Acts (18) – མཛད་པ། (18)

Acts (18) – མཛད་པ། (18)

1 དེའི་རྗེས་སུ་པའུ་ལུ་ཨ་ཐེ་ནེ་གྲོང་ཁྱེར་ནས་ཀོ་རིན་ཐུ་གྲོང་ཁྱེར་དུ་ཕེབས།

2 དེར་ཁོང་དང་པོན་ཏུ་ཡུལ་དུ་སྐྱེས་པའི་ཡ་ཧུ་དཱ་པ་ཨ་ཀུ་ལཱ་དང་ཕྲད། གོང་མའི་རྒྱལ་པོ་ཀ་ལོ་དཱི་ཡིས་ཡ་ཧུ་དཱ་པ་ཐམས་ཅད་རོ་མཱ་གྲོང་ཁྱེར་ནས་འཐོན་དགོས་པའི་བཀའ་ཞིག་བསྒོས་པས། ཨ་ཀུ་ལཱ་དང་ཁོའི་བཟའ་ཟླ་ཕུར་སི་ལཱ་དབྱི་ཏ་ལི་ཡུལ་ནས་ས་ཆ་འདིར་སླེབས་མ་ཐག་ཡིན། པའུ་ལུ་ཁོ་ཚོའི་རྩར་ཕེབས་ནས།

3 ཁོ་རྣམས་དང་འགྲོགས་ཏེ་ལས་ཀ་བྱས། གང་ཡིན་ཟེར་ན། ཁོང་ཡང་ཁོ་ཚོ་དང་མཚུངས་པར་གུར་བཟོ་མཁན་ཡིན་པས་སོ།

4 ངལ་གསོ་བའི་ཉིན་རེ་རེ་བཞིན་ཡ་ཧུ་དཱ་པའི་འདུ་ཁང་དུ་ཁོང་གིས་ཡ་ཧུ་དཱ་པ་དང་གྷི་རིག་པ་རྣམས་དང་རྩོད་གླེང་བྱས་ཏེ་ཁོ་ཚོའི་བློ་འགུགས་པར་བརྩོན།

5 སི་ལཱ་དང་ཐི་མོ་ཐེ་གཉིས་མ་ཀེ་དོན་ཡཱ་ཡུལ་ནས་དེར་སླེབས་སྐབས། པའུ་ལུས་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པ་ཡ་ཧུ་དཱ་པ་རྣམས་ལ་བདེན་དཔང་མཐའ་གཅིག་ཏུ་བྱེད་བཞིན་ཡོད།

6 ཡ་ཧུ་དཱ་པ་རྣམས་ཀྱིས་པའུ་ལུ་ལ་ངོ་རྒོལ་དང་དམའ་འབེབས་བྱེད་སྐབས། ཁོང་གིས་ཕྱི་གོས་ཐོག་གི་ས་རྡུལ་ཁོ་ཚོའི་ཕྱོགས་སུ་སྤྲུགས་ཏེ་ “ཁྱོད་ཚོའི་སྡིག་ཉེས་ཀྱི་ཆད་པ་ཁྱོད་ཚོའི་མགོ་ལ་ཕོག་པར་འགྱུར། ང་ལ་འགན་ཅི་ཡང་མེད། ད་ནས་བཟུང་ང་ཡ་ཧུ་དཱ་པ་མིན་པ་རྣམས་ལ་འཕྲིན་བཟང་སྒྲོག་ཏུ་འགྲོ་” ཞེས་གསུངས།

7 དེ་ནས་ཐོན་ཞིང་འདུ་ཁང་གི་འགྲམ་དུ་ཡོད་པའི་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་ཐི་ཏི་ཡཱུ་ཡུ་སི་ཏཱུ་ཟེར་མཁན་ཞིག་གི་ཁྱིམ་ལ་བཞུགས་པར་ཕེབས།

8 ཡང་འདུ་ཁང་གི་འགོ་ཁྲིད་ཀ་རི་སི་པཱུ་དང་ཁོང་གི་ནང་མི་ཐམས་ཅད་གཙོ་བོ་ལ་དད་པར་གྱུར། དེའི་སྐོར་ཐོས་ནས་ཀོ་རིན་ཐུ་པ་མང་པོ་ཞིག་གིས་དད་པ་བྱས་ཏེ་ཁྲུས་གསོལ་ལེན།

9 མཚན་མོ་ཞིག་ལ་གཙོ་བོས་ཞལ་གཟིགས་གནང་ནས་པའུ་ལུ་ལ་ “འཇིགས་པ་མེད་པར་ཆོས་སྟོན་ལ་མ་ལབ་པར་མ་སྡོད་ཅིག

10 གང་ཡིན་ཟེར་ན། ང་ཁྱོད་དང་མཉམ་དུ་གནས་ཤིང༌། གྲོང་ཁྱེར་འདི་ལ་ང་དང་འགྲོགས་པའི་མི་མང་པོ་ཡོད་པས་གནོད་འཚེ་བྱེད་མཁན་སུས་ཀྱང་ཁྱོད་ལ་རྒོལ་བར་མི་འགྱུར་” ཞེས་གསུངས།

11 པའུ་ལུ་ལོ་གཅིག་དང་ཟླ་བ་དྲུག་དེར་བཞུགས་ཏེ་ཁོ་ཚོའི་ཁྲོད་དུ་དཀོན་མཆོག་གི་བཀའ་བསྟན།

12ཡང་ག་ལི་ཡཱོ་ཞེས་བྱ་བ་ཨ་ཀ་ཡཱ་ཡུལ་གྱི་སྤྱི་ཁྱབ་ཡིན་པའི་དུས་སུ་ཡ་ཧུ་དཱ་པ་རྣམས་ཀྱིས་གཅིག་མཐུན་གྱིས་པའུ་ལུ་ལ་ངོ་རྒོལ་བྱས་ནས་ཁྲིམས་རར་འཁྲིད་དེ་

13 “མི་འདིས་མི་རྣམས་ལ་དཀོན་མཆོག་ལ་ཁྲིམས་དང་འགལ་བའི་བསྙེན་བཀུར་གྱི་བྱ་ཐབས་སྐྱོང་དགོས་པའི་ངན་བསྐུལ་བྱེད་” ཅེས་སྨྲས།

