Romans (3) – རོ་མཱ་པ། (3)

Romans (3) – རོ་མཱ་པ། (3)

1 འོ་ན། ཡ་ཧུ་དཱ་པ་ཡིན་པའམ། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ལེན་པ་དེས་ཅི་ཕན།

2 ཕན་ཐོགས་ཆེ་སྟེ། དང་པོ་ནི་དཀོན་མཆོག་གི་བཀའ་ཡ་ཧུ་དཱ་པ་རྣམས་ལ་བཅོལ་བ་ཡིན།

3 གལ་ཏེ་ཁ་ཅིག་གིས་བཀའ་དེར་མ་ཉན་ན། དེས་དཀོན་མཆོག་གི་ཞལ་བཞེས་པ་དེ་མེད་པར་བྱེད་དམ།

4 དེ་མི་སྲིད། མི་ཐམས་ཅད་ཀྱིས་རྫུན་བཤད་ཀྱང་དཀོན་མཆོག་བདེན་པ་ཡིན་ནོ། མདོ་ལ་བཀོད་པ་ལྟར་ན།

ཁྱེད་ཀྱི་བཀའ་ཡིས་ཁྱེད་ཉིད་བདེན་པར་གསལ།།

ཞལ་ལྕེའི་ཚེ་ན་ཁྱེད་ཉིད་རྒྱལ་བར་འགྱུར།།

ཞེས་སོ།

5 འོ་ན་གལ་ཏེ་ང་ཚོའི་དྲང་བདེན་མ་ཡིན་པའི་བྱ་བ་བརྒྱུད་དཀོན་མཆོག་གི་དྲང་བདེན་ཉིད་གསལ་པོར་བསྟན་ན། ང་ཚོས་ཅི་ཟེར། དཀོན་མཆོག་གིས་ང་ཚོར་ཁྲིམས་གཅོད་པ་དེ་དྲང་བདེན་མ་ཡིན་ཞེས་ཟེར་རམ། (ངས་མིའི་རིགས་ཀྱི་ཆ་ནས་གཏམ་བྱེད་)

6 དེ་མི་སྲིད། དེ་ལྟར་ཡིན་ན་དཀོན་མཆོག་གིས་འཇིག་རྟེན་གྱི་མི་རྣམས་ལ་ཁྲིམས་གཅོད་མཛད་པ་ཅི་ལ་སྲིད།

7 འོན་ཀྱང་མི་ཞིག་གིས་ངའི་རྫུན་གྱིས་དཀོན་མཆོག་གི་བདེན་པ་སྟོན་ཏེ་ཁོང་གི་གཟི་བརྗིད་འཕེལ་བར་བྱས་ན། ང་ལ་ཅིའི་ཕྱིར་སྡིག་ཅན་ལྟར་ད་དུང་ཁྲིམས་གཅོད་གཏོང་ཞེས་ཟེར།

8 ཡང་བཟང་པོ་འབྱུང་བའི་ཕྱིར་ལས་ངན་བྱེད་དགོས་ཞེས་སྨྲས་པ་དེ་ཅིའི་ཕྱིར་ཟེར་མི་རུང༌། ང་ཚོར་སྨད་ར་གཏོང་མཁན་ཁ་ཅིག་གིས་ང་ཚོས་དེ་ལྟར་སྨྲས་ཟེར་བའི་སྐྱོན་འདོགས་བྱེད། ཁོ་ཚོ་ཆད་པ་ཕོག་འོས་པ་ཡིན།

དྲང་བདེན་མི་གཅིག་ཀྱང་མེད།

9 འོ་ན་ང་ཚོས་ཅི་ལྟར་སྨྲ། ང་ཚོ་ཡ་ཧུ་དཱ་པ་རྣམས་གཞན་རྣམས་ལས་ཡག་པ་ཡོད་དམ། དེ་ལྟར་ཁྱོན་ནས་མེད། མི་ཐམས་ཅད་དེ་ཡ་ཧུ་དཱ་པ་མིན་པ་དང་ཡ་ཧུ་དཱ་པ་གཉིས་ཀ་སྡིག་ཉེས་ཀྱི་དབང་འོག་ཏུ་ཡོད་པར་ང་ཚོས་བསྟན།

