Acts (28) – མཛད་པ། (28)

Acts (28) – མཛད་པ། (28)

1 ང་ཚོ་ཐར་བར་གྱུར་ནས་ངེད་རྣམས་ཀྱིས་གླིང་ཕྲན་དེའི་མིང་ལ་མེ་ལི་ཊེ་ཞེས་ཟེར་གྱི་ཡོད་པ་ཤེས།

2 གླིང་ཕྲན་སྟེང་གནས་པའི་མི་རྣམས་ཀྱིས་ངེད་རྣམས་ལ་དྲིན་ཆེན་པོ་བྱས། ཆར་པ་བབས་ནས་གནམ་གཤིས་གྲང་མོ་ཆགས་པས་ཁོ་ཚོས་མེ་ཞིག་བཏང་ནས་ང་ཚོ་ཚང་མར་སྣེ་ལེན་བྱས།

3 པའུ་ལུས་མེ་ཤིང་ཧྲུག་པོ་བསྒྲུགས་ཏེ་མེར་བུད་པ་དང༌། མེ་ཡིས་བསྐྲད་པའི་དུག་སྦྲུལ་ཞིག་པའུ་ལུའི་ཕྱག་ལ་འབྱར།

4 ཡུལ་དེའི་མི་རྣམས་ཀྱིས་སྦྲུལ་དེ་ཁོང་གི་ཕྱག་ནས་འཕྱངས་པར་མཐོང་ནས་གཅིག་གིས་གཅིག་ལ་ “མི་འདི་ནི་ལག་དམར་བ་ཞིག་ཡིན་པར་ཐེ་ཚོམ་མེད། རྒྱ་མཚོ་ལས་ཐར་ཡང༌། གཞུང་དྲང་ཟེར་བའི་ལྷ་མོས་ཁོ་གསོན་པོར་མི་འཇོག་” ཅེས་བཤད།

5 ཁོང་གིས་སྦྲུལ་དེ་མེའི་ནང་དུ་སྤྲུགས་ནས་ཁོང་ལ་གནོད་པ་ཅི་ཡང་མ་བྱུང༌།

6 མི་དེ་ཚོས་ཁོང་གི་སྐུ་གཟུགས་སྐྲང་བའམ་གློ་བུར་དུ་ས་ལ་འགྱེལ་ནས་ཤི་བར་འགྱུར་སྙམ་ཡང༌། ཡུན་རིང་བསྒུགས་ནས་གནོད་པ་ཅིའང་མ་བྱུང་བ་མཐོང་བས་སེམས་བསྒྱུར་ཏེ་ཁོ་ཚོས་ཁོང་ལྷ་ཞིག་ཡིན་པར་བཤད།

7 གླིང་ཕྲན་དེའི་ས་གནས་དཔོན་པོ་པུབ་ལི་ཡུ་ཞེས་ཟེར་མཁན་ཞིག་གི་གཞིས་ཀ་ཉེ་འཁོར་དུ་ཡོད་དེ། ཁོས་ངེད་རྣམས་བསུས་ནས་ཉིན་གསུམ་རིང་སྣེ་ལེན་བྱས།

8 སྐབས་དེ་དུས་པུབ་ལི་ཡུ་ཡི་ཕ་ནི་ཚ་བ་རྒྱས་པ་དང་བཤལ་ནད་ཕོག་སྟེ་ཉལ་ཁྲིའི་སྒང་ལ་ལུས་ཡོད། པའུ་ལུ་ཁོའི་རྩར་ཕེབས་ཏེ། སྨོན་ལམ་བཏབ་ནས་ཕྱག་ཁོའི་སྟེང་ལ་བཞག་སྟེ་ནད་ལས་ཐར་བར་མཛད།

9 དེ་ལྟར་བྱུང་བའི་རྗེས་སུ་གླིང་ཕྲན་སྟེང་གི་ནད་པ་གཞན་རྣམས་ཀྱང་ཁོང་གི་མདུན་དུ་ཡོང་ནས་ནད་ལས་ཐར་བར་གྱུར།

10 ཁོ་རྣམས་ཀྱིས་ང་ཚོར་བཀུར་སྟི་མང་པོ་བྱས་པ་དང༌། གྲུ་གཟིངས་ལ་འགྲོ་བའི་སྐབས་ངེད་རྣམས་ལ་མཁོ་བ་ཚང་མ་གྲུ་གཟིངས་ནང་བཞག

རོ་མཱ་གྲོང་ཁྱེར་དུ་སླེབས་པ།

11 ཟླ་བ་གསུམ་འགོར་རྗེས། ང་ཚོ་ཨ་ལིག་ཟན་དྲི་ཡཱ་གྲོང་ཁྱེར་ནས་ཡོང་བའི་གྲུ་གཟིངས་ཤིག་ལ་བསྡད་ནས་ཕྱིན། གྲུ་གཟིངས་དེ་དགུན་ཁ་གླིང་ཕྲན་དེར་བསྡད་ཅིང་དེའི་གྲུ་མགོར་མཚེ་མ་ཞེས་ཟེར་བའི་ལྷ་ཡི་རྟགས་ཤིག་ཡོད།

