SONG OF THE PILGRIMS

ཡེ་ཤ་ཡཱ 35

དམ་པའི་ལམ།

1བྱེ་ཐང་དགའ་བདེར་སྤྱོད་བར་འགྱུར་བ་དང།

མེ་ཏོག་རྣམས་ནི་མི་མེད་ལུང་སྟོང་ནང་དུ་བཞད་པར་འགྱུར།

2བྱེ་ཐང་གཞས་གཏོང་དགའ་འབོད་བྱེད་པ་དང། དེ་ནི་ལེ་བ་ནོན་གྱི་རི་ལྟར་མཛེས།

ཀར་མེལ་དང་ཤ་རོན་གྱི་ཞིང་ལྟར་ས་ལུད་འཛོམ། ཚང་མས་དཀོན་མཆོག་ཁོང་གི་གཟི་བརྗིད་མཐོང།

ཁོང་གི་རླབས་ཆེན་སྟོབས་ཤུགས་རྣམས་མཐོང་ངོ།

3ཐང་ཆད་པ་ཡི་ལག་པར་ནུས་ཤུགས་གནོང། སྟོབས་མེད་འདར་བའི་པུས་མོར་ནུས་ཤུགས་གནོང།

4སེམས་ཤུགས་ཆགས་མཁན་ཚང་མ་ཐམས་ཅད་ལ།

འཇིགས་པ་མེད་པར་སྟོབས་ཤུགས་ལྡན་པ་བྱོས། དཀོན་མཆོག་ཁྱེད་རང་སྐྱོབ་པར་ཕེབས་བཞིན་ཡོད།

ཁྱོད་ཀྱི་དགྲ་ལ་ཆད་པ་གཏོང་ཕྱིར་ཕེབས་བཞིན་འདུག་ཅེས་སྨྲོས།

5ལོང་བས་མཐོང་ཞིང། འོན་པས་ཐོས་པར་འགྱུར།

6ཞ་བོས་མཆོང་ནས་གར་ཁྲབ་བྱེད་པར་འགྱུར། སྨྲ་མི་ཐུབ་པས་དགའ་བས་སྐད་འབོད་བྱེད།

བྱེ་ཐང་ནང་དུ་རྒྱུག་ཆུ་རྒྱུགས་པར་བྱེད།

7འཚིག་པའི་བྱེད་མ་མཚོ་རུ་འགྱུར། ས་གནས་སྐམ་པོར་ཆུ་མིག་རྣམས་ཀྱི་ཁེངས་པར་འགྱུར།

ཁྱི་སྤྱང་རྣམས་ཀྱི་སྡོད་པའི་ས་གནས་སུ། དེ་རུ་འདམ་རྩ་དང་ནི་སྨྱུག་རྩ་སྐྱེས།

8དེ་རུ་རྒྱ་ལམ་ཞིག་བྱུང་བར་འགྱུར། དེའི་མིང་ལ་དམ་པའི་ལམ་ཞེས་གྲགས།

སྡིག་ཅན་སུ་ཞིག་ལམ་དེའི་སྟེང་ནམ་ཡང་མི་འགྲོད་དོ།

དེ་རྒྱུ་འགྲོ་མཁན་ལ་ནི་གླེན་པ་སུ་ཞིག་གིས་ལམ་ནོར་འཁྲིད་མི་ཐུབ།

9དེ་རུ་སེང་གེ་བྱུང་མི་ཡོང། འཇིགས་རུང་སེམས་ཅན་རྣམས་ནི་ལམ་དེར་མི་འགྲོའོ།

གཙོ་བོ་དཀོན་མཆོག་ཁོང་གིས་སྐྱོབ་པར་མཛད་གནང་བ་ཚོ།

ལམ་དེ་བརྒྱུད་ནས་ཁྱིམ་དུ་ལོག་པར་བྱ།

10དེ་ཚོ་གླུ་དང་སྐད་འབོད་བྱེད་བཞིན་པར། དགའ་སྤྲོའི་ངང་ནས་ཡེ་རུ་ཤ་ལེམ་འབྱོར།

དེ་ཚོ་སྡུག་བསྔལ་དང་ནི་མྱ་ངན་ལས། དེ་ཚོ་གཏན་གྱི་ཆེད་དུ་རང་དབང་ཐོབ་པར་འགྱུར༎

 

**********************************

The way ahead for the believer may be long and hard, but at its end is the Promised Land and the Heavenly City; for it is a spiritual pilgrimage. Although there is hardship along the way, God gives strength and joy in the pilgrim’s heart.

Those saved by the blood of the Lord Jesus are made clean by His cleanness. So, the road is their road for them to walk in holiness. Jesus said, ‘I am the Way’. And he too will be there at the end; He has gone ahead, and will lead us into the heavenly Jerusalem.