10 མདོ་ལ་བཀོད་པ་ལྟར།

དྲང་བའི་མི་ཞེས་གཅིག་ཀྱང་ནི།།

རྩ་བ་ཉིད་ནས་ཡོད་མ་ཡིན།།

11 རྟོགས་པ་གཅིག་ཀྱང་ཡོད་མིན་ཏེ།།

དཀོན་མཆོག་འཚོལ་བའང་ཡོད་མ་ཡིན།།

12 ཐམས་ཅད་ཁོང་ལ་རྒྱབ་ཀྱིས་ཕྱོགས།།

ཐམས་ཅད་ལྷན་ཅིག་དོན་མེད་གྱུར།།

ལས་བཟང་བྱེད་མཁན་གཅིག་མེད་དེ།།

རྩ་བ་ཉིད་ནས་ཡོད་མ་ཡིན།།

13 མིད་པ་གདངས་པའི་དུར་ཁུང་སྟེ།།

ལྕེ་ནི་གཡོ་སྒྱུའི་བཤད་པ་སྐྱོང༌།།

མཆུ་ལ་སྦྲུལ་གྱི་དུག་ལྡན་ཏེ།།

14 ཁ་ནི་དམོད་འཁོན་ཚིག་གིས་ཁེངས།།

15 མི་སྲོག་གཅོད་ལ་རྐང་པ་མགྱོགས།།

16 འགྲོ་ལམ་གཏོར་བཤིག་སྐྱོ་བས་གདུང༌།།

17 ཞི་བདེའི་ལམ་ཡང་མི་ཤེས་སོ།།

18 དཀོན་མཆོག་ཅི་ཡང་མི་བཀུར་རོ།།

19 ཡང་གསུང་རབ་ཀྱི་བཀའ་ཐམས་ཅད་ཆོས་ཁྲིམས་ཀྱི་དབང་འོག་ཏུ་ཡོད་པ་རྣམས་ལ་གསུངས་པར་ངེད་ཀྱིས་ཤེས། དེ་ནི་ཁོང་ཚོ་དང་དེ་མིན་འཇིག་རྟེན་གྱི་མི་ཐམས་ཅད་ཁ་མི་གཡར་ཞིང༌། དཀོན་མཆོག་གི་མདུན་དུ་མཇུག་རྩི་རྒྱག་པའི་ཆེད་དུ་ཡིན།

20 དེའི་ཕྱིར་ཆོས་ཁྲིམས་ཀྱི་བྱ་བ་བཟང་པོའི་སྒོ་ནས་སུའང་དཀོན་མཆོག་གི་སྤྱན་སྔར་ཡང་དག་པ་ཡིན་པར་མི་རྩི། གང་ཡིན་ཟེར་ན། ཆོས་ཁྲིམས་ཀྱིས་ང་ཚོ་སྡིག་ཉེས་ཀྱི་དབང་འོག་ཏུ་ཡོད་པ་ཤེས་པའི་ཆེད་དུ་ཡིན།

དད་པའི་སྒོ་ནས་ཡང་དག་པ་ཡིན་པར་རྩི།

21 འོན་ཀྱང་ད་ལྟ་ཆོས་ཁྲིམས་དང་བྲལ་ཏེ་དཀོན་མཆོག་དང་འབྲེལ་བ་ཡང་དག་པ་འཐོབ་པའི་ལམ་མངོན་སུམ་དུ་བསྟན་ཡོད། བཀའ་ཁྲིམས་དང་ལུང་སྟོན་པ་རྣམས་ཀྱིས་དེ་ལ་བདེན་དཔང་བྱེད།

22 དཀོན་མཆོག་ནས་བྱུང་བའི་ལམ་དེ་ནི་ཡེ་ཤུ་མཱ་ཤི་ཀ་ལ་དད་པ་བྱེད་པའི་ངང་ནས་དད་ལྡན་ཐམས་ཅད་ཀྱི་ཕྱིར་རོ། དབྱེ་བ་ཅིའང་མེད།

23 གང་ཡིན་ཞེ་ན། མི་ཐམས་ཅད་ཀྱིས་སྡིག་ཉེས་ཀྱི་ལས་བྱས་པས་དཀོན་མཆོག་གི་གཟི་བརྗིད་དང་རྒྱང་རིང་དུ་གནས།

24 དེ་ཡང་ད་ལྟ་མཱ་ཤི་ཀ་ཡེ་ཤུ་ཡིས་མི་རྣམས་ཀྱིས་ཆོས་ཁྲིམས་དང་འགལ་བའི་ཆད་པ་མྱོང་བའི་བླུ་རིན་གྱིས་ཁོ་རྣམས་ཐར་དུ་འཇུག་པས། དཀོན་མཆོག་གི་ཐུགས་རྗེའི་གནང་སྦྱིན་གྱི་སྒོ་ནས་དཀོན་མཆོག་གིས་མི་རྣམས་ཡང་དག་པ་ཡིན་པར་རྩི་གནང་ངོ༌།

25 ཐུགས་ཁྲོ་སེལ་བའི་ཕྱིར་དཀོན་མཆོག་གིས་ཡེ་ཤུའི་སྐུ་ཁྲག་བླུ་རིན་དུ་མཛད་པ་དང༌། དད་པ་བྱེད་པའི་སྒོ་ནས་དེ་དང་ལེན་བྱེད། དེ་ནི་དཀོན་མཆོག་གི་དྲང་བདེན་ཉིད་མངོན་པར་མཛད་པའི་ཆེད་དུ་ཡིན། གང་ལགས་ཤེ་ན། དཀོན་མཆོག་གི་བཟོད་པའི་ཐུགས་ཀྱིས་མི་རྣམས་ཀྱི་སྔོན་བྱས་པའི་སྡིག་ལས་ལ་ཆད་པ་མ་མཛད་པས་སོ།