12 སི་ར་ཀུ་སེ་ཞེས་པའི་གྲོང་ཁྱེར་ལ་སླེབས་ནས་དེར་ཉི་མ་གསུམ་བསྡད།

13 དེ་ནས་གྲུ་གཟིངས་ལ་བསྡད་དེ་རེ་གི་ཡོན་གྲོང་ཁྱེར་དུ་སླེབས། དེའི་སང་ཉིན་ལྷོ་རླུང་ལྡངས་ཤིང༌། ཉི་མ་གཉིས་པར་ངེད་རྣམས་པུ་ཏེའོ་ལི་ཞེས་པའི་གྲུ་ཁར་སླེབས།

14 དེར་ཡོད་པའི་སྤུན་ཟླ་རྣམས་དང་ཕྲད་དེ་ཁོ་ཚོས་གདན་འདྲེན་ཞུས་ནས་ངེད་རྣམས་ཉི་མ་བདུན་དེར་བསྡད། དེ་འདྲའི་ངང་ནས་ངེད་རྣམས་རོ་མཱ་རྒྱལ་སར་སླེབས།

15 དེར་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ངེད་རྣམས་ཀྱི་སྐོར་ཐོས་པས་ཨ་པི་ཡུ་ཞེས་པའི་ཚོང་ར་དང༌། མགྲོན་ཁང་གསུམ་ཞེས་པའི་གནས་ཀྱི་བར་དུ་ང་ཚོ་བསུ་བར་ཡོང༌། པའུ་ལུས་ཁོ་རྣམས་གཟིགས་པས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་པ་དང༌། སྙིང་སྟོབས་དང་ལྡན་པར་གྱུར།

16 རྒྱལ་ས་རོ་མཱ་ལ་སླེབས་ནས་པའུ་ལུ་དང་དམག་མི་སྲུང་མཁན་གཅིག་མཉམ་དུ་སྒེར་གྱི་ཁང་པ་ཞིག་ལ་བཞུགས་པར་བཅུག

17 ཉི་མ་གསུམ་གྱི་རྗེས་སུ་པའུ་ལུས་ཡ་ཧུ་དཱ་པའི་འགོ་ཁྲིད་པ་རྣམས་བོས་པ་དང༌། འཛོམས་ནས་ཁོང་གིས་ཁོ་ཚོར་ “སྤུན་ཟླ་རྣམས། ངས་ངེད་རྣམས་ཀྱི་མི་རིགས་སམ། མེས་པོའི་ལུགས་སྲོལ་དང་འགལ་བའི་ལས་ཅིའང་མ་བྱས་ཀྱང༌། ང་ཡེ་རུ་ཤ་ལེམ་ལ་འཛིན་བཟུང་བྱས་ཏེ་རོ་མཱ་པའི་ལག་ཏུ་གཏད།

18 ཁོ་ཚོས་འདྲི་གཅོད་བྱས་པའི་རྗེས་སུ་ང་གློད་གྲོལ་གཏོང་བར་འདོད། གང་ཡིན་ཞེ་ན། སྲོག་ཁྲིམས་གཏོང་དགོས་པའི་རྒྱུ་རྐྱེན་ཅིའང་མ་རྙེད།

19 འོན་ཀྱང་ཡ་ཧུ་དཱ་པ་རྣམས་ཀྱིས་ང་གློད་གྲོལ་གཏོང་བར་ངོ་རྒོལ་བྱས་པས། གོང་མའི་རྒྱལ་པོ་སེ་སར་ལ་སྙན་སེང་མི་ཞུ་ཐབས་མེད་བྱུང༌། འོན་ཏེ་ངའི་མི་རིགས་ལ་ཉེས་འཛུགས་བྱེད་རྒྱུ་ཅིའང་མེད།

20 དེའི་ཕྱིར་ངས་ཁྱེད་རྣམས་དང་གཏམ་གླེང་བྱེད་པར་བོས། ཡི་སི་ར་ཨེལ་གྱི་མིའི་རེ་བའི་ཆེད་ང་ལྕགས་ཐག་འདི་ཡིས་བཅིངས་” ཞེས་གསུངས།

21 ལན་དུ་ཁོ་ཚོས་ “ཡ་ཧུ་དཱ་ཡུལ་ནས་ཁྱེད་ཀྱི་སྐོར་ལ་ཡི་གེ་ཡང་མ་འབྱོར། ཡ་ཧུ་དཱ་པའི་སྤུན་ཟླ་སུ་ཞིག་གིས་འདིར་ཡོང་ནས་ཁྱེད་ཀྱི་ངན་གཏམ་ཡང་མ་བཤད།

22 འོན་ཀྱང་ང་ཚོས་ཁྱེད་ཀྱི་བསམ་འཆར་གང་ཡིན་པ་ཉན་པར་འདོད། གང་ཡིན་ཟེར་ན། ཡུལ་ཀུན་ཏུ་མི་རྣམས་ཀྱིས་ཆོས་ལུགས་འདིའི་སྐོར་ལ་ངན་གཏམ་བཤད་པ་ངེད་རྣམས་ཀྱིས་ཤེས་” ཞེས་སྨྲས།