Believe the Great Promise of God; remember Abraham and others whose faith is a witness to us of God’s faithfulness:

 

ཡ་ཧུ་དཱ་པ། 12:1-2

དེའི་ཕྱིར་དེ་ལྟར་མང་བའི་དཔང་པོ་རྣམས་ནི་སྤྲིན་པ་བཞིན་ང་ཚོ་བསྐོར་བས། བར་ཆད་ཀུན་དང༌། ངེད་རྣམས་ལ་འཁྱུད་པར་སླ་བའི་སྡིག་ཉེས་ཕར་བཞག་སྟེ་བཟོད་པའི་སྒོ་ནས་ང་ཚོའི་མདུན་ལ་ཡོད་པའི་རྒྱུག་ལམ་སྟེང་རྒྱུགས་དགོས།

ངེད་རྣམས་ཀྱི་དད་པའི་འགོད་པ་པོ་དང་ཡོངས་སུ་རྫོགས་པར་མཛད་མཁན་ཡེ་ཤུའི་ཕྱོགས་སུ་ནན་གྱིས་ལྟ་དགོས། ཁོང་གི་མདུན་དུ་བཞག་པའི་དགའ་སྤྲོའི་དོན་ལ་དེའི་འཕྱ་དམོད་རྩིས་མེད་དུ་བཏང་སྟེ་རྒྱང་ཤིང་གི་སྡུག་བསྔལ་བཟོད་ནས་དཀོན་མཆོག་གི་བཞུགས་ཁྲིའི་གཡས་སུ་བཞུགས།

 

Foot note

This is the last of the ‘Pilgrim Series’ of posts. Please tell us if you found it helpful. What other scriptures would you like us to explain?

Acts (21) – མཛད་པ། (21)

Acts (21) – མཛད་པ། (21)

1 ཁོ་རྣམས་དང་ཁ་བྲལ་ཏེ་གྲུ་གཟིངས་ལ་བསྡད་ནས་ང་ཚོ་ཀོ་ཟི་ཞེས་པའི་གླིང་ཕྲན་དུ་ཐད་ཀར་ཕྱིན་ཞིང༌། དེའི་སང་ཉིན་རོའོ་ཏི་ཞེས་ཟེར་བའི་གླིང་ཕྲན་དང༌། ས་ཆ་དེ་ནས་པ་ཏ་རཱ་གྲུ་ཁར་སླེབས།

2 དེར་ཕེ་ནི་ཀེ་ཡུལ་ལ་འགྲོ་བའི་གྲུ་གཟིངས་ཤིག་དང་ཕྲད་ནས་དེ་ལ་འཛུལ་ནས་ང་ཚོ་ཕྱིན།

3 ཀིབ་རུ་གླིང་ཕྲན་མཐོང་ནས་དེ་གཡོན་ཕྱོགས་སུ་བཞག་སྟེ་སི་རི་ཡཱ་ཡུལ་ལ་གྲུ་གཟིངས་ཀྱི་དོས་པོ་འདོན་སའི་གྲུ་ཁ་ཐཱ་ཨེར་དུ་སླེབས།

4 དད་ལྡན་རྣམས་བཙལ་ནས་རྙེད་ཅིང་ང་ཚོ་དེར་ཉི་མ་བདུན་གྱི་བར་དུ་བསྡད། ཁོ་རྣམས་ཀྱིས་དམ་པའི་ཐུགས་ཉིད་ཀྱི་ངང་ནས་པའུ་ལུ་ལ་ཡེ་རུ་ཤ་ལེམ་ལ་མ་ཕེབས་ཞེས་ཞུས།

5 དེར་ང་ཚོ་བསྡད་ཐུབ་པའི་དུས་ཚོད་རྫོགས་ནས་ང་ཚོ་ལམ་ལ་ཆས་པ་ལ། དད་ལྡན་ཐམས་ཅད་ཀྱིས་བཟའ་ཟླ་དང་ཕྲུ་གུ་དང་བཅས་པར་ང་ཚོ་གྲོང་ཁྱེར་གྱི་ཕྱི་ཕྱོགས་སུ་བསྐྱལ། ངེད་རྣམས་ཀྱིས་རྒྱ་མཚོའི་འགྲམ་ལ་པུས་མོ་སར་བཙུགས་ཏེ་སྨོན་ལམ་བཏབ།

6 ཕན་ཚུན་གྱེས་མཚམས་ཞུས་ནས་ངེད་རྣམས་གྲུ་གཟིངས་ལ་བསྡད་པ་དང༌། ཁོ་རྣམས་སོ་སོའི་ཁྱིམ་དུ་ཕྱིར་ལོག

7 ཐཱ་ཨེར་ནས་མཚོ་ལམ་བརྒྱུད་དེ་ཕེ་ཏོ་ལེ་མཱ་ཞེས་པའི་གྲུ་ཁར་སླེབས། སྤུན་ཟླ་རྣམས་ལ་འཚམས་འདྲི་ཞུས་ནས་ཉི་མ་གཅིག་ཁོ་ཚོ་དང་མཉམ་དུ་བསྡད།

8 དེའི་ཕྱི་ཉིན་ལ་ཕར་ཕྱིན་ཏེ་སེ་སར་རེ་ཡཱ་གྲོང་ཁྱེར་དུ་སླེབས་པ་དང༌། འཕྲིན་བཟང་སྒྲོག་མཁན་ཕི་ལིབ་ཀྱི་ཁྱིམ་དུ་སོང་ནས་ཁོ་དང་མཉམ་དུ་བསྡད། ཕི་ལིབ་ནི་བདུན་པོའི་ནང་ནས་གཅིག་ཡིན།

9 ཁོ་ལ་ཆང་ས་རྒྱག་མ་མྱོང་བའི་བུ་མོ་བཞི་ཡོད་པ་ཚང་མ་ལུང་སྟོན་མཁན་ཡིན།

10 དེར་ཉིན་ཁ་ཤས་སྡོད་དུས་ཨ་ག་བཱུ་ཞེས་ཟེར་བའི་ལུང་སྟོན་པ་ཞིག་ཡ་ཧུ་དཱ་ཡུལ་ནས་སླེབས་པ་དང༌།