26 དེ་ནི་དཀོན་མཆོག་ཉིད་དྲང་བདེན་ཡིན་པ་དང༌། ཁོང་ཉིད་ཡེ་ཤུ་ལ་དད་མཁན་རྣམས་ཡང་དག་པར་མཛད་མཁན་ཡིན་པ་དུས་འདིར་སྟོན་པའི་ཆེད་དུ་ཡིན།

27 འོ་ན། རང་བསྟོད་བྱེད་རྒྱུ་ག་རེ་ཡོད། མེད་དོ། རྐྱེན་གང་གིས་མེད་དམ། དགེ་བའི་ལས་ཀྱི་རྐྱེན་གྱིས། དེ་མིན། དད་པའི་རྐྱེན་གྱིས་མེད་དོ།

28 གང་ལགས་ཤེ་ན། ང་ཚོས་ཡེ་ཤུ་མཱ་ཤི་ཀ་ལ་དད་པའི་སྒོ་ནས་མི་ཞིག་ཡང་དག་པར་འགྱུར་བ་འཛིན་གྱི། ཆོས་ཁྲིམས་ཀྱི་དགེ་བའི་ལས་ཀྱིས་མ་ཡིན་ནོ།

29 དཀོན་མཆོག་ནི་ཡ་ཧུ་དཱ་པ་གཅིག་པོའི་དཀོན་མཆོག་ཡིན་ནམ། ཡང་ན་ཡ་ཧུ་དཱ་པ་མིན་པའི་དཀོན་མཆོག་ཀྱང་མ་ཡིན་ནམ། ལགས་ཡིན། ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་དཀོན་མཆོག་ཀྱང་ཡིན།

30 གང་ཡིན་ཟེར་ན། དཀོན་མཆོག་གཅིག་རང་ཡིན། ཁོང་གིས་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་པ་དང༌། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མེད་པ་གཉིས་ཀ་དད་པའི་སྒོ་ནས་ཡང་དག་པར་མཛད།

31 འོ་ན་དད་པ་འདིས་ཆོས་ཁྲིམས་དོན་མེད་པར་བྱེད་དམ། དེ་མི་སྲིད། དེ་ལས་ལྡོག་སྟེ་དད་པའི་སྒོ་ནས་ང་ཚོས་ཆོས་ཁྲིམས་སྒྲུབ་པར་བྱེད་དོ།།

 

************************************

Romans (2) – རོ་མཱ་པ། (2)

Romans (2) – རོ་མཱ་པ། (2)

1 དེ་བས་ན་གཞན་ལ་སྐྱོན་འདོགས་བྱེད་མཁན་ཐམས་ཅད་ལ་ཁ་གཡར་ས་མེད། གང་ཡིན་ཟེར་ན། གཞན་ལ་སྐྱོན་འདོགས་གང་རུང་བྱེད་དུས་དེས་རང་ཉིད་ལ་ཁྲིམས་གཅོད་གཏོང༌། དེ་ནི་སྐྱོན་འདོགས་བྱེད་མཁན་གྱིས་སྤྱོད་པ་དེ་རང་བྱེད་པའི་ཕྱིར་རོ།

2 དེ་ལྟར་སྤྱོད་མཁན་རྣམས་ལ་དཀོན་མཆོག་གི་ཁྲིམས་གཅོད་ཕོག་པ་ནི་བདེན་པ་དང་མཐུན་པ་ཡིན་པ་ངེད་རྣམས་ཀྱིས་ཤེས།

3 ཀྱེ། མི་ཁྱོད་ཀྱིས་སྤྱོད་པ་དེ་ལྟར་བྱེད་མཁན་གཞན་ལ་སྐྱོན་འདོགས་བྱེད་ཀྱང་རང་ཉིད་ཀྱི་སྤྱོད་པའང་དེ་དང་མཚུངས་པས། དཀོན་མཆོག་གི་ཁྲིམས་གཅོད་ལས་ཐར་ཐུབ་སྙམ་མམ།

4 ཡང་ན། ཁྱོད་ཀྱིས་དཀོན་མཆོག་གི་བླ་ན་མེད་པའི་བཀའ་དྲིན་དང༌། ཐུགས་བསྲན། ཐུགས་བཟོད་བཅས་ལ་རྩིས་མེད་གཏོང་ངམ། དཀོན་མཆོག་གི་བཀའ་དྲིན་ནི་ཁྱོད་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་བའི་ཕྱོགས་སུ་འཁྲིད་པའི་ཆེད་དུ་ཡིན་པ་མི་ཤེས་སམ།

