Acts (25) – མཛད་པ། (25)

Acts (25) – མཛད་པ། (25)

1 ཞིང་ཆེན་དེར་སླེབས་ནས་ཉི་མ་གསུམ་གྱི་རྗེས་སུ་སྤྱི་ཁྱབ་ཕེ་སི་ཏུ་སེ་སར་རེ་ཡཱ་གྲོང་ཁྱེར་ནས་ཡེ་རུ་ཤ་ལེམ་ལ་ཕྱིན།

2 དེར་བླ་ཆེན་དང་ཡ་ཧུ་དཱ་པའི་འགོ་ཁྲིད་པ་རྣམས་ཀྱིས་ཁོང་གི་མདུན་དུ་པའུ་ལུ་ལ་ནག་ཉེས་བཙུགས།

3 ཁོ་ཚོས་པའུ་ལུ་ཡེ་རུ་ཤ་ལེམ་ལ་གཏོང་བའི་ཁོ་རང་ཚོའི་རེ་བ་བསྐོང་ཕྱིར་ཕེ་སི་ཏུ་ལ་ཞུ་བ་ཕུལ། དེ་ནི་ཁོ་ཚོས་ལམ་བར་དུ་ཁོང་གསོད་པའི་ཇུས་ངན་བཤམས་པས་སོ།

4 ལན་དུ་ཕེ་སི་ཏུ་ཡིས་ “པའུ་ལུ་སེ་སར་རེ་ཡཱ་གྲོང་ཁྱེར་ལ་ལྟ་སྲུང་བྱེད་བཞིན་པས་ང་རང་ཡང་ཅུང་མ་འགོར་བར་དེར་འགྲོ་རྒྱུ་ཡིན།

5 ཁྱོད་ཚོའི་ནང་ནས་དབང་ཡོད་པ་རྣམས་ང་དང་མཉམ་དུ་དེར་འགྲོ་དགོས། གལ་ཏེ་མི་དེ་ལ་ཉེས་སྐྱོན་ཡོད་ན་ཁོ་ལ་ཁྲིམས་གཅོད་བྱེད་ཆོག་” ཅེས་སྨྲས།

6 ཕེ་སི་ཏུ་ཁོ་ཚོའི་ཁྲོད་དུ་ཉི་མ་བརྒྱད་ནས་བཅུ་ཙམ་བར་ལས་ལྷག་པ་མ་བསྡད་པར་སེ་སར་རེ་ཡཱ་གྲོང་ཁྱེར་ལ་ཕྱིན་པ་དང༌། དེའི་སང་ཉིན་ཁྲིམས་དཔོན་གྱི་ཁྲི་ལ་བསྡད་ནས་པའུ་ལུ་ཁོའི་མདུན་དུ་འཁྲིད་དགོས་པའི་བཀའ་བཏང༌།

7ཁོང་དེར་སླེབས་རྗེས་ཡེ་རུ་ཤ་ལེམ་ནས་ཡོང་བའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་གི་མཐའ་སྐོར་དུ་ལངས་ནས་བསྡད་དེ་ར་སྤྲོད་བྱེད་མ་ཐུབ་པའི་ནག་ཉེས་ཚབས་ཆེན་མང་པོ་བཙུགས།

8 པའུ་ལུས་ “ངས་ཡ་ཧུ་དཱ་པའི་ཆོས་ཁྲིམས་སམ། མཆོད་ཁང་ཆེན་མོའམ། ཡང་ན་གོང་མའི་རྒྱལ་པོ་སེ་སར་ལ་བལྟས་ནས་ཉེས་པ་ཅིའང་མ་བྱས་” ཞེས་སྐྱོན་མེད་པ་ཡིན་པར་གསལ་བཤད་མཛད།

9 འོན་ཀྱང་སྤྱི་ཁྱབ་ཕེ་སི་ཏུ་ཡིས་ཡ་ཧུ་དཱ་པ་རྣམས་ལ་དགའ་པོ་ཡོང་བའི་ཕྱིར་པའུ་ལུ་ལ་ “ཡེ་རུ་ཤ་ལེམ་ལ་ཕྱིན་ནས་ངའི་མདུན་དུ་དོན་འདི་ཁྲིམས་གཅོད་མྱོང་བར་འདོད་དམ་” ཞེས་དྲིས་པས།

