Colossians (1) – ཀོ་ལོ་སཱ་པ། (1)

Colossians (1) – ཀོ་ལོ་སཱ་པ། (1)

1 དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ང་པའུ་ལུ་དང༌། ངེད་རྣམས་ཀྱི་སྤུན་ཟླ་ཐི་མོ་ཐེ་ཡིས།

2 ཀོ་ལོ་སཱ་གྲོང་ཁྱེར་དུ་ཡོད་པའི་དཀོན་མཆོག་གི་མི་རྣམས་ཏེ། མཱ་ཤི་ཀའི་ཐོག་ནས་སྤུན་ཟླ་ལྷག་བསམ་ཆེ་བ་རྣམས་ལ་འཕྲིན་ཡིག་འདི་ཕུལ་ལོ། ང་ཚོའི་ཡབ་དཀོན་མཆོག་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་རྣམས་ལ་འཐོབ་པར་གྱུར་ཅིག

བཀའ་དྲིན་ཆེ་ཞུ་བ།

3 ཁྱེད་ཚོའི་དོན་ལ་སྨོན་ལམ་འདེབས་དུས་ངེད་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་རྟག་པར་བཀའ་དྲིན་ཆེ་ཞུ།

4 གང་ཡིན་ཟེར་ན། ཁྱེད་ཚོས་མཱ་ཤི་ཀ་ཡེ་ཤུ་ལ་དད་པ་བྱེད་ཅིང༌། དཀོན་མཆོག་གི་མི་ཐམས་ཅད་ལ་ཡང་བྱམས་པ་བྱེད་པའི་སྐོར་ང་ཚོས་ཐོས།

5 དད་པ་དང་བྱམས་པ་དེ་ནི་ཁྱེད་ཚོའི་དོན་དུ་དཀོན་མཆོག་གི་ཞིང་ཁམས་ལ་བཅོལ་བའི་རེ་བ་ལས་འབྱུང་ཞིང༌། བདེན་པ་ཉིད་ཀྱི་བཀའ་སྟེ་འཕྲིན་བཟང་ལས་ཁྱེད་ཚོས་སྔར་ཐོས་པ་དེ་ཡིན།

6 འཕྲིན་བཟང་དེ་ཁྱེད་རྣམས་ལ་བསྒྲགས་ཡོད་ཅིང༌། འཇིག་རྟེན་ཀུན་ལ་འབྲས་བུ་སྐྱེད་ཅིང་དར་བ་བཞིན། དེ་ལྟར་ཁྱེད་ཚོས་འཕྲིན་བཟང་ཐོས་ཤིང་བདེན་པའི་ངང་ནས་དཀོན་མཆོག་གི་ཐུགས་རྗེ་རྟོགས་པའི་ཉིན་མོ་ནས་བཟུང་ཁྱེད་ཚོའི་ཁྲོད་དུ་ཡང་དར།

7 ཁྱེད་ཚོས་ང་ཚོའི་གཅེས་པའི་གཡོག་པོ་གཅིག་པ་ཨེ་པབ་རཱ་ནས་འཕྲིན་བཟང་ཐོས། ཁོང་ནི་ང་ཚོའི་ཚབ་ལ་མཱ་ཤི་ཀའི་ཞབས་ཕྱི་ལྷག་བསམ་དག་པ་ཡིན་ཞིང༌།

8 དམ་པའི་ཐུགས་ཉིད་ལས་འབྱུང་བའི་ཁྱེད་ཚོའི་བྱམས་སེམས་ཀྱི་སྐོར་ང་ཚོར་བཤད།

9 དེའི་ཕྱིར་ང་ཚོས་དེའི་སྐོར་ཐོས་པའི་ཉིན་མོ་ནས་བཟུང༌། ཐུགས་ཉིད་ལ་གཏོགས་པའི་ཤེས་རབ་དང་རྟོགས་པ་ཐམས་ཅད་དང་ལྡན་ཏེ་ཁྱེད་ཚོས་དཀོན་མཆོག་གི་ཐུགས་དགོངས་གསལ་པོར་རྟོགས་རྒྱུར་རྒྱུན་ཆད་མེད་པར་སྨོན་ལམ་འདེབས།