14 པའུ་ལུས་གསུང་གྲབས་ཡོད་དུས་ག་ལི་ཡཱོ་ཡིས་ཡ་ཧུ་དཱ་པ་རྣམས་ལ་ “ཡ་ཧུ་དཱ་པ་ཁྱོད་རྣམས། གལ་ཏེ་དོན་དེ་ཉེས་པའམ་ནག་ཉེས་ཆེན་པོ་ཤིག་ཡིན་ན་ངས་ཁྱོད་ཚོར་བཟོད་པ་དེ་རིགས་སོ།

15 འོན་ཀྱང་ཁྱོད་ཚོའི་རྩོད་གཞི་ཆོས་ཁྲིམས་ཀྱི་སྐོར་དང་མིང༌། ཚིག་བཅས་ཡིན་པས་ཁྱོད་རང་ཚོས་ཐག་གཅོད་བྱོས་ཤིག ང་ནི་དོན་དེའི་ཁྲིམས་དཔོན་དུ་འགྱུར་མི་འདོད་” ཅེས་ཟེར་ནས།

16 ཁོས་ཁོ་ཚོ་ཁྲིམས་ར་ནས་ཕར་བསྐྲད།

17 དེ་ནས་ཁོ་ཚོ་ཚང་མས་འདུ་ཁང་གི་འགོ་ཁྲིད་སོ་ཐེ་ནཱེ་བཙན་བཟུང་བྱས་ནས་ཁྲིམས་རའི་མདུན་དུ་བརྡུངས་ན་ཡང༌། ག་ལི་ཡཱོ་ཡིས་བྱ་བ་དེ་ལ་ཁ་ཡ་མ་བྱས།

སི་རི་ཡཱ་ཡུལ་དུ་ཕྱིར་ལོག་ཕེབས་པ།

18ས་ཆ་དེར་པའུ་ལུ་ཉིན་མང་པོ་གནས་པའི་རྗེས་སུ་སྤུན་ཟླ་རྣམས་དང་ཁ་བྲལ་ཏེ་ཕུར་སི་ལཱ་དང་ཨ་ཀུ་ལཱ་མཉམ་དུ་གྲུ་གཟིངས་ལ་བཞུགས་ནས་སི་རི་ཡཱ་ཡུལ་དུ་ཕེབས། པའུ་ལུ་ཀེན་གྲེ་གྲུ་ཁར་ཕེབས་ནས་དེར་སྔར་བཞག་པའི་དམ་བཅའ་བཞིན་ཁོང་གི་དབུ་སྐྲ་བྲེགས།

19 ཨེ་ཕེ་སུ་གྲོང་ཁྱེར་དུ་སླེབས་ནས་པའུ་ལུ་ཁོ་གཉིས་དེར་བཞག ཁོང་ཉིད་ཡ་ཧུ་དཱ་པའི་འདུ་ཁང་ལ་འཛུལ་ཏེ་ཡ་ཧུ་དཱ་པ་རྣམས་དང་རྩོད་གླེང་བྱས་པ་དང༌། 20 ཁོ་ཚོས་ཡུན་རིང་པོ་ཞིག་དེར་སྡོད་པར་ཞུས་ཀྱང་ཁོང་གིས་ཞལ་མ་བཞེས་ཏེ།

21 ཁོ་ཚོ་དང་ཁ་བྲལ་ནས་ཁོང་གིས་ “དཀོན་མཆོག་གི་དགོངས་པ་ཡིན་ན་ང་ཕྱིར་ལོག་པར་བྱ་” ཞེས་གསུངས་པའི་རྗེས་སུ་གྲུ་གཟིངས་ལ་བཞུགས་ནས་ཨེ་ཕེ་སུ་གྲོང་ཁྱེར་ནས་ཕར་ཕེབས།

22 སེ་སར་རེ་ཡཱ་གྲོང་ཁྱེར་དུ་སླེབས་པའི་རྗེས་སུ་ཡེ་རུ་ཤ་ལེམ་གྱི་ཆོས་ཚོགས་ལ་འཚམས་འདྲི་ཞུ་བར་ཡར་སོང༌། དེ་ནས་ཁོང་ཨན་ཏི་ཡོག་ཡཱ་གྲོང་ཁྱེར་དུ་མར་ཕེབས།

23 དེར་རེ་ཞིག་བཞུགས་པའི་རྗེས་སུ་ཁོང་ས་ཆ་དེ་དང་ཁ་བྲལ་བ་དང༌། རིམ་བཞིན་ག་ལད་ཡཱ་དང་ཕ་རུག་ཡཱ་ཡུལ་གཉིས་བརྒྱུད་ནས་ཕེབས་ཏེ་ཉེ་གནས་ཐམས་ཅད་ཀྱི་དད་པ་བརྟན་པར་མཛད།

ཨ་པོ་ལོ་སིས་ཆོས་བསྒྲགས་པ།

24དེའི་དུས་སུ་ཨ་ལིག་ཟན་དྲི་ཡཱ་གྲོང་ཁྱེར་དུ་སྐྱེས་པའི་ཡ་ཧུ་དཱ་པ་ཨ་པོ་ལོ་སི་ཞེས་བྱ་བ་སྨྲ་མཁས་ཅན་དང་གསུང་རབ་ལ་མཁས་པ་ཞིག་ཨེ་ཕེ་སུ་གྲོང་ཁྱེར་དུ་སླེབས།

25 ཁོས་གཙོ་བོ་ཡེ་ཤུའི་ལམ་ལ་བསླབས་ཤིང༌། བརྩོན་སེམས་ཀྱིས་ཡེ་ཤུའི་སྐོར་ཡང་དག་པར་གསུངས་ཏེ་ཆོས་བསྟན་ཡང༌། ཡོ་ཧ་ནན་གྱི་ཁྲུས་གསོལ་འབའ་ཞིག་ཤེས།