5 ཁྱོད་ནི་སེམས་འཁྲེགས་ཤིང་ངན་སྤྱོད་ཀྱི་བསམ་པ་མི་བསྒྱུར་བས་རང་གི་ཆེད་དུ་ཆད་པ་དྲག་པོ་གསོག གང་ལགས་ཟེར་ན། དཀོན་མཆོག་གི་ཐུགས་ཁྲོའི་ཉིན་མོ་ཡོང་བས་ཁོང་གི་དྲང་བདེན་གྱི་ཁྲིམས་གཅོད་མངོན་པར་འགྱུར་ངེས་ཡིན།

6 ཁོང་གིས་མི་རེ་རེའི་བྱ་བ་བཞིན་དེ་དང་མཐུན་པར་གནང་བར་འགྱུར་ཏེ།

7 བྱ་བ་བཟང་པོ་སྒྲུབ་པར་བཟོད་པའི་སྒོ་ནས་གཟི་བརྗིད་དང༌། བཀུར་སྟི། འཆི་མེད་བཅས་འཚོལ་མཁན་རྣམས་ལ་དཔག་ཏུ་མེད་པའི་ཚེ་གནང་བ་དང༌།

8 ངན་པ་ལ་དགའ་ཞིང་བདེན་པ་ལ་མི་གནས་པར་རང་འདོད་ཚ་བ་རྣམས་ལ་དཀོན་མཆོག་གིས་ཐུགས་ཁྲོ་དྲག་པོ་གནང་ངེས་ཡིན།

9 ངན་པ་བྱེད་མཁན་སུ་ཡིན་ཡང་སྡུག་བསྔལ་དྲག་པོ་འབབ་པར་འགྱུར་ཏེ། དང་པོར་ཡ་ཧུ་དཱ་པ། དེ་ནས་ཡ་ཧུ་དཱ་པ་མིན་པ་ཡིན།

10 འོན་ཀྱང་བཟང་པོ་བྱེད་མཁན་སུ་ཡིན་ཡང་གཟི་བརྗིད་དང༌། བཀུར་སྟི། ཞི་བདེ་བཅས་ཐོབ་པར་འགྱུར་ཏེ། དང་པོར་ཡ་ཧུ་དཱ་པ། དེ་ནས་ཡ་ཧུ་དཱ་པ་མིན་པའོ།

11 གང་ཡིན་ཞེ་ན། དཀོན་མཆོག་ལ་ཕྱོགས་རིས་ཅི་ཡང་མེད།

12 ཆོས་ཁྲིམས་མི་ལྡན་པར་སྡིག་ཉེས་བྱས་པ་ཐམས་ཅད་ཆོས་ཁྲིམས་མི་ལྡན་པར་འཇིག་པར་འགྱུར། ཆོས་ཁྲིམས་ལྡན་བཞིན་དུ་སྡིག་ཉེས་བྱས་པ་ཐམས་ཅད་ནི་ཆོས་ཁྲིམས་དེ་ཉིད་ཀྱིས་གཅོད་པར་འགྱུར།

13 དཀོན་མཆོག་གི་སྤྱན་སྔར་ཆོས་ཁྲིམས་ཐོས་མཁན་རྣམས་ཡང་དག་པ་མིན་པར། ཆོས་ཁྲིམས་སྒྲུབ་མཁན་རྣམས་ཡང་དག་པར་བརྩིའོ།

14 དོན་དམ་དུ་ཆོས་ཁྲིམས་མེད་པའི་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་རང་བཞིན་གྱིས་ཆོས་ཁྲིམས་ཀྱི་ལས་སྒྲུབ་པའི་ཚེ། ཆོས་ཁྲིམས་མེད་ཀྱང་རང་བཞིན་གྱི་ཁྲིམས་ཁོ་ཚོའི་སེམས་ལ་ཡོད་པར་སྟོན།

15 ཁོ་ཚོས་རང་གིས་རང་ལ་སྐྱོན་འདོགས་སམ་དྲང་པོའི་སེམས་ཀྱི་སྒོ་ནས་ཀྱང་དཔང་པོ་བྱེད་དེ། ཆོས་ཁྲིམས་ཀྱི་བཀའ་ཁོ་ཚོའི་སེམས་ལ་བྲིས་ཡོད་པར་སྟོན།

16ངས་སྒྲོག་པའི་འཕྲིན་བཟང་ལྟར་དེ་ནི་དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་མི་ཐམས་ཅད་ཀྱི་གསང་བ་ལ་ཁྲིམས་གཅོད་མཛད་པའི་ཉིན་མོར་འབྱུང་བར་འགྱུར་ངེས་ཡིན།

ཡ་ཧུ་དཱ་པ་རྣམས་དང་ཆོས་ཁྲིམས་ཀྱི་སྐོར།

17 འོན་ཀྱང་ཁྱོད་ནི་ཡ་ཧུ་དཱ་པ་ཡིན་ཞེས་བཤད་པ་དང༌། ཆོས་ཁྲིམས་ལ་བརྟེན་པ་དང༌། དཀོན་མཆོག་དང་འབྲེལ་བ་ཡོད་པའི་སྐོར་འུད་ཤོབ་བྱེད་པ་དང༌།

