འཚོ་ཡང༌། བཀའ་ཁྲིམས་བྱུང་བའི་རྗེས་སུ་སྡིག་ཉེས་གསོན་པོར་གྱུར་ཞིང་ང་ཤི་སྟེ།

10 ཚེ་ཡོང་བའི་ཆེད་དུ་གནང་བའི་བཀའ་ཁྲིམས་འདི་ཉིད་ང་ཤི་བའི་རྒྱུ་རྐྱེན་དུ་གྱུར་བར་ངས་ཤེས།

11 གང་ཡིན་ཟེར་ན། སྡིག་ཉེས་ཀྱིས་བཀའ་ཁྲིམས་ཀྱི་ཐབས་བྱས་ཏེ་ང་ལ་མགོ་སྐོར་བཏང་ནས་བཀའ་ཁྲིམས་ཀྱིས་ང་བསད།

12 དེའི་ཕྱིར་ཆོས་ཁྲིམས་ནི་དམ་པ་ཡིན་ཏེ། དེའི་ནང་གི་བཀའ་ཁྲིམས་ཀྱང་དམ་པ་དང༌། དྲང་བདེན་ཉིད་དང་ལྡན་པ། བཟང་པོ་བཅས་ཡིན་ནོ།

13 འོ་ན་གང་བཟང་པོ་ཡིན་པ་དེ་ང་འཆི་བའི་རྒྱུ་རྐྱེན་དུ་གྱུར་བ་ཡིན་ནམ། དེ་རྩ་བ་ནས་མིན། སྡིག་ཉེས་ངན་པ་ཡིན་པར་སྟོན་པའི་ཕྱིར་དེས་གང་བཟང་པོ་ཡིན་པའི་སྒོ་ནས་ང་ལ་འཆི་བ་བསྐྱེད་དུ་བཅུག དེ་ནི་བཀའ་ཁྲིམས་ཀྱི་ངང་ནས་སྡིག་ཉེས་དེ་དཔེ་མི་སྲིད་པའི་ངན་པར་མངོན་པའི་ཆེད་དུ་ཡིན།

14 ཆོས་ཁྲིམས་དཀོན་མཆོག་ལས་བྱུང་བ་ངེད་རྣམས་ཀྱིས་ཤེས། འོན་ཀྱང་ང་ལ་མིའི་རིགས་ཀྱི་སྡིག་པའི་རང་གཤིས་ཡོད་པས། སྡིག་ཉེས་ལ་བྲན་གཡོག་ལྟར་བཙོངས།

15 ངའི་སྤྱོད་ལམ་མི་རྟོགས། གང་ཡིན་ཞེ་ན། ངས་གང་འདོད་པ་དེ་མི་བྱེད་དེ། གང་སྡང་བ་དེ་རང་བྱེད།

16 ངས་མི་འདོད་པ་ལྟར་བྱས་ན། ངས་ཆོས་ཁྲིམས་བཟང་པོ་ཡིན་པ་ཁས་ལེན་བྱེད།

17 དོན་དམ་དུ་ང་རང་གིས་དེ་ལྟར་བྱེད་པ་མ་ཡིན་ཏེ། ངའི་ནང་དུ་གནས་པའི་སྡིག་ཉེས་ཀྱིས་བྱེད།

18 ངའི་སྡིག་པའི་རང་གཤིས་ལ་བཟང་པོ་ཅིའང་མེད་པར་ངས་ཤེས། གང་ལགས་ཤེ་ན། བཟང་པོ་བྱེད་པར་འདོད་ནའང༌། ངས་སྒྲུབ་མི་ཐུབ།

19 ངས་འདོད་པའི་བཟང་པོ་དེ་མི་བྱེད། འོན་ཀྱང་ངས་མི་འདོད་པའི་ངན་པ་དེ་བྱེད།

20 གལ་སྲིད་ངས་མི་འདོད་པའི་བྱ་བ་བྱས་ན། ང་རང་གིས་བྱེད་པ་མ་ཡིན་ཏེ། ངའི་ནང་དུ་གནས་པའི་སྡིག་ཉེས་ཀྱིས་བྱེད།

21 དེ་བས་ན་ངས་བཟང་པོ་བྱེད་འདོད་པའི་ཚེ་ངན་པ་ངའི་འཁྲིས་སུ་ཡོད་པའི་གནས་ལུགས་རྟོགས།

22 ངའི་སེམས་ཀྱི་གཏིང་ནས་དཀོན་མཆོག་གི་ཁྲིམས་ལ་དགའ་བར་བྱེད་མོད།

23 ངའི་ལུས་ཀྱི་ནང་ན་ཁྲིམས་གཞན་ཞིག་ཡོད་པར་ཤེས། དེས་སེམས་ཀྱི་ཁྲིམས་ལ་རྒོལ་ཞིང༌། ང་ནི་ངའི་ལུས་ལ་གནས་པའི་ཁྲིམས་ཀྱི་བཙོན་པར་སྒྱུར།

24 ང་ཉམ་ཐག་པ་ཡིན་ཏེ། འཆི་བས་དབང་དུ་སྒྱུར་བའི་ལུས་འདི་ལས་ང་ཐར་བར་བྱེད་མཁན་སུ་ཡིན།

25 ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུའོ། མདོར་བསྡུས་ན་ངའི་སེམས་ཀྱིས་དཀོན་མཆོག་གི་ཁྲིམས་ལ་གཡོག་བྱེད་ཀྱང༌། ངའི་སྡིག་པའི་རང་གཤིས་ཀྱིས་སྡིག་ཉེས་ཀྱི་ཁྲིམས་ལ་གཡོག་བྱེད་དོ།།

 

******************************************