རོ་མ་གྲོང་ཁྱེར་དུ་འཕྲིན་བཟང་བསྒྲགས་པ།

23 ཁོ་ཚོས་པའུ་ལུ་དང་མཇལ་བའི་ཉིན་ཞིག་གཏན་འཁེལ་བཟོས་ནས་མི་མང་པོ་ཞིག་ཁོང་གི་བཞུགས་སར་ཡོང༌། ཞོགས་པ་ནས་མཚན་མོའི་བར་དུ་ཁོང་གིས་ཁོ་ཚོར་དཀོན་མཆོག་གི་རྒྱལ་སྲིད་ལ་བདེན་དཔང་མཛད་ཅིང༌། མོ་ཤེའི་བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་གཉིས་ལ་བརྟེན་ནས་ཡེ་ཤུའི་སྐོར་སྐུལ་བར་མཛད།

24 ཁོང་གིས་གསུངས་པའི་བཀའ་ལ་ཁ་ཅིག་གིས་དད་པ་བྱས་ཀྱང༌། ཁ་ཅིག་གིས་དད་པ་མ་བྱས་པས།

25 མི་མཐུན་པ་བྱུང་ཞིང༌། ཁོ་རྣམས་ཕྱིར་ཐོན་པའི་ཚེ་པའུ་ལུས་ “དམ་པའི་ཐུགས་ཉིད་ཀྱིས་ལུང་སྟོན་པ་ཡེ་ཤ་ཡཱ་བརྒྱུད་ནས་ཁྱེད་ཀྱི་མེས་པོ་རྣམས་ལ་ལེགས་པར་གསུངས་ཏེ།

26 ཁྱེད་ཀྱིས་མི་རྣམས་ཕྱོགས་ལ་འདི་ལྟར་ཤོད།།

གང་ཞིག་རྣ་བས་ཐོས་པར་འགྱུར་ན་ཡང༌།།

དེ་དོན་གང་ཡིན་གསལ་བར་ཤེས་མི་འགྱུར།།

མཐོང་ཡང་གང་ཡིན་རྟོགས་པར་མི་འགྱུར་བ།།

27 མི་རྣམས་སེམས་ནི་གྱོང་པོར་གྱུར་བ་དང༌།།

རྣ་བ་ལྗིད་ཅིང་མིག་ཡང་བཙུམ་པས་ན།།

མིག་གིས་མ་མཐོང་རྣ་བས་མི་ཐོས་ཤིང༌།།

བློ་ཡིས་མི་རྟོགས་དེ་ཕྱིར་སེམས་བསྒྱུར་ན།།

ང་ཡིས་དེ་དག་གསོ་ཞིང་སྐྱོབ་པར་བྱེད།།

28 ཞེས་འཁོད་པས་དཀོན་མཆོག་གི་ཐར་ལམ་འདི་ཡ་ཧུ་དཱ་པ་མིན་པ་རྣམས་ལ་གནང་བ་ཡིན་དེ་ཤེས་པར་གྱིས་ཤིག ཁོ་ཚོས་ཉན་པར་འགྱུར་ངེས་ཡིན་” ཞེས་གསུངས།

30 པའུ་ལུས་ཁང་པ་ཞིག་ནང་ཁང་གླ་སྤྲད་དེ་ལོ་གཉིས་རིང་བཞུགས་ནས་ཁོང་དང་མཇལ་བར་ཡོང་བའི་མི་ཐམས་ཅད་ལ་བསུ་བར་མཛད།

31 པའུ་ལུས་འཇིགས་པ་མེད་པར་དཀོན་མཆོག་གི་རྒྱལ་སྲིད་ཀྱི་གསུང་བསྒྲགས་ཤིང༌། སུས་ཀྱང་མ་བཀག་པར་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྐོར་ཆོས་བསྟན་པར་མཛད་དོ།། །།

 

****************************************

James (4) – ཡ་ཀོབ། (4)

James (4) – ཡ་ཀོབ། (4)

1 ཁྱོད་ཚོའི་ཁྲོད་དུ་རྩོད་པ་དང་འཁྲུག་པ་གང་ནས་འབྱུང༌། ཁྱོད་ཚོའི་སེམས་ནང་དུ་འཐབ་བཞིན་པའི་འདོད་ཆགས་ནས་མ་འབྱུང་ངམ།

2 འདོད་ཆགས་ཀྱིས་གང་འདོད་པ་མི་འཐོབ་པས་ཁྱོད་ཚོས་མིའི་སྲོག་གཅོད། ཧམ་འདོད་བྱས་ནས་གང་འདོད་པ་མི་འཐོབ་པས་རྩོད་ཅིང་འཁྲུག ཁྱོད་ཚོས་དཀོན་མཆོག་ལ་གསོལ་བ་མི་འདེབས་པའི་རྐྱེན་གྱིས་གང་འདོད་པ་མི་འཐོབ།

