Ephesians (5) – ཨེ་ཕེ་སུ་པ། (5)

Ephesians (5) – ཨེ་ཕེ་སུ་པ། (5)

1 དེའི་ཕྱིར་གཅེས་པའི་སྲས་དང་སྲས་མོ་ལྟར་དཀོན་མཆོག་ལ་དཔེ་ལྟ་བྱེད་དགོས།

2 མཱ་ཤི་ཀས་ང་ཚོར་བྱམས་ཤིང༌། རང་སྲོག་བློས་བཏང་སྟེ་ང་ཚོའི་དོན་དུ་དཀོན་མཆོག་ལ་དྲི་ཞིམ་གྱི་འབུལ་བ་དང་མཆོད་པ་ལྟར་གནང་བས། ཁྱེད་ཚོས་ཀྱང་གཞན་ལ་བྱམས་པའི་སྒོ་ནས་མི་ཚེ་སྐྱེལ་དགོས།

3 འོན་ཀྱང་ཁྱེད་ཚོ་ནི་དཀོན་མཆོག་གི་སྤྱན་སྔར་དམ་པར་མཛད་པ་ཡིན་པས། ལོག་གཡེམ་མམ། མི་གཙང་བ། སེར་སྣ་བཅས་ཀྱི་མིང་ཙམ་ཡང་ཁྱེད་ཚོའི་ཁྲོད་དུ་སྨྲ་མི་རུང༌།

4 ཡང་འཆལ་གཏམ། ངག་ཀྱལ། མ་རབས་ཐ་ཤལ་ལ་སོགས་པའི་གཏམ་སྨྲ་མི་རུང་བས། དེའི་ཚབ་ལ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ།

5 གང་ཡིན་ཞེ་ན། ལོག་གཡེམ་མམ། མི་གཙང་བ་བྱེད་མཁན་ནམ། སེར་སྣ་ཅན་ཏེ་ལྷ་ཆོས་པ་ཡིན་པའི་མི་སུ་ལ་ཡང་མཱ་ཤི་ཀ་དང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐལ་བ་རྩ་བ་ནས་མེད་པར་ཤེས་པར་གྱིས་ཤིག

འོད་སྣང་ལྡན་པའི་མི་ཚེ།

6 བྱ་བ་དེའི་ཕྱིར་དཀོན་མཆོག་གི་ཆད་པ་བཀའ་ལ་མི་ཉན་པ་རྣམས་ལ་ཕོག་ངེས་ཡིན་པས། སུ་ཞིག་གིས་སྙིང་པོ་མེད་པའི་གཏམ་གྱིས་ཁྱེད་ཚོར་མགོ་སྐོར་གཏོང་དུ་མ་འཇུག་ཅིག

7 དེ་བས་ན་ཁོ་ཚོ་དང་མ་འགྲོགས་ཤིག

8 སྔར་ཁྱེད་ཚོ་མུན་པ་ལྟར་ཡིན་ཡང༌། ད་གཙོ་བོའི་རྐྱེན་གྱིས་འོད་སྣང་ཡིན་པས། འོད་སྣང་དང་ལྡན་པ་རྣམས་ལྟར་མི་ཚེ་སྐྱེལ།

9 (འོད་སྣང་གི་འབྲས་བུ་ནི་རྣམ་པ་ཐམས་ཅད་དུ་བཟང་པོ་དང༌། དྲང་པོ། བདེན་པ་ཡིན་)

10 གཙོ་བོ་གང་ལ་ཐུགས་མཉེས་པ་དེ་ཤེས་པར་གྱིས་ཤིག

11 མུན་པ་དང་ལྡན་པའི་དོན་མེད་ཀྱི་ལས་ངན་མཉམ་སྤྱོད་མི་བྱེད་པར། དེ་ཚོ་ཐེར་འདོན་གྱིས་ཤིག

12 རྒྱུ་མཚན་ནི་ཁོ་ཚོས་གསང་བའི་སྒོ་ནས་གང་བྱེད་པ་དེ་སྨྲ་བའང་ངོ་ཚ་བ་ཞིག་ཡིན།

13 འོད་སྣང་གིས་ཐེར་འདོན་གང་བྱས་པ་ཐམས་ཅད་མཐོང་བར་འགྱུར། གང་ལགས་ཤེ་ན། ཐམས་ཅད་མངོན་པར་བྱེད་མཁན་ནི་འོད་སྣང་ཡིན།