18 ཁོང་གི་དགོངས་པ་ཤེས་པ་དང༌། ཆོས་ཁྲིམས་ཀྱི་བསླབ་བྱ་ཐོབ་པས་གང་མཆོག་ཡིན་པའི་བླང་དོར་ཤེས་པ་དང༌།

19 ཁྱོད་ཉིད་ལོང་བའི་ལམ་སྟོན་པ་དང༌། མུན་པར་སྡོད་པ་རྣམས་ཀྱི་སྒྲོན་མེ་དང༌།

20 བླུན་པོ་རྣམས་ཀྱི་སློབ་དཔོན་དང༌། ཕྲུ་གུ་རྣམས་ཀྱི་དགེ་རྒན། ཆོས་ཁྲིམས་ལ་ཤེས་རབ་དང་བདེན་པ་བཅས་ཡོད་མཁན་ཡིན་པར་བསམས་ན།

21 གཞན་ལ་སློབ་སྟོན་བྱེད་མཁན་ཁྱོད་ཀྱིས་རང་ཉིད་ལ་མི་སློབ་བམ། གཞན་ལ་མ་རྐུ་ཞེས་ཆོས་བསྟན་པ་ཁྱོད་ཉིད་ཀྱིས་རྐུའམ།

22 ལོག་གཡེམ་མ་བྱོས་ཞེས་ཟེར་མཁན་ཁྱོད་ཉིད་ཀྱིས་ལོག་གཡེམ་བྱེད་དམ། འདྲ་སྐུ་ལ་སྡང་མཁན་ཁྱོད་ཉིད་ཀྱིས་ལྷ་ཁང་གི་རྒྱུ་ནོར་ཧམ་འཕྲོག་བྱེད་དམ།

23 ཆོས་ཁྲིམས་ཀྱི་སྐོར་འུད་ཤོབ་བྱེད་མཁན་ཁྱོད་ཉིད་ཀྱིས་ཆོས་ཁྲིམས་དང་འགལ་བའི་སྒོ་ནས་དཀོན་མཆོག་ལ་སྨོད་དམ།

24 མདོ་ལ་བཀོད་པ་ལྟར། ཁྱོད་ཀྱི་རྐྱེན་གྱིས་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱིས་དཀོན་མཆོག་གི་མཚན་ལ་སྐུར་བ་འདེབས་ཞེས་བྲིས།

25 གལ་སྲིད་ཁྱོད་ཀྱིས་ཆོས་ཁྲིམས་ཀྱི་བཀའ་ལ་ཉན་ན་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དེ་ཕན་པ་དང་ལྡན། འོན་ཀྱང་ཆོས་ཁྲིམས་དང་འགལ་ན་ཆོས་ཀྱི་རྟགས་མེད་པ་རྣམས་དང་མཚུངས།

26 དེའི་ཕྱིར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མེད་པ་ཞིག་གིས་ཆོས་ཁྲིམས་ཀྱི་བཀའ་རྣམས་བསྲུངས་ན། ཁོ་ལ་རྟགས་དེ་མེད་ཀྱང་རྟགས་ཡོད་པ་དང་འདྲ་བར་མི་རྩིའམ།

27 ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མེད་པ་དེས་ཆོས་ཁྲིམས་བསྲུངས་ན། ཁྱོད་ཆོས་ཁྲིམས་དང་རྟགས་ཡོད་ཀྱང་ཁྲིམས་དང་འགལ་མཁན་ཡིན་པ་རྣམས་ལ་ཁྲིམས་གཅོད་མི་གཏོང་ངམ།

28 གང་ལགས་ཤེ་ན། ཕྱི་ཚུལ་ཙམ་དང་ཆོས་ཀྱི་རྟགས་ཁོ་ན་ཡོད་མཁན་ནི་ཡ་ཧུ་དཱ་པ་མིན། ཆོས་ཀྱི་རྟགས་དེ་མིའི་ལུས་དང་ཕྱི་ལ་བྱེད་པ་ཙམ་གྱིས་ཀྱང་མིན།

29 ཡ་ཧུ་དཱ་པ་དངོས་ཡིན་པ་ནི་ཕྱི་ཚུལ་ཀྱི་དོན་མིན་ཏེ་ནང་སེམས་ཀྱི་དོན་ཡིན་ཅིང༌། ཆོས་ཀྱི་རྟགས་དངོས་ནི་ཆོས་ཁྲིམས་ཀྱི་ལས་སྒྲུབ་པའི་དོན་མིན་ཏེ། དམ་པའི་ཐུགས་ཉིད་ཀྱིས་མི་རྣམས་ཀྱི་སེམས་ལ་གང་མཛད་པའི་དོན་ཡིན། མི་དེའི་བསྟོད་པ་གཞན་ནས་མི་འབྱུང་སྟེ་དཀོན་མཆོག་ནས་འབྱུང་ངོ༌།།