10 པའུ་ལུས་ “ད་ལྟ་ང་རྒྱལ་པོ་སེ་སར་གྱི་ཁྲིམས་རར་ཡོད། འདི་ནི་ང་ལ་ཁྲིམས་གཅོད་བྱེད་འོས་པའི་ས་ཆ་ཡིན། ཁྱེད་རང་གིས་མཁྱེན་གསལ་ལྟར་ངས་ཡ་ཧུ་དཱ་པ་རྣམས་ལ་ཉེས་པ་གང་ཡང་མ་བྱས།

11 གལ་ཏེ་ང་ཉེས་ཅན་པ་ཡིན་ཞིང༌། སྲོག་ཁྲིམས་གཏོང་དགོས་པའི་ཉེས་པའི་ལས་གང་ཞིག་བྱས་ཡོད་པ་ཡིན་ན་འཆི་བ་ལས་ཐར་བར་འགྱུར་བའི་ཐབས་མི་འཚོལ། གལ་ཏེ་དེ་ཚོས་བཙུགས་པའི་ཉེས་སྐྱོན་རྣམས་བདེན་པ་གང་ཡང་མིན་ན། སུས་ཀྱང་ང་ཁོ་ཚོའི་ལག་ཏུ་གཏོད་པར་མི་རུང༌། ངས་རྒྱལ་པོ་སེ་སར་ལ་སྙན་སེང་ཞུ་” ཞེས་གསུངས།

12 སྤྱི་ཁྱབ་ཕེ་སི་ཏུས་རང་གི་གྲོས་ཚོགས་ཀྱི་མི་དང་གྲོས་བསྡུར་བྱས་ནས་ “རྒྱལ་པོ་སེ་སར་གྱིས་ཁྱོད་ལ་ཁྲིམས་གཅོད་བྱེད་པར་ཞུས་པས། ཁྱོད་རང་སེ་སར་གྱི་ཁྲིམས་རར་འགྲོ་དགོས་” ཞེས་སྨྲས།

13 ཉི་མ་ཁ་ཤས་འགོར་བའི་རྗེས་སུ་རྒྱལ་པོ་ཨག་རི་པཱ་དང་བཙུན་མོ་པུར་ནི་ཀཱེ་གཉིས་སེ་སར་རེ་ཡཱ་གྲོང་ཁྱེར་དུ་ཕེ་སི་ཏུ་ལ་འཚམས་འདྲི་བྱེད་པར་སླེབས།

14 ཁོ་ཚོ་དེར་ཉིན་མང་པོ་བསྡད་པས་ཕེ་སི་ཏུ་ཡིས་པའུ་ལུའི་གནས་ཚུལ་རྒྱལ་པོ་དང་གཏམ་གླེང་བྱས་པ་སྟེ་ “ཕེ་ལིག་གིས་བཙོན་དུ་བཅུག་པའི་མི་ཞིག་ཡོད།

15 ང་ཡེ་རུ་ཤ་ལེམ་ལ་ཡོད་དུས་ཡ་ཧུ་དཱ་པའི་བླ་ཆེན་དང་རྒན་པོ་རྣམས་ཀྱིས་ཁོ་ལ་ནག་ཉེས་བཙུགས་ཏེ་ཁྲིམས་གཅོད་གཏོང་དགོས་པར་བསྐུལ།

16ངས་ཁོ་ཚོར་ཉེས་སྐྱོན་འཛུགས་མཁན་གྱི་མདུན་དུ་རང་སྐྱོབ་ཀྱི་གཏམ་མ་བཤད་པའི་བར་དུ་མི་སུ་ཞིག་ཁ་གཏད་པ་རྣམས་ལ་གཏོད་པ་ནི་རོ་མཱ་པའི་ཁྲིམས་ལུགས་མིན་པར་སྨྲས།

17དེའི་ཕྱིར་ཁོ་ཚོ་འདིར་འདུས་པས་ངས་དུས་ཚོད་མ་འགྱངས་པར་དེའི་སང་ཉིན་ཁྲིམས་དཔོན་གྱི་ཁྲི་ལ་བསྡད་ནས་མི་དེ་འཁྲིད་ཡོང་དགོས་པའི་བཀའ་བཏང༌།

18 ནག་ཉེས་འཛུགས་མཁན་རྣམས་ཡར་ལངས་ནས་ངའི་བསམ་པ་བཞིན་དུ་ཁོ་ལ་ཉེས་པ་ཅིའང་མ་བཙུགས་ཏེ།

19 རང་ཆོས་ཀྱི་རྣམ་པ་དང༌། ཡེ་ཤུ་ཞེས་བྱ་བ་ཞིག་ཤི་ནས་པའུ་ལུས་དེ་ནི་གསོན་པོར་འདུག་ཅེས་སྨྲས་པའི་སྐོར་ལ་རྩོད་པ་བྱས།