10 དེ་ནས་ཁྱེད་ཚོའི་སྤྱོད་ལམ་གཙོ་བོའི་དོན་དུ་འོས་པ། རྣམ་པ་ཀུན་ནས་དཀོན་མཆོག་ཐུགས་དགྱེས་ཏེ། ལས་བཟང་པོ་ཐམས་ཅད་ཀྱི་སྒོ་ནས་འབྲས་བུ་སྐྱེད་ཅིང༌། དཀོན་མཆོག་གི་རྟོགས་པ་འཕེལ་ཏེ།

11 ཁོང་གི་གཟི་བརྗིད་དང་ལྡན་པའི་ནུས་མཐུ་ལས་འབྱུང་བའི་དབང་གིས་ཁྱེད་ཚོ་སེམས་བརྟན་པོར་འགྱུར། བཟོད་སེམས་ཀྱིས་ཐམས་ཅད་བཟོད་པ་སྒོམ་ཞིང༌། དགའ་བའི་ངང་ནས།

12 ཡབ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ། ཁོང་གིས་འོད་ཀྱི་རྒྱལ་ཁམས་སུ་ཁྱེད་ཚོར་ཞལ་ཆད་གནང་བའི་བྱིན་རླབས་ཀྱི་སྐལ་བ་འཐོབ་འོས་པར་མཛད།

13 དཀོན་མཆོག་གིས་ང་ཚོ་མུན་པའི་དབང་འོག་ནས་བསྐྱབས་ཏེ་ཁོང་གི་གཅེས་པའི་སྲས་ཀྱི་རྒྱལ་སྲིད་དུ་ཁྲིད་པར་མཛད།

14 ཁོང་གི་སྲས་བརྒྱུད་ནས་ང་ཚོ་སྐྱོབ་པར་འགྱུར་ལ། སྡིག་ཉེས་སེལ་བ་ཐོབ།

ཡེ་ཤུ་མཱ་ཤི་ཀ་ནི་ཆེས་ཁྱད་དུ་འཕགས་པ་ཡིན།

15 མཱ་ཤི་ཀ་ནི་མིག་གིས་མཐོང་མི་ཐུབ་པའི་དཀོན་མཆོག་གི་གཟུགས་བརྙན་ཡིན་ཏེ། བཀོད་པ་ཐམས་ཅད་ཀྱི་སྔོན་སྐྱེས་ཡིན།

16 གང་ཡིན་ཞེ་ན། ཁོང་གི་སྒོ་ནས་གནམ་ས་གཉིས་ལ་ཡོད་པ་ཐམས་ཅད་དང༌། མིག་གིས་མཐོང་ཐུབ་མིན། རྒྱལ་པོ་རྣམས་དང༌། རྒྱལ་སྲིད། མཐུ་ལྡན། དབང་ཅན་གང་ཡིན་རུང༌། ཐམས་ཅད་ཁོང་བརྒྱུད་ནས་བཟོས་ཤིང༌། ཁོང་གི་དོན་ལ་བཀོད་པ་ཡིན།

17 ཁོང་ནི་ཐམས་ཅད་ལས་སྔ་མ་ཡིན་ཞིང༌། ཁོང་གི་ཐོག་ནས་ཆ་ཚང་བརྟན་པོར་གནས།

18 ཁོང་གི་སྐུ་གཟུགས་ཡིན་པའི་ཆོས་ཚོགས་དེ་ཁོང་དབུ་ལྟར་ཡིན་ལ། རྣམ་པ་ཀུན་ལས་མཆོག་ཏུ་འགྱུར་བའི་ཆེད་དུ་ཁོང་ནི་ཐོག་མ་དང༌། འཆི་བ་ནས་སྔོན་སྐྱེས་ཡིན།

19 གང་ཡིན་ཟེར་ན། དཀོན་མཆོག་གི་ཚང་བ་ཐམས་ཅད་ཁོང་གི་ནང་དུ་གནས་པར་མཛད་པ་ལ་ཡབ་དཀོན་མཆོག་ཐུགས་མཉེས་ཤིང༌།