26 ཡ་ཧུ་དཱ་པའི་འདུ་ཁང་ལ་ཁོས་བློ་སྟོབས་ཆེན་པོས་ཆོས་བསྟན་པར་བརྩམས། འོན་ཀྱང་ཕུར་སི་ལཱ་དང་ཨ་ཀུ་ལཱ་གཉིས་ཀྱིས་ཁོའི་བསྟན་པ་ཐོས་སྐབས་ཟུར་དུ་འཁྲིད་ནས་ཁོ་ལ་དཀོན་མཆོག་གི་ལམ་ནི་དེ་ལས་ཡང་དག་པར་བསྟན།

27 ཨ་པོ་ལོ་སི་ཨ་ཀ་ཡཱ་ཡུལ་ལ་འགྲོ་བར་འདོད་སྐབས་སྤུན་ཟླ་རྣམས་ཀྱིས་ཁོ་བསྐུལ་ནས་ཡུལ་དེའི་ཉེ་གནས་རྣམས་ལ་ཁོ་བསུ་དགོས་ཞེས་པའི་འཕྲིན་ཡིག་བྲིས། དེར་སླེབས་ནས་ཐུགས་རྗེའི་སྒོ་ནས་དད་པར་གྱུར་བ་རྣམས་ལ་ཁོས་རོགས་རམ་མང་པོ་བྱས།

28 གང་ཡིན་ཞེ་ན། ཁོས་མི་དམངས་ཀྱི་མདུན་དུ་ཡ་ཧུ་དཱ་པ་རྣམས་ལ་ནན་གྱིས་རྩོད་པར་བྱས་ཏེ་དེ་རྣམས་བཀག་ནས། གསུང་རབ་ལས་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་པར་གསལ་པོར་བསྟན་ནོ།།

 

*************************************

Acts (17) – མཛད་པ། (17)

Acts (17) – མཛད་པ། (17)

1 པའུ་ལུ་དང་སི་ལཱ་ཨམ་ཕི་པོ་ལཱི་དང་ཨ་པོ་ལོན་ཡཱ་གྲོང་ཁྱེར་བརྒྱུད་ནས་ཕེབས་རྗེས་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་དུ་སླེབས། དེར་ཡ་ཧུ་དཱ་པའི་འདུ་ཁང་ཞིག་ཡོད།

2 པའུ་ལུ་ཡིས་གོམས་གཤིས་ལྟར་དེར་ཕེབས་པ་དང༌། ངལ་གསོ་བའི་ཉིན་མོ་གསུམ་གྱི་བར་དུ་གསུང་རབ་ལ་བརྟེན་ནས་ཁོ་ཚོར་རྩོད་གླེང་བྱས་ཏེ།

3 མཱ་ཤི་ཀ་སྡུག་བསྔལ་མྱོང་ནས་སླར་གསོན་པོར་འགྱུར་དགོས་པར་གསལ་བཤད་དང་ར་སྤྲོད་བྱས། པའུ་ལུས་ “ངས་ཁྱེད་རྣམས་ལ་སྒྲོག་བཞིན་པའི་ཡེ་ཤུ་ནི་མཱ་ཤི་ཀ་ཡིན་ནོ་” ཞེས་གསུངས།

4 དེ་རྣམས་ཀྱི་ནང་ནས་ཁ་ཤས་དང༌། ཆོས་སེམས་དང་ལྡན་པའི་གྷི་རིག་པ་མང་པོ། རིགས་མཐོ་བའི་བུད་མེད་བཅས་དད་པ་སྐྱེས་ནས་པའུ་ལུ་དང་སི་ལཱ་གཉིས་དང་འགྲོགས།

5 འོན་ཀྱང་ཡ་ཧུ་དཱ་པ་རྣམས་ཕྲག་དོག་སྐྱེས་ཏེ་ཁྲོམ་ནས་མི་ངན་ཁ་ཤས་འཁྲིད་དེ་འཛོམས་བྱས་པ་དང༌། གྲོང་ཁྱེར་གྱི་མི་རྣམས་ལ་ངན་བསྐུལ་བྱས། པའུ་ལུ་དང་སི་ལཱ་གཉིས་མི་ཚོགས་ཀྱི་རྩར་བཙན་འཁྲིད་བྱེད་པའི་ཕྱིར་ཡཱ་སོན་གྱི་ཁང་པར་བཙན་གྱིས་འཛུལ་ཀྱང༌།

6 ཁོང་གཉིས་མ་རྙེད་པས་ཁོ་ཚོས་ཡཱ་སོན་ལ་སོགས་པའི་སྤུན་ཟླ་ཁ་ཅིག་གྲོང་ཁྱེར་དཔོན་རིགས་ཀྱི་རྩར་བཙན་གྱིས་འཁྲིད་ནས་སྐད་ཆེན་པོས་ “ས་གཞི་ཐམས་ཅད་དཀྲུག་མཁན་འདི་གཉིས་ས་ཆ་འདིར་ཡང་སླེབས་པ་དང༌།

7 ཡཱ་སོན་གྱིས་ཁོ་ཚོ་བསུས། ཁོ་ཚོ་ཚང་མས་གོང་མའི་རྒྱལ་པོ་སེ་སར་གྱི་བཀའ་ལས་འགལ་ཏེ་ཡེ་ཤུ་ཞེས་ཟེར་བའི་རྒྱལ་པོ་གཞན་ཞིག་ཡོད་པར་སྨྲས་” ཞེས་ཟེར།

8 དེ་ཐོས་ནས་མི་ཚོགས་དང་གྲོང་ཁྱེར་གྱི་དཔོན་པོ་རྣམས་སེམས་འཁྲུགས།

9 ཡཱ་སོན་དང་སྤུན་ཟླ་གཞན་རྣམས་ནས་གཏའ་མ་བླངས་ནས་དཔོན་རིགས་རྣམས་ཀྱིས་ཁོ་ཚོ་གློད་གྲོལ་བཏང༌།

པུ་རེ་ཡཱ་གྲོང་ཁྱེར་དུ་འཕྲིན་བཟང་བསྒྲགས་པ།

10 མཚན་མོ་དེ་རང་ལ་སྤུན་ཟླ་རྣམས་ཀྱིས་པའུ་ལུ་དང་སི་ལཱ་གཉིས་པུ་རེ་ཡཱ་གྲོང་ཁྱེར་དུ་བཏང་ཞིང༌། དེར་སླེབས་ནས་ཁོང་རྣམས་ཡ་ཧུ་དཱ་པའི་འདུ་ཁང་ལ་ཕེབས།