20 དོན་དེ་འདྲི་གཅོད་བྱེད་སྟངས་མ་ཤེས་པས་ངས་ཁོ་ལ། ཡེ་རུ་ཤ་ལེམ་ལ་སོང་ནས་ངའི་མདུན་དུ་དོན་འདི་ཁྲིམས་གཅོད་མྱོང་བར་འདོད་དམ་ཞེས་དྲིས།

21 འོན་ཀྱང་པའུ་ལུས་གོང་མའི་རྒྱལ་པོས་ཁྲིམས་ཐག་མ་བཅད་པའི་བར་དུ་འདིར་བཞག་པའི་ཞུ་བ་ཞུས་པའི་ཚེ། ངས་ཁོ་གོང་མའི་རྒྱལ་པོ་སེ་སར་ལ་མ་བཏང་བའི་བར་དུ་བཙོན་དུ་སྲུང་དགོས་པའི་བཀའ་བཏང་” ཞེས་བཤད།

22 དེ་ནས་རྒྱལ་པོ་ཨག་རི་པཱ་ཡིས་སྤྱི་ཁྱབ་ཕེ་སི་ཏུ་ལ་ “ང་ཡང་མི་དེའི་གཏམ་ལ་ཉན་པར་དགའ་” ཞེས་ཟེར་བས་ཕེ་སི་ཏུ་ཡིས་ “སང་ཉིན་གསན་པར་འགྱུར་” ཞེས་སྨྲས།

པའུ་ལུ་རྒྱལ་པོ་ཨག་རི་པཱ་ཡི་མདུན་དུ་ཁྲིད་པ།

23 དེའི་སང་ཉིན་རྔམ་བརྗིད་དང་ལྡན་པའི་སྒོ་ནས་རྒྱལ་པོ་ཨག་རི་པཱ་དང་བཙུན་མོ་པུར་ནི་ཀཱེ་དམག་མིའི་སྟོང་དཔོན་དང༌། གྲོང་ཁྱེར་གྱི་དཔོན་རིགས་དང་བཅས་པར་ཚོགས་ཁང་ལ་འཛུལ། སྤྱི་ཁྱབ་ཕེ་སི་ཏུ་ཡིས་བཀའ་བཏང་བས་པའུ་ལུ་ཁོ་ཚོའི་མདུན་དུ་འཁྲིད།

24 སྤྱི་ཁྱབ་ཕེ་སི་ཏུ་ཡིས་ “རྒྱལ་པོ་ཨག་རི་པཱ་དང་འདིར་ངེད་རྣམས་དང་མཉམ་དུ་བཞུགས་པའི་སྐུ་ཞབས་ཐམས་ཅད། ཁྱེད་རྣམས་ཀྱིས་གཟིགས་པའི་མི་འདིའི་ཕྱིར་ཡ་ཧུ་དཱ་པའི་མི་ཚོགས་ཀུན་གྱིས་ཡེ་རུ་ཤ་ལེམ་དང་གནས་འདིར་ང་ལ་ཁྲིམས་ཞུ་བ་ཞུས་ཏེ། སྐད་ཆེན་པོས་ཁོ་གསོན་པོར་གནས་པར་མི་རུང་ཞེས་བཤད།

25 འོན་ཀྱང་ངས་མི་འདིར་སྲོག་ཁྲིམས་གཏོང་དགོས་པའི་ཉེས་པ་ཅིའང་མ་རྙེད། ཁོ་ཉིད་ཀྱིས་གོང་མའི་རྒྱལ་པོར་ཁྲིམས་ཞུས་པས་ངས་ཁོ་དེར་གཏོང་བར་ཐག་གཅོད་བྱས་ཀྱང༌།

26 མི་འདིའི་སྐོར་གྱི་དོན་ངེས་གཏན་ཞིག་གོང་མའི་རྒྱལ་པོ་ལ་འབྲི་རྒྱུ་མེད། དེའི་ཕྱིར་ཁྱེད་རྣམས་དང༌། ལྷག་པར་དུ་རྒྱལ་པོ་ཨག་རི་པཱ་ཁྱེད་རང་གི་མདུན་དུ་ཁོ་འཁྲིད་ཡོད། དེ་ནི་འདྲི་གཅོད་འདི་ཚར་བའི་རྗེས་སུ་གོང་མའི་རྒྱལ་པོར་དོན་ཞིག་འབྲི་རྒྱུ་ཡོད་པའི་ཆེད་དུ་ཡིན།