11 ངེད་རྣམས་ཀྱི་རྩར་ཡོང་སྟེ། པའུ་ལུའི་སྐེ་རགས་བླངས་ནས་རང་གི་རྐང་ལག་བཅིངས་ཏེ་ཁོང་གིས་ “དམ་པའི་ཐུགས་ཉིད་ཀྱིས་འདི་སྐད་དུ། ཡེ་རུ་ཤ་ལེམ་གྱི་ཡ་ཧུ་དཱ་པ་རྣམས་ཀྱིས་སྐེ་རགས་འདིའི་བདག་པོ་འདི་ལྟར་བཅིངས་ནས་ཡ་ཧུ་དཱ་པ་མིན་པའི་ལག་ཏུ་གཏད་” ཅེས་གསུངས།

12 དེ་ཐོས་ནས་ང་ཚོ་དང་ཡུལ་དེའི་མི་རྣམས་ཀྱིས་པའུ་ལུ་ལ་ཡེ་རུ་ཤ་ལེམ་ལ་མ་ཕེབས་པར་ནན་གྱིས་བསྐུལ།

13 ལན་དུ་པའུ་ལུས་ “ཁྱོད་རྣམས་ངུ་ནས་ངའི་སྙིང་གས་པར་བྱེད་པ་འདི་ཅི་ཡིན། ང་ནི་གཙོ་བོ་ཡེ་ཤུའི་མཚན་གྱི་ཕྱིར་འཆིང་བར་འགྱུར་བ་མ་ཟད། ཡེ་རུ་ཤ་ལེམ་ལ་ཤི་རྒྱུར་ཡང་གྲ་སྒྲིག་ཡོད་” ཅེས་གསུངས།

14 ཁོང་གི་ཐུགས་བསྒྱུར་མི་ཐུབ་པས་ང་ཚོས་ “གཙོ་བོ་དཀོན་མཆོག་གི་དགོངས་པ་འགྲུབ་པར་ཤོག་” ཅེས་སྨྲས་པ་དང་ཁ་རོག་བསྡད།

15 དེའི་རྗེས་སུ་ལམ་ཆས་གྲ་སྒྲིག་བྱས་ནས་ང་ཚོ་ཡེ་རུ་ཤ་ལེམ་དུ་སོང༌།

16 སེ་སར་རེ་ཡཱ་གྲོང་ཁྱེར་གྱི་ཉེ་གནས་ལས་ཁ་ཅིག་ངེད་རྣམས་དང་མཉམ་དུ་ཕྱིན་ཏེ། ཁོ་ཚོས་ཀིབ་རུ་གླིང་ཕྲན་གྱི་མི་སྔ་མོ་ནས་ཉེ་གནས་ཡིན་པ་ནཱ་ཟོན་གྱི་ཁྱིམ་དུ་སྡོད་པའི་ཕྱིར་ངེད་རྣམས་འཁྲིད།

གཙོ་བོ་ཡེ་ཤུའི་གཅུང་པོ་ཡ་ཀོབ་དང་མཇལ་བ།

17 ཡེ་རུ་ཤ་ལེམ་ལ་སླེབས་ནས་དེར་ཡོད་པའི་སྤུན་ཟླ་རྣམས་ཀྱིས་ང་ཚོ་དགའ་བའི་ངང་ནས་བསུས།

18 དེའི་སང་ཉིན་ཡ་ཀོབ་མཇལ་བར་པའུ་ལུ་ང་ཚོ་དང་མཉམ་དུ་ཕེབས་ཤིང༌། འགན་འཁུར་བ་ཐམས་ཅད་ཀྱང་དེར་ཡོད།

19 པའུ་ལུས་ཁོ་ཚོར་འཚམས་འདྲི་ཞུས་ནས། དཀོན་མཆོག་གིས་ཁོང་གི་ལས་ཀ་བརྒྱུད་དེ་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་ནང་ལ་གང་མཛད་པ་རེ་རེ་བཞིན་གསུངས།

20 དེ་ཐོས་ནས་ཁོ་ཚོས་དཀོན་མཆོག་ལ་བསྟོད་པ་ཕུལ་བ་དང༌། པའུ་ལུ་ལ་ “སྤུན་ཟླ་ལགས། ཡ་ཧུ་དཱ་པ་རྣམས་ཀྱི་ཁྲོད་དུ་མི་སྟོང་ཕྲག་མང་པོ་དད་ལྡན་པར་གྱུར་བ་ཁྱེད་ཀྱིས་གཟིགས། ཁོ་ཚོ་ཐམས་ཅད་ཀྱིས་བརྩོན་སེམས་ཆེན་པོས་ཆོས་ཁྲིམས་སྲུང་གི་ཡོད།

21ཡང་ཡ་ཧུ་དཱ་པ་མིན་པའི་ཁྲོད་དུ་སྡོད་པའི་ཡ་ཧུ་དཱ་པ་ཐམས་ཅད་ལ་ཁྱེད་ཀྱིས་མོ་ཤེའི་ཆོས་ཁྲིམས་སྤོང་བར་བསྐུལ་ཏེ་ཁོ་ཚོའི་བུ་རྣམས་ལ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མི་རྒྱག་ཅིང༌། ཆོས་ཀྱི་ལུགས་སྲོལ་མི་སྲུང་བར་སྟོན་ཞེས་པའི་གཏམ་འཆལ་ཁོ་ཚོས་ཐོས།