20 ཁོང་གི་སྐུ་ཁྲག་རྒྱང་ཤིང་སྟེང་ཐོན་པ་དེ་ཡིས་ཞི་བདེ་བསྐྲུན་པའི་སྒོ་ནས། ཁོང་བརྒྱུད་ནས་དཀོན་མཆོག་གིས་གནམ་ས་གཉིས་ཀྱི་དོན་ཐམས་ཅད་རང་ཉིད་དང་སྡུམ་པར་མཛད།

21 ཁྱེད་ཚོ་སྔར་སྤྱོད་པ་ངན་པ་བྱས་ཏེ་དཀོན་མཆོག་ནས་འབྲེལ་བ་རྒྱང་པ་དང༌། སེམས་ནང་དཀོན་མཆོག་ལ་སྡང་སེམས་ཅན་ཡིན་ཡང༌།

22 ད་ལྟ་མཱ་ཤི་ཀའི་སྐུ་གྲོངས་པའི་སྒོ་ནས་དཀོན་མཆོག་གིས་ཁྱེད་རྣམས་རང་ཉིད་དང་སྡུམ་པར་མཛད་ཡོད། དེ་ནི་ཁྱེད་ཚོ་དམ་པ་དང༌། སྐྱོན་མེད་པ། སྐྱོན་བརྗོད་རྒྱུ་ཡང་མེད་པར་ཁོང་གི་མདུན་དུ་སྐྱེལ་བའི་ཆེད་དུ་ཡིན།

23 འོན་ཀྱང་འཕྲིན་བཟང་གི་རེ་བ་མི་སྤོང་བར་ཁྱེད་ཚོས་མུ་མཐུད་ནས་དད་པ་ལ་བརྟན་པོར་གནས་དགོས། ཁྱེད་ཚོས་ཐོས་པའི་འཕྲིན་བཟང་དེ་ནམ་མཁའི་འོག་ཏུ་འཇིག་རྟེན་ཀུན་ལ་གྲགས་པ་ཡིན་ལ། ང་པའུ་ལུ་དེའི་ཞབས་ཏོག་ཏུ་གྱུར།

པའུ་ལུས་ཆོས་ཚོགས་ཀྱི་ཆེད་དུ་སྡུག་བསྔལ་མྱོང་བ།

24 ད་ངས་ཁྱེད་ཚོའི་དོན་ལ་མྱོང་བའི་དཀའ་ངལ་ལ་དགའ་བར་བྱེད་དེ། མཱ་ཤི་ཀའི་སྐུ་གཟུགས་ཡིན་པའི་ཆོས་ཚོགས་ཀྱི་ཆེད་དུ་ཁོང་གི་སྡུག་བསྔལ་ལྷག་མ་དེ་ངའི་ལུས་ལ་མུ་མཐུད་རྫོགས་པར་བྱེད།

25 ཁྱེད་རྣམས་ལ་ཕན་པའི་ཕྱིར་དཀོན་མཆོག་གིས་ང་ལ་གནང་བའི་ལས་འགན་དང་མཚུངས་ཏེ་ང་ཆོས་ཚོགས་ཀྱི་ཞབས་ཏོག་ཏུ་གྱུར། དེ་ནི་དཀོན་མཆོག་གི་བཀའ་ཡོངས་སུ་སྒྲོག་པའི་ཆེད་དུ་ཡིན།

26 དེ་ཅི་ཡིན་ཞེ་ན། འདས་པའི་དུས་ཀྱི་མི་དང༌། མི་རབས་ནས་མི་རབས་བར་དུ་སྦས་ཡོད་པའི་གསང་བ་དེ་དཀོན་མཆོག་གི་མི་རྣམས་ལ་ད་ལྟ་མངོན་པར་མཛད།