11 གནས་འདིའི་མི་རྣམས་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་གྱི་ཡ་ཧུ་དཱ་པ་རྣམས་ལས་བློ་རྒྱ་ཆེ་ལ། འཕྲིན་བཟང་ཉན་རྒྱུར་དགའ་བ་མ་ཟད། བཀའ་ཐོས་ནས་དོན་དེ་རྣམས་བདེན་པ་ཡིན་མིན་ཤེས་པའི་ཕྱིར་ཁོ་ཚོས་ཉིན་ལྟར་གསུང་རབ་འཚོལ་ཞིབ་བྱས།

12 དེའི་ཕྱིར་དེ་རྣམས་ལས་མི་མང་པོ་ཞིག་དང༌། གྷི་རིག་གི་རིགས་མཐོ་བའི་ཕོ་མོ་མང་པོའང་དད་པར་གྱུར།

13 འོན་ཀྱང་ཐེ་ས་ལོ་ནི་ཀེ་གྲོང་ཁྱེར་གྱི་ཡ་ཧུ་དཱ་པ་རྣམས་ཀྱིས་པའུ་ལུས་པུ་རེ་ཡཱ་གྲོང་ཁྱེར་ལའང་དཀོན་མཆོག་གི་བཀའ་སྒྲོག་པའི་གཏམ་ཐོས་པས། དེར་སོང་ནས་མི་ཚོགས་དཀྲུགས་ཤིང་ངན་བསྐུལ་བྱས།

14 དེ་ནས་སྤུན་ཟླ་རྣམས་ཀྱིས་འཕྲལ་དུ་པའུ་ལུ་རྒྱ་མཚོའི་འགྲམ་དུ་བསྐྱལ་ཞིང༌། སི་ལཱ་དང་ཐི་མོ་ཐེ་པུ་རེ་ཡཱ་གྲོང་ཁྱེར་དུ་གནས།

15 པའུ་ལུ་སྐྱེལ་མཁན་རྣམས་ཀྱིས་ཁོང་ཨ་ཐེ་ནེ་གྲོང་ཁྱེར་ལ་འཁྲིད་ཅིང༌། པའུ་ལུས་སི་ལཱ་དང་ཐི་མོ་ཐེ་གཉིས་གང་མགྱོགས་ཡོང་དགོས་པའི་བཀའ་གནང་ནས་སྐྱེལ་མ་རྣམས་ཕྱིར་ལོག

ཨ་ཐེ་ནེ་གྲོང་ཁྱེར་དུ་འཕྲིན་བཟང་བསྒྲགས་པ།

16 པའུ་ལུ་ཁོ་ཚོ་གཉིས་ཨ་ཐེ་ནེ་གྲོང་ཁྱེར་དུ་སྒུག་ནས་བསྡད་དུས། ས་ཆ་དེར་སྐུ་འདྲས་གང་ཡོད་པ་གཟིགས་ཏེ་སེམས་ཧ་ཅང་འཁྲུགས་པར་གྱུར་བས།

17 པའུ་ལུས་འདུ་ཁང་ལ་ཡ་ཧུ་དཱ་པ་དང༌། དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་ཡ་ཧུ་དཱ་པ་མིན་པ་རྣམས་དེ་བཞིན་ཚོང་རར་ཡོང་བ་རྣམས་ལ་ཉིན་རེ་བཞིན་རྩོད་གླེང་བྱས།

18 ཡང་ཨེ་པི་ཀུར་ཞེས་པ་དང་སི་ཏོ་ཀེ་ཞེས་པའི་མཚན་ཉིད་རིག་པའི་ལྟ་བ་འཛིན་མཁན་ཁ་ཅིག་གིས་ཁོང་དང་རྩོད་གླེང་བྱས། ལ་ལས་ “གང་བྱུང་མང་བྱུང་ཤོད་མཁན་འདིས་གང་སྨྲ་བར་འདོད་” ཅེས་ཟེར་ཞིང༌། ལ་ལས་ “ཕྱི་པའི་ལྷ་སྒྲོག་མཁན་དང་འདྲ་བ་ཡིན་” ཞེས་སྨྲས། དེ་ནི་ཡེ་ཤུ་དང་ཁོང་འཆི་བ་ནས་སླར་གསོན་པོར་འགྱུར་བའི་སྐོར་གསུངས་པས་སོ།

19 དེ་ནས་ཁོ་ཚོས་པའུ་ལུ་ཨ་རེ་ཨོ་པ་གུ་ཞེས་པའི་རྒྱལ་ཚོགས་ལ་འཁྲིད་དེ་ཁོང་ལ་ “ཁྱེད་ཀྱིས་སྒྲོག་པའི་བསྟན་པ་གསར་པ་འདི་གང་ཡིན་ངེད་རྣམས་ལ་གསུང་དང༌།

20 གང་ལགས་ཤེ་ན། བསྟན་པ་འགའ་ཤས་ཁྱད་མཚར་བས་ངེད་རྣམས་དོན་འདི་ཚོ་རྟོགས་པར་འདོད་” ཅེས་སྨྲས།

21 (ཨ་ཐེ་ནེ་གྲོང་ཁྱེར་གྱི་མི་དང༌། ས་ཆ་དེར་ཡུལ་གཞན་ནས་ཡོང་བའི་མི་རྣམས་ཀྱིས་དོན་གསར་པའི་སྐོར་གཏམ་གླེང་བྱེད་པ་ལས་གཞན་གང་ཡང་མ་བྱས་)

22 དེ་ནས་པའུ་ལུས་ཨ་རེ་ཨོ་པ་གུ་ཚོགས་པའི་དཀྱིལ་ལ་བཞེངས་ཏེ་ “ཨ་ཐེ་ནེ་པ་རྣམས། ཁྱེད་ཚོ་རྣམ་པ་ཀུན་ནས་ཆོས་ལ་ཤིན་ཏུ་དགའ་བའི་མི་ཡིན་པར་ངས་མཐོང༌།