14 དེའི་ཕྱིར།

གཉིད་མཚོར་ལྷུང་བའི་མི་རྣམས་གཉིད་གསོད་ལ།།

འཆི་བའི་གནས་ལས་གསོན་པོར་ལོངས་ཤིག་ཨང༌།།

མཱ་ཤི་ཀ་ཡི་འོད་སྣང་ཁྱེད་ལ་འཕྲོ།།

ཞེས་སོ།།

15 དེ་བས་ན་བླུན་པོ་མིན་པར་ཤེས་རབ་ཅན་གྱི་མི་ཚེ་སྐྱེལ་ཏེ་སྤྱོད་ལམ་ལ་རྟོག་ཞིབ་བྱེད་ཅིག

16 དུས་འདི་ངན་པ་ཡིན་པས་གོ་སྐབས་ཅི་བྱུང་ཡང་ལས་བཟང་པོ་བྱེད་དགོས།

17 བླུན་པོ་མི་བྱེད་པར་གཙོ་བོའི་ཐུགས་དགོངས་གང་ཡིན་པ་ཤེས་པར་གྱིས་ཤིག

18 ཆང་རག་གིས་བཟི་བར་མི་འགྱུར། གང་ཡིན་ཞེ་ན། དེ་ནི་བག་མེད་ཀྱི་སྤྱོད་ཚུལ་ཡིན། འོན་ཏེ་དམ་པའི་ཐུགས་ཉིད་ཀྱིས་ཁེངས་པར་གྱིས།

19 གསུང་མགུར་དང༌། བསྟོད་དབྱངས། མགུར་གླུའི་ནང་དོན་རྣམས་ཕན་ཚུན་གཏམ་གླེང་བྱ་ཞིང༌། སེམས་ནས་གཙོ་བོ་ལ་བསྟོད་གླུ་དང་རོལ་དབྱངས་ཕུལ་ཞིག

20 ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་སྒོ་ནས་རྟག་ཏུ་དོན་ཐམས་ཅད་ཀྱི་ཆེད་དུ་ཡབ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ།

མཱ་ཤི་ཀ་པའི་ཁྱིམ་ཚང་གི་སྤྱོད་ལམ།

21 མཱ་ཤི་ཀ་ལ་གུས་བཀུར་བྱེད་པས་ཕན་ཚུན་ཁ་ལ་ཉོན།

22 ཆུང་མ་རྣམས། ཁྱེད་ཚོས་གཙོ་བོའི་བཀའ་ལ་ཉན་པ་ལྟར་ཁྱོ་གའི་ཁ་ལའང་ཉན།

23 གང་ལགས་ཟེར་ན། མཱ་ཤི་ཀ་ནི་ཉིད་ཀྱི་སྐུ་ལུས་ཡིན་པའི་ཆོས་ཚོགས་ཀྱི་དབུ་དང་སྐྱབས་མགོན་ཡིན་པ་ལྟར། ཁྱོ་གའང་ཆུང་མའི་མགོ་ཡིན།

24 ཆོས་ཚོགས་མཱ་ཤི་ཀའི་དབང་འོག་ཏུ་ཡོད་པ་ལྟར། ཆུང་མ་རྣམས་རྣམ་པ་ཐམས་ཅད་ལ་ཁྱོ་གའི་དབང་འོག་ཏུ་གནས་དགོས།

25 ཁྱོ་ག་རྣམས། ཆུང་མ་ལ་བྱམས་པར་གྱིས་ཤིག གང་ཡིན་ཟེར་ན། མཱ་ཤི་ཀས་ཀྱང་ཆོས་ཚོགས་ལ་བྱམས་ཤིང༌། དེའི་དོན་ལ་རང་གི་སྲོག་བློས་བཏང༌།

26 དེ་ནི་ཆོས་ཚོགས་དམ་པར་མཛད་པའི་ཆེད་དུ། བཀའ་དང་ཆུ་ཡིས་ཁྲུས་ནས་གཙང་བར་མཛད་དེ།

27 ཁོང་ཉིད་ཀྱི་དོན་དུ་དྲི་མའམ། གཉེར་མ་ལྟ་བུ་ལ་སོགས་པའི་སྐྱོན་ཅིའང་མེད་པར། གཟི་བརྗིད་ཅན་དང༌། དམ་པ། སྐྱོན་མེད་པར་འགྱུར་བའི་ཕྱིར་རོ།