27དཀོན་མཆོག་གིས་དཔག་ཏུ་མེད་པའི་གཟི་བརྗིད་ཀྱི་གསང་བ་དེ་ཡ་ཧུ་དཱ་པ་མིན་པའི་མི་རིགས་ཀྱི་ཁྲོད་དུ་ཇི་ལྟར་རྩ་ཆེན་ཡིན་པ་ཉིད་ཀྱི་མི་རྣམས་ལ་མངོན་པར་གནང་བ་ཐག་གཅོད་མཛད། གསང་བ་དེ་ནི་མཱ་ཤི་ཀ་ཁྱེད་ཚོའི་སེམས་ལ་བཞུགས་ཏེ་ཁོང་གི་གཟི་བརྗིད་མཉམ་དུ་ལོངས་སུ་སྤྱོད་པའི་རེ་བ་ཡིན་ནོ།

28 མི་ཐམས་ཅད་མཱ་ཤི་ཀའི་ཐོག་ནས་ཡོངས་སུ་རྫོགས་པར་གྱུར་ཅིང་དཀོན་མཆོག་གི་མདུན་དུ་སྐྱེལ་བའི་ཕྱིར། ཤེས་རབ་ཀུན་གྱིས་མི་རེ་རེར་ཁ་ཏ་བྱེད་ཅིང་སློབ་སྟེ་ང་ཚོས་མཱ་ཤི་ཀའི་སྐོར་སྒྲོག

29 དེ་སྒྲུབ་པའི་ཆེད་དུ་ངའི་ལུས་སྟེང་ལ་ཤུགས་ཆེན་གྱི་འཕྲིན་ལས་མཛད་པའི་ཁོང་གི་ནུས་མཐུ་ལ་བརྟེན་ནས་ངས་འབད་རྩོལ་བྱེད་དོ།།

 

**********************************

Philippians (4) – ཕི་ལིབ་པཱི་པ། (4)    

Philippians (4) – ཕི་ལིབ་པཱི་པ། (4)    

1 དེའི་ཕྱིར་ངའི་མཛའ་ཞིང་བརྩེ་ལ། སྙིང་ནས་དྲན་པའི་སྤུན་ཟླ་ཚོ། ཁྱེད་ཚོ་ནི་ངའི་དགའ་སྤྲོ་དང༌། ཅོད་པན་དང་འདྲ་བ་ཡིན་པས་གཙོ་བོའི་ཐོག་ནས་དེ་ལྟར་བརྟན་པོར་གནས་ཤིག

པའུ་ལུ་ཡི་སྐུལ་མ།

2 ངས་བུད་མེད་ཡུ་ཨོ་དི་ཡཱ་དང་སིན་ཏི་ཀེ་གཉིས་ལ་གཙོ་བོའི་ངང་ནས་ཡིད་མཐུན་པར་སྐུལ།

3 ངའི་བདེན་པའི་ལས་རོགས། ཁྱེད་ཀྱིས་ཀྱང་བུད་མེད་དེ་གཉིས་ལ་རོགས་རམ་བྱེད་པར་ཞུ། གང་ཡིན་ཟེར་ན། ཁོ་ཚོས་ཁི་ལུ་མིན་ཐུ་ལ་སོགས་པའི་ངའི་ལས་རོགས་གཞན་ང་དང་མཉམ་དུ་འཕྲིན་བཟང་གི་ཕྱིར་འབད་རྩོལ་བྱས། ཁོ་ཚོའི་མིང་ནི་དཔག་ཏུ་མེད་པའི་ཚེའི་མདོ་ལ་འཁོད་ཡོད།

4 གཙོ་བོ་ལ་བརྟེན་ནས་རྟག་ཏུ་དགའ་བར་གྱིས་ཤིག ངས་ཡང་བསྐྱར་ཁྱེད་ཚོར་དགའ་བར་གྱིས་ཤིག་ཅེས་སྨྲ།

5 མི་ཐམས་ཅད་ཀྱིས་ཁྱེད་ཚོའི་སེམས་དུལ་བ་དེ་ཤེས་པར་གྱིས་ཤིག གཙོ་བོ་འབྱོན་པ་ལ་ཉེའོ།

6 སེམས་ཁྲལ་གང་ཡང་མི་བྱེད་པར་རྣམ་པ་ཐམས་ཅད་དུ་སྨོན་ལམ་དང་གསོལ་བ་ཐུགས་རྗེ་ལེགས་འབུལ་གྱི་སྒོ་ནས་དཀོན་མཆོག་ལ་ཞུ།