 

***********************************

Romans (1) – རོ་མཱ་པ། (1)

Romans (1) – རོ་མཱ་པ། (1)

1 འཕྲིན་ཡིག་འདི་འབྲི་མཁན་མཱ་ཤི་ཀ་ཡེ་ཤུའི་ཞབས་ཕྱི་པའུ་ལུ་ང་ནི། དཀོན་མཆོག་གིས་སྐུ་ཚབ་ཏུ་བོས་པ་དང༌། དཀོན་མཆོག་གི་འཕྲིན་བཟང་སྒྲོག་པར་བསྐོས་པ་ཞིག་ཡིན།

2-3 སྔོན་ནས་དཀོན་མཆོག་གིས་ཉིད་ཀྱི་ལུང་སྟོན་པ་རྣམས་བརྒྱུད་ནས་དམ་པའི་མདོའི་ནང་ཁོང་གི་སྲས་ཀྱི་སྐོར་གྱི་འཕྲིན་བཟང་ཞལ་གྱིས་བཞེས། མིའི་རིགས་ཀྱི་ཆ་ནས་སྲས་དེ་ནི་རྒྱལ་པོ་དཱ་བིད་ཀྱི་བུ་རྒྱུད་ཡིན་ཞིང༌།

4 དཀོན་མཆོག་གི་དམ་པའི་ཐུགས་ཉིད་བརྒྱུད་དེ་འཆི་བ་ནས་སླར་གསོན་དུ་གྱུར་བས་དཀོན་མཆོག་གི་སྲས་དབང་དང་ལྡན་པ་ཡིན་པར་བསྟན། ཁོང་ནི་ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ཡིན་ནོ།

5 ཁོང་བརྒྱུད་ནས་དཀོན་མཆོག་གི་ཐུགས་རྗེ་དང་སྐུ་ཚབ་ཀྱི་ལས་འགན་ང་ཚོར་ཐོབ། དེ་ནི་ཁོང་གི་མཚན་གྱི་དོན་དུ་མི་རིགས་ཐམས་ཅད་ཀྱི་ཁྲོད་དུ་མི་རྣམས་ཀྱིས་དད་པ་བྱེད་དེ་ཁོང་གི་བཀའ་ལ་ཉན་པའི་ཆེད་དུ་ཡིན།

6 ཁྱེད་རྣམས་ཀྱང་ཡེ་ཤུ་མཱ་ཤི་ཀའི་ཁོངས་སུ་གཏོགས་པར་བོས་པའི་མི་རྣམས་ཤིག་ཡིན།

7 རོ་མཱ་གྲོང་ཁྱེར་དུ་བཞུགས་ཏེ་དཀོན་མཆོག་གིས་བྱམས་ཤིང༌། དམ་པར་འགྱུར་བར་བདམས་པ་ཐམས་ཅད་ལ་འཕྲིན་ཡིག་འདི་ཕུལ་ལོ། ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་རྣམས་ལ་འཐོབ་པར་གྱུར་ཅིག

པའུ་ལུ་རོ་མཱ་གྲོང་ཁྱེར་དུ་ཕེབས་འདོད་པ།

8 དང་པོ་ནི། ཁྱེད་ཀྱིས་དད་པ་བྱེད་པའི་ལོ་རྒྱུས་ཕྱོགས་ཀུན་ཏུ་གྲགས་པས། ངས་ཁྱེད་ཐམས་ཅད་ཀྱི་དོན་དུ་ཡེ་ཤུ་མཱ་ཤི་ཀའི་སྒོ་ནས་ངའི་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ།

9 དཀོན་མཆོག་གི་སྲས་ཡེ་ཤུའི་འཕྲིན་བཟང་སྒྲོག་པའི་སྒོ་ནས་ངས་སེམས་གཅིག་གིས་བསྙེན་བཀུར་ཞུ་བའི་དཀོན་མཆོག་ནི་ངས་ཁྱེད་ཀྱི་དོན་དུ་རྒྱུན་ཆད་མེད་པར་སྨོན་ལམ་འདེབས་པར་དཔང་པོ་མཛད་མཁན་དེ་ཡིན།

10 ངས་དཀོན་མཆོག་གི་དགོངས་པ་བརྒྱུད་མཐར་ཁྱེད་ཚོའི་སར་ཡོང་བའི་ལམ་ཞིག་འབྱུང་བའི་གསོལ་བ་ཞུ་བཞིན་ཡོད།