28 དེ་ལྟར་ཁྱོ་ག་རྣམས་ཀྱིས་ཀྱང་ཁོ་ཚོའི་ཆུང་མ་རྣམས་རང་གི་ལུས་ལྟར་བྱམས་པ་བྱེད་དགོས། ཆུང་མ་ལ་བྱམས་པ་བྱེད་མཁན་གྱིས་རང་ལ་བྱམས་སོ།

29 མི་སུས་ཀྱང་རང་གི་ལུས་ལ་ནམ་ཡང་མ་སྡང་བར། དེ་ལ་ཟས་སྟེར་ཞིང་གསོ་བ་ལྟར། དེ་བཞིན་དུ་མཱ་ཤི་ཀ་ཡིས་རང་གི་སྐུ་ལུས་ཡིན་པའི་ཆོས་ཚོགས་ལ་བྱམས་སྐྱོང་མཛད།

30 གང་ཡིན་ཟེར་ན། ང་ཚོ་ནི་ཁོང་གི་སྐུ་ལུས་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ།

31 དེའི་རྐྱེན་གྱིས་སྐྱེས་པས་རང་གི་ཕ་མ་བཞག་ནས་རང་གི་བཟའ་ཟླ་དང་མཉམ་དུ་འདུས་ཤིང༌། ཁོ་གཉིས་ཤ་རུས་གཅིག་ཏུ་གྱུར་ནས་སོ་སོ་བ་མིན་ཏེ་གཅིག་རང་ཡིན་ནོ།

32 གསང་བ་དེ་ཆེན་པོ་ཞིག་ཡིན་ཡང༌། ངས་མཱ་ཤི་ཀ་དང་ཁོང་གི་སྐུ་ལུས་ཡིན་པའི་ཆོས་ཚོགས་ཀྱི་སྐོར་སྨྲ།

33 འོན་ཀྱང་ཁྱེད་ཚོ་རེ་རེས་ཆུང་མ་ལ་རང་དང་འདྲ་བར་བྱམས་པར་བྱེད་དགོས་ཤིང༌། ཆུང་མས་རང་གི་ཁྱོ་ག་ལ་གུས་བཀུར་བྱེད་དགོས་སོ།།

 

***********************************

Ephesians (4) – ཨེ་ཕེ་སུ་པ། (4)

Ephesians (4) – ཨེ་ཕེ་སུ་པ། (4)

1 དེའི་ཕྱིར་གཙོ་བོའི་བཙོན་པ་ང་པའུ་ལུ་ཡིས་དཀོན་མཆོག་གིས་ཁྱེད་རྣམས་བོས་པར་མཛད་པ་དང་འཚམ་པའི་སྤྱོད་པ་བྱེད་པར་ནན་གྱིས་སྐུལ།

2 སྙེམས་ཆུང་ཀུན་དང༌། སེམས་དུལ་པོ་དང༌། བཟོད་སེམས་ཀྱིས་བྱམས་པའི་སྒོ་ནས་གཅིག་གིས་གཅིག་ལ་བཟོད་པ་སྒོམ་སྟེ།

3 དམ་པའི་ཐུགས་ཉིད་ལས་བྱུང་བའི་གཅིག་མཐུན་དེ་ཞི་བདེ་བརྒྱུད་ནས་སྲུང་བར་འབད་རྩོལ་གྱིས་ཤིག

4 དཀོན་མཆོག་གིས་ཁྱེད་རྣམས་རེ་བ་གཅིག་ལ་བོས་པར་མཛད་པ་ལྟར། ལུས་གཅིག་དང་ཐུགས་ཉིད་གཅིག་ཡིན་ཞིང༌།

5 གཙོ་བོ་གཅིག དད་པ་གཅིག ཁྲུས་གསོལ་གཅིག

6 ཐམས་ཅད་ཀྱི་ཡབ་དང་དཀོན་མཆོག་གཅིག་སྟེ། ཐམས་ཅད་ཀྱི་སྟེང་དང༌། ཐམས་ཅད་ཀྱི་ཁྲོད། ཐམས་ཅད་ཀྱི་ནང་བཞུགས་སོ།