3 ཁྱོད་ཚོས་གསོལ་བ་འདེབས་ཀྱང་མི་འཐོབ། གང་ཡིན་ཟེར་ན། གང་འཐོབ་པ་དེ་རང་གི་འདོད་པ་ལྟར་སྤྱོད་པའི་ཕྱིར་དང་ཀུན་སློང་ངན་པའི་སྒོ་ནས་གསོལ་བ་འདེབས་པས་སོ།

4 དམ་ཚིག་མི་སྲུང་མཁན་ཁྱོད་རྣམས། འཇིག་རྟེན་འདི་ལ་ཆགས་པ་ནི་དཀོན་མཆོག་ལ་སྡང་བ་ཡིན་པ་མི་ཤེས་སམ། དེའི་ཕྱིར་སུ་ཡང་འཇིག་རྟེན་གྱི་གྲོགས་པོར་འགྱུར་འདོད་པ་དེ་དཀོན་མཆོག་གི་དགྲ་བོར་འགྱུར།

5 ཡང་ན་དཀོན་མཆོག་གིས་ང་ཚོར་གནས་སུ་བཅུག་པའི་སེམས་ནི་ཕྲག་དོག་གིས་གང་ཞེས་པའི་གསུང་རབ་ནང་གི་བཀའ་དེ་དོན་མེད་པར་སེམས་སམ།

6 འོན་ཀྱང་ཁོང་གིས་དེ་ལས་ལྷག་པའི་ཐུགས་རྗེ་གནང༌། དེའི་ཕྱིར་གསུང་རབ་ཀྱི་མདོ་ལས།

དཀོན་མཆོག་གིས་ནི་ང་རྒྱལ་ཅན་ལ་རྒོལ།།

ཉམས་ཆུང་རྣམས་ལ་ཐུགས་རྗེ་གནང་བར་མཛད།།

ཅེས་གསུངས་སོ།

7 དེའི་ཕྱིར་ཁྱོད་རྣམས་ཀྱིས་དཀོན་མཆོག་གི་བཀའ་སྲུང་ཞིག བདུད་ལ་རྒོལ་བར་བྱེད་ཅིང༌། ཁོ་འབྲོས་པར་འགྱུར།

8 དཀོན་མཆོག་དང་ཉེ་བར་སོང་དང༌། ཁོང་ཁྱོད་དང་ཉེ་བར་འབྱོན་པར་འགྱུར། སྡིག་ཉེས་ཅན་གྱི་མི་ཚོ། ཁྱོད་ཚོའི་ལག་པ་གཙང་བར་བྱོས་ཤིག བློ་རྩེ་གཉིས་ཅན་གྱི་མི་རྣམས། ཁྱོད་ཚོའི་སེམས་གཙང་བར་བྱོས་ཤིག

9 མྱ་ངན་བྱེད་དེ་ངུས་ཤིང་སྨྲེ་སྔགས་ཐོན་ཞིག ཁྱོད་ཚོའི་གད་མོ་ནི་ངུ་འབོད་དང༌། ཁྱོད་ཚོའི་སྐྱིད་པོ་ནི་ཡིད་འཕམ་པར་སྒྱུར་ཞིག

10 གཙོ་བོ་དཀོན་མཆོག་གི་སྤྱན་སྔར་རང་གིས་རང་ལ་དམའ་ས་བཟུང་ཞིང༌། ཁོང་གིས་ཁྱོད་ལ་མཐོ་བར་མཛད་དོ།།

11 སྤུན་ཟླ་རྣམས། གཅིག་གིས་གཅིག་ལ་དམའ་འབེབས་མ་གཏོང་ཞིག སྤུན་ཟླ་ལ་དམའ་འབེབས་གཏོང་བའམ་སྐྱོན་འདོགས་བྱེད་པ་དེ་བཀའ་ཁྲིམས་ལ་དམའ་འབེབས་གཏོང་ཞིང་སྐྱོན་འདོགས་བྱེད་པ་ཡིན། འོན་ཀྱང་བཀའ་ཁྲིམས་ལ་དམའ་འབེབས་བཏང་ན། ཁྱོད་ནི་བཀའ་ཁྲིམས་སྒྲུབ་མཁན་མིན་ཏེ་སྐྱོན་འདོགས་བྱེད་མཁན་ཡིན།

12 ཐར་ཞིང་མེད་པར་མཛད་ཐུབ་པའི་ཁྲིམས་འགོད་པ་དང་ཁྲིམས་དཔོན་གཅིག་རང་ཡིན་པས། ཁྱིམ་མཚེས་ལ་སྐྱོན་འདོགས་བྱེད་ནུས་པ་ཁྱོད་སུ་ཡིན།

13དེ་རིང་ཡང་ན་སང་ཉིན་གྲོང་ཁྱེར་ཞིག་ལ་ཕྱིན་ནས་ལོ་གཅིག་གི་བར་དུ་ཉོ་ཚོང་བྱེད་པ་ལ་ཁེ་བཟང་འཐོབ་པར་འགྱུར་ཞེས་ཟེར་མཁན་ཁྱོད་རྣམས་ད་ཉོན་ཞིག