27 གང་ལགས་ཟེར་ན། ཉེས་སྐྱོན་གང་ཡིན་མ་བྲིས་པར་བཙོན་པ་ཞིག་གཏོང་བ་དེ་ངའི་བསམ་པར་མི་རིགས་པས་སོ་” ཞེས་བཤད་དོ།།

 

*****************************************

James (1) – ཡ་ཀོབ། (1)

James (1) – ཡ་ཀོབ། (1)

1 དཀོན་མཆོག་དང་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཞབས་ཕྱི་ཡ་ཀོབ་ཀྱིས་འཇིག་རྟེན་དུ་འཐོར་བར་གྱུར་བའི་ཡ་ཧུ་དཱ་པའི་ཚོ་ཁག་བཅུ་གཉིས་པོར་འཚམས་འདྲི་ཞུ།

ཉམས་ཚོད་མྱོང་བའི་སྐོར།

2 ངའི་སྤུན་ཟླ་རྣམས། ཉམས་ཚོད་སྣ་ཚོགས་མྱོང་སྐབས་དགའ་སྤྲོ་ཁོ་ནར་རྩིས་ཤིག

3 གང་ལགས་ཟེར་ན། དད་པ་ལ་ཚོད་ལྟ་མྱོང་བའི་སྒོ་ནས་བཟོད་པའི་སེམས་སྐྱེ་བ་ཁྱེད་ཀྱིས་ཤེས།

4 ཡང་ཁྱེད་ཚོ་མ་ཚང་བ་མེད་པར་སྨིན་ཞིང་ཡོངས་སུ་རྫོགས་པར་འགྱུར་བའི་ཆེད་དུ་བཟོད་པའི་སེམས་དེས་བྱ་བ་ཚར་བར་བྱེད་དུ་ཆུག

5ཁྱེད་ཚོའི་ནང་ནས་སུ་ཞིག་ལ་ཤེས་རབ་མ་ཚང་ན། སྐྱོན་འདོགས་ཅི་ཡང་མི་མཛད་པར་ཐམས་ཅད་ལ་ལྷག་པར་གནང་མཁན་དཀོན་མཆོག་ལ་གསོལ་བ་འདེབས་ཤིང༌། གནང་བར་འགྱུར།

6 འོན་ཀྱང་མི་དེས་ཐེ་ཚོམ་ཅི་ཡང་མེད་པར་དད་པའི་ངང་ནས་གསོལ་བ་འདེབས་དགོས། གང་ལགས་ཟེར་ན། ཐེ་ཚོམ་ལྡན་པ་ནི་རྒྱ་མཚོའི་རྦ་རླབས་རླུང་གིས་འདེད་ཅིང་འཕྱུར་བ་དང་འདྲ་བ་ཡིན།

7-8 ཡང་བློ་རྩེ་གཉིས་ཅན་ཏེ་སྤྱོད་ལམ་ཀུན་ལ་མི་བརྟན་པས་གཙོ་བོ་དཀོན་མཆོག་ནས་ཅི་ཞིག་འཐོབ་རྒྱུ་ཡིན་པ་མ་སོམས་ཤིག

9 དཀོན་མཆོག་གིས་སྤུན་ཟླ་དམའ་བ་ལ་མཐོ་བར་མཛད་པས་ཁོས་དགའ་བར་བྱེད་དགོས།

10 ཡང་དཀོན་མཆོག་གིས་ཕྱུག་པོ་ལ་དམའ་བར་མཛད་པས་ཁོས་དགའ་བར་བྱེད་འོས། གང་ཡིན་ཞེ་ན། རྩྭ་ཐང་གི་མེ་ཏོག་ལྟར་ཁོ་འདའ་བར་འགྱུར་ཏེ།

11 ཉི་མ་ཤར་ནས་དེའི་ཚ་རླུང་དྲག་པོས་མེ་ཏོག་སྐམ་ཞིང༌། འདབ་མ་སར་ལྷུངས་ནས་དེའི་མཛེས་སྡུག་འཇིག་པར་འགྱུར། དེ་ལྟར་ཕྱུག་པོའང་ལས་ཀ་བྱེད་པའི་ལམ་དུ་འཇིག་པར་འགྱུར།

12 ཉམས་ཚོད་མྱོང་དུས་བཟོད་བསྲན་བྱེད་མཁན་མི་དེ་བདེའོ། ཁོ་ལ་གདེང་འཇོག་ཐོབ་ནས་གཙོ་བོས་ཁོང་ལ་བརྩེ་བར་འཛིན་མཁན་རྣམས་ལ་དཔག་མེད་ཚེ་ཡི་ཅོད་པན་ཞལ་གྱིས་བཞེས་པ་དེ་འཐོབ་ངེས་ཡིན།