7 ང་ཚོ་རེ་རེ་ལ་མཱ་ཤི་ཀའི་གནང་སྦྱིན་གྱི་ཚད་དང་བསྟུན་ཏེ་ཐུགས་རྗེ་གནང་བ་ཡིན།

8 གསུང་རབ་ཀྱི་མདོའི་ནང་འཁོད་པ་ལྟར།

ནམ་མཁར་ཕེབས་དུས་བཙོན་པའི་ཚོགས་ཁྲིད་ནས།།

མི་སྡེ་རྣམས་ལ་གནང་སྦྱིན་སྣ་ཚོགས་བསྩལ།།

ཞེས་སོ།

9 (ཁོང་ནམ་མཁར་ཕེབས་ཞེས་ཟེར་བའི་དོན་ནི་སྔར་ས་གཞིའི་ས་ཆ་དམའ་པོ་ལ་ཡང་བབས་པའི་དོན་མ་ཡིན་ནམ།

10 མར་འབབ་མཁན་ནི་ཞིང་ཁམས་ཐམས་ཅད་ཀྱི་སྟེང་དུ་ཡར་ཕེབས་མཁན་དེ་རང་ཡིན། དེ་ནི་ཁོང་གིས་འཇིག་རྟེན་ཁམས་ཡོངས་སུ་ཁེངས་པར་མཛད་པའི་ཕྱིར་རོ་)

11 ཡང་མཱ་ཤི་ཀའི་གནང་སྦྱིན་ཏེ་ཁ་ཤས་སྐུ་ཚབ། ཁ་ཤས་ལུང་སྟོན་པ། ཁ་ཤས་འཕྲིན་བཟང་སྒྲོག་མཁན། ཁ་ཤས་ཆོས་འཁྲིད་མཁན་དང་སློབ་དཔོན་བཅས་སུ་བསྐོས།

12 ཁོང་ཚོས་དཀོན་མཆོག་གི་མི་རྣམས་ལ་ཞབས་ཏོག་བྱེད་པའི་སྦྱོང་བརྡར་སྤྲོད་ཅིང༌། མཱ་ཤི་ཀའི་སྐུ་ལུས་ཡིན་པའི་ཁོང་གི་ཆོས་ཚོགས་ལ་ཡར་རྒྱས་གཏོང་བའི་ཕྱིར་རོ།

13 མཐར་ང་ཚོ་ཐམས་ཅད་དད་པ་དང༌། དཀོན་མཆོག་གི་སྲས་ཀྱི་རྟོགས་པ་ལ་གཅིག་ཏུ་འགྱུར་ཏེ། སྨིན་ཞིང་ཡོངས་སུ་རྫོགས་ལ། མཱ་ཤི་ཀའི་བླ་ན་མཐོ་བའི་ཚད་དང་ལྡན་པར་འགྱུར།

14 དེར་བརྟེན་ད་ནས་བཟུང་ང་ཚོ་བྱིས་པ་ལྟར་མིན་ཏེ། རྒྱ་མཚོའི་རྦ་རླབས་ལྟར་འཕྱུར་བའམ། ལོག་ལྟ་སྣ་ཚོགས་འཛིན་པའི་བསྟན་པ་རླུང་གིས་འདེད་པའམ། མི་རྣམས་ཀྱི་གཡོ་ཐབས་སམ། མགོ་སྐོར་གཏོང་བའི་ཇུས་ངན་གྱིས་བསླུ་བྲིད་མི་བྱེད་པར།

15 བྱམས་སེམས་ཀྱི་སྒོ་ནས་བདེན་གཏམ་སྨྲ་ཞིང༌། རྣམ་པ་ཀུན་ནས་ང་ཚོའི་དབུ་ལྟར་ཡིན་པའི་མཱ་ཤི་ཀའི་ཐོག་ནས་སྨིན་ཞིང་ཡོངས་སུ་རྫོགས་པར་འགྱུར་དགོས།

16 མཱ་ཤི་ཀ་དབུ་ལྟར་ཡིན་པའི་ལུས་ཧྲིལ་པོ་རྩ་རྒྱུས་ཀྱིས་སྦྲེལ་ཏེ། ཡན་ལག་རེའི་སྟོབས་ཚད་བཞིན་དུ་བྱམས་པའི་སྒོ་ནས་ལུས་བཞེངས་ཤིང་ཡར་སྐྱེད།