14 སང་ཉིན་ཅི་ལྟར་ཡིན་མིན་ཁྱོད་ཚོས་མི་ཤེས། ཁྱོད་ཀྱི་མི་ཚེ་ཅི་ལྟར་ཡིན། ཁྱོད་ནི་དུས་ཐུང་ངུ་མངོན་ཏེ་མི་སྣང་བར་འགྱུར་བའི་སྨུག་པ་ལྟར་ཡིན།

15 ཁྱོད་ཀྱིས་ “གཙོ་བོ་དཀོན་མཆོག་གི་དགོངས་པ་ཡིན་ན། ང་ཚོ་གསོན་པར་འགྱུར་ཞིང་འདི་དང་འདི་ལྟ་བུ་ཞིག་བྱེད་པར་བྱའོ་” ཞེས་ཟེར་དགོས།

16 འོན་ཀྱང་ད་ལྟ་ཁྱོད་ཚོས་ཁེངས་དྲེགས་ངང་ནས་འུད་ཤོབ་བྱེད། དེ་ལྟར་གྱི་གཏམ་ཐམས་ཅད་ངན་པ་ཡིན།

17 དེ་བས་ན། བཟང་པོ་ཤེས་ཀྱང་མི་སྒྲུབ་མཁན་དེས་སྡིག་ཉེས་ཀྱི་ལས་བྱེད་པའོ།།

 

*************************************************

Acts (27) – མཛད་པ། (27)

Acts (27) – མཛད་པ། (27)

1 ངེད་རྣམས་གྲུ་གཟིངས་ལ་བསྡད་ནས་དབྱི་ཏ་ལི་ཡུལ་ལ་འགྲོ་བར་ཐག་གཅོད་བྱས་པའི་ཚེ། ཁོ་ཚོས་པའུ་ལུ་བཙོན་པ་གཞན་ཁ་ཅིག་དང་བཅས་པར་ཨུ་རྒ་ཟི་ཏུ་ཞེས་པའི་དམག་ཁག་གི་བརྒྱ་དཔོན་ཡུ་ལི་ཡུ་ཟེར་བ་ཞིག་གི་དབང་དུ་གཏད།

2 མ་ཀེ་དོན་ཡཱ་ཡུལ་གྱི་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་ནས་ཡིན་པའི་ཨ་རིས་ཐར་ཀུ་ང་ཚོ་དང་བཅས་པར། ཨེ་ཞེ་ཡཱ་ཞིང་ཆེན་གྱི་མཚོ་འགྲམ་བརྒྱུད་དེ་འགྲོ་བའི་ཨད་ར་མི་ཏི་གྲུ་ཁའི་གྲུ་གཟིངས་ལ་བསྡད་ནས་ཐོན།

3དེའི་ཕྱི་ཉིན་ཚི་དོན་གྲུ་ཁར་སླེབས་ནས་བརྒྱ་དཔོན་ཡུ་ལི་ཡུ་ཡིས་པའུ་ལུ་ལ་གཟིགས་སྐྱོང་གནང་སྟེ་གྲོགས་པོ་རྣམས་ཀྱིས་ཁོང་ལ་སྣེ་ལེན་བྱེད་པའི་ཆེད་དུ་ཁོ་ཚོའི་རྩར་ཕེབས་སུ་བཅུག

4 དེ་ནས་ངེད་རྣམས་གྲུ་གཟིངས་ལ་བསྡད་པ་དང༌། གྲུ་གཟིངས་ཀྱི་མདུན་ཕྱོགས་ནས་ལྷགས་པ་བརྒྱབ་པས་ཀིབ་རུ་གླིང་ཕྲན་གྱི་ལྷགས་པ་མེད་པའི་ཕྱོགས་སུ་ཕྱིན།

5 ཀི་ལིག་ཡཱ་དང་ཕམ་ཕིལ་ཡཱ་ཡུལ་གཉིས་ཀྱི་མཚོ་བརྒལ་ནས་ངེད་རྣམས་ལིག་ཡཱ་ཞིང་ཆེན་གྱི་གྲུ་ཁར་མུ་རཱ་ལ་སླེབས།

6 དེར་བརྒྱ་དཔོན་ལ་དབྱི་ཏ་ལི་ཡུལ་ལ་འགྲོ་བའི་ཨ་ལིག་ཟན་དྲི་ཡཱ་གྲོང་ཁྱེར་ནས་ཡོང་བའི་གྲུ་གཟིངས་ཤིག་རྙེད་པ་དང༌། ངེད་རྣམས་དེའི་ནང་བཅུག

7 ངེད་རྣམས་གྲུ་གཟིངས་ལ་ཉི་མ་མང་པོ་འགོར་ཞིང་དཀའ་ངལ་ཆེན་པོ་བྱུང་སྟེ་གཞི་ནས་ནི་དུ་ཞེས་པའི་གྲོང་ཁྱེར་གྱི་ཉེ་འཁོར་དུ་སླེབས། རླུང་གིས་བཀག་རྒྱ་ཐེབས་ཏེ་མདུན་དུ་འགྲོ་མ་ཐུབ་པས། ཀེ་རེ་ཊེ་གླིང་ཕྲན་གྱི་སྣེ་མོ་སལ་མོ་ནཱེ་བར་དུ་ལྷགས་པ་མེད་པའི་ཕྱོགས་སུ་ཕྱིན།