13 བསླུ་བྲིད་མྱོང་སྐབས་མི་སུ་ཞིག་གིས་ “དཀོན་མཆོག་གིས་ང་ལ་བསླུ་བྲིད་མཛད་” ཅེས་ཟེར་མི་རུང༌། གང་ཡིན་ཞེ་ན། ངན་པས་དཀོན་མཆོག་ལ་བསླུ་བྲིད་བྱེད་མི་སྲིད་ཅིང༌། ཁོང་ཉིད་ཀྱིས་སུ་ལ་ཡང་བསླུ་བྲིད་མཛད་མི་སྲིད།

14 འོན་ཀྱང་མི་རྣམས་རང་རང་གི་འདོད་ཆགས་ཀྱིས་སླུ་ཞིང་འདྲེན་ཏེ་བསླུ་བྲིད་མྱོང༌།

15 དེ་ནས་འདོད་ཆགས་ཀྱི་འབྲས་བུ་སྨིན་ཏེ་སྡིག་ཉེས་སྐྱེ་ཞིང༌། སྡིག་ཉེས་ཀྱི་འབྲས་བུ་སྨིན་ཏེ་འཆི་བ་སྐྱེ།

16 ངའི་གཅེས་པའི་སྤུན་ཟླ་རྣམས། མགོ་མ་འཁོར་ཞིག

17 གནང་སྦྱིན་བཟང་པོ་དང་ཡང་དག་པ་ཀུན་སྟེང་ནས་ཉི་ཟླ་སྐར་གསུམ་གྱི་འགོད་པ་གནང་མཁན་ཡབ་དཀོན་མཆོག་ལས་འབབ། ཁོང་ལ་འགྱུར་བའམ་གཡོ་བའི་གྲིབ་མས་མ་གོས་ཤིང་འགྱུར་མེད་ལགས་སོ།

18 ཁོང་གིས་གང་བཀོད་པའི་ནང་ནས་ང་ཚོ་ནི་ལོ་ཏོག་གི་ཕུད་དུ་འགྱུར་བའི་ཆེད་དུ། ཁོང་གི་དགོངས་པ་ལྟར་བདེན་པའི་བཀའ་ཡི་སྒོ་ནས་ང་ཚོ་གསར་དུ་སྐྱེ་བར་མཛད།

བཀའ་སྒྲུབ་མཁན་གྱི་སྐོར།

19 ངའི་གཅེས་པའི་སྤུན་ཟླ་རྣམས། མི་ཐམས་ཅད་ཉན་པ་ལ་མགྱོགས། ཤོད་པ་ལ་དལ་ཞིང༌། ཁོང་ཁྲོ་ལངས་མི་བདེ་བར་འགྱུར་དགོས་པ་ཤེས་པར་གྱིས་ཤིག

20 གང་ལགས་ཟེར་ན། མི་རྣམས་ཀྱི་ཁོང་ཁྲོས་དཀོན་མཆོག་གི་དྲང་བདེན་གྱི་བྱ་བ་སྒྲུབ་མི་སྲིད།

21 དེའི་ཕྱིར་མི་གཙང་བ་ཀུན་དང་ངན་སེམས་ལྷག་མ་དག་སྤངས་ཏེ། སྙེམས་ཆུང་ངང་ནས་ཁྱེད་ཚོ་ཐར་བར་མཛད་ཐུབ་པའི་བཀའ་ཁྱེད་ཀྱི་སེམས་སུ་བཞག་པ་དེ་དང་ལེན་བྱོས་ཤིག

22 རང་གིས་རང་ལ་མགོ་སྐོར་གཏོང་བའི་བཀའ་ཐོས་མཁན་འབའ་ཞིག་ཏུ་མི་འགྱུར་བར། བཀའ་སྒྲུབ་མཁན་དུ་འགྱུར་ཞིག