22 བྱས་ན། ཁྱེད་འདིར་ཕེབས་པ་ཁོ་ཚོས་ཐོས་པར་འགྱུར་ངེས་ཡིན། ང་ཚོས་ཅི་བྱ།

23 ང་ཚོས་སྨྲ་བ་ལྟར་མཛོད་ཅིག ང་ཚོའི་ནང་ན་དམ་བཅའ་པ་བཞི་ཡོད།

24 ཁོ་ཚོ་དང་མཉམ་དུ་ཆོས་ཀྱི་གཙང་སྦྲ་བྱེད་པའི་ཆོ་ག་བྱོས་དང༌། ཁོ་ཚོའི་སྐྲ་འབྲེག་པའི་ཕྱིར་ཁོ་ཚོར་འགྲོ་སོང་ཕུལ་ཅིག དེ་ནས་མི་རྣམས་ཀྱིས་ཁྱེད་ཀྱི་སྐོར་ལ་ཐོས་པའི་གཏམ་མི་བདེན་པ་ཡིན་ཞིང༌། ཁྱེད་ཉིད་ཀྱིས་ཆོས་ཁྲིམས་སྲུང་བ་མི་ཐམས་ཅད་ཀྱིས་ཤེས་པར་འགྱུར།

25 ཡང་དད་པར་གྱུར་བའི་ཡ་ཧུ་དཱ་པ་མིན་པ་རྣམས་ཀྱི་སྐོར་ང་ཚོས་ཐག་གཅོད་བྱས་ཏེ། ཁོ་ཚོས་ལྷ་སྐུ་ལ་ཕུལ་བའི་ཤ ཁྲག སྐེ་བཙིར་ནས་གསོད་པའི་དུད་འགྲོའི་ཤ ལོག་གཡེམ་བཅས་ལ་འཛེམ་དགོས་ཞེས་པའི་ཡི་གེ་ཞིག་བཏང་” ཞེས་བཤད།

26 དེའི་སང་ཉིན་མི་དེ་ཚོ་བཞི་འཁྲིད་དེ་པའུ་ལུས་ཁོ་ཚོ་དང་བཅས་པར་གཙང་སྦྲ་བྱེད་པའི་ཆོ་ག་མཛད། དེ་ནས་ཁོང་ཚོ་རེ་རེའི་ཆེད་དུ་མཆོད་པ་ཕུལ་བའི་ཉི་མ་དང༌། གཙང་སྦྲ་འགྲུབ་པའི་དུས་ཡ་ཧུ་དཱ་པའི་བླ་མར་སྨྲ་བའི་ཕྱིར་མཆོད་ཁང་ཆེན་མོར་ཕེབས།

པའུ་ལུ་འཛིན་བཟུང་བྱས་པ།

27 གཙང་སྦྲ་བྱེད་པའི་ཉིན་བདུན་པོ་རྫོགས་ལ་ཉེ་བའི་སྐབས་ཨེ་ཞེ་ཡཱ་ཞིང་ཆེན་ནས་ཡིན་པའི་ཡ་ཧུ་དཱ་པ་ཁ་ཅིག་གིས་མཆོད་ཁང་ལ་པའུ་ལུ་མཐོང་ནས། མི་ཚོགས་ཀུན་ལ་ངན་བསྐུལ་བྱས་ཏེ་ཁོང་འཛིན་བཟུང་བྱས།

28 ཁོ་ཚོས་སྐད་ཆེན་པོས་ “ཡི་སི་ར་ཨེལ་པ་རྣམས་ང་ཚོར་རོགས་རམ་བྱོས་ཤིག མི་འདི་ནི་ཡུལ་ཀུན་ཏུ་མི་ཐམས་ཅད་ལ་ངེད་རྣམས་ཀྱི་མི་རིགས་དང༌། ཆོས་ཁྲིམས། གནས་འདི་བཅས་ལ་ངོ་རྒོལ་བྱེད་མཁན་ཡིན། དེས་མ་ཚད་གྷི་རིག་པ་རྣམས་ཀྱང་མཆོད་ཁང་གི་ནང་དུ་འཁྲིད་པས་ཁོས་གནས་མཆོག་འདི་མི་གཙང་བར་བྱས་” ཞེས་བཤད།

29 (གང་ཡིན་ཞེ་ན། སྔར་ཁོ་ཚོས་གྲོང་ཁྱེར་ལ་ཡུལ་ཨེ་ཕེ་སུ་ནས་ཡིན་པའི་ཏྲོ་ཕེ་མུ་ཁོང་དང་འགྲོགས་པར་མཐོང་ཡོད་པས། པའུ་ལུས་ཁོ་མཆོད་ཁང་ཆེན་མོའི་ནང་དུ་འཁྲིད་པ་ཡིན་པར་སྙམ་)

30 གྲོང་ཁྱེར་གྱི་མི་ཚང་མ་འཁྲུགས་པར་གྱུར་ནས། ཁོ་རྣམས་དེར་ལྷན་ཅིག་ཏུ་བརྒྱུགས་ཏེ་པའུ་ལུ་བཟུང༌། ཁོང་མཆོད་ཁང་གི་ར་བ་ནས་ཕྱི་རོལ་དུ་བཙན་ཁྲིད་བྱས་མ་ཐག་ལམ་སེང་རྒྱལ་སྒོ་བརྒྱབ།