མི་ཚེ་རྙིང་པ་དང་མི་ཚེ་གསར་པ།

17 གཙོ་བོའི་ངང་ནས་ངས་འདི་ལྟར་ཟེར་ཞིང་སྐུལ། ད་ནས་བཟུང་ཁྱེད་ཚོ་ལྷ་ཆོས་པ་རྣམས་ཀྱི་དོན་མེད་པའི་སེམས་བཞིན་དུ་མི་ཚེ་སྐྱེལ་མི་ཆོག

18 རྨོངས་པས་བློ་གྲོས་མུན་པར་གྱུར་ཏེ། གཏི་མུག་དང་སེམས་མཁྲེགས་པོར་གྱུར་བའི་རྐྱེན་གྱིས་ཁོ་རྣམས་དཀོན་མཆོག་གི་ཚེ་དང་བྲལ་བ་དང༌།

19 སེམས་མཁྲེགས་པོར་གྱུར་བས་འདོད་ཆགས་ལ་དགའ་ཞིང༌། ཁོ་ཚོས་མི་གཙང་བའི་ལས་ཀྱི་རིགས་ཀུན་ལ་བརྩོན་སེམས་དང་སེར་སྣ་ཡིས་སྤྱོད་པར་བྱེད།

20 འོན་ཀྱང་ཁྱེད་ཚོས་མཱ་ཤི་ཀའི་སྐོར་དེ་ལྟར་བསླབས་པ་མིན།

21 ཁོང་གི་སྐོར་ཐོས་ནས་ཡེ་ཤུ་ལས་འབྱུང་བའི་བདེན་པ་བསླབས།

22 སྔོན་གྱི་སྤྱོད་པ་ངན་པ་སྤངས་ནས་འདོད་ཆགས་ཀྱིས་རུལ་བའི་མི་ཚེ་རྙིང་པ་དོར་ཞིང༌།

23 སེམས་གསར་དུ་སྐྱེས་ནས།

24 དཀོན་མཆོག་གི་དཔེ་ལྟར་དངོས་སུ་རྣམ་པར་དག་པ་དང་དམ་པ་བཅས་ཀྱི་སྒོ་ནས་བཀོད་པའི་མི་ཚེ་གསར་པ་གོས་སུ་གྱོན་པར་ཁྱེད་ཚོས་བསླབས།

མི་ཚེ་གསར་པའི་སྤྱོད་ལམ།

25 དེའི་ཕྱིར་རྫུན་གཏམ་སྤངས་ནས་ཁྱེད་ཚོ་ཚང་མས་ཁྱིམ་མཚེས་ལ་བདེན་གཏམ་སྨྲ་དགོས། གང་ཡིན་ཞེ་ན། ང་ཚོ་ཕན་ཚུན་ཁོངས་མི་ཡིན།

26 ཁོང་ཁྲོ་བསླངས་ན་ཡང་སྡིག་ཉེས་ཀྱི་ལས་མ་བྱེད་ཅིག ཉི་མ་ནུབ་པའི་སྔོན་ལ་ཁོང་ཁྲོ་ཞི་བར་བྱ་སྟེ།

27 བདུད་ལ་གོ་སྐབས་མ་སྤྲོད་ཅིག

28 རྐུན་པོས་ད་ནས་བཟུང་མ་རྐུ་བར་དབུལ་པོ་རྣམས་ལ་སྦྱིན་པ་གཏོང་ཐུབ་པའི་ཕྱིར། རང་གི་ལག་པ་གཉིས་ལ་བརྟེན་ནས་དྲང་པོའི་ལས་ལ་འབད་བརྩོན་བྱེད་དགོས།

29 གཙོག་གཏམ་མ་ཤོད་ཅིག ཁྱེད་ཀྱི་གཏམ་ཉན་མཁན་རྣམས་ལ་ཕན་པའི་ཕྱིར་གོ་སྐབས་བཞིན་དུ་བློ་སྒོ་འབྱེད་པའི་གཏམ་ཁོ་ན་ཤོད།

30 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ལ་ཐུགས་སྐྱོ་བར་མ་བྱེད་ཅིག དཀོན་མཆོག་གིས་ཐར་པའི་ཉིན་མོའི་བར་དུ་ཁྱེད་རྣམས་ལ་དམ་པའི་ཐུགས་ཉིད་ཀྱི་རྒྱ་ཡིས་བཏབ་པར་མཛད།