7 ཡང་དཀོན་མཆོག་གི་བསམ་ཡུལ་ལས་འདས་པའི་ཞི་བདེ་ཡིས་མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་ཁྱེད་ཚོའི་བློ་སེམས་སྲུང་བར་འགྱུར།

8 མདོར་ན་སྤུན་ཟླ་རྣམས། ཁྱེད་ཚོས་བདེན་པ་གང་ཡིན་པ་དང༌། བཀུར་སྟི་གང་ཡིན་པ། དྲང་པོ་གང་ཡིན་པ། དག་པ་གང་ཡིན་པ། ཡིད་དུ་འོང་བ་གང་ཡིན་པ། སྙན་པ་དང༌། བཟང་པོ་གང་ཡིན་པ། བསྟོད་འོས་པ་བཅས་པའི་དོན་དེ་རྣམས་ཀུན་ལ་བསམ་བློ་གཏོང་ཞིག

9 ཁྱེད་ཚོས་ང་ནས་གང་བསླབས་པ་དང༌། དང་ལེན་བྱས་པ་དང༌། ཐོས་པ་དང༌། མཐོང་བ་དེ་དག་ཉམས་ལེན་བྱེད་དགོས། ཡང་ཞི་བདེ་གནང་མཁན་དཀོན་མཆོག་ཁྱེད་ཚོ་དང་མཉམ་དུ་བཞུགས་པར་འགྱུར།

ཕི་ལིབ་པཱི་པ་རྣམས་ཀྱི་སྦྱིན་པ་དེ་ལ་ཐུགས་རྗེ་ཆེ་ཞུ་བ།

10 ཁྱེད་ཚོས་ད་ལྟ་ཡང་བསྐྱར་ང་ལ་སེམས་ཁུར་བྱེད་པས་ངས་གཙོ་བོ་ལ་བརྟེན་ནས་ཤིན་ཏུ་དགའ་བར་བྱེད། དོན་དམ་དུ་ཁྱེད་ཚོས་སྔར་ནས་སེམས་ཁུར་བྱས་ཀྱང་ང་ལ་རོགས་རམ་བྱེད་པའི་གོ་སྐབས་མ་བྱུང༌།

11 ང་ལ་མཁོ་ཆས་མེད་པས་དེ་ལྟར་མི་ཟེར། རྒྱུ་མཚན་ནི་ང་ལ་ཅི་ཡོད་པ་དེར་ཆོག་ཤེས་བྱེད་པ་ཤེས་ཟིན་པ་ཡིན།

12 ངས་དམན་པའི་དུས་ལ་ཇི་ལྟར་བྱེད་པ་དང༌། ལོངས་སྤྱོད་ཡོད་པའི་དུས་ཀྱང་ཇི་ལྟར་བྱེད་པ་ཤེས། འགྲང་བ་ཡང་ན་ལྟོགས་པ། ལྷག་པའམ་ཡང་ན་ཆད་པ། གནས་བབས་ཀུན་ལ་ཇི་ལྟར་བཟོད་པ་སྒོམ་པའི་གསང་བ་དེ་ཤེས།

13 ང་ལ་སྟོབས་ཤུགས་གནང་མཁན་གྱི་སྒོ་ནས་ངས་ཐམས་ཅད་བྱེད་ཐུབ་བོ།

14 འོན་ཀྱང་ང་སྡུག་བསྔལ་མྱོང་དུས་ཁྱེད་ཚོས་ང་ལ་རོགས་རམ་བྱས་པས་དེ་ལེགས།

15 འཕྲིན་བཟང་ཐོག་མར་སྒྲོག་པའི་སྐབས་སུ་ང་མ་ཀེ་དོན་ཡཱ་ཡུལ་ནས་ཁ་བྲལ་བའི་རྗེས། ཁྱེད་ཚོ་མ་གཏོགས་ཆོས་ཚོགས་ཕར་སྤྲོད་ཚུར་ལེན་གྱི་རོགས་རམ་མ་བྱས་པ་ཁྱེད་ཕི་ལིབ་པཱི་པ་རྣམས་ཀྱིས་ཤེས།