31 ཁོང་གསོད་ཐབས་བྱེད་དུས་རོ་མཱ་དམག་མིའི་སྟོང་དཔོན་གྱིས་ཡེ་རུ་ཤ་ལེམ་ཡོངས་སུ་ཟིང་ཆ་ལངས་ཞེས་ཟེར་བའི་གཏམ་ཐོས་ནས།

32 མྱུར་དུ་བརྒྱ་དཔོན་དང་དམག་མི་འཁྲིད་དེ་ཁོ་ཚོའི་རྩར་བརྒྱུགས། མི་ཚོགས་ཀྱིས་སྟོང་དཔོན་དང་དམག་མི་རྣམས་མཐོང་ནས་པའུ་ལུ་ལ་རྡུང་བ་མཚམས་བཞག

33 སྟོང་དཔོན་ཡོང་སྟེ་པའུ་ལུ་འཛིན་བཟུང་བྱས་པ་དང༌། ལྕགས་ཐག་གཉིས་ཀྱིས་འཆིང་བའི་བཀའ་བསྒོས་ནས་ཁོང་སུ་ཡིན་དང་ཅི་ཞིག་བྱས་པའི་སྐད་ཆ་དྲིས།

34 མི་ཚོགས་ཀྱི་ཁྲོད་དུ་ལ་ལས་སྐད་ཆེན་པོས་གཅིག་སྨྲས། ལ་ལས་གཞན་སྨྲས་པས། སྐད་ཅོར་གྱི་རྐྱེན་པས་གནས་ཚུལ་ངེས་པར་ཤེས་མ་ཐུབ་པས་ཁོས་པའུ་ལུ་མཁར་རྫོང་ལ་འཁྲིད་དགོས་པའི་བཀའ་བཏང༌།

35མཁར་རྫོང་གི་རྡོ་སྐས་ཀྱི་བར་དུ་སླེབས་ནས་མི་ངན་འཛོམས་ཏེ་དྲག་སྤྱོད་ཆེན་པོར་གྱུར་བས་དམག་མི་རྣམས་ཀྱིས་ཁོང་ཡར་བཏེགས་ནས་འཁུར་དགོས་བྱུང༌།

36 གང་ཡིན་ཟེར་ན། མི་ཚོགས་མང་པོ་ཞིག་ཁོང་ཚོའི་རྗེས་སུ་འབྲངས་ཏེ་སྐད་ཆེན་པོས་ “ཁོ་སོད་ཅིག་” ཅེས་སྨྲས།

37 མཁར་རྫོང་གི་ནང་དུ་འཁྲིད་པའི་སྐབས་སུ་པའུ་ལུས་སྟོང་དཔོན་ལ་ “ཁྱེད་ལ་གཅིག་ཞུས་ན་ཆོག་གམ་” ཞེས་གསུངས་པས་སྟོང་དཔོན་གྱིས་ “ཁྱོད་ཀྱིས་གྷི་རིག་སྐད་ཤེས་སམ།

38དེས་ན་ཁྱོད་ནི་ཉེ་ཆར་ཟིང་འཁྲུག་བསླངས་ནས་ལྐོག་གསོད་གཏོང་མཁན་ཟེར་བའི་ངོ་ལོག་པ་བཞི་སྟོང་དབེན་གནས་ལ་འཁྲིད་མཁན་ཨེ་ཇེབ་པ་མ་ཡིན་ནམ་” ཞེས་དྲིས་པས།

39 ལན་དུ་པའུ་ལུས་ “ང་ནི་ཡ་ཧུ་དཱ་པ་དང༌། ཀི་ལིག་ཡཱ་ཡུལ་གྱི་གྲོང་ཁྱེར་གལ་ཆེན་ཊར་སཱུ་ཡི་མངའ་འབངས་ཤིག་ཡིན། མི་ཚོགས་ལ་གཏམ་བརྗོད་པའི་ཆོག་མཆན་གནང་རོགས་གནང་” ཞེས་གསུངས།

40 སྟོང་དཔོན་གྱིས་དེ་ལྟར་ཁས་ལེན་པ་ལ། པའུ་ལུས་རྡོ་སྐས་སུ་ལངས་ནས་མི་ཚོགས་ལ་ལག་བརྡ་བྱས་ཤིང༌། ཁོ་ཚོ་ཁ་ཁུ་སིམ་པོར་གྱུར་ནས་ཡ་ཧུ་དཱ་པའི་སྐད་དུ་གསུངས་སོ།།

 

***************************************

Acts (20) – མཛད་པ། (20)

Acts (20) – མཛད་པ། (20)

1 འཁྲུག་པ་དེ་ཞི་བར་གྱུར་བའི་རྗེས་སུ་པའུ་ལུས་ཉེ་གནས་རྣམས་བོས་ཏེ་བསྐུལ་བར་མཛད་ཅིང༌། གྱེས་མཚམས་ཞུས་ནས་མ་ཀེ་དོན་ཡཱ་ཡུལ་དུ་ཕེབས།

2 དད་ལྡན་རྣམས་ལ་སྐུལ་མ་མང་པོ་གནང་སྟེ་ཡུལ་དེ་རྣམས་བརྒྱུད་ནས་ཕེབས་ཤིང༌། དེའི་རྗེས་སུ་ཁོང་གྷི་རིག་ཡུལ་དུ་སླེབས་ནས།