8 ང་ཚོ་དཀའ་ཚེགས་ཆེན་པོའི་སྒོ་ནས་མཚོ་འགྲམ་བརྒྱུད་དེ་ལ་སེ་ཡཱ་གྲོང་ཁྱེར་དང་ཉེ་བའི་གྲུ་ཁ་བདེ་ཅན་ཞེས་བྱ་བའི་ས་ཆར་སླེབས།

9 ལམ་བར་དུ་དུས་ཚོད་མང་པོ་འགོར་བ་དང༌། གྲུ་གཟིངས་ལ་བསྡད་དེ་བསྐྱོད་པའི་ཉེན་ཁ་ཆེ་བ། དེ་བཞིན་སྨྱུང་གནས་སྲུང་བའི་དུས་ཆེན་ཚར་ཟིན་པས་པའུ་ལུས་ཁོ་ཚོར་བསྐུལ་ཏེ་

10 “སྐུ་ཞབས་རྣམས། ཆུ་ཐོག་གི་འགྲུལ་བཞུད་འདི་ནི་གྲུ་གཟིངས་དང་དོས་པོ་ལ་གཏོར་བཤིག་ཐེབས་པ་དང༌། ངེད་རྣམས་ཀྱི་སྲོག་ལའང་ཉེན་ཁ་ཆེན་པོ་ཡོད་པར་ངས་ཤེས་” ཞེས་གསུངས།

11 འོན་ཀྱང་བརྒྱ་དཔོན་དེས་པའུ་ལུས་གང་གསུངས་པ་ལས་གྲུ་དཔོན་དང་གྲུ་གཟིངས་ཀྱི་བདག་པོ་གཉིས་ཀྱིས་གང་བཤད་པ་ལ་དོ་སྣང་བྱས།

12 དགུན་ཁར་གྲུ་ཁ་དེ་སྡོད་པར་མི་བདེ་བས་མི་མང་ཆེ་བས་ཕར་འགྲོ་བར་ཐག་གཅོད་བྱས། ཁོ་ཚོས་ཕེ་ནི་ཀཱེ་ལ་སླེབས་ནས་དེ་ལ་དགུན་ཁ་སྡོད་པར་རེ་བ་བྱས། ས་ཆ་དེ་ནི་ཀེ་རེ་ཊེ་གླིང་ཕྲན་གྱི་མཚོ་ཁ་ཞིག་ཡིན་ཏེ་ལྷོ་ནུབ་དང་ནུབ་བྱང་ལ་ཁ་ཕྱོགས་ཡོད།

རླུང་འཚུབ་ཆེན་པོ་ལངས་པ།

13 ལྷོ་ཕྱོགས་ནས་རླུང་འཇམ་པོ་ཞིག་བྱུང་བའི་ཚེ་ཁོ་ཚོའི་དོན་སྒྲུབ་པར་སྙམ་པས། གྲུ་གཟིངས་ཀྱི་གཏིང་རྡོ་ཡར་དྲངས་ནས་ཀེ་རེ་ཊེ་གླིང་ཕྲན་གྱི་མཚོ་འགྲམ་དང་ཉེ་བར་སོང༌།

14 དེ་ནས་ཅུང་མ་འགོར་བར་བྱང་ཤར་བ་ཞེས་བྱ་བའི་ལྷགས་པ་དྲག་པོ་ཞིག་ཀེ་རེ་ཊེ་གླིང་ཕྲན་ནས་རྒྱག་པར་བརྩམས།

15 རླུང་དེས་གྲུ་གཟིངས་བཟུང་ནས་དེའི་ཕྱོགས་སུ་ཁ་ལོ་སྒྱུར་མ་ཐུབ་པས་རླུང་གིས་གང་སར་འདེད།

16 ཀའུ་དཱ་ཞེས་པའི་གླིང་ཕྲན་ཆུང་བ་ཞིག་གི་ལྷགས་པ་མེད་པའི་ཕྱོགས་སུ་ཕྱིན་ཏེ་གྲུ་གཟིངས་ཀྱི་གྲུ་ཆུང་བ་དེ་དམ་པོར་བཟུང་ནས།

17 དཀའ་ལས་ཆེན་པོ་དང་བཅས་ཏེ་ཡར་དྲངས་ནས་གྲུ་གཟིངས་ལ་བཞག དེ་ནས་གྲུ་གཟིངས་མི་འཇིག་པའི་ཕྱིར་དེར་ཐག་པ་ཡིས་བསྡམས། སིར་ཏི་ཞེས་བྱ་བའི་ཆུ་གཏིང་ཐུང་སར་གྲུ་གཟིངས་ཆག་པའི་འཇིགས་པ་སྐྱེས་ཏེ་ཁོ་ཚོས་གྲུ་གཟིངས་ཀྱི་དར་པོ་ཆེ་རྣམས་ཕབ་ནས་གྲུ་གཟིངས་རླུང་གིས་འཁྱེར་བར་གྱུར།