23 གང་ཡིན་ཟེར་ན། ངས་གྲོང་ཁྱེར་བརྒྱུད་ནས་འགྲོ་དུས་ཁྱེད་རྣམས་ཀྱིས་བསྙེན་བཀུར་བྱེད་པའི་རྟེན་རྣམས་ལ་ཞིབ་ལྟ་བྱས་པ་དང༌། རྒྱུས་མེད་པའི་ལྷ་ཡི་ཕྱིར་ཞེས་བྲིས་པའི་མཆོད་ཁྲི་ཞིག་མཐོང་བས། ཁྱེད་རྣམས་ཀྱིས་མི་ཤེས་པར་བསྙེན་བཀུར་བྱེད་པ་དེ་ངས་ཁྱེད་ཚོར་སྒྲོག་པར་བྱ།

24འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་འགོད་པ་གནང་མཁན་དཀོན་མཆོག་སྟེ་གནམ་ས་གཉིས་ཀྱི་བདག་པོ་ཡིན་པས་མི་ཡིས་བཟོས་པའི་ལྷ་ཁང་ལ་མི་བཞུགས་ལ།

25 ཁོང་ལ་ཅི་ཡང་མི་དགོས་པའི་རྐྱེན་གྱིས་མིའི་ལག་པས་ཁོང་ལ་གཡོག་ཀྱང་བྱེད་མི་དགོས། གང་ལགས་ཟེར་ན། ཁོང་རང་གིས་མི་ཚང་མར་སྲོག་དང༌། དབུགས། ཅི་དགོས་པ་ཐམས་ཅད་གནང་བས་སོ།

26 དཀོན་མཆོག་གིས་མི་གཅིག་ནས་མི་རིགས་ཐམས་ཅད་བཀོད་པ་དང༌། ས་གཞི་ཡོངས་སུ་གནས་ཏུ་བཅུག དེ་ཚོ་སོ་སོའི་དུས་དང་གནས་པའི་ས་མཚམས་སྔོན་ནས་བསྐོས་པ་གནང༌།

27 དེ་ནི་དཀོན་མཆོག་བཙལ་ནས་རྙེད་པའི་རེ་བ་དང་ལྡན་པར་འགྱུར་བའི་ཕྱིར་ཡིན་ཏེ། དོན་དངོས་སུ་ཁོང་ང་ཚོ་རེ་རེ་དང་ཐག་རིང་པོ་མེད།

28 མི་ཞིག་གིས་བྲིས་པ་ལྟར། ངེད་རྣམས་གསོན་ཞིང་བགྲོད་པ་དང་ཁོང་ལ་བརྟེན་ནས་བྱུང་ཞེས་བྲིས་པ་དང༌། ཁྱེད་ཚོའི་སྙན་ངག་མཁན་འགའ་ཤས་ཀྱིས་ཀྱང༌། ང་ཚོའང་ཁོང་གི་བུ་རྒྱུད་ཡིན་ནོ་ཞེས་གསུངས།

29 ངེད་རྣམས་དཀོན་མཆོག་གི་བུ་རྒྱུད་ཡིན་པས་ཁོང་གི་ངོ་བོ་ནི་མི་རྣམས་ཀྱི་ལག་རྩལ་དང་བློ་གྲོས་ཀྱིས་བཟོས་པའི་གསེར་རམ། དངུལ་ལམ། རྡོའི་ལྷ་རྟེན་དང་འདྲ་བ་ཞིག་ཡིན་པར་བསམ་མི་རུང༌།

30 སྔོན་མི་རྣམས་ཀྱིས་དོན་དེ་ཚོ་མ་ཤེས་པར་དཀོན་མཆོག་གིས་མ་བརྩིས་ཡང༌། ད་ལྟ་ཁོང་གིས་གནས་ཀུན་གྱི་མི་ཐམས་ཅད་ལ་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་དགོས་པའི་བཀའ་གནང༌།

31 གང་ཡིན་ཞེ་ན། ཁོང་གིས་ཁྲིམས་གཅོད་པའི་ཉིན་མོ་ཞིག་བསྐོས་པར་མཛད་ཅིང༌། ཉིན་དེར་ཁོང་གིས་བསྐོས་པའི་མི་ཞིག་གིས་འཇིག་རྟེན་གྱི་མི་རྣམས་ལ་དྲང་བདེན་གྱི་སྒོ་ནས་ཁྲིམས་གཅོད་མཛད་པར་འགྱུར། མི་དེ་འཆི་བ་ནས་སླར་གསོན་པར་མཛད་པའི་ངང་ནས་ཁོང་གིས་དེ་ལྟར་འབྱུང་བར་འགྱུར་བའི་ར་སྤྲོད་མི་ཐམས་ཅད་ལ་གསལ་པོར་བྱས་སོ་” ཞེས་གསུངས།

32 འཆི་བ་ནས་སླར་གསོན་པར་འགྱུར་བའི་སྐོར་ཐོས་ནས་མི་ལ་ལས་ཁོང་ལ་ཁྲེལ་དགོད་བྱས་ཀྱང༌། ལ་ལས་ “དོན་དེའི་སྐོར་རྗེས་སུ་ཉན་པར་བྱ་” ཞེས་ཟེར།

33 པའུ་ལུ་མི་དེ་ཚོའི་དཀྱིལ་ནས་ཕྱིར་ཕེབས།

34 འོན་ཀྱང་དཱ་ཨོ་ནེ་སི་ཡཱུ་ཟེར་མཁན་ནི་ཨ་རེ་ཨོ་པ་གུ་ཚོགས་པའི་ཁོངས་མི་ཞིག་དང༌། དཱ་མ་རཱི་ཞེས་ཟེར་བའི་བུད་མེད་ཅིག་ལ་སོགས་པའི་མི་དད་པ་དང་ལྡན་པར་གྱུར་ནས་པའུ་ལུ་དང་འགྲོགས་སོ།།

 

****************************************************

Acts (16) – མཛད་པ། (16)

Acts (16) – མཛད་པ། (16)