31 འཁོན་འཛིན་དང༌། ཁོང་ཁྲོ། ཞེ་སྡང༌། འཐབ་རྩོད། དམའ་འབེབས་གཏོང་བ། ངན་སེམས་ཐམས་ཅད་སྤོངས་ཤིག

32 དཀོན་མཆོག་གིས་མཱ་ཤི་ཀའི་སྒོ་ནས་ཁྱེད་རྣམས་ཀྱི་སྡིག་ཉེས་བསལ་ཟིན་པས། ཁྱེད་ཚོས་ཀྱང་གཅིག་གིས་གཅིག་ལ་བཟང་པོ་བྱེད་ཅིང༌། གཞན་ལ་གཅེས་པར་འཛིན་ནས་ཕན་ཚུན་གུ་ཡངས་གཏོང་ཞིག །

 

***************************************

Ephesians (3) – ཨེ་ཕེ་སུ་པ། (3)

Ephesians (3) – ཨེ་ཕེ་སུ་པ། (3)

1 དེའི་ཕྱིར་ང་པའུ་ལུ་ཁྱེད་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་དོན་དུ་མཱ་ཤི་ཀ་ཡེ་ཤུའི་བཙོན་པ་ཡིན།

2 ཁྱེད་རྣམས་ལ་ཕན་པའི་ཆེད་དུ་ང་ལ་དཀོན་མཆོག་གི་ཐུགས་རྗེ་སྤེལ་བའི་ལས་འགན་གནང་བ་ཁྱེད་ཚོས་ཐོས་ཡོད།

3 ངས་སྔར་རགས་ཙམ་བྲིས་པ་ལྟར་མངོན་སུམ་དུ་གྱུར་བའི་སྒོ་ནས་ང་གསང་བ་དེའི་ཤེས་མཁན་དུ་གྱུར།

4 དེ་བཀླགས་ནས་ང་ནི་མཱ་ཤི་ཀའི་གསང་བ་རྟོགས་མཁན་ཡིན་པ་ཁྱེད་ཚོས་ཤེས་ཐུབ།

5 གསང་བ་དེ་སྔོན་གྱི་མི་རབས་ལ་མངོན་སུམ་དུ་མ་མཛད་ཀྱང༌། ད་ལྟ་དམ་པའི་ཐུགས་ཉིད་ཀྱི་སྒོ་ནས་ཁོང་གི་སྐུ་ཚབ་དམ་པ་དང༌། ལུང་སྟོན་པ་རྣམས་ལ་མངོན་པར་མཛད།

6གསང་བ་དེ་ནི་འཕྲིན་བཟང་བརྒྱུད་ནས་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་ཡ་ཧུ་དཱ་པ་མིན་པ་རྣམས་ཡ་ཧུ་དཱ་པ་དང་མཉམ་དུ་དཀོན་མཆོག་གི་བྱིན་རླབས་ཀྱི་བགོ་སྐལ་ཐོབ་མཁན་དང༌། སྐུ་ལུས་གཅིག་གི་ཡན་ལག དཀོན་མཆོག་གི་ཞལ་ཆད་འཛིན་མཁན་བཅས་སུ་གྱུར།

7 ཁོང་གི་ནུས་མཐུ་ཡིས་ང་ལ་གནང་བའི་དཀོན་མཆོག་གི་ཐུགས་རྗེ་བཞིན་དུ་ང་ནི་འཕྲིན་བཟང་དེའི་ཞབས་ཏོག་ཏུ་གྱུར།

8 ང་དཀོན་མཆོག་གི་མི་རྣམས་ལས་དམའ་ཤོས་ཡིན་ཡང༌། མཱ་ཤི་ཀའི་དཔག་ཏུ་མེད་པའི་ཐུགས་རྗེ་དེ་ཡ་ཧུ་དཱ་པ་མིན་པ་རྣམས་ལ་སྒྲོག་པ་དང༌།

9ཐམས་ཅད་འགོད་པ་གནང་མཁན་དཀོན་མཆོག་གི་ནང་ན་གནའ་སྔ་མོ་ནས་སྦས་པའི་གསང་བ་མི་ཐམས་ཅད་ལ་མངོན་པར་བྱེད་པའི་ཐུགས་རྗེ་དེ་ང་ལ་གནང་བྱུང༌།