3 ཟླ་བ་གསུམ་དེར་བཞུགས། ཁོང་གྲུ་གཟིངས་ལ་བསྡད་ནས་སི་རི་ཡཱ་ཡུལ་ལ་ཕེབས་གྲབས་ཡོད་པའི་སྐབས་སུ། ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་གསོད་པའི་ཇུས་ངན་བརྩམས་པས་ཁོང་གིས་མ་ཀེ་དོན་ཡཱ་ཡུལ་བརྒྱུད་ནས་ཕྱིར་ཕེབས་རྒྱུར་ཐག་བཅད་དོ།

4 ཁོང་དང་མཉམ་དུ་འགྲོ་མཁན་ནི་པིར་རུ་ཡི་བུ་པུ་རེ་ཡཱ་ནས་ཡིན་པའི་སཱོ་པ་ཏེར་དང༌། ཐེ་ས་ལོ་ནི་ཀེ་ནས་ཡིན་པའི་ཨ་རིས་ཐར་ཀུ་དང་སེ་ཀུན་ཊུ་གཉིས། ཌེར་པེ་ནས་ཡིན་པའི་ག་ཡུ། ཐི་མོ་ཐེ། ཨེ་ཞེ་ཡཱ་ཞིང་ཆེན་ནས་ཡིན་པ་ཏི་ཀི་ཀུ་དང་ཏྲོ་ཕེ་མུ་བཅས་ཡིན།

5 ཁོ་ཚོ་ཚང་མ་སྔོན་དུ་ཕྱིན་ནས་ང་ཚོ་མ་སླེབས་པའི་བར་དུ་ཏྲོ་ཡཱ་གྲོང་ཁྱེར་དུ་བསྒུགས།

6 སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན་གྱི་རྗེས་སུ་ང་ཚོ་ཕི་ལིབ་པཱི་གྲོང་ཁྱེར་ནས་གྲུ་གཟིངས་ལ་ཉི་མ་ལྔ་བསྡད་རྗེས་ཏྲོ་ཡཱ་ལ་ཁོ་ཚོ་དང་ཐུག་ཅིང༌། ཉི་མ་བདུན་དེར་བསྡད།

གཞོན་ནུ་ཡུ་ཏི་ཀུ་སླར་གསོན་དུ་མཛད་པ།

7 བདུན་ཕྲག་གི་ཉིན་དང་པོར་ང་ཚོ་བག་ལེབ་བགོ་བཤའ་རྒྱག་པར་འཛོམས་པའི་ཚེ། པའུ་ལུས་དེའི་སང་ཉིན་ཕར་ཕེབས་པར་དགོངས་པས་ནམ་ཕྱེད་བར་དུ་ཆོས་བསྟན་ཏེ་བཞུགས།

8 ང་ཚོ་ལྷན་དུ་འཛོམས་པའི་ཐོག་ཁང་ལ་མར་མེ་མང་པོ་ཡོད།

9 ཡང་སྒེའུ་ཁུང་གི་འཁྲིས་སུ་བསྡད་པའི་ཡུ་ཏི་ཀུ་ཞེས་ཟེར་བའི་གཞོན་ནུ་ཞིག་ཡོད་དེ། པའུ་ལུས་ཡུན་རིང་པོར་ཆོས་བསྟན་དུས་ཁོ་གཉིད་ལྗིད་པོ་ཁུགས་པས་ཐོག་ས་གསུམ་པ་ནས་སར་ལྷུངས་པ་དང༌། མི་གཞན་གྱིས་འཁྱེར་དུས་ཤི་ཟིན་ཡོད་དོ།

10 པའུ་ལུ་མར་ཕེབས་ནས་རོའི་སྟེང་ལ་བཀབ་ནས་འཐམས། ཁོང་གིས་ “གསོན་པོར་འདུག་པས་དངངས་སྐྲག་མ་བྱེད་ཅིག་” ཅེས་གསུངས།

11 ཐོག་ཁང་དུ་ཕྱིར་ཕེབས་ནས་ཁོང་གིས་གཙོ་བོའི་ཞལ་ཟས་སྤྱོད་པ་དང་ཁ་ལག་བཟས་ཤིང༌། ནམ་ལངས་པའི་བར་དུ་ཁོ་ཚོ་དང་གསུང་གླེང་མང་པོ་མཛད་ནས་ཕར་ཕེབས།

12 གསོན་པོའི་གཞོན་ནུ་དེ་ནང་ལ་འཁྲིད་པས་ཁོ་ཚོ་སེམས་ཤིན་ཏུ་གསོ་བར་གྱུར།

13པའུ་ལུའི་བཀོད་སྒྲིག་ལྟར་ང་ཚོ་སྔོན་དུ་ཕྱིན་ནས་ཨ་སཱོ་ཞེས་པའི་གྲོང་ཁྱེར་བར་དུ་གྲུ་གཟིངས་ལ་བསྡད་དེ་དེར་པའུ་ལུ་དང་ཕྲད་ནས་ང་ཚོ་ཚང་མ་གྲུ་གཟིངས་ལ་བཞུགས་ནས་ཕར་འགྲོ་བར་བསམས། པའུ་ལུ་ཉིད་ཞབས་ཐང་ལ་ཕེབས་རྩིས་གནང༌།