1 ཡང་དེ་ནས་པའུ་ལུ་ཌེར་པེ་དང་ལིས་ཏྲཱ་གྲོང་ཁྱེར་དུ་སླེབས། དེར་ཐི་མོ་ཐེ་ཞེས་བྱ་བའི་ཉེ་གནས་ཤིག་ཡོད་དེ། ཁོའི་ཨ་མ་ནི་དད་ལྡན་པའི་ཡ་ཧུ་དཱ་པ་ཞིག་ཡིན་ཡང༌། ཕ་གྷི་རིག་པ་ཡིན།

2 ལིས་ཏྲཱ་དང་ཨི་ཀོན་ཡཱུ་གྲོང་ཁྱེར་ལ་སྡོད་པའི་སྤུན་ཟླ་རྣམས་ཀྱིས་ཁོ་ལ་བསྟོད་པར་བྱེད།

3 པའུ་ལུས་ཐི་མོ་ཐེ་ཁོང་དང་མཉམ་དུ་འགྲོ་བར་འདོད་པས་ཁོང་གིས་ཁོ་ལ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་རྒྱག་ཏུ་བཅུག གང་ལགས་ཤེ་ན། ཡུལ་དེར་ཡ་ཧུ་དཱ་པ་མང་པོ་ཡོད་ཅིང༌། ཁོ་ཚོ་ཚང་མས་ཐི་མོ་ཐེའི་ཕ་ནི་གྷི་རིག་པ་ཡིན་པར་ཤེས་པའི་ཕྱིར་རོ།

4གྲོང་ཁྱེར་རྣམས་བརྒྱུད་ནས་འགྲོ་དུས་ཡེ་རུ་ཤ་ལེམ་གྱི་སྐུ་ཚབ་དང་འགན་འཁུར་བ་རྣམས་ཀྱིས་ཐག་བཅད་པའི་བཀའ་སྲུང་བའི་ཕྱིར་དད་ལྡན་རྣམས་ལ་བསྒྲགས་པས།

5 ཆོས་ཚོགས་རྣམས་ཀྱི་དད་སེམས་བརྟན་པོར་གྱུར་ཞིང༌། དད་ལྡན་རྣམས་ཀྱི་གྲངས་ཉིན་རེ་བཞིན་མང་དུ་འཕེལ།

པའུ་ལུ་ལ་ཞལ་གཟིགས་ཐོབ་པ།

6 དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁོང་ཚོ་ཨེ་ཞེ་ཡཱ་ཞིང་ཆེན་ལ་བཀའ་སྒྲོག་ཏུ་མ་བཅུག་པས། ཁོང་རྣམས་ཕ་རུག་ཡཱ་དང་ག་ལད་ཡཱ་ཡུལ་བརྒྱུད་ནས་ཕེབས་ཤིང༌།

7 མོ་སི་ཡཱ་ཡུལ་དུ་སླེབས་དུས་པི་ཐིན་ཡཱ་ཞིང་ཆེན་ལ་ཞུགས་པར་བསམས་ཀྱང༌། ཡེ་ཤུའི་ཐུགས་ཉིད་ཀྱིས་འགྲོ་མ་བཅུག་པའི་རྐྱེན་གྱིས།

8 མོ་སི་ཡཱ་ཡུལ་བརྒྱུད་ནས་ཏྲོ་ཡཱ་གྲུ་ཁར་ཕེབས།

9 མཚན་མོར་པའུ་ལུ་ལ་ཞལ་གཟིགས་གནང་སྟེ་མ་ཀེ་དོན་ཡཱ་ཞིང་ཆེན་གྱི་མི་ཞིག་ཁོང་གི་དྲུང་དུ་ལངས་ནས་ཁོང་ལ་ “མ་ཀེ་དོན་ཡཱ་ལ་ཕེབས་ནས་ང་ཚོར་རོགས་པ་གནང་རོགས་” ཞེས་ནན་གྱིས་བསྐུལ།

10 ཞལ་གཟིགས་དེ་མཐོང་བའི་རྗེས་དཀོན་མཆོག་གིས་ང་ཚོ་དངོས་སུ་མ་ཀེ་དོན་ཡཱ་པ་རྣམས་ལ་འཕྲིན་བཟང་སྒྲོག་ཏུ་བོས་པར་ཤེས་ནས། ང་ཚོས་འཕྲལ་དུ་ཁོ་ཚོའི་རྩར་འགྲོ་བའི་གྲ་སྒྲིག་བྱས།

ཚོང་པ་ལི་དི་ཡཱ་ཡིས་གཙོ་བོ་ཡེ་ཤུར་དད་པ་སྐྱེས་པའི་སྐོར།

11 དེ་ནས་ཏྲོ་ཡཱ་ནས་གྲུ་གཟིངས་ལ་བསྡད་དེ་སཱ་མོ་ཏྲེ་ཀེ་ཞེས་པའི་གླིང་ཕྲན་ལ་ཐད་ཀར་ཕྱིན་ཞིང༌། དེའི་ཕྱི་ཉིན་ནེ་ཨ་པོ་ལི་ཞེས་པའི་གྲུ་ཁར་སླེབས།

12 དེ་ནས་མ་ཀེ་དོན་ཡཱ་ཡུལ་གྱི་གལ་ཆེན་གྲོང་ཁྱེར་ཕི་ལིབ་པཱི་ལ་སླེབས། གྲོང་ཁྱེར་དེ་ནི་རོ་མཱའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན་ཞིང་དེར་ང་ཚོ་ཉིན་ཤས་བསྡད།

13 ངལ་གསོ་བའི་ཉིན་མོར་ང་ཚོ་གྲོང་ཁྱེར་གྱི་སྒོའི་ཕྱི་ཕྱོགས་གཙང་པོའི་འགྲམ་དུ་སྨོན་ལམ་འདེབས་ས་ཡིན་པར་བསམས་ནས། དེ་ལ་ཕྱིན་ཏེ་བསྡད་པ་དང༌། དེར་འཛོམས་ཡོད་པའི་བུད་མེད་རྣམས་ལ་ཆོས་བཤད།