16 ང་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ལ་ཡོད་དུས་ཀྱང་ཁྱེད་ཚོས་ང་ལ་སྦྱིན་པ་ཐེངས་འགའ་བཏང༌།

17 རང་གི་དོན་ལ་སྦྱིན་པ་མི་འཚོལ་བར་ངས་ཁྱེད་རྣམས་ཀྱི་དོན་ལ་དཀོན་མཆོག་གི་དྲུང་དུ་ཕན་པའི་འབྲས་བུ་འཚོལ།

18 ཁྱེད་ཚོས་ཨེ་པབ་རོ་དི་ཊུ་བརྒྱུད་གང་བསྐུར་བ་དེ་འབྱོར་ནས་ང་ལ་གང་དགོས་ཡོད་པ་མ་ཟད་ལྷག་མའང་ཡོད་པས་ཡིད་ཚིམ་པར་གྱུར། ཁྱེད་ཀྱིས་བསྐུར་བའི་གནང་སྦྱིན་ནི་དྲི་ཞིམ་གྱི་མཆོད་པ་དཀོན་མཆོག་གི་ཐུགས་སུ་བྱོན་པ་དང་མཉེས་པ་ཞིག་ཡིན།

19ཡང་ངའི་དཀོན་མཆོག་གིས་རང་གི་གཟི་བརྗིད་དང་ལྡན་པའི་ནོར་བཞིན་དུ་མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་ཁྱེད་ཚོར་དགོས་པ་ཐམས་ཅད་མཁོ་འདོན་མཛད་པར་འགྱུར།

20 ངེད་རྣམས་ཀྱི་དཀོན་མཆོག་དང་ཡབ་ལ་དུས་གཏན་དུ་གཟི་བརྗིད་དང་ལྡན་པར་གྱུར་ཅིག ཨ་མེན།

མཐའ་མཇུག་གི་འཚམས་འདྲི།

21 མཱ་ཤི་ཀ་ཡེ་ཤུའི་ངང་ནས་དད་ལྡན་རེར་འཚམས་འདྲི་ཞུས། ང་དང་མཉམ་དུ་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ཁྱེད་ཚོར་འཚམས་འདྲི་ཞུ།

22 དད་ལྡན་ཐམས་ཅད་དང༌། ཁྱད་པར་དུ་གོང་མ་སེ་སར་གྱི་ཕོ་བྲང་ལ་བཞུགས་པ་རྣམས་ཀྱིས་ཁྱེད་ཚོར་འཚམས་འདྲི་ཞུ།

23 གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཐུགས་རྗེ་ཁྱེད་ཚོའི་སེམས་ལ་གནས་པར་གྱུར་ཅིག ། །།

 

*******************************

Philippians (3) – ཕི་ལིབ་པཱི་པ། (3)    

Philippians (3) – ཕི་ལིབ་པཱི་པ། (3)    

1 མདོར་ན་སྤུན་ཟླ་རྣམས། གཙོ་བོའི་ངང་ནས་དགའ་བར་གྱུར་ཅིག ངས་དོན་འདི་རྣམས་ཡང་བསྐྱར་ཁྱེད་ཚོར་བྲིས་ན་ང་མི་བསུན་ཞིང༌། ཁྱེད་ཚོར་ཕན་ནོ།

2 ཁྱི་དང་འདྲ་བའི་མི་ངན་ཏེ་ཐར་པ་འཐོབ་པའི་ཕྱིར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་ངེས་པར་དུ་དགོས་ཞེས་པའི་མི་ལ་དོགས་ཟོན་གྱིས་ཤིག