18 དེའི་སང་ཉིན་ལྷགས་པ་དྲག་པོས་གྲུ་གཟིངས་ཤིན་ཏུ་གཡོ་བས་ཁོ་ཚོས་དོས་པོ་མཚོ་ནང་དུ་གཡུག་པར་བརྩམས།

19 ཉི་མ་གསུམ་པར་ཁོ་ཚོ་རང་གིས་གྲུ་གཟིངས་སྟེང་གི་ཡོ་ཆས་མཚོ་ནང་དུ་གཡུགས།

20 ཉིན་མང་པོའི་རིང་ཉི་མ་དང་སྐར་མ་མི་མཐོང་ཞིང་རླུང་འཚུབ་དྲག་པོ་མུ་མཐུད་བརྒྱབ་པས། མཇུག་ཏུ་ང་ཚོ་ལས་སྲོག་ཐར་བའི་རེ་བ་ཟད་པར་གྱུར།

21 ཡང་ཁོ་ཚོས་དུས་ཚོད་རིང་པོ་ཁ་ལག་མ་བཟས་པས་པའུ་ལུ་དེ་རྣམས་ཀྱི་དཀྱིལ་ལ་བཞེངས་ནས་ “སྐུ་ཞབས་རྣམས། ངས་སྔར་སྨྲས་པའི་གཏམ་ལ་ཉན་ཏེ། ཀེ་རེ་ཊེ་ནས་མ་ཐོན་ན་གནོད་འཚེ་དང་གཏོར་བཤིག་འདི་འདྲ་མྱོང་མེད།

22 ད་ངས་ཁྱེད་ཚོར་སེམས་མ་འཇིགས་པར་སྐུལ། གང་ཡིན་ཞེ་ན། གྲུ་གཟིངས་བཤིག་པར་འགྱུར་ན་ཡང༌། ཁྱེད་ཚོ་ཚང་མ་ཐར་བར་འགྱུར་ངེས་ཡིན།

23 རྒྱུ་མཚན་ནི་མདང་དགོང་ངས་བསྙེན་བཀུར་ཞུས་པའི་བདག་པོ་དཀོན་མཆོག་གི་ཕོ་ཉ་ཞིག་གིས་ངའི་མདུན་དུ་བཞེངས་ཏེ་འདི་ལྟར་གསུངས།

24 པའུ་ལུ། མ་འཇིགས་ཤིག ཁྱོད་ནི་རྒྱལ་པོ་སེ་སར་གྱི་དྲུང་དུ་འགྲོ་དགོས་ཏེ། ལྟོས་ཤིག གྲུ་གཟིངས་ནང་ཁྱོད་དང་མཉམ་དུ་འགྲོ་བ་ཐམས་ཅད་ལ་དཀོན་མཆོག་གིས་བདེ་འཇགས་གནང་བ་ཡིན་ནོ་ཞེས་གསུངས།

25 དཀོན་མཆོག་གིས་གང་གསུངས་པ་བཞིན་དུ་མཛད་པར་ངས་ཡིད་ཆེས་བྱེད་པས། མ་འཇིགས་ཤིག

26 འོན་ཀྱང་རླུང་གིས་གྲུ་གཟིངས་གླིང་ཕྲན་ཞིག་གི་མཚོ་འགྲམ་ལ་འདེད་པར་འགྱུར་” ཞེས་གསུངས།

27 ཨ་དྲི་ཡཱ་ཞེས་པའི་རྒྱ་མཚོར་རླུང་གིས་གྲུ་གཟིངས་འདེད་དེ་མཚན་མོ་བཅུ་བཞི་པའི་ནམ་ཕྱེད་ཙམ་ལ་གྲུ་པས་སྐམ་ས་དང་ཉེ་བ་ཞིག་ལ་སླེབས་པར་སྙམ།

28 གཏིང་ཚད་འཇལ་བས་སྨི་གསུམ་ཅུ་སོ་བདུན་ཙམ་ཡོད། ཏོག་ཙམ་སོང་ནས་ཡང་སྐྱར་འཇལ་བས་གཏིང་ཚད་སྨི་ཉི་ཤུ་རྩ་བདུན་ཡོད།

29 གྲུ་གཟིངས་བྲག་ལ་ཐོགས་པའི་འཇིགས་པ་སྐྱེས་ཏེ་ཁོ་ཚོས་གྲུ་གཟིངས་ཀྱི་མཇུག་ནས་གཏིང་རྡོ་བཞི་ཕབ་སྟེ་ནམ་ལངས་པར་རེ་སྒུག་བྱེད།

30 གྲུ་མགོ་ནས་གཏིང་རྡོ་འབེབས་པའི་ཁུལ་བྱས་ཏེ་གྲུ་གཟིངས་ལས་ཐར་བའི་ཕྱིར་གྲུ་པས་གྲུ་ཆུང་རྒྱ་མཚོར་ཕབ།