14 ཨ་སཱོ་ལ་ཁོང་ང་ཚོ་དང་མཇལ་ནས་གྲུ་གཟིངས་ལ་བསུས་ཏེ་མཉམ་དུ་མི་ཏི་ལེ་ནེ་གྲོང་ཁྱེར་དུ་སླེབས་ཤིང༌།

15 ས་ཆ་དེ་ནས་ཡང་བསྐྱར་གྲུ་གཟིངས་ལ་བསྡད་དེ་ཕྱི་ཉིན་ལ་ཀི་ཨོ་སི་ཞེས་པའི་གླིང་ཕྲན་གྱི་ཕྱོགས་སུ་སླེབས། དེའི་སང་ཉིན་སཱ་མོ་སི་ཞེས་པའི་གླིང་ཕྲན་དུ་ཡོང་བ་དང༌། དེའི་ཕྱི་ཉིན་མི་ལེ་ཏུ་ཞེས་ཟེར་བའི་གྲུ་ཁར་སླེབས།

16 གང་ཡིན་ཞེ་ན། པའུ་ལུས་ཨེ་ཞེ་ཡཱ་ཞིང་ཆེན་ལ་དུས་འགྱངས་མ་བྱེད་པའི་ཆེད་དུ་ཨེ་ཕེ་སུ་གྲོང་ཁྱེར་ལ་མི་འགྲོ་བར་ཐག་གཅོད་བྱས། དེ་ནི་མྱུར་བར་བསྐྱོད་ནས་ཉི་མ་ལྔ་བཅུ་པའི་དུས་ཆེན་གྱི་ཉིན་མོར་ཡེ་རུ་ཤ་ལེམ་ལ་སླེབས་ན་སྙམ་པས་སོ།།

ཨེ་ཕེ་སུའི་ཆོས་ཚོགས་ཀྱི་འགན་འཁུར་བ་རྣམས་ལ་བཤད་པ།

17 མི་ལེ་ཏུ་ནས་པའུ་ལུས་ཨེ་ཕེ་སུའི་ཆོས་ཚོགས་ཀྱི་འགན་འཁུར་བ་རྣམས་རང་གི་མདུན་དུ་བོས་པ་དང༌།

18 ཁོང་གི་མདུན་དུ་སླེབས་ནས་ཁོང་གིས་ཁོ་རྣམས་ལ་ “ང་ཨེ་ཞེ་ཡཱ་ཞིང་ཆེན་དུ་སླེབས་པའི་ཉིན་དང་པོ་ནས་བཟུང་ཁྱེད་ཚོའི་ཁྲོད་དུ་ངའི་སྤྱོད་ལམ་ཇི་ལྟར་ཡིན་པ་ཁྱེད་རྣམས་ཀྱིས་ཤེས།

19 ཆེས་ཉམ་ཆུང་དང་མིག་ནས་མཆི་མ་ལྷུངས་ཤིང་ངས་གཙོ་བོ་ལ་ཞབས་ཏོག་བསྒྲུབས། ཡ་ཧུ་དཱ་པའི་ཇུས་ངན་ལས་བྱུང་བའི་ཉམས་ཚོད་མྱོང༌།

20 ཁྱེད་རྣམས་ལ་ཕན་པའི་དོན་གང་ཡོད་སྒྲོག་པར་མ་འཛེམ་པར་ངས་མི་ཚོགས་ཀྱི་མདུན་དང་ཁང་པ་རེ་རེར་ཆོས་བསྟན།

21ངས་ཡ་ཧུ་དཱ་པ་དང་གྷི་རིག་པ་གཉིས་ལ་སྤྱོད་པ་ངན་པ་སྤངས་ནས་དཀོན་མཆོག་གི་ཕྱོགས་སུ་སེམས་བསྒྱུར་ཏེ་ང་ཚོའི་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་དགོས་པར་ནན་གྱིས་བསྐུལ།

22 ད་ལྟ་དམ་པའི་ཐུགས་ཉིད་ཀྱིས་བསྐུལ་ནས་ཡེ་རུ་ཤ་ལེམ་ལ་འགྲོ་བཞིན་ཡོད། དེར་ང་ལ་གང་འབྱུང་བ་མི་ཤེས་ཀྱང༌།

23 གྲོང་ཁྱེར་རེར་དམ་པའི་ཐུགས་ཉིད་ཀྱིས་ང་ལ་བཙོན་དང་སྡུག་བསྔལ་མྱོང་བར་འགྱུར་ཞེས་བདེན་དཔང་མཛད་པ་དེ་འབའ་ཞིག་ཤེས།

24འོན་ཀྱང་ངས་རང་གི་བགྲོད་ལམ་མཇུག་རྫོགས་དགོས་ཏེ་གཙོ་བོ་ཡེ་ཤུ་ལས་ཐོབ་པའི་དཀོན་མཆོག་གི་ཐུགས་རྗེའི་འཕྲིན་བཟང་ལ་བདེན་དཔང་བྱེད་པའི་ཞབས་ཏོག་དང་ལས་དོན་བསྒྲུབས་ན། ངས་རང་སྲོག་གཅེས་པར་མི་རྩི།

25 ཁྱེད་ཚོའི་ཁྲོད་དུ་ཕར་འགྲོ་ཚུར་འོངས་ཀྱིས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འཕྲིན་བཟང་སྒྲོག་སྟེ། ད་ནས་བཟུང་ཁྱེད་ཚོ་ཚང་མས་ངའི་གདོང་མཐོང་བར་མི་འགྱུར་བ་ངས་ཤེས།