3 གང་ཡིན་ཞེ་ན། ང་ཚོ་ནི་ཡ་ཧུ་དཱ་པའི་རྟགས་བདེན་པ་དང་ལྡན་ཏེ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་བསྙེན་བཀུར་བྱེད་ཅིང༌། མཱ་ཤི་ཀ་ཡེ་ཤུ་ལ་དགའ་བར་བྱེད་དེ་ཆོས་ཀྱི་རྟགས་ལེན་ལ་སོགས་པའི་མིའི་ལུགས་སྲོལ་ལ་མི་རྟེན།

4 དོན་དམ་དུ། ང་རང་ལ་མིའི་ལུགས་སྲོལ་ལ་རྟེན་པའི་རྒྱུ་མཚན་ཡོད། མི་གཞན་ཞིག་ལ་མིའི་ལུགས་སྲོལ་ལ་རྟེན་པའི་རྒྱུ་མཚན་ཡོད་བསམས་ན། ཁོ་ལས་ང་ལ་མང་བ་ཡོད།

5 ང་ནི་སྐྱེས་ནས་ཉིན་བརྒྱད་པར་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དང་ལྡན་ཏེ། ཡི་སི་ར་ཨེལ་མི་རིགས་ལ་གཏོགས་པ་དང༌། པེན་ཡ་མཱིན་ཚོ་པའི་མི་ཞིག ཤ་གཙང་རུས་གཙང་གི་ཡ་ཧུ་དཱ་པ་ཞིག ཆོས་ཁྲིམས་ཀྱི་ཆ་ནས་ཕཱ་རུ་ཤི་པ་ཞིག

6 ཆོས་ཚོགས་ལ་འབད་པའི་ཐོག་ནས་མནར་གཅོད་བྱེད་མཁན་ཡིན་ཏེ། ཆོས་ཁྲིམས་སྲུང་བའི་ཆ་ནས་སྐྱོན་མེད་པ་ཞིག་ཡིན།

7 འོན་ཀྱང་ངས་སྔར་ཁེ་ཕན་དུ་བརྩིས་པ་རྣམས་ད་ཆ་མཱ་ཤི་ཀའི་དོན་དུ་གྱོང་གུན་དུ་རྩི།

8 དེས་མ་ཟད་མཱ་ཤི་ཀ་ཡེ་ཤུ་ངའི་གཙོ་བོ་ངོ་ཤེས་པ་དེའི་བླ་ན་མེད་པའི་རིན་ཐང་གི་རྐྱེན་གྱིས་ངས་གཞན་ཐམས་ཅད་ཀྱང་གྱོང་གུན་དུ་རྩི། ཁོང་གི་ཆེད་དུ་ཐམས་ཅད་བརླག་མྱོང་ཞིང་དེ་ཚོ་གད་སྙིགས་སུ་རྩི། དེ་ནི་མཱ་ཤི་ཀ་འཐོབ་པའི་ཆེད་དང༌།

9 ཁོང་གི་ནང་ན་གནས་པའི་ཕྱིར་རོ། ཆོས་ཁྲིམས་སྲུང་བ་ལས་མ་ཡིན་ཏེ། མཱ་ཤི་ཀ་ལ་དད་པ་བྱེད་པའི་སྒོ་ནས་ང་ལ་དཀོན་མཆོག་དང་འབྲེལ་བ་ཡང་དག་པ་ཐོབ། དེ་ནི་དཀོན་མཆོག་ལས་འབྱུང་ཞིང༌། དད་པ་ལ་བརྟེན་ནོ།

10 ཁོང་ངོ་ཤེས་པ་དང༌། ཁོང་འཆི་བ་ནས་སླར་གསོན་པར་གྱུར་བའི་ནུས་མཐུ་ཤེས་པར་འདོད། ང་འཆི་བ་ཙམ་དུ་ཁོང་དང་མཉམ་པར་སྡུག་བསྔལ་མྱོང་བར་འདོད།

11 དེ་ནི་ཐབས་གང་གི་ཐོག་ནས་ང་འཆི་བ་ནས་སླར་གསོན་དུ་འགྱུར་བའི་ཕྱིར་རོ།།

དམིགས་ཡུལ་སྒྲུབ་པའི་སྐོར།

12 དོན་དེ་རྣམས་ཐོབ་ཟིན་པ་མ་ཡིན། ཡོངས་སུ་རྫོགས་པར་གྱུར་བ་ཡང་མ་ཡིན། འོན་ཏེ་མཱ་ཤི་ཀ་ཡེ་ཤུ་ཡིས་ང་དོན་གང་གི་ཕྱིར་བཟུང་བ་དེ་ངའི་འཛིན་པའི་ཕྱིར་འབད་རྩོལ་བྱེད།