23 བཀའ་ཐོས་ནས་མི་སྒྲུབ་མཁན་ནི་མེ་ལོང་ལ་བལྟས་ནས་རང་གི་གདོང་པ་མཐོང་མཁན་ལྟར་ཡིན།

24 གང་ལགས་ཤེ་ན། རང་ལ་བལྟས་ཏེ་མེ་ལོང་དང་ཁ་བྲལ་རྗེས་འཕྲལ་དུ་ཅི་ལྟར་ཡོད་པ་བརྗེད།

25 འོན་ཀྱང་ཡང་དག་པ་དང་སྡིག་ཉེས་དང་འཆི་བ་ལས་ཐར་བའི་བཀའ་ཁྲིམས་ལ་ནན་གྱིས་བལྟས་ནས། བརྩོན་འགྲུས་བྱེད་མཁན་ནི་བཀའ་ཐོས་ནས་བརྗེད་པ་མིན་ཏེ་བཀའ་སྒྲུབ་ནས་ལག་ལེན་བྱེད་པ་ཡིན་པས་ཁོའི་བྱ་བ་ལ་བྱིན་གྱིས་བརླབས་པར་འགྱུར་རོ།།

26 གལ་ཏེ་མི་ཞིག་གིས་ང་ཆོས་སེམས་དང་ལྡན་པའི་མི་ཞིག་ཡིན་སྙམ་ནས་རང་གི་ལྕེ་ལ་ཁ་ལོ་མ་སྒྱུར་བར་རང་གིས་རང་ལ་མགོ་སྐོར་བཏང་ན། མི་དེའི་ཆོས་ཕན་མེད་ཡིན།

27 ཡབ་དཀོན་མཆོག་གི་སྤྱན་སྔར་བཅོས་མིན་དང་སྐྱོན་མེད་པའི་ཆོས་ནི་སྡུག་བསྔལ་མྱོང་བའི་དྭ་ཕྲུག་དང་ཡུགས་མོ་རྣམས་ལ་བྱམས་སྐྱོང་བྱེད་ལ། རང་ཉིད་ལ་ཡང་འཇིག་རྟེན་གྱི་མི་གཙང་བ་མ་འགོ་བར་སྲུང་བ་དེ་ཡིན་ནོ།།

 

*************************************************

Acts (24) – མཛད་པ། (24)

Acts (24) – མཛད་པ། (24)

1 ཉི་མ་ལྔ་ཡི་རྗེས་སུ་བླ་ཆེན་གཙོ་བོ་ཨ་ནན་ཡཱ་དང༌། རྒན་པོ་ཁ་ཅིག ཏེར་ཏུལ་ལུ་ཞེས་པའི་ཁྲིམས་རྩོད་པ་དང་བཅས་ཏེ་དེར་སླེབས་པ་དང་སྤྱི་ཁྱབ་ཀྱི་མདུན་དུ་པའུ་ལུ་ལ་ནག་ཉེས་བཙུགས།

2 པའུ་ལུ་བོས་པ་དང་ཏེར་ཏུལ་ལུ་ཡིས་ཁོང་ལ་ཉེས་སྐྱོན་འཛུགས་ཏེ་སྤྱི་ཁྱབ་ལ་ “སྤྱི་ཁྱབ་ཕེ་ལིག་དཔོན་ཆེན་ལགས། ཁྱེད་ཀྱི་བཀའ་དྲིན་གྱིས་ང་ཚོ་ཡུན་རིང་ཞི་བདེ་ལ་ལོངས་སྤྱོད་ཅིང༌། ཁྱེད་ཀྱིས་སྔོན་གཟིགས་ལྟར་མི་རིགས་འདི་ལ་ཕན་པའི་བཅོས་བསྒྱུར་བྱུང༌།

3 ང་ཚོས་ཁྱེད་ཀྱི་བཀའ་དྲིན་འདིར་དུས་དང་རྣམ་པ་ཀུན་ཏུ་ཐུགས་རྗེ་ཆེ་ཞུའོ།

4 འོན་ཀྱང་ཁྱེད་ལ་དེ་བས་སྙན་སུན་མི་ཞུ་བའི་ཕྱིར་ཐུགས་རྗེས་ཆེན་པོས་ང་ཚོས་ཚིག་འགའ་ཞུས་པར་གསན་རོགས་གནང༌།

5 མི་འདི་ནི་ཡུལ་ཀུན་ཏུ་ཡ་ཧུ་དཱ་པ་ཐམས་ཅད་ཀྱི་ནང་ནས་རྙོག་དྲ་དང༌། ཟིང་ཆ་སློང་མཁན་གཙོ་བོ་ཞིག་དང༌། ན་ཙ་རེལ་པ་ཞེས་པའི་ཆོས་ལུགས་ཀྱི་འགོ་ཁྲིད་པ་བཅས་ཡིན་པ་ངེད་རྣམས་ཀྱིས་ཤེས།