11 ང་ཁྱེད་ཚོ་དང་མཇལ་བར་འདོད། གང་ལགས་ཟེར་ན། ཁྱེད་ཚོའི་དད་པ་བརྟན་པོར་བྱེད་པའི་ཆེད་དུ་དམ་པའི་ཐུགས་ཉིད་ནས་ང་ལ་ཐོབ་པའི་ཆོས་ཀྱི་གནང་སྦྱིན་དེ་ཁྱེད་ཚོར་འབུལ་བའི་ཕྱིར་རོ།

12 དེ་ནི་ང་དང་ཁྱེད་རྣམས་མཉམ་དུ་ཡོད་དུས་ཕན་ཚུན་དད་སེམས་འཕེལ་བའི་ཆེད་དུ་ཡིན།

13 སྤུན་ཟླ་རྣམས། ང་ལ་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ཁྲོད་ནས་འབྲས་བུ་ཐོབ་པ་ལྟར། ཁྱེད་རྣམས་ལས་ཀྱང་འཐོབ་པའི་ཆེད་དུ་ངས་ཐེངས་མང་པོར་ཁྱེད་ཚོའི་རྩར་འགྲོ་བར་བསམས་ཀྱང༌། ད་ལྟའི་བར་དུ་འགོག་པར་གྱུར་བ་དེ་ངེས་པར་དུ་ཤེས་དགོས།

14 ངར་རིག་གནས་ཡོད་མེད་གཉིས་ཀ་དང༌། མཁས་བླུན་གཉིས་ཀར་འཕྲིན་བཟང་སྒྲོག་པའི་ལས་འགན་ཡོད།

15 དེའི་ཕྱིར་ངས་རོ་མཱ་གྲོང་ཁྱེར་ལ་བཞུགས་མཁན་ཁྱེད་ཚོ་ལའང་འཕྲིན་བཟང་སྒྲོག་པའི་བརྩོན་སེམས་ཡོད།

འཕྲིན་བཟང་གི་ནུས་མཐུ།

16 ང་འཕྲིན་བཟང་གི་དོན་དུ་ངོ་མི་གནོང༌། གང་ལགས་ཟེར་ན། འཕྲིན་བཟང་དེ་ནི་དད་པ་བྱེད་མཁན་ཐམས་ཅད་དེ། དང་པོར་ཡ་ཧུ་དཱ་པ། དེ་ནས་ཡ་ཧུ་དཱ་པ་མིན་པ་རྣམས་དཀོན་མཆོག་གིས་ཐར་བར་བྱེད་པའི་ནུས་མཐུ་དང་ལྡན་པ་ཡིན།

17 འཕྲིན་བཟང་དེ་བཞིན་དུ་དཀོན་མཆོག་གིས་ང་ཚོ་ཁོང་དང་འབྲེལ་བ་ཡང་དག་པ་ཡིན་པར་མཛད། དེ་ནི་ཐོག་མ་ནས་མཐའ་མར་དད་པའི་སྒོ་ནས་སྒྲུབ། མདོ་ལས་བཀོད་པ་ལྟར་ན། དྲང་པོ་དང་ལྡན་པ་ནི་དད་པའི་སྒོ་ནས་གསོན་པོར་གནས་པར་འགྱུར་ཞེས་འཁོད།

དཀོན་མཆོག་གི་ཐུགས་ཁྲོ།

18 དེའི་ཕྱིར་དཀོན་མཆོག་གི་ཐུགས་ཁྲོ་ནི་ངན་པའི་སྒོ་ནས་བདེན་པར་གནོན་མཁན་ཏེ། སྡིག་པ་དང་ངན་པ་ཐམས་ཅད་ལ་དཀོན་མཆོག་གི་ཞིང་ཁམས་ནས་མངོན་པར་འགྱུར།

19 དཀོན་མཆོག་གི་སྐོར་གང་ཤེས་ཐུབ་པ་དེ་ཁོ་ཚོས་ལེགས་པར་ཤེས། གང་ཡིན་ཞེ་ན། དཀོན་མཆོག་གིས་ཁོ་ཚོར་གསལ་པོར་སྟོན་པར་མཛད་པས་སོ།

20 ཁོང་ནི་མི་སྣང་བའི་རང་བཞིན་ཏེ། དཔག་ཏུ་མེད་པའི་ནུས་མཐུ་དང༌། བླ་ན་མེད་པའི་ངོ་བོ་འཇིག་རྟེན་ཁམས་བཀོད་པ་ནས་བཟུང་གསལ་པོར་མཐོང༌། དེ་ཚོ་ནི་ཁོང་གིས་གང་བཀོད་པའི་སྒོ་ནས་རྟོགས་པས་མི་རྣམས་ཀྱིས་དཀོན་མཆོག་ངོ་མ་ཤེས་ཞེས་ཟེར་བའི་རྒྱུ་མཚན་མེད།

21 ཁོ་ཚོས་དཀོན་མཆོག་ཤེས་ཀྱང་དཀོན་མཆོག་ཡིན་པ་ལ་འབུལ་འོས་པའི་བཀུར་སྟི་དང་བཀའ་དྲིན་མ་ཞུས། ཁོ་ཚོའི་བསམ་བློ་དོན་མེད་པ་དང༌། བླུན་ཞིང་རྨོངས་པའི་སེམས་མུན་པར་གྱུར།