14 དེའི་ནང་ནས་གྲོང་ཁྱེར་ཐི་ཡ་ཏི་རཱ་ནས་ཡིན་པའི་མདོག་རྒྱ་སྨུག་ཅན་གྱི་རས་འཚོང་མཁན་ལི་དི་ཡཱ་ཞེས་བྱ་བའི་བུད་མེད་ཅིག་གིས་ང་ཚོའི་གཏམ་ལ་ཉན། ཁོ་མོ་ནི་དཀོན་མཆོག་ལ་བསྙེན་བཀུར་བྱེད་མཁན་ཡིན་ལ། པའུ་ལུས་གསུངས་པའི་བཀའ་ལ་ཉན་པའི་ཕྱིར་གཙོ་བོས་ཁོ་མོའི་བློ་སྒོ་ཕྱེ།

15 ཁོ་མོས་རང་གི་ནང་མི་དང་བཅས་པར་ཁྲུས་གསོལ་ལེན་པའི་རྗེས་སུ་ “གལ་ཏེ་ཁྱེད་ཀྱིས་ང་གཙོ་བོ་ལ་དད་པ་བྱེད་མཁན་ཞིག་ཡིན་པར་བརྩིས་ན། ངའི་ཁང་པར་ཕེབས་ནས་བཞུགས་དང་” ཞེས་ནན་གྱིས་བསྐུལ་ནས་ང་ཚོ་དེར་འཁྲིད།

པའུ་ལུ་དང་སི་ལཱ་བཙོན་ཁང་དུ་བཅུག་པ།

16 དེ་ནས་ཉིན་ཞིག་ལ་སྨོན་ལམ་འདེབས་སར་འགྲོ་དུས་སྔོན་ཤེས་དང་ལྡན་པའི་གདོན་འདྲེ་ཡིས་ཟིན་པའི་བྲན་མོ་ཞིག་ང་ཚོ་དང་ཕྲད། ཁོ་མོས་སྔོན་ཤེས་བཤད་པའི་སྒོ་ནས་རང་གི་བདག་པོ་རྣམས་ལ་དངུལ་མང་པོ་ཐོབ།

17 ཁོ་མོ་པའུ་ལུ་དང་ང་ཚོའི་རྗེས་སུ་འབྲང་དུས་སྐད་ཆེན་པོས་ “མི་འདི་རྣམས་བླ་ན་མེད་པའི་དཀོན་མཆོག་གི་ཞབས་ཕྱི་དང༌། ཁྱེད་རྣམས་ལ་ཐར་བའི་ལམ་སྟོན་མཁན་ཡིན་” ཞེས་ཡང་ཡང་བརྗོད།

18 ཉིན་མང་པོའི་རིང་ལ་དེ་ལྟར་བྱས་པས་པའུ་ལུ་སུན་སྣང་ཆེན་པོ་སྐྱེས་ནས་ཁ་ཚུར་གཅུས་ཏེ་གདོན་འདྲེ་དེ་ལ་ “ངས་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་ཐོག་ནས་ཁྱོད་ལ་མོ་ནས་ཕྱིར་ཐོན་པའི་བཀའ་གཏོང་” ཞེས་གསུངས་མ་ཐག་གདོན་འདྲེ་དེ་ཕྱིར་ཐོན།

19 བྲན་མོ་དེའི་བདག་པོ་རྣམས་ཀྱིས་དངུལ་འཐོབ་པའི་རེ་བ་མེད་པར་གྱུར་བ་ཤེས་ནས། ཁོ་ཚོས་པའུ་ལུ་དང་སི་ལཱ་གཉིས་བཟུང་ནས་ཁྲོམ་ལ་ཡོད་པའི་དཔོན་པོ་རྣམས་ཀྱི་དྲུང་དུ་དྲུད།

20 ཡང་ཁྲིམས་དཔོན་རྣམས་ཀྱི་དྲུང་དུ་འཁྲིད་ནས་ཁོ་ཚོས་ “མི་འདི་གཉིས་ཡ་ཧུ་དཱ་པ་ཡིན་ཞིང་ང་ཚོའི་གྲོང་ཁྱེར་དཀྲུག་པ་དང༌།

21 ངེད་རོ་མཱ་པ་རྣམས་ལ་ཁྲིམས་ལྟར་དང་ལེན་མི་བྱེད་པ་དང༌། སྲུང་མི་ཆོག་པའི་ལུགས་སྲོལ་སྒྲོག་བཞིན་འདུག་” ཅེས་སྨྲས།

22མི་ཚོགས་ཀྱིས་ཀྱང་ཁོང་གཉིས་ལ་ངོ་རྒོལ་བྱས་པས་ཁྲིམས་དཔོན་རྣམས་ཀྱིས་པའུ་ལུ་དང་སི་ལཱ་ཡི་ཕྱི་གོས་འབུད་དུ་བཅུག་ནས་དབྱུག་པ་ཡིས་རྡུང་བའི་བཀའ་བསྒོས།

23 ཁོང་ཚོ་དྲག་པོ་བརྡུངས་ནས་བཙོན་ཁང་དུ་བཅུག་པ་དང༌། བཙོན་སྲུང་དཔོན་ལ་དམ་པོར་སྲུང་དགོས་པའི་བཀའ་བཏང༌།

24 བཀའ་དེ་བཞིན་དུ་བཙོན་སྲུང་དཔོན་གྱིས་ཁོང་ཚོ་བཙོན་ཁང་གི་ཕུགས་ལ་བཅུག་ནས་ཁོ་ཚོའི་རྐང་པར་ཤིང་སྒྲོག་བརྒྱབ་ནས་བཞག

25 ནམ་ཕྱེད་ཙམ་ལ་པའུ་ལུ་དང་སི་ལཱ་གཉིས་ཀྱིས་སྨོན་ལམ་འདེབས་ཤིང་དཀོན་མཆོག་ལ་མགུར་གླུ་ལེན་སྐབས་བཙོན་པ་གཞན་རྣམས་ཀྱིས་ཉན།