6 མ་ཟད་ཁོས་མཆོད་ཁང་ཆེན་མོ་ལའང་མི་གཙང་བ་བྱེད་པར་བསམས་པས་ང་ཚོས་ཁོ་འཛིན་བཟུང་བྱས།

8 ཁྱེད་ཀྱིས་དོན་དེ་ཐམས་ཅད་ཀྱི་སྐོར་ཁོ་ལ་འདྲི་གཅོད་གནང་ན་ང་ཚོས་ཁོ་ལ་ཉེས་སྐྱོན་བཙུགས་པའི་རྒྱུ་མཚན་མཁྱེན་པར་འགྱུར་” ཞེས་སྨྲས།

9 ཡ་ཧུ་དཱ་པ་རྣམས་ཀྱིས་ཀྱང་ནག་ཉེས་བཙུགས་པའི་དོན་དེ་རྣམས་བདེན་པ་ཡིན་པར་ཁས་ལེན་བྱས།

10 དེ་ནས་སྤྱི་ཁྱབ་ཀྱིས་པའུ་ལུ་ལ་སྐད་ཆ་ཤོད་དགོས་པའི་བརྡ་བྱས་པས་པའུ་ལུས་ “ཁྱེད་ནི་ལོ་མང་པོའི་རིང་མི་རིགས་འདིའི་ཁྲིམས་དཔོན་ཡིན་པར་ངས་ཤེས། དེར་བརྟེན་ངས་དགའ་བའི་ངང་ནས་ང་ཉེས་མེད་པ་ཡིན་པའི་རྒྱུ་མཚན་ཁྱེད་ལ་གསལ་བཤད་བྱེད།

11 ང་བསྙེན་བཀུར་བྱེད་པའི་ཆེད་དུ་ཡེ་རུ་ཤ་ལེམ་ལ་སླེབས་ནས་ཉི་མ་བཅུ་གཉིས་ལས་མ་འགོར་བར་དེ་ཁྱེད་ཀྱིས་ལས་སླ་པོར་མཁྱེན་ཐུབ།

12 ངས་མཆོད་ཁང་ཆེན་མོ་དང༌། ཡང་ན་ཡ་ཧུ་དཱ་པའི་འདུ་ཁང༌། དེ་བཞིན་གྲོང་ཁྱེར་ནང་དུ་མི་སུ་དང་ཡང་རྩོད་གླེང་བྱེད་པའམ། ཟིང་ཆ་སློང་བ་ཁོ་ཚོས་མ་མཐོང༌།

13 ཁོ་ཚོས་ད་ལྟ་ང་ལ་ནག་ཉེས་འཛུགས་པ་དེར་ཁོ་ཚོས་ཀྱང་ར་སྤྲོད་བྱེད་མི་ཐུབ།

14 འོན་ཀྱང་ངས་ཁྱེད་ལ་དོན་གཅིག་ཁས་ལེན་བྱེད་དེ། ཁོ་ཚོས་ལོག་པའི་ཆོས་ཞེས་ཟེར་བའི་ལམ་བཞིན་དུ་ངས་མེས་པོའི་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཅིང༌། ཆོས་ཁྲིམས་དང་མཐུན་ཞིང་ལུང་སྟོན་པའི་མདོ་ན་གང་བྲིས་པ་ཐམས་ཅད་ལའང་དད་པ་བྱེད།

15 ཁོ་ཚོ་དང་འདྲ་བར་ངས་ཀྱང་དཀོན་མཆོག་ལ་ཡིད་རྟོན་བྱེད་དེ། དྲང་པོ་དང་ངན་པ་རིགས་གཉིས་ཀ་འཆི་བ་ནས་སླར་གསོན་པོར་འགྱུར།

16 དེའི་ཕྱིར་ངས་དཀོན་མཆོག་དང་མི་རྣམས་ཀྱི་མདུན་དུ་རྒྱུ་དག་ཡོད་པར་རྟག་ཏུ་བརྩོན།

17 ལོ་ཁ་ཤས་འགོར་བའི་རྗེས་སུ་ངའི་མི་རིགས་ལ་སྦྱིན་པ་གཏོང་ཞིང༌། མཆོད་པ་འབུལ་བའི་ཆེད་དུ་ས་དེར་ཡོང༌།

18 དེ་ལྟར་བྱེད་པའི་སྐབས་སུ་ངས་གཙང་སྦྲ་བྱེད་པའི་ཆོ་ག་སྒྲུབ་ཚར་ནས་ང་མཆོད་ཁང་ཆེན་མོར་ཡོད་པ་མི་ཚོགས་སམ། འཁྲུག་པ་ཅི་ཡང་མེད་པར་ཁོ་ཚོས་མཐོང༌།