31 པའུ་ལུས་བརྒྱ་དཔོན་དང་དམག་མི་རྣམས་ལ་ “མི་དེ་ཚོ་གྲུ་གཟིངས་ནང་ལ་མ་བསྡད་ན། ཁྱེད་ཚོ་སྲོག་ཐར་བར་འགྱུར་མི་སྲིད་” ཅེས་གསུངས།

32 དམག་མིས་གྲུ་ཆུང་གི་ཐག་པ་བཅད་ནས་རྒྱ་མཚོར་བཏང༌།

33 ནམ་ལངས་པའི་ཙམ་ལ་པའུ་ལུས་མི་ཚང་མར་ཟས་ཟ་བར་བསྐུལ་ཏེ་ “ཁྱེད་ཚོས་སེམས་ཁྲལ་བྱས་ཏེ་དེ་རིང་ཟས་མ་བཟས་པའི་ཉིན་བཅུ་བཞི་པ་ཡིན་པས།

34 ངས་ཁྱེད་རྣམས་ལ་ཁ་ལག་ཟ་བར་སྐུལ། དེ་ནི་ཁྱེད་རྣམས་གསོན་པོར་གནས་པའི་ཆེད་དུ་ཡིན། གང་ཡིན་ཟེར་ན། ཁྱེད་ཚོའི་སྐྲའི་ཉག་མ་གཅིག་ཀྱང་འཇིག་པར་མི་འགྱུར་” ཞེས་གསུངས་ནས།

35 བག་ལེབ་བླངས་ནས་ཁོ་ཚོ་ཚང་མའི་མདུན་དུ་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུས་པ་དང༌། དུམ་བུར་བཟོས་ནས་བཞེས་པར་བརྩམས།

36 ཁོང་ཚོ་ཚང་མ་སེམས་བདེ་བར་གྱུར་ཏེ་ཁ་ལག་བཟས།

37 (གྲུ་གཟིངས་ནང་ལ་ང་ཚོ་ཁྱོན་བསྡོམས་མི་གྲངས་ཉིས་བརྒྱ་བདུན་ཅུ་དོན་དྲུག་ཡོད་)

38 ཁོ་ཚོས་བཟས་ནས་ལྟོ་བ་ཁེངས་རྗེས། གྲུ་གཟིངས་ཡང་པོ་ཡོང་བའི་ཕྱིར་གྲོ་རྣམས་རྒྱ་མཚོར་འཕངས།

གྲུ་གཟིངས་ཆག་དུམ་དུ་གྱུར་བ།

39 ནམ་ལངས་པའི་ཚེ་ས་ཆ་དེ་གང་ཡིན་མ་ཤེས་ཀྱང༌། ཁོ་ཚོས་བྱེ་མ་ཡོད་པའི་མཚོ་ཁུག་མཐོང་བས། དེར་བཏང་ཐུབ་ན་གྲུ་གཟིངས་གཏོང་བར་བསམས།

40 གཏིང་རྡོ་རྣམས་ཀྱི་ཐག་པ་བཅད་དེ་རྒྱ་མཚོར་བཞག་པ་དང་ཆབས་ཅིག་ཁོ་ཚོས་མཇུག་གི་སྐྱ་བོའི་ཐག་པ་བཀྲོལ། མདུན་གྱི་གྲུ་གཟིངས་ཀྱི་དར་པོ་ཆེ་རླུང་དང་བསྟུན་ནས་ཡར་བཀྱགས་པ་དང་སྐམ་སའི་ཕྱོགས་སུ་གྲུ་གཟིངས་བཏང༌།

41 ཆུ་གཏིང་ཐུང་སར་བྲག་ལ་ཐོགས་ནས་གྲུ་གཟིངས་འགུལ་རྒྱུ་མེད་པར་གྱུར་ཞིང༌། གྲུ་མགོ་བརྟན་པོར་ལུས་ཏེ་རྦ་རླབས་ཤུགས་ཀྱིས་གྲུ་མཇུག་ལ་གཏོར་བཞིན་ཡོད།

42 བཙོན་པ་སུ་ཞིག་ཀྱང་རྐྱལ་བརྒྱབ་ནས་མི་འབྲོས་པའི་ཆེད་དུ་དམག་མི་ཚོས་ཁོ་རྣམས་གསོད་པར་བསམས་ཀྱང༌།

43 བརྒྱ་དཔོན་གྱིས་པའུ་ལུ་ཐར་བར་བྱེད་འདོད་པས་འཆར་གཞི་དེ་བཀག་པ་དང༌། ཐོག་མར་རྐྱལ་རྒྱག་ཐུབ་མཁན་ཚང་མ་རྒྱ་མཚོར་མཆོངས་ནས་སྐམ་སར་རྐྱལ་རྒྱག་དགོས་ཤིང༌།

44 གཞན་རྣམས་པང་ལེབ་དང་གྲུ་གཟིངས་ཀྱི་ཆག་དུམ་བཟུང་ནས་ཁོ་ཚོའི་རྗེས་སུ་འབྲངས་དགོས་པའི་བཀའ་བཏང༌། དེ་ལྟར་མི་ཚང་མ་ཉེན་ཁ་ལས་ཐར་ཏེ་སྐམ་སར་སླེབས་སོ།།

 

***********************************************