26 གློ་བུར་དུ་ས་གཡོམ་ཆེན་པོ་བྱུང་བས་བཙོན་ཁང་གི་རྩིག་རྨང་གཡོ་བར་གྱུར། འཕྲལ་དུ་བཙོན་ཁང་གི་སྒོ་ཐམས་ཅད་བྱེ་ནས་བཙོན་པ་རྣམས་ཀྱི་ལྕགས་ཐག་གྲོལ་བར་གྱུར།

27 གཉིད་ལས་སད་སྐབས་བཙོན་སྲུང་དཔོན་གྱིས་བཙོན་ཁང་གི་སྒོ་བྱེ་ཡོད་པ་མཐོང་བས། བཙོན་པ་བྲོས་པར་སྙམ་སྟེ་རལ་གྲི་ཞིག་བཏོན་ནས་རང་སྲོག་གཅོད་པར་བསམས་ཀྱང༌།

28 པའུ་ལུས་སྐད་ཆེན་པོས་ “ཁྱེད་ཀྱིས་རང་ལ་གནོད་པ་མ་བྱོས་ཤིག ང་ཚོ་ཐམས་ཅད་འདིར་ཡོད་” ཅེས་གསུངས།

29 བཙོན་སྲུང་དཔོན་གྱིས་བཞུ་མར་འཁྱེར་དགོས་པའི་བཀའ་བཏང་ནས་བཙོན་ཁང་ནང་དུ་བརྒྱུགས། འཇིགས་ནས་འདར་བཞིན་པའུ་ལུ་དང་སི་ལཱ་ཡི་དྲུང་དུ་ཕྱག་འཚལ།

30 ཁོང་རྣམས་ཕྱི་རོལ་དུ་འཁྲིད་ནས་བཙོན་སྲུང་དཔོན་གྱིས་ “སྐུ་ཞབས། ཐར་བར་འགྱུར་བའི་ཕྱིར་ངས་གང་ཞིག་བྱེད་དགོས་” ཞེས་ཟེར།

31 ཁོང་ཚོས་ “གཙོ་བོ་ཡེ་ཤུ་ལ་དད་པ་བྱོས་ཤིང༌། ཁྱེད་རང་དང་ཁྱེད་ཀྱི་ནང་མི་ཚང་མ་ཐར་བར་འགྱུར་” ཞེས་གསུངས།

32 ཁོང་ཚོས་ཁོ་དང་ཁོའི་ནང་མི་ཚང་མར་གཙོ་བོ་དཀོན་མཆོག་གི་བཀའ་གསུངས།

33 མཚན་མོའི་ཆུ་ཚོད་དེ་རང་ལ་བཙོན་སྲུང་དཔོན་གྱིས་ཁོང་ཚོ་འཁྲིད་དེ་རྨ་བཀྲུས་པ་དང༌། ཁོ་དང་ཁོའི་ནང་མི་ཚང་མས་མྱུར་དུ་ཁྲུས་གསོལ་ལེན།

34 བཙོན་སྲུང་དཔོན་གྱིས་ཁོང་རྣམས་རང་གི་ཁྱིམ་དུ་འཁྲིད་ནས་ཟས་སྟེར་ཞིང༌། དཀོན་མཆོག་ལ་དད་པ་དང་ལྡན་པར་གྱུར་བས་ཁོ་རང་དང་ནང་མི་ཐམས་ཅད་ཧ་ཅང་དགའ་བར་གྱུར།

35 དེའི་སང་ཞོགས་ཁྲིམས་དཔོན་རྣམས་ཀྱིས་སྲུང་དམག་བཏང་སྟེ་ “མི་དེ་གཉིས་གློད་གྲོལ་གཏོང་ཞིག་” ཅེས་པའི་བཀའ་བསྩལ།

36 བཙོན་སྲུང་དཔོན་གྱིས་པའུ་ལུ་ལ་གཏམ་དེ་བཤད་དེ་ “ཁྲིམས་དཔོན་རྣམས་ཀྱིས་ཁྱེད་ཚོ་གློད་གྲོལ་གཏོང་བའི་བཀའ་བཙལ་བས། ཕྱི་རོལ་དུ་ཕེབས་ཤིང༌། ཞི་བདེའི་ངང་ནས་སོང་དང་” ཞེས་སྨྲས་ཀྱང༌།

37 པའུ་ལུས་སྲུང་དམག་རྣམས་ལ་ “ང་ཚོ་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་མངའ་འབངས་ཡིན་ཡང༌། ཁྲིམས་རར་འདྲི་གཅོད་མི་བྱས་པར་དམངས་ཀྱི་མདུན་དུ་བརྡུངས་ནས་ང་ཚོ་བཙོན་ཁང་དུ་བཅུག ད་ལྟ་ཁོ་ཚོས་གསང་བའི་ངང་ནས་ང་ཚོ་འདོན་ནམ། དེ་ལྟར་མི་བྱ། འདིར་ཡོང་ནས་ཁོ་ཚོ་རང་གིས་ང་ཚོ་ཕྱི་རོལ་དུ་འཁྲིད་དགོས་” ཞེས་གསུངས་པའི་གཏམ་དེ།

38 སྲུང་དམག་ཚོས་ཁྲིམས་དཔོན་རྣམས་ལ་བཤད། ཁོང་ཚོ་གཉིས་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་མངའ་འབངས་ཡིན་པ་ཐོས་ནས་ཁྲིམས་དཔོན་རྣམས་འཇིགས་པར་གྱུར་བ་དང༌།

39 དེར་ཡོང་ནས་ཁོང་ཚོར་དགོངས་དག་ཞུས་པ་དང༌། ཕྱི་རོལ་དུ་འཁྲིད་དེ་གྲོང་ཁྱེར་ནས་ཕར་ཕེབས་པར་ཡང་ཡང་བསྐུལ།

40 ཁོང་གཉིས་བཙོན་ཁང་ནས་ཐོན་པ་དང༌། ལི་དི་ཡཱ་ཡི་ཁང་པར་ཕེབས། སྤུན་ཟླ་རྣམས་དང་ལྷན་དུ་འདུས་ཏེ་ཁོ་ཚོར་བློ་སྟོབས་སྤེལ་ནས་ཕར་ཕེབས་སོ།།

 

*************************************