19 འོན་ཀྱང་ཨེ་ཞེ་ཡཱ་ཞིང་ཆེན་ནས་ཡིན་པའི་ཡ་ཧུ་དཱ་པ་ཁ་ཅིག་གིས་ང་ལ་སྐྱོན་བརྗོད་བྱེད་རྒྱུ་ཡོད་ན། འདིར་ཁྱེད་ཀྱི་མདུན་དུ་ཡོང་ནས་བརྗོད་འོས་སོ།

20 ཡང་ན། ང་གྲོས་ཚོགས་ཀྱི་མདུན་དུ་ཡོད་སྐབས་ངས་ཉེས་པ་གང་ཞིག་བྱས་པ་དེ་མི་འདི་ཚོས་འཆད་དགོས་སོ།

21གྲོས་ཚོགས་ཀྱི་དཀྱིལ་ལ་ལངས་དུས་ངས་སྐད་ཆེན་པོས་གཤིན་པོ་རྣམས་འཆི་བ་ནས་སླར་གསོན་པར་འགྱུར་བའི་སྐོར་ལ་དེ་རིང་ཁྱེད་རྣམས་ཀྱི་མདུན་དུ་ཁྲིམས་གཅོད་མྱོང་ཞེས་སྨྲས་པ་ལས་སྐྱོན་གཞན་ཡོད་ན་ཁོ་ཚོས་ཁྱེད་ལ་སྨྲ་དགོས་” ཞེས་གསུངས།

22 ཡེ་ཤུའི་ཐར་ལམ་ཞིབ་པར་ཤེས་པའི་སྤྱི་ཁྱབ་ཕེ་ལིག་གིས་ཚོགས་འདུ་འཚོག་མཚམས་འཇོག་སྟེ་ “སྟོང་དཔོན་ལི་སི་ཡཱ་འདིར་སླེབས་ནས་ངས་ཁྱོད་ཀྱི་ཁྲིམས་ཐག་གཅོད་པར་བྱ་” ཞེས་བཤད།

23 དེ་ནས་ཁོས་བརྒྱ་དཔོན་ལ་པའུ་ལུ་ནན་པོར་སྲུང་མི་དགོས་ཏེ་ལྟ་སྐྱོང་བྱེད་མཁན་གྲོགས་པོ་རྣམས་ཀྱང་མི་འགོག་པའི་བཀའ་བཏང༌།

24 ཉིན་ཤས་ཀྱི་རྗེས་སུ་ཕེ་ལིག་དང་ཁོང་གི་སྐུ་ཟླ་ཡ་ཧུ་དཱ་པ་ཡིན་པའི་དྲུ་སིལ་ལཱ་བཅས་པ་ཡོང་ནས་པའུ་ལུ་བོས་པ་དང༌། པའུ་ལུས་མཱ་ཤི་ཀ་ཡེ་ཤུ་ལ་དད་པའི་སྐོར་ཀྱི་ཆོས་གསུངས་པ་ལ་ཉན།

25 པའུ་ལུས་དྲང་བདེན་ཉིད་དང༌། རང་ཚོད་ཟིན་པ། མ་འོངས་པའི་ཁྲིམས་གཅོད་བཅས་གསུངས་པས་ཕེ་ལིག་འཇིགས་ནས་ “ད་ཕར་སོང་ལ་དུས་ཚོད་བྱུང་ན་ངས་ཁྱོད་འབོད་པར་བྱ་” ཞེས་སྨྲས་ཀྱང༌།

26 ཕེ་ལིག་གིས་པའུ་ལུས་རང་ཉིད་ལ་དངུལ་སྤྲོད་པའི་རེ་བས་ཁོས་ཐེངས་མང་པོར་བོས་ནས་ཁོང་དང་གཏམ་བྱས།

27 ལོ་གཉིས་འགོར་བའི་རྗེས་སུ་པོར་ཀི་ཡུ་ཕེ་སི་ཏུ་ཞེས་བྱ་བ་ཕེ་ལིག་གི་ཚབ་ལ་སྤྱི་ཁྱབ་ཏུ་བསྐོས། སྤྱི་ཁྱབ་ཕེ་ལིག་གིས་ཡ་ཧུ་དཱ་པ་རྣམས་ལ་དགའ་བའི་ཕྱིར་པའུ་ལུ་མུ་མཐུད་བཙོན་ཁང་ལ་བཞག་གོ །

 

*******************************************