13 སྤུན་ཟླ་རྣམས། ངས་དོན་དེ་རྣམས་ཐོབ་ཚར་བར་མི་རྩི་ཡང་ངས་འདི་གཅིག་པོ་བྱེད་དེ། གང་འདས་པ་བརྗེད་ནས་མ་འོངས་པ་ལ་གང་སྒྲུབ་པར་འབད་རྩོལ་བྱེད་པས།

14 དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་ང་ཞིང་ཁམས་སུ་བོས་པའི་བྱ་དགའ་འཐོབ་པའི་ཕྱིར་ངས་དམིགས་ཡུལ་གྱི་ཕྱོགས་སུ་ཐད་ཀར་རྒྱུག་གོ

15 དེར་བརྟེན། ང་ཚོའི་ཁྲོད་ཀྱི་སྨིན་ཞིང་ཡོངས་སུ་རྫོགས་པར་འགྱུར་བ་རྣམས་ཀྱིས་དེ་ལྟར་སེམས་སྐྱེད་དགོས། ཡང་དོན་གཅིག་ལ་ལྟ་བ་མི་མཐུན་ན་དཀོན་མཆོག་གིས་དོན་དེའང་ཁྱེད་ལ་མངོན་པར་མཛད།

16 འོན་ཀྱང་ཐོབ་ཟིན་པའི་ཚད་གཞི་དེ་བཞིན་དུ་ང་ཚོས་སྤྱོད་པར་བྱེད་དགོས།

17 སྤུན་ཟླ་རྣམས། ཁྱེད་ཚོ་ཚང་མས་ང་མིག་དཔེར་འཛིན་ཅིང༌། ང་ཚོའི་དཔེ་ལྟར་མི་ཚེ་སྐྱེལ་བ་རྣམས་ལ་ལྟོས།

18 རྒྱུ་མཚན་ནི་མི་མང་པོས་མཱ་ཤི་ཀའི་རྒྱང་ཤིང་གི་དགྲ་བོ་ལྟར་སྤྱོད་པར་བྱེད། ངས་སྔར་ལན་མང་པོ་ཁོ་ཚོའི་སྐོར་ལ་ཁྱེད་རྣམས་ལ་སྨྲས་ཤིང༌། ད་ལྟའང་མིག་ལ་མཆི་མ་དང་བཅས་པར་བཤད་ཡོད།

19 ཁོ་ཚོ་འཇིག་པ་འགྱུར་ངེས་སོ། ཁོ་ཚོའི་ལྷ་ནི་སོ་སོའི་གྲོད་ཁོག་ཡིན། ཁོ་ཚོས་ངོ་ཚ་གྲགས་པར་འཛིན། འཇིག་རྟེན་འདི་ལ་བློ་གཅིག་ཏུ་སེམས།

20 འོན་ཀྱང་ངེད་རྣམས་ནི་དཀོན་མཆོག་གི་ཞིང་ཁམས་ཀྱི་མངའ་འབངས་ཡིན་ལ། དེ་ནས་འབྱོན་པའི་སྐྱབས་མགོན་ཞིག་སྟེ་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ང་ཚོས་ཡིད་རྟོན་ནས་སྒུག

21 དོན་ཐམས་ཅད་ཁོང་གི་དབང་འོག་ཏུ་སྒྱུར་ཐུབ་པའི་ནུས་མཐུའི་སྒོ་ནས་ང་ཚོའི་མིའི་ལུས་དམན་པ་འདི་ཡང་ཁོང་གི་གཟི་བརྗིད་དང་ལྡན་པའི་སྐུ་གཟུགས་དང་འདྲ་བར་མཛད་པར་འགྱུར་རོ།།

 

***************************************