10དེ་ནི་ཆོས་ཚོགས་ཀྱི་སྒོ་ནས་ཞིང་ཁམས་སུ་སྡོད་པའི་མཐུ་ལྡན་དང་དབང་ཅན་རྣམས་ལ་དཀོན་མཆོག་གི་ཤེས་རབ་རྣམ་པ་སྣ་ཚོགས་ད་ལྟ་མངོན་པར་འགྱུར་བའི་ཆེད་དུ་ཡིན།

11 ཡང་དེ་ནི་དཀོན་མཆོག་གིས་ཐོག་མཐའ་མེད་པའི་ཐུགས་དགོངས་བཞིན་དུ་མཱ་ཤི་ཀ་ཡེ་ཤུ་ངེད་རྣམས་ཀྱི་གཙོ་བོ་བརྒྱུད་ནས་བསྒྲུབས་པར་མཛད།

12 ཁོང་བརྒྱུད་ནས་ང་ཚོ་འཇིགས་པ་མེད་པར་ཡིད་རྟོན་བྱེད་ཅིང་དད་པའི་སྒོ་ནས་དཀོན་མཆོག་གི་མདུན་དུ་འགྲོ་བའི་ལམ་ཡོད།

13 དེའི་ཕྱིར་ངའི་སྡུག་བསྔལ་ཁྱེད་རྣམས་ལ་ཕན་པའི་ཆེད་དུ་ཡིན་པས་ཡིད་ཐང་མི་ཆད་པའི་ཞུ་བ་ཞུ།

ཨེ་ཕེ་སུ་པ་རྣམས་ཀྱི་ཕྱིར་སྨོན་ལམ་འདེབས་པ།

14-15 དེ་བས་ན། གནམ་ས་གཉིས་ལ་ཡོད་པའི་ཁྱིམ་ཚང་རེ་རེ་ལ་མིང་བྱུང་བའི་ཡབ་ཀྱི་དྲུང་དུ་པུས་མོ་སར་བཙུགས་ཏེ་ངས་སྨོན་ལམ་འདི་ལྟར་འདེབས།

16 ཁོང་གི་དཔག་ཏུ་མེད་པའི་གཟི་བརྗིད་དང་མཚུངས་ཏེ། ཁོང་གི་ཐུགས་ཉིད་ཀྱི་སྒོ་ནས་ཁྱེད་ཚོའི་སེམས་སྟོབས་ཤུགས་ཀྱིས་བརྟན་པར་འགྱུར་ཞིང༌།

17 དད་པའི་སྒོ་ནས་མཱ་ཤི་ཀ་ནི་ཁྱེད་ཚོའི་སེམས་ཀྱི་ནང་དུ་བཞུགས་པ་དང༌། བྱམས་པའི་རྨང་གཞི་ལ་བརྟེན་ནས།

18 དད་ལྡན་ཐམས་ཅད་དང་མཉམ་དུ་མཱ་ཤི་ཀའི་བྱམས་པ་ནི་ཚད་ལས་འདས་པ་ཡིན་པ་རྟོགས་ཐུབ་པ་དང༌།

19 དཀོན་མཆོག་གི་ཚེ་སྲོག་དང་ནུས་ཤུགས་ཀྱིས་ཁྱེད་ཚོ་གང་བར་འགྱུར་བའི་ཆེད་དུ། ཁྱེད་ཚོས་བློ་ཡུལ་ལས་འདས་པའི་བྱམས་པ་དེ་རྟོགས་པར་ཤོག

20 ད་ང་ཚོའི་ནང་དུ་ལས་སྒྲུབ་པའི་ནུས་མཐུའི་སྒོ་ནས་ང་ཚོས་ཞུ་བ་དང་བསམ་པ་ཐམས་ཅད་དེ་བས་ལྷག་པར་མཛད་ཐུབ་མཁན་ཁོང་ལ།

21 ཆོས་ཚོགས་དང་མཱ་ཤི་ཀ་ཡེ་ཤུའི་ཐོག་ནས་དུས་རྒྱུན་དུ་མི་རབས་ནས་མི་རབས་ཐམས་ཅད་དུ་བསྟོད་པ་ཕུལ་བར་ཤོག ཨ་མེན།།

 

*********************************