26 དེའི་ཕྱིར་ཁྱེད་ཚོའི་ནང་ནས་སུ་ཞིག་གཙོ་བོ་ཡེ་ཤུ་ལ་དད་པ་མི་བྱེད་པར་ཤི་ན། ང་ལ་འགན་མེད་པ་ཡིན་པར་དེ་རིང་ཁྱེད་ཚོར་དཔང་པོ་བྱེད།

27 གང་ལགས་ཤེ་ན། ངས་ཁྱེད་རྣམས་ལ་དཀོན་མཆོག་གི་དགོངས་པ་ཆ་ཚང་སྒྲོག་པར་མ་འཛེམས་པས་སོ།

28 དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཚོ་ཆོས་ཚོགས་ཀྱི་དོ་དམ་པར་བསྒྱུར་བས་ཁྱེད་ཚོ་རང་ཉིད་དང་ཆོས་ཚོགས་ཀྱི་མི་ཐམས་ཅད་སྲུངས། དེ་ནི་དཀོན་མཆོག་གིས་སྲས་ཀྱི་སྐུ་ཁྲག་བླུ་རིན་གྱིས་ཐོབ་པའི་ཆོས་ཚོགས་ལ་ཁྱེད་ཚོས་ལུག་རྫི་ལྟར་བདག་སྐྱོང་བྱེད་པའི་ཆེད་དུ་ཡིན།

29ང་ཕར་ཕྱིན་པའི་རྗེས་སུ་སྤྱང་ཀི་གདུག་པ་དང་འདྲ་བའི་མི་རྣམས་ལུག་ཁྱུ་དང་འདྲ་བའི་ཁྱེད་ཚོའི་དཀྱིལ་ལ་ཡོང་ནས་དད་ལྡན་རྣམས་ལ་གནོད་པ་བྱེད་པ་ངས་ཤེས།

30 ཁྱེད་ཚོའི་ཚོགས་པའི་ནང་ནས་ཀྱང་ཁ་ཅིག་གིས་དད་ལྡན་རྣམས་རང་གི་ཉེ་གནས་སུ་འཇུག་པའི་ཕྱིར་ལོག་ལྟ་སྟོན་པར་ངེས།

31 དེར་བརྟེན་དོགས་ཟོན་གྱིས་ཤིག ལོ་གསུམ་རིང་ངས་ཉིན་མཚན་མེད་པར་མིག་ཆུ་དང་བཅས་པར་མི་རེ་རེར་ཁ་ཏ་བྱས་པ་དེ་ཡིད་ལ་འཇོག་ཅིག

32 ད་ངས་དཀོན་མཆོག་དང་ཁོང་གི་ཐུགས་རྗེའི་བཀའ་ལ་ཁྱེད་རྣམས་འཆོལ། བཀའ་དེས་ཁྱེད་ཚོར་བློ་སྒོ་འབྱེད་ཅིང་དམ་པ་རུ་འགྱུར་བ་ཐམས་ཅད་དང་མཉམ་དུ་དཀོན་མཆོག་གིས་ཞལ་ཆད་གནང་བའི་བྱིན་རླབས་ཀྱི་བགོ་སྐལ་གནང་ཐུབ་བོ།

33 ངས་མི་སུ་གང་གི་དངུལ་ལམ། གསེར་རམ། གྱོན་གོས་བཅས་ལ་ཧམ་སེམས་བཅངས་མེད།

34 ངས་རང་གི་ལག་པ་གཉིས་ལ་བརྟེན་ནས་ང་དང་ངའི་ལས་རོགས་ཀྱི་དགོས་མཁོ་བསྒྲུབས་པ་ཁྱེད་ཉིད་ཀྱིས་ཤེས།

35 གཙོ་བོ་ཡེ་ཤུ་ཉིད་ཀྱིས་ཐོབ་པ་ལས་སྦྱིན་པ་བདེ་བ་ཆེའོ་ཞེས་གསུངས་པར་དྲན་ཏེ། དེ་བཞིན་དུ་ངལ་རྩོལ་བྱེད་པའི་སྒོ་ནས་ངས་ཐབས་ཀུན་གྱིས་ཁྱེད་ཚོར་སྐྱོ་པོ་རྣམས་ལ་རོགས་པ་བྱེད་དགོས་པའི་མིག་དཔེ་ཞིག་བསྟན་ཡོད་” ཅེས་གསུངས་པའི་རྗེས་སུ།

36 པུས་མོ་སར་བཙུགས་ཏེ་ཁོང་གིས་ཁོ་ཚོ་ཐམས་ཅད་དང་མཉམ་དུ་སྨོན་ལམ་བཏབ།

37 ཤུགས་ཆེན་པོར་ངུས་ཏེ་ཁོ་ཚོ་ཐམས་ཅད་ཀྱིས་པའུ་ལུ་ལ་འཐམས་ནས་འགྲམ་པར་འོ་བྱས།

38 ཁོང་གིས་ད་ནས་བཟུང་ངའི་གདོང་རྩ་བ་ནས་མཐོང་བར་མི་འགྱུར་ཞེས་གསུངས་པས་ཁོ་ཚོའི་སེམས་ཧ་ཅང་སྐྱོ་བར་གྱུར། དེ་ནས་ཁོ་ཚོས་པའུ་ལུ་གྲུ་གཟིངས་ལ་བསྐྱལ་ལོ།།

 

********************************