22 ང་ཚོ་མཁས་པ་ཡིན་ཞེས་ཟེར་ཡང་ཁོ་ཚོ་བླུན་པོར་གྱུར་ཏེ།

23 འཆི་བ་མེད་པའི་དཀོན་མཆོག་གི་གཟི་བརྗིད་དོར་ནས་ཁོ་ཚོས་འཆི་བ་མྱོང་བའི་མིའམ། བྱ་བྱིའུ། དུད་འགྲོ ལྟོ་བགྲོད་བཅས་ཀྱི་འདྲ་སྐུ་རྣམས་ལ་བསྙེན་བཀུར་བྱས།

24 དེའི་ཕྱིར་དཀོན་མཆོག་གིས་ཁོ་ཚོའི་སེམས་ཀྱི་འདོད་ཆགས་ལྟར་གཏད་པར་མཛད་པས། ཁོ་ཚོས་རང་གི་ལུས་ཀྱིས་ཕན་ཚུན་མི་གཙང་བའི་སྤྱོད་པ་བྱས་ཏེ།

25 དཀོན་མཆོག་གི་བདེན་པ་དོར་ནས་ཁོ་ཚོས་རྫུན་ཞིག་དང་ལེན་བྱས་པ་སྟེ། འགོད་པ་གནང་མཁན་ལས་གང་བཀོད་པ་ལ་གཡོག་བྱེད་ཅིང་བསྙེན་བཀུར་བྱས། འགོད་པ་གནང་མཁན་དཀོན་མཆོག་རྟག་ཏུ་བསྟོད་དོ། ཨ་མེན།

26དེའི་ཕྱིར་དཀོན་མཆོག་གིས་ཁོ་རྣམས་ངོ་ཚ་བའི་འདོད་ཆགས་ལྟར་གཏད་ནས་ཁོ་ཚོའི་བུད་མེད་རྣམས་ཀྱིས་ཀྱང་རང་བཞིན་གྱི་སྤྱོད་པ་སྤངས་ནས་བུད་མེད་དང་ལོག་གཡེམ་བྱས་ཤིང༌།

27 དེ་བཞིན་དུ་སྐྱེས་པའང་བུད་མེད་དོར་ཏེ་འདོད་ཆགས་ཀྱིས་གཅིག་གིས་གཅིག་ལ་ལོག་གཡེམ་བྱས། སྐྱེས་པ་གཞན་དང་ངོ་ཚ་བའི་སྤྱོད་པ་བྱས་པས་རང་གི་ལུས་ལ་ལོག་པའི་སྤྱོད་པ་དང་མཐུན་པའི་ཉེས་ཆད་མྱོང༌།

28 ཁོ་ཚོས་དཀོན་མཆོག་རྩིས་མེད་དུ་བཏང་བས་དཀོན་མཆོག་གིས་ཁོ་རྣམས་ལ་ལོག་ལྟ་འཛིན་པའི་སེམས་དང༌། མི་རུང་བའི་སྤྱོད་པ་བྱེད་དུ་འཇུག་པར་མཛད།

29 ཁོ་ཚོ་ནི་ངན་པ་ཀུན་དང༌། ངན་སེམས། སེར་སྣ། ངན་སྤྱོད། ཕྲག་དོག མི་སྲོག་གཅོད་པ། འཁྲུག་རྩོད། མགོ་སྐོར། གནོད་སེམས་སོགས་ཀྱིས་གང༌། ཁོ་ཚོ་ནི་རྒྱབ་བཤད་རྒྱག་མཁན་དང༌།

30 སྨད་ར་གཏོང་མཁན། དཀོན་མཆོག་ལ་སྡང་མཁན། རང་མཐོང་ཅན། ང་རྒྱལ་ཅན། རང་བསྟོད་བྱེད་མཁན། ངན་ཐབས་འཚོལ་མཁན། ཕ་མའི་བཀའ་ལ་མི་ཉན་མཁན།

31 བླུན་པོ། ཁ་དན་ཚིག་ལ་མི་གནས་པ། བྱམས་སེམས་མེད་པ། སྙིང་རྗེ་མེད་པ་བཅས་ཡིན་ནོ།

32 དེ་ལྟར་བྱེད་མཁན་ལ་སྲོག་ཁྲིམས་ཀྱི་ཉེས་ཆད་འོས་པའི་དཀོན་མཆོག་གི་བཀའ་ཤེས་ཀྱང༌། ཁོ་ཚོས་དེ་བཞིན་དུ་བྱེད་པ་མ་ཟད། དེ་ལྟར་བྱེད་མཁན་གཞན་རྣམས་ལའང་མོས་མཐུན་བྱེད་དོ།།